Wednesday, December 31, 2014

ཉིན་ལོག་གི་བཀྲ་ཤིས་བདེ་ལེགས།

ཉིན་ལོག་གི་བཀྲ་ཤིས་བདེ་ལེགས།
ཡོངས་འབྲེལ་འདི་གཟིགས་མི་ཆོས་གྲོགས་ཚུ་དང་འབྲུག་མི་ཡོངས་ལུ་ ནངས་པ་གནམ་ལོ་ཤིང་རྟ་རང་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་འདི་ལུ་ ཉིན་ལོག་གི་བཀྲ་ཤིས་བདེ་ལེགས་ཞུ།
ཉིན་ལོག་གི་དོན་དག
ཉིན་ལོག་གི་དོན་དག་འདི་ཡང་། གནམ་ཁ་ལུ་ ཉིནམ་དང་ཟླཝ་གིས་གཙོས་པའི་གཟའ་དེ་ཚུ་གི་འགྱོ་སའི་ལམ་ཁར་ཡོད་མི་སྐར་ཁྱིམ་གྱི་སྡེ་ཚན་༼ལུག གླང་། འཁྲིག་པ། ཀརྚ། སེངྒེ། བུ་མོ། སྲང་། སྡིག གཞུ། ཆུ་སྲིན། བུམ་པ། ཉ།༽བཅུ་གཉིས་ཡོད་ས་ལས། སྐར་ཁྱིམ་རེ་རེ་ནང་ ཉིནམ་དེ་གིས་ཟླཝ་གཅིག་ལྷགཔ་རེ་སྡོད་དོ་ཡོདཔ་ཨིན། ཉིནམ་འདི་ཀརྚའི་ཁྱིམ་ནང་འཛུལཝ་ད་ གནམ་བྱར་གྱི་ཉིན་ལོག་དང་། ཆུ་སྲིན་གྱི་ཁྱིམ་ནང་འཛུལཝ་ད་དགུན་གྱི་ཉིན་ལོག་སྦེ་རྩིཝ་ཨིན། དུས་ཅི་དགུན་གྱི་ཉིནམ་ཆུ་སྲིན་གྱི་ཁྱིམ་ནང་འཛུལ་ནི་གི་དུས་ཚོད་འདི་ རང་ཟླ་བཅུ་གཅིག་པའི་ཚེས་༡༢ཉིན་མ་ཆུ་ཚོད་༡༡ལུ་ཕོག་ནི་འདི་གིས་ ཉིནམ་འདི་ཉིན་ལོག་སྦེ་རྩིཝ་ཨིན་མས། དེ་སྦེ་རྩི་དགོ་མི་འདི་ཡང་། ཉིནམ་འདི་གནམ་དགུན་ལུ་ལྷོ་ཁ་ཐུག་མར་བབས་འགྱོ་ནི་༼ལྷོ་བགྲོད།༽ དང་། གནམ་བྱར་ལུ་༼བྱང་བགྲོད།༽ཡར་འཛེག་འོང་ནི་ ཡོདཔ་ལས། གཞུའི་ཁྱིམ་ལས་ལྷོ་བགྲོད་མཇུག་བསྡུ་སྟེ། ཆུ་སྲིན་གྱི་ཁྱིམ་ནང་ལྷོདཔ་ད་བྱང་བགྲོད་འགོ་བཙུགས་ནི་དེ་གིས་ ཉིནམ་ལྷོ་ལས་བྱང་ལུ་ལོགཔ་ཨིན་ཟེར་བའི་དོན་ཨིན་མས།
ཨིན་རུང་དེ་ལུ་དག་སེལ་འབད་དགོཔ་ཆུང་ཀུ་གཅིག་ཡོདཔ་ཨིན། དེ་ཡང་ཉིནམ་ལོག་ནི་འདི་ཁག་གཉིས་ཡོདཔ་ཨིན།
ཉིནམ་ཤར་ཐངས་ཀྱི་དུས་ཚོད་དང་། རྒྱུ་སྐར་གྱི་དུས་ཚོད་ཟེར་གཉིས་ཡོད། དང་པམ་འདི་འཛམ་གླིང་ཁོ་རང་ལུ་ཉིནམ་ཤར་ཐངས་ལས་བརྟེན་ཏེ་ཉིནམ་ལོག་གཅིག་རྩི་ནི་ཡོད། འདི་སྤྱི་ཚེས་དང་བསྟུན་ཏེ་སྤྱི་ཟླ་༡༢པའི་སྤྱི་ཚེས་༢༢ལུ་ཕོགཔ་ཨིན། གནམ་བྱར་དང་དགུན་གྱི་དུས་ཚོད་འགྱུར་ལྡོག་འདི་ ཉིནམ་ཤར་ཐངས་འདི་དང་བསྟུན་དགོ།
དེ་ལས་གཞན་མི་འདི་ རྩིས་ནང་ལས་འབད་བ་ཅིན་ཉིནམ་འདི་འགྱོཝ་ཨིན་ཟེར་ཐོནམ་ཨིན། ཨིན་རུང་དོན་ངོ་མ་ལུ་འཛམ་གླིང་འདི་འགྱོ་དོ་ཡོདཔ་ལས། གནམ་ཁ་གི་སྐརམ་གཅིག་ངོས་འཛིན་འབད་ཞིནམ་ལས་ འཛམ་གླིང་འདི་སྐརམ་དེ་གི་རྩ་བ་ལས་འགྱོ་ཚར་ཞིནམ་ལས་སང་ཕོད་སྐརམ་དེ་གི་རྩ་བ་ལྷོདཔ་ད་རྐྱངམ་ཅིག་ལོ་གཅིག་ཟེར་བརྩིཝ་ཨིན། དེ་ལུ་དབྱིན་སྐད་ནང་ལས་Sidereal དང་ལེགས་སྦྱར་ནང་ལས་ནིར་ཡ་ཎ་ཟེར་སླབ་ཨིན། དུས་ཚོད་འདི་དང་བསྟུནམ་ད་ ཉིན་ལོག་གི་དུས་ཚོད་འདི་ ཉིནམ་ཆུ་སྲིན་གྱི་ཁྱིམ་ན་དང་། སྐརམ་ཆུ་སྨད་ལུ་ལྷོདཔ་ད་རྐྱངམ་ཅིག་ལོ་གཅིག་འཁོར་ཏེ་ཉིན་ལོག་སྦེ་བརྩིཝ་ཨིན།
ང་བཅས་རའི་སྲོལ་རྒྱུན་གྱི་ཉིན་ལོག་གི་དུས་ཚོད་འདི་ སྐར་རྩིས་རིག་པའི་ནིར་ཡ་ཎ་ཟེར་མི་གི་དུས་ཚོད་དང་བསྟུན་དགོ་ནི་འདི་གིས་ ཉིན་ལོག་འདི་ནངས་པ་ཆུ་ཚོད་བཅུ་གཅིག་ལུ་ཕོགཔ་ཨིནམ་ལས་ དུས་ཚོད་འདི་ལུ་ ག་ར་ལུ་བཀྲ་ཤིས་བདེ་ལེགས་ཡོད།
དེ་ལས་ལོ་གསར་ཁག་མ་འདྲཝ་ཚུ་གི་སྐོར་ལས་གཟིགས་དགོ་པ་ཅིན། གཤམ་འཁོད་ཁ་བྱང་ཚུ་ནང་གཟིགས་པར་ཞུ།
རྒྱ་གར་ལུགས་ཀྱི་དགུན་གྱི་ཉི་ལོག་སྐོར་ལས་འདི་ནང་གཟིགས་གནང་།

No comments: