Sunday, March 22, 2015

མི་ཚེའི་རང་མྱོང་ཀོ་ཀི་ལའི་མགྲིན་དབྱངས།


མི་ཚེའི་རང་མྱོང་ཀོ་ཀི་ལའི་མགྲིན་དབྱངས་ཞེས་བྱ་བ་བཞུགས་སོ།། 
རྩོམ་པ་པོ། སློབ་དཔོན་བཀྲ་ཤིས་བསྟན་འཛིན། རྒྱང་འབྲེལ་ལོ་ངོ་གསུམ་པ།
༈ རྒྱལ་ས་ལྟེ་བ་ཐིམ་ཕུ་གི་ཁྲོམ་འདི་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་དང་འདྲ་བའི་ཁར་འདི་ནང་སྡོད་མི་ཚུ་ཡང་རྒྱུ་ནོར་ལོངས་སྤྱོད་ཀླུའི་གཡུས་ཁ་བཟུམ་འབོལ་ཆི་ཆི་སྦེ་ཡོདཔ་ཨིན། འདི་བཟུམ་མའི་ཁྲོམ་ཆེན་འདི་གནམ་ཉི་མར་ལྟ་བ་ཅིན་རིན་ཆེན་གཡུ་དང་བྱུ་རུ་སྤུངས་བཞག་བཞགཔ་བཟུམ་སྦེ་མཐོང་བའི་ཁར་གནམ་ཕྱི་རུ་ལྟ་བ་ཅིན་ལྷ་ལམ་ཡངས་པའི་དཀྱིལ་ལས་རྒྱུ་སྐར་གྱི་རྒྱལ་པོ་འཁོར་སྐར་མའི་ཚོགས་དང་བཅསཔ་ས་སྟེང་ལུ་བབས་བབས་བཟུམ་སྦེ་འོད་ཆེམ་ཆེམ་དང་ཁྲ་ལམ་ལམ་སྦེ་མཐོང་དོ་ཡོདཔ་ཨིན། རྒྱལ་ས་ལྟེ་བ་ཐིམ་ཕུའི་ཁྲོམ་ཆེན་འདི་གི་མཐའ་འཁོར་ལུ་ཙན་དན་དང་སྟོང་ཕུ་ལ་སོགས་པའི་ཤིང་གི་རིགས་དང་གསེར་ཤོག་དང་ཧ་ལོ་ལ་སོགས་པའི་མེ་ཏོག་གི་རིགས་ཚུ་གིས་བསྐོར་ཏེ་ག་ནི་བས་མཛེས་ཆ་དང་ལྡན་པའི་ཁར་ཁྲོམ་ཆེན་འདི་མཐོངམ་ཙམ་ཅིག་གིས་རྫོང་ཁག་དང་གཡུས་ཚན་གཞན་གྱི་མི་ཚུ་ཡང་རང་བཞིན་གྱིས་སེམས་ཆགས་པའི་ཁར་འདི་ནང་ལྷོདཔ་ཙམ་གྱིས་བློ་བག་ཕེབས་ཏེ་འདི་ནང་ལས་གཞན་ཁར་འགྱོ་ནིའི་མནོ་བསམ་ར་མ་གཏང་པར་སྡོད་དོ་ཡོདཔ་ཨིན་པས།

ཁྲོམ་འདི་གི་བཀོད་པ་དང་མཛེས་ཆ་ལུ་ལྟ་སྟེ་ལྷའི་དབང་པོ་བརྒྱ་བྱིན་ཡང་ཕྲག་དོག་གིས་བཟོད་མ་ཚུགས་པར་ལོག་ཅི་ལོག་ཅི་ར་སྤྱན་ཕྱགས་ཏེ་ལྟ་དགོཔ་འཐོན་པའི་ཁར་གློག་མེའི་འོད་ལུ་ལྟ་སྟེ་གནམ་ཁ་ལས་ཤར་བའི་རྒྱུ་སྐར་གྱི་རྒྱལ་པོ་འཁོར་སྐར་མའི་ཚོགས་དང་བཅསཔ་ཡང་ངོ་ཚ་སྟེ་དུས་དང་དུས་སུ་ས་སྨུག་གི་རྒྱབ་ཁ་ལས་ཨིབ་སྟེ་ལྟ་དགོཔ་འཐོན་དོ་ཡོདཔ་ཨིན།
ཁྲོམ་འདི་ནང་སྡོད་མི་ མི་སེར་ཚུ་ཡང་རྒན་ཤོས་ཚུ་དུས་རྒྱུན་ཁ་ལས་མ་ཎི་དང་བཛྲ་གུ་རུ་བགྱང་། ལུས་ཀྱིས་ཕྱག་དང་བསྐོར་བ་ཚུ་བསྐོར་ཏེ་རྣམ་དཀར་དགེ་བའི་ལཱ་ལུ་བརྩོན་པའི་ཁར་གཞོན་ཤོས་ཚུ་རང་སོའི་ལཱ་དང་གཡོག་ཚུ་ལུ་བརྟེན་ཏེ་མི་ཚེའི་འཚོ་བ་སྐྱོང་སྟེ་སྡོད་དོ་ཡོདཔ་ཨིན།
འདི་བཟུམ་མའི་གྲོང་ཁྱེར་འདི་གི་བྱང་ཁ་ཐུག་ལུ་ལྷའི་རྣམ་རྒྱལ་ཁང་བཟང་དང་འདྲ་བའི་ཐིམ་ཕུ་བཀྲིས་ཆོས་རྫོང་དེ་ཆགས་ཏེ་ཡོདཔ་ད་རྫོང་དེ་ཡང་ཕྱིའི་དབྱིབས་བཀོད་ལེགས་པའི་ཁར་ནང་ན་བྱིན་རླབས་ག་ནི་བས་ཆེ་བའི་རྟེན་གསུམ་གྱི་རིགས་ཚུ་གིས་ལྟེམ་ལྟེམ་གང་སྟེ་ཉིན་མཚན་མེད་པར་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཡོད་མི་དེ་བྱ་རྒོད་ཕུང་པོའི་རི་ལུ་ཐུབ་དབང་ཆོས་ཀྱི་འཁོར་ལོ་བསྐོརཝ་དང་འདྲཝ་སྦེ་བྱིན་ཆགས་ཏོག་ཏོ་དང་བགས་ཕེབས་ཏོག་ཏོ་སྦེ་ཡོདཔ་ཨིན་པས།
རྒྱལ་ཁབ་སུམ་རྩེན་ལྷ་ཡུལ་འདི་ནང་ཆོས་རྒྱལ་བརྒྱ་བྱིན་ལྷའི་དབང་པོ་ཡང་མངའ་འབངས་ལྷ་ཕྲུག་གཞོན་ནུའི་ཚོགས་ཀྱིས་བསྐོར་ཏེ་སྐུ་གཟུགས་གསེར་གྱི་ལྷུན་པོ་ལུ་གཟི་བརྗིད་འོད་སྟོང་ཅན་མའི་དཀྱིལ་འཁོར་རྒྱས་ཏེ་ཐུགས་སྤྲོ་བའི་ངང་ལས་རྒྱལ་འབངས་ཆོས་བཞིན་དུ་སྐྱོངས་ཏེ་བཞུགསཔ་ལས་རྒྱལ་ཁབ་ནང་ལུ་མི་མཐུན་པའི་ཉེར་འཚེ་ག་ནི་ཡང་མེད་པར་སྡོད་དོ་ཡོད་པའི་ཁར། ཐུགས་བསྐྱེད་རྒྱ་མཚོ་བཟུམ་མའི་ནང་ལས་མཛད་བཟང་མེ་ཏོག་པདྨའི་འདབ་བརྒྱ་རྒྱས་ཏེ་སྙན་གྲགས་སྦྲང་རྩིའི་རོ་མངར་གྱིས་ཕྱོགས་དང་ཕྱོགས་ཀྱི་རྒྱལ་བློན་འབངས་འཁོར་བུང་བའི་ཚོགས་དང་བཅསཔ་ཚུ་ཡང་མ་འདུས་ངང་གིས་འདུས་ཤིང་མ་འབོད་མགྲོན་དུ་འཁོར་དོ་ཡོདཔ་ཨིན། འདི་བཟུམ་མའི་རྒྱལ་ཁབ་དང་ཁྲོམ་ཆེན་འདི་ལུ་བལྟ་སྟེ་མ་འབོད་མགྱོནམ་སྦེ་འཁོར་བའི་ཉམ་ཆུང་ང་ཡང་དབང་དབང་མེད་པར་སེམས་ཤོར་སྟེ་དགའ་བའི་གཏམ་ཚུ་སྙན་པའི་ཚིག་ལུ་བསྒྱུར་ཏེ་དེ་སྦེ་སླབ་ཅི། ༢༢༢༢༡ ཨེ་མ༑
ཕྱི་ལས་གངས་རི་རྭ་བས་བསྐོར་ཞིང་མཛེས། །ནང་དུ་ལྗོན་ཤིང་མེ་ཏོག་སྣ་ཚོགས་བཀྲ། །འདོད་དགུའི་དཔལ་འབྱོར་དབྱར་མཚོ་ལྟར་འཁྱིལ་བའི། །ཆོས་ལྡན་ཞིང་འདི་ལྷ་ཡུལ་ལྟ་བུར་མཛེས། ། འདི་བཟུམ་རྨད་དུ་བྱུང་བའི་ཁྲོམ་ཆེན་འདི། །འབྲུག་མི་ཚུ་གི་སྐྱིད་ཉམས་སྐྱོངས་ས་དང་། །ཕྱི་མི་སྤྲོ་བའི་ལྟ་བཤལ་རྐྱབ་ས་ཨིན། །ངོ་མཚར་འབུམ་དང་ལྡན་པའི་ཁྲོམ་ཆེན་ཨིན།། དེ་ན་གནས་པའི་མི་ཚུ་ཁྲིམས་ལྡན་ཞིང་། །ཕུན་སུམ་ཚོགས་པའི་སྙན་གྲགས་གོཝ་ལས་བརྟེན། །གསེར་དངུ་ལ་སོགས་རྒྱུ་ནོར་ལོངས་སྤྱོད་ཚུ། །ཡུལ་གཞན་སྤངས་ཏེ་ཁྲོམ་འདིར་འདུས་པ་བཞིན། །དཔལ་འབྱོར་སྙན་དང་གྲགས་པའི་མིང་ཐོབ་སྟེ། །མངོན་མཐོའི་བདེ་བ་རྫོགསཔ་སྦེ་སྤྱོད་དོན་ལུ། །འཇིག་རྟེན་གཞན་ལུ་བསོད་ནམས་འབད་མི་གི །ལུས་ཅན་འདི་ཚུ་གཅིག་ཁར་སྐྱེས་དོ་བཟུམ། །ཚོང་རིགས་སྣ་ཚོགས་ཡོད་པའི་ཚོང་ཁང་དང་། །ཡ་མཚན་ཆེ་བའི་ལྟད་མོ་འདི་ཚུ་ལུ། །གཡེངས་ཏེ་བཟའ་བའི་ལྟོ་ཡང་མ་དྲན་པར། །མ་ཧེ་ཚྭ་ལུ་བསྒུགས་དོ་བཟུམ་སྦེ་ལུས། །འདི་འདྲའི་ཁྲོམ་འདི་སུམ་རྩེན་ལྷ་ཡུལ་འདྲ། །བཀྲིས་ཆོས་རྫོང་རྣམ་རྒྱལ་ཁང་བཟང་མཚུངས། །མི་དབང་འཇིགས་བྲལ་ལྷ་དབང་བརྒྱ་བྱིན་བཞིན། །མི་སེར་འདི་ཚུ་ལྷ་ཕྲུག་ཡང་དག་མཚུངས། །ཡ་མཚན་གང་བས་ཆེ་བའི་ཁྲོམ་འདི་གི །བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་ལས། །དྲན་པ་ཙམ་གྱིས་བདེ་བ་ཚད་མེདཔ་མྱོང་། །ལྷོད་པ་ཙམ་གྱིས་སྡུག་བསྔལ་མ་ལུས་ཞི། །འདི་ནང་སྡོད་མི་འབྲུག་པའི་མི་སེར་ཚུ། །ལོ་བརྒྱ་སྡོད་རུང་ཞག་གཅིག་སྡོད་དོ་བཟུམ། །ཡང་ལས་ཡང་དུ་འདི་ནང་སྐྱེས་བཅུག་ཟེར། །སྨོན་ལམ་ཡང་ཡང་བཏབ་སྟེ་སྡོད་ནི་འདུག།

ག་ནི་བས་སྦོམ་པའི་ཁྲོམ་ཆེན་འདི་ནང་སྡོད་མི་ཡང་ཆེཝ་དབང་ཆེན་དཔོན་དང་འབྱོར་ལྡན་གྱི་སྦྱིན་བདག་ཕྱི་ནང་གི་མཁས་མཆོག་ལས་འགོ་བཟུང་སྟེ་མི་ཉམ་ཆུང་ང་བཟུམ་ཚུན་ཚོད་ཀྱི་བར་ན་རང་སོའི་ཤེས་ཚད་དང་འབྱོར་པ་དང་འཁྲིལ་བའི་ལཱ་གཡོག་ཚུ་འབད་དེ་སྡོདཔ་ཨིན། མ་གཞི་ཕྲང་སྟེ་རང་སླབ་པ་ཅིན་འདི་བཟུམ་མའི་ཁྲོམ་འདི་ནང་རོགས་མི་བསོད་ནམས་ཅན་དང་ཡོན་ཏན་ཅན་ཚུ་སྡོད་སའི་ས་སྒོ་ཅིག་ཨིནམ་ལས་བརྟེན་བསོད་སྡེ་བསོད་ནམས་མེད་པའི་སྤྲང་པོ་ང་བཟུམ་ཅིག་གིས་འདི་ནང་སྡོད་ཚུགས་པར་ལཱ་ཁག་འདུག
ཨིན་རུང་རང་སོའི་འཚོ་བ་སྐྱོང་ནིའི་དོན་ལུ་ཁྲོམ་འདི་ནང་ལཱ་གཡོག་ཆུང་ཀུ་ཅིག་འཚོལ་ཏེ་སྡོད་མི་ཅིག་ཕམ་ཉམ་ཆུང་གི་བུཚུ་བཀྲིས་ང་ཡང་ཨིན། ངེ་གི་ལཱ་གཡོག་འདི་སྒེར་སྡེ་གི་སློབ་གྲྭ་ཅིག་ནང་སློབ་སྟོན་འབད་མིའི་སློབ་དཔོན་ཉམ་ཆུང་ཅིག་ཨིན། སློབ་ཕྲུག་ཚུ་ལུ་སློབ་སྟོན་འབད་མི་ལས་བྱུང་བའི་དགའ་བ་འདི་བཟུམ་ཅིག་གཞན་དང་གཞན་གྱིས་བྱིན་མི་ཚུགསཔ་ལས་དུས་ཨ་རྟག་ར་སློབ་གྲྭ་ནང་ལུ་སློབ་སྟོན་འབད་ནིའི་མནོ་བསམ་འདི་ར་བཏང་འདི་སྡོད་ཅི། སྤྱི་ཟླ་༠༩་པའི་སྤྱི་ཚེས་༡༨ ཀྱི་ཉིནམ་འདི་ངེ་གི་སྐྱེས་བའི་ཉིནམ་ཨིན། ང་རའི་སྐྱེས་བའི་ཉིནམ་དང་འབྲེལ་ཏེ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་དཀར་མེ་དང་སྙན་དར་ཕུལ་བར་འགྱོཝ་ད་ བུམོ་གཟུགས་གཤིས་ཕྱ་སི་སི་ཡང་མེན་ སྦོམ་ཡང་མེན་པའི་ ཚད་དང་ལྡན་པ་སྐུ་ཤ་མེ་ཏོག་ཀུ་མུད་བཟུམ་སྦེ་དཀརཔོ་ཡོདཔ་མ་ཚད་ ཞལ་གྱི་བཀྱག་དཀར་པའི་སྦུག་ལས་རོ་མངར་དང་ ལྡན་པའི་ཨེ་པཱལ་ན་ཐན་ འཚོ་འཚོཔ་བཟུམ་དམར་བའི་མདངས་དང་ལྡན་པའི་ཁར་ མགུའི་སྐྱ་བུང་བ་བཟུམ་སྦེ་གནགཔོ་དང་ ཕྲང་ཏང་ཏ་མོ་རའི་ཕྱག་ལྟག་གུ་ལྷོདཔ་འབད་མི་ཅིག་ མེ་ཏོག་ལེ་ཤཱ་ཤར་ཏེ་ཡོད་པའི་སྦུག་ལུ་ན་འཐན་སྦེ་མ་བལྟ་བ་ཅིན་མེ་ཏོག་དང་མོ་ངོ་མ་ཤེསཔ་སྦེ་སྡོད་ས་མཐོང་ཅི། མོ་མཐོངམ་ཅིགནི་ངེ་སེམས་ལུ་ཨ་རྟག་དང་མ་འདྲ་བའི་ཚོར་སྣང་ཅིག་ཤར་ཏེ་དེ་སླབ་སླབ་ཅི། ང་གིས་་ཨ་ནི་འཛམ་གླིང་སའི་འཁྲབ་སྟོན་ཁང་འདི་ནང་སྡོད་དེ་མི་ལོ་ལེ་ཤཱ་ཅིག་ཡར་སོང་རུང་འདི་བཟུམ་མའི་བུམོ་ཅིག་མིག་གིས་དངོས་སུ་མཐོང་ནི་ཕར་བཞག་རྒྱང་མཐོང་དང་གཉིད་ལམ་ནང་ལུ་ཡང་མཐོང་མ་མྱོང་། འདི་བཟུམ་མའི་བུམོ་ཉི་མའི་ནང་བཞག་པ་ཅིན་བཞུ་སྟེ་འགྱོ་ནི་བཟུམ་དང་གྱང་སར་བཞག་པ་ཅིན་ཁྱེགས་ཆགས་ནི་བཟུམ་ལམ་འགྱོ་བའི་སྐབས་ལུ་བྱ་སྒྲོ་རླུང་གིས་འབག་དོ་བཟུམ་སྦེ་ལྗིད་ག་ནི་ཡང་མེད་པའི་བུམོ་འདི་བཟུམ་གཞི་རྟེན་རིན་པོ་ཆེ་ལས་གྲུབ་ཡོད་པའི་ལྷའི་ཞིང་ཁམས་ནང་མེན་པར་འཇིག་རྟེན་མི་གཙང་བའི་འདམ་རྫབ་ཀྱིས་གང་བའི་འཛམ་གླིང་འདི་ནང་ག་དེ་སྦེ་སྐྱེས་ཡི་ག་མནོ་དུས་ཡུན་སྐར་མ་༡༥་དེ་ཅིག་ཁ་བརྒྱང་སྟེ་ལུས་སོང་ནུག དེ་ལས་དྲན་པ་ཅིག་བསྡུ་སྟེ་བལྟ་བའི་བསྒང་ལས་བུམོ་དེ་གར་སོང་མེདཔ་ཡར་སོང་ནུག དེ་ལས་ང་ཡང་མ་ཧེ་ཚྭ་བསྒུག་དོ་བཟུམ་སྦེ་ཁ་བརྒྱང་ཡི་ར་ཕར་ཚུར་བལྟཝ་ད་བུམོ་དེ་མོ་ར་རྐྱངམ་ཅིག་མཆོད་རྟེན་བསྐོར་ར་རྐྱབ་སར་མཐོངམ་ལས་ང་ཡང་འགྲོས་ཀྱིས་འབད་མོ་གི་སྦོ་ལོག་ཁར་སོང་སྟེ་སྐད་འདར་ཡི་ར་དེ་སྦེ་སླབ་ཅི། ༢༢༢  རབ་མཛེས་ལྟ་བས་མི་ངོམས། །གང་བས་ལེགས་པའི་བུ་མོ། །ཡིད་འོང་མཛེས་ལྡན་ལྷ་མོ། །ལན་ཅིག་ང་ལུ་གསན་གནང་། །བུ་ང་འཛམ་གླིང་འདི་ནང་། །སྐྱེ་བ་མི་ལུས་ཐོབ་སྟེ། །ལོ་ངོ་མང་རབས་སོང་ཡོད། །ཨིན་རུང་ཁྱོད་བཟུམ་བུམོ་ཅིག །ས་སྟེང་འདི་ནང་མ་མཐོང་། །མཛེས་སྡུག་ལང་ཚོ་ལྡན་པའི། །ཡིད་འོང་བུ་མོ་ཁྱོད་ནི། །སྟེང་ཕྱོགས་ལྷ་ཡི་གཡུས་ལས། །ཚངས་སྲས་ཐིག་ལེ་མཆོག་མ། །ཉམ་ཆུང་བུ་ངེ་གདོང་ཁར། །མིག་འཕྲུལ་རྐྱབ་པར་མེན་ནམ། །འོག་ཕྱོགས་ཀླུ་ཡི་གཡུས་ལས། །གཙུག་ན་རིན་ཆེན་སྲས་མོ། །རྫུ་འཕྲུལ་སྟོན་པ་མེན་ནམ། །མ་གསང་དྲང་པོའི་གཏམ་ཅིག །བུ་ཆུང་ང་ལུ་གསུངས་གནང་།། ཟེར་བའི་ཚིག་ཚུ་གདངས་དབྱངས་དང་བཅསཔ་སྦེ་སླབ་ད་མོ་གིས་ཞལ་རས་བཅོ་ལྔའི་ཟླ་བའི་དཀྱིལ་འཁོར་ལས་ཞལ་འཛུམ་འོད་ཟེར་འཕྲོས་པའི་སྒོ་ལས་ལན་དེ་སྦེ་སླབ་དེས། ༢༢༢ཞལ་རས་མེ་ཏོག་བཟུམ་ལས། །ཧིང་གཏམ་སྦྲང་རྩི་བཤད་མི། །སྟག་ཤར་ལེགས་པའི་བུ་ཚུ། །མ་ཡེངས་ང་ལུ་གསན་གནང་། །ལྷ་དང་ཀླུ་ཡི་སྐོར་ལས། །སྨན་ཅུང་ང་གིས་མི་ཤེས། །འཛམ་གླིང་མི་ཡུལ་ནང་གི །མི་གནགཔ་ཅིག་གི་བུམོ་ཨིན། །ལུས༌ཀྱི༌སྡིག༌སྒྲིབ༌འདག༌ཕྱིར། །མཆོད༌རྟེན༌སྐོར༌བར༌འོང༌ཡི།། ཟེར༌ཀ༌ལ༌པིང༌ཀ༌ལས༌ཧན༌པའི༌གསུང༌གིས༌ལན༌སླབ༌ད༌ངེ༌སེམས༌ཁར༌མ༌དག༌པའི༌སྣང༌བ༌ག༌ར༌ཡལ༌ཏེ༌དག༌པ༌དགའ༌ལྡན༌ལྷའི༌ཞིང༌ཁམས༌ལུ༌མཛེས༌ལྡན༌ལྷའི༌བུམོ༌ཚུ༌གི༌སྦུག༌ལུ༌ལྷོད༌དེ༌འདོད༌པའི༌བདེ༌བ༌ལུ༌ལོངས༌སྤྱོད༌པའི༌དགའ༌བ༌ཚད༌མེདཔ༌ཅིག༌བྱུང༌ཡི། དེ༌ལས༌ང༌བཅས༌གཉིས༌གཅིག༌གིས༌གཅིག༌ལུ༌ངོ༌སྤྲོད༌འབདཝ༌ད༌ང་གིས་ནཱ་གི་མཚན་ག་ཅི་ཞུཝ་སྨོ། འཁྲུངས་གཡུས་ག་ཏེ་ལས་སྨོ། ཕྱག་ལཱ་ག་ཅི་མཛད་དོ། ཟེར་སླབ་ད་བུམོ་དེ་གིས་ཞལ་རས་མེ་ཏོག་པདྨ་ཁ་བྱེ་དོ་བཟུམ་ལས་དགའ་འཛུམ་སོ་ཡི་ཟེའུ་འབྲུའི་གེ་སར་དེ་ག་ནི་བས་མཛེསཔ་སྦེ་ང་ལུ་སྟོན་ནི་དང་ཅིག་ཁར་མོ་རའི་ངོ་སྤྲོད་ཚུ་བུང་བ་སྦྲང་རྩི་འཚོལ་བའི་ངག་ལུ་རྟ་དྲངས་ཏེ་དེ་སྦེ་སླབ་དེས། ༡༢༢༢ ཚུར་གསོན་དང་སྟག་ཤར་གཞོན་པ། །་སྐྱེས་ཡུལ་ཤར་གྱི་ཕྱོགས་ལུ། །ཤར་བཀྲིས་གཡང་རྩེའི་མངའ་འོག །བྱ་ལྷ་བྱ་ཁྲུང་ཁྲུང་ཆགས་ས། །རྟེན་མཆོད་རྟེན་སྐོར་རའི་ཉེ་འདབས། །བུམོ་ངེ་གི་སྐྱེས་པའི་ཕ་ཡུལ། །ཕམ་ཉམ་ཆུང་གཉིས་ཀྱི་ལུས་ལས། །མིའི་སྲིད་པར་བཟུང་མི་བུམོ་ང་། །མིང་ཀུན་དགའ་བདེ་སྐྱིད་ཟེརཝ་ཨིན། །དུས་ད་ལྟོ་འཁོར་བ་འཁྱམས་ས། །འབྲུག་རྒྱལ་ཁབ་གཅིག་གི་སྙིང་བཅུད། །ནཱ་རྒྱལ་ས་ལྟེ་བར་སྡོདཔ་ཨིན། །ངེ་ལཱ་གཡོག་སྐོར་ལས་ཞུ་ན། །རང་ལས་དབང་ཅན་གྱི་བུམོ་འདི། །ཚེ་སྔོན་མའི་ཚོགས་བསགས་ཆུངམ་ལས། །དུས་ད་རེས་མི་ལུས་ཐོབ་རུང་། །ཕམ་ཉམ་ཆུང་ལུས་ལུ་སྐྱེསཝ་ལས། །ཆོས་ཡོན་ཏན་སྦོམ་སྦེ་ལྷབ་ནིའི། །གོ་སྐབས་ཅིག་རང་ལུ་མ་ཐོབ། །དེ་འབདཝ་ལས་དརེས་ནཱ་ལུ། །གོངམ་བསོད་ནམས་ཅན་གྱི་འོག་ལུ། །ལུས་བྱ་རོགས་རྒྱུག་སྟེ་སྡོད་དོ། །་མ་གསང་དྲང་པོའི་གཏམ་ཚུ། །ཁ་ཧན་པའི་ན་གཞོན་ཁྱོད་ལུ། །དོན་ཇི་མ་ཇི་བཞིན་ཞུ་དོ། །བུ་ཁྱོད་ཀྱི་ལོ་རྒྱུས་ཚུ་ཡང་། །བུམོ་ང་ལུ་མ་གསང་གསུངས་གནང་།། ཟེར་སླབ་ད་བུ་ང་ཡང་མོ་གི་ལོ་རྒྱུས་ཚུ་གོཝ་ཅིགནི་སེམས་དགའཝ་ཨིན་ན་འཁྲུལཝ་ཨིན་ན་མ་ཤེས་པར་ལྐོདམ་མདུད་ཕོད་བཏབ་སུ་ཅིག་སྦེ་མོ་གི་གཏམ་ལན་ཚུ་ཁུ་བྱུག་གཟན་མ་འཚོལ་བའི་ངག་རྟ་ལུ་དྲངས་ཏེ་དེ་སྦེ་སླབ་ཅི། ༡༢༢༢༡ ཨའེ་གསན་གནང་ཡིད་འོང་མཛེས་ལྡན་། །ཁྱོད་ཐུགས་སེམས་འཁྲུང་སྣང་མ་ལང་ཤིགརྟེན་མི་ལུས་ཐོབ་པ་སྐལ་བ་བཟང་། །ལྗོངས་འདི་ནང་སྐྱེས་པ་ཁ་རྗེ་ཆེ།ད་ཨིན་པའི་བློ་ཅིག་ཞུ་བ་ཅིན། །ངེ་སྐྱེས་ཡུལ་ངོ་སྤྲོད་རྐྱབ་པ་ཅིན། །སྟོད་རི་མགོ་ཨོ་རྒྱན་པདྨའི་གནས། །མར་རི་མཇུག་ཕྱག་ན་པདྨོའི་གནས། །བར་རི་བར་འཁོར་ལོ་སྡོམ་པའི་གནས།གནས་བྱིན་རླབས་ཆེ་བའི་ས་ཕྱོགས་ལས།དགོན་དབང་འདུས་མཚམས་ཤིང་རྩ་བ་ལུ།ཕྱི་མཚམས་ཁང་རྭ་བས་སྒོར་ས་ལས། །ནང་སངྱས་ཕོ་བྲང་བཞེངས་ས་ལུ།ངེ་དྲིན་ཅན་ཡབ་ཡུམ་གཉིས་ཀྱིས། །ངེ་དལ་འབྱོར་ས་བོན་བཏབ་བཞག་ནུག །ངེ་མིང་ལུ་བཀྲིས་བསྟན་འཛིན་ཟེར།དུས་ད་རེས་རྒྱལ་སའི་ཁྲོམ་འདི་ནང་། །ཕྱི་ལག་རྒྱན་ཐོ་གང་བཀལ་ཏེ་གིས། །ལུས་དཔའ་ཉམས་ཐོག་ལུ་སྡོད་རུང་ར།ནང་ཤི་ཀི་ལེབ་ཅིག་མེད་མི་འདི། །བུ་ང་རང་འཇོན་ཐངས་མེདཔ་ལས་ཨིན། །གཏམ་འདི་ཚུ་དྲང་གཏམ་ཨིནམ་ལས་བརྟེན། །ཁྱོད་ཐུགས་ལས་མ་ཡལ་བཞག་གནང་ཞུ།། ཟེར་སླབ་ད་མོ་གིས་ཨའེ་ཁྱོད་འདི་ནཱ་སྦོ་ལོག་ཁ་ལས་ར་ཨིན་པས་སྟེ། ང་འབདན་ཕ་ཡུལ་ས་ཐག་རིང་ནི་འདི་གིས་ཕམ་སྤུན་ཆ་སེམས་ཁར་དྲན་རུང་ཕྱད་པརལྷོད་མི་ཚུགས་པས་ས། ག་འཆར་རུང་ང་བཅས་གཉིས་ཕྱད་ལོང་མེད་པར་ནེ་ཚུན་ཚོད་ཀྱི་ལོ་རྒྱུས་སླབ་སྟེ་ལྟ་མ་རོགས་ཀྱིས་མཐོང་པ་ཅིན་ཁ་ཡང་གཏང་འོང་། དེ་བ་འདི་ ༢༢༢༢༢ གནས་ཆེན་བྱིན་རླབས་ཅན་གྱི་མཆོད་རྟེན་འདི་ནང་། །ཕྱི་ཡི་ལུས་ཀྱིས་སྒྲིབ་པ་དག་ནིའི་ཐབས་དང་། །ནང་གི་སེམས་ཀྱི་ཉོན་མོངས་སེལ་ནིའི་དོན་ལུ། །དད་ཅན་འབྲུག་མི་ལེ་ཤཱ་བསྐོར་ར་རྐྱབ་དེས། །ང་བཅས་གཉིས་ཡང་བསྐོར་ར་རྐྱབ་པར་འགྱོ་གེ། ཟེར་སླབ་སྟེ་མཆོད་རྟེན་བསྐོར་ར་རྐྱབ་པར་འགྱོཝ་ད་བུམོ་འདིནི་ཕྱིའི་བྱ་སྤྱོད་ཟབ་པའི་ཁར་ཆོས་སེམས་སྦོམ་ཡོད་མི་ཅིག་ཨིནམ་ལས་ཁ་ལས་བཛྲ་གུ་རུ་བགྱང་ཡི་ར་བསྐོར་ར་རྐྱབ་མས། ངནི་ཁ་གིས་མ་ཎི་བགྱང་སེམས་ཁར་བུམོ་འདི་ར་བསྒོམ་སྟེ་བསྐོར་ར་ཚར་གསུམ་རྐྱབ་ཚརཝ་ཅིགནི་དཔྱད་རིག་རྣམ་རྟོག་མེད་པར་བུམོ་དེ་གིས་སྦྱིན་བདག་གིས་བརྒྱུད་ཕྲིན་ཅིག་ལྷོདཔ་ལས་མོ་ཚབ་ཚབ་སྦེ་འགྱོ་དགོཔ་འཐོན་སོང་ཡི། དེ་ལས་ངནི་ངེ་ཤ་དང་ཁྲག་ལས་གྲུབ་པའི་ལུས་འདི་མཆོད་རྟེན་བསྐོར་ར་རྐྱབ་སྟེ་ཡོད་རུང་སེམས་ཀྱི་གླངམོ་ཆེ་འཆོལ་ལོང་འདི་དྲན་པའི་ལྕགས་ཀྱུ་གིས་བཟུང་མ་ཚུགས་པར་མོ་གིས་རྟིང་བདའ་ཡར་སོངམ་ལས་ཚར་ཅིག་ག་ཅི་འབད་ན་མ་ཤེས་པར་ཨ་ཙ་ར་ལྒང་འཕུ་འབྱང་འབྱངམ་བཟུམ་སྦེ་ཁ་བརྒྱང་སྟེ་ལུས་སོང་ནུག ཡུདཔ་ཅིག་ལས་དྲན་པ་བཟུང་སྟེ་བལྟཝ་ད་གནམ་ཡང་བསྲོ་ནི་རན་མཆིཝ་ལས་མཆོད་རྟེན་འདི་བསྐོར་ར་ཚར་གསུམ་དེ་ཅིག་རྐྱབ་ཞིནམ་ལས་ལོག་ཁྱིམ་ནང་སོང་ཡི། དེ་ཚེ་མནོ་བསམ་ཅིག་ག་དེ་སྦེ་བཏང་བལྟ་ས་ཅིག་རུང་བུམོ་དེ་ངེ་གི་མི་ཚེ་གཅིག་གི་གཏན་གྲོགས་འབད་ཐོབ་ཚུགས་པ་ཅིན་ང་ཤི་རུང་བུང་ཆད་བཏུབ་ནི་མས་ཟེར་མནོ་ཡི། ཨིན་རུང་བུམོ་དེ་དང་ཕྱད་གེ་ཟེར་བ་ག་ཏེ་སྡོདཔ་ཨིན་ན་མ་ཤེས། ཡང་ཅིན་འགྲུལ་ཕྲིན་གྱི་ཨང་གྲངས་ཅིག་ར་ལེན་མ་ཚུགསཔ་ལས་ཐབས་ཆགས་སི་སི་འབད་ལུས་སོང་ཡི། གཞན་དལ་གཞི་དུས་ཕོག་གསུམ་གྱི་ལྟོ་འདི་སྦང་ཅུང་གསུམ་གསུམ་རེ་བཟའ་ཚུགསཔ་ཨིན་རུང་དེ་ཚེ་ཕྱི་རུ་ལྟོ་ཡང་བཟའ་དགོ་མ་མནོ་བར་མགུ་ཧང་གུ་བཀལ་ལུས་ཕར་འགྲིལ་ཚུར་འགྲིལ་འབད་དེ་མནོ་བསམ་ཚད་མེདཔ་ཅིག་གཏང་སྡོདཔ་ད་ངེ་དྲིན་ཅན་གྱི་ཨའི་འདི་ང་ན་ཆིཝ་འདྲས་མནོ་སྟེ་གནམ་མེད་ས་མེད་ཚ་གྱང་ལང་སྟེ་ང་ལུ་དེ་སྦེ་སླབ་དེས།༡༢༢༢༡ ངེ་ཧིང་ལས་གཅེས་པའི་བུ་ཚུ་ཁྱོད། །སེམས་མ་ཡེངས་ང་ལུ་ཉན་གནང་མས། །དུས་ད་རེས་དཔལ་གྱི་ཉི་མ་ལུ།ཁྱོད་ལུས་ལུ་ན་ཚ་ཕོགས་ཆིཔ་སྨོ།ཡངན་སེམས་ལུ་སྡུག་བསྔལ་ཕོག་ཕོགཔ་ཨིནམ།དོན་མ་གསང་ང་ལུ་ཕྲང་སྟེ་སླབ།ཁྱོད་ལུས་ལུ་ན་ཚ་ཕོག་ཆིཔ་འབདན། །་ཨ་མས་དོན་བཅོས་འབད་ཞིནམ་ལས།ཕར་སྨན་ཁང་ནང་ལུ་བསྐྱལ་བྱིན་གེཁྱོད་སེམས་ལུ་སྡུག་བསྔལ་ཕོགཔ་ཨིན་ཟེརན། །་ཐབས་ཤེས་སྣ་ཚོགས་སྟོན་ཏེ་གིས། །སེམས་སྡུག་བསྔལ་ཞི་ཐབས་འབད་གེ་མས།། ཟེར་ག་ནི་བས་སྙིང་རྗེ་བའི་གསུང་གིས་སླབ་ད་ངེ་སེམས་ཁར་ང་ལུནི་ན་ནི་ག་ཅི་ཡང་མེད་ད་ལྟོ་ང་སེམས་བག་མ་ཆགས་པར་སྡོད་མི་དེའི་སྐོར་ལས་སླབ་པ་ཅིན་འདིནི་ངོ་ཡང་ཚ་བས། དེ་བ་འདི་གནས་སྐབས་ཅིག་བསྒྱིར་ཏེ་ཤོབ་ཅིག་སྤྱིན་ཐང་ཐ་སྦེ་རྐྱབ་གེ་ནོ་ཟེར་མནོ་ཞིནམ་ལས་གདོང་ལུ་དགའ་འཛུམ་ཅིག་ཡང་སྟོན་སྦེ་ཨའི་ལུ་དེ་སྦེ་སླབ་ཅི། ༡༢༢༡༢ཀྱེ་གསོན་དང་ཡུམ་ཆེན་གྱི་ཨ་མ། །ཐུགས་ཚ་གྱང་མ་བཞེས་མས་ཡུམ་ཆེན། །ང་ད་ཅི་ཆ་རོགས་ཅིག་ཕྱད་དེ། །མར་ཁྲོམ་ལས་མོ་མོ་ཅིག་བཟའ་ཡི། །དེ་མ་ཚད་མཆོད་རྟེན་གྱི་རྩ་བར། །སྐོམ་སེལ་བའི་བསིལ་ཆུ་ཡང་འཐུང་ཡི། །ཕོཝ་ལྟེམ་ལྟེམ་བཟའ་འཐུང་གིས་གངམ་ལས། །ལྟོ་བཟའ་དགོ་མནོཝ་ཅིག་ར་མིན་འདུག །དེ་འབདཝ་ལས་ཡུམ་ཆེན་རང་བཞེས་གནང་།། ཟེར་ཞུཝ་ད་ཨའི་ཡང་དེ་སྦེ་ཨིན་པ་ཅིན་སླབ་ནི་མིན་འདུག་ཟེར་སླབ་སྟེ་ལོག་མོ་ར་ཉལ་སར་ཡར་སོང་ཡི། ངནི་དེ་ཚེ་ནུབ་ཅིག་ར་མོ་དང་ནམ་ཕྱད་འོང་ག་མནོ་སྟེ་གཉིད་རྩ་ལས་ལོག་མ་བཏུབ་པར་སྡོད་སྡོད་པའི་བར་ན་ར་གནམ་ལང་ཡི། དུས་རྒྱུན་ང་དྲོ་པ་ལོང་ནི་ལུ་ལཱ་ཁག་སུ་ཅིག་གཏང་པའི་ཁར་ཧ་ཤོས་ར་ཆུ་ཚོད་བདུན་དང་སྐར་མ་༣༠་ལུ་ལོངམ་ཨིན་རུང་དེ་ཚེ་བུམོ་ཀུན་དགའ་དང་ཕྱད་པའི་རེ་བ་འབུམ་སྦེ་བསྐྱེད་དེ་དྲོ་པ་ཚུ་ཚོད་ལྔ་ལས་ལོང་སྟེ་མཆོད་རྟེན་བསྐོར་བར་སོང་ཡི། མཆོད་རྟེན་སྐོར་ར་རྐྱབ་པར་དད་ཅན་གྱི་སྐྱ་སེར་ཕོ་མོ་ལེ་ཤཱ་ཅིག་འོང་ཡོད་རུང་ངེ་དོན་ཧིང་གུ་མདའ་རྐྱབ་མི་རྔོན་པ་ཀུན་དགའ་དེ་མ་འོང་པས། མོ་འོང་པའི་རེ་བ་བསྐྱེད་དེ་ དེ་ཚེ་ཉིན་མར་ཡིག་ཚང་ནང་ཡང་མ་འགྱོ་བར་ཕྱི་རུ་ཚུན་ཚོད་ར་བསྒུག་སྡོད་རུང་མོ་འོང་ནི་ར་མེད་ཞིནམ་ལས་ཕྱི་རུ་ཆུ་ཚོད་༧་ལུ་ལོག་ཁྱིམ་ནང་འགྱོ་ཡི། དེ་སྦེ་ཉིནམ་དག་པ་ཅིག་གི་རིང་ལུ་མོ་སེམས་ཁར་དྲན་དྲནམ་གིས་ཕམ་སྤུན་ཆ་དང་བརྩེ་བའི་ཆ་རོགས་ཚུ་ཡང་སེམས་ཁ་ལས་བརྗེད། བཟའ་བའི་ལྟོ་དང་འཐུང་ནིའི་སྐོམ་ཚུ་ག་དེམ་ཅིག་ཞིམ་རུང་བཅུད་མ་ཚོར་བར་དགའ་མེད་སྐྱོ་མེད་ཅིག་ལུ་ཐལ་ཏེ་སྡོད་ཅི། བདུན་ཕྲག་གཅིག་གི་རྒྱབ་ལས་ང་ཚོད་བསྲེ་ཁྲོམ་ཁར་ཤིང་འབྲས་ཅིག་ཉོ་བར་འགྱོཝ་ད་བུམོ་ཀུན་དགའ་བདེ་ཆེན་དེ་ལུས་མཛེས་པའི་དར་ཤིང་གུ་ལུ་ཚོན་སྣ་ལྔའི་དར་རས་དཀྱིས་དེ་བསྐྱི་སེར་རླུང་གིས་གཡབ་ད་ག་ནི་བས་ལེགསཔ་སྦེ་མཐོང་དོ་བཟུམ་སྦེ་ བུམོ་དེ་ཡང་དམར་ཁྲ་དཀྱི་ར་ཕྱེད་ཀ་འབད་མི་ཅིག་གཟུགས་ཁར་དཀྱིས་ གོས་ཆེན་སྟོད་གོ་དམརཔོ་ཅིག་གྱོན་ལག་པར་ཚོད་བསྲེ་བཙུགས་སའི་ཕད་ཅུང་ཅིག་འབག་སྦེ་དགའ་འཛུམ་ཤིག་ཤི་སྦེ་འོང་ས་མཐོང་ཅི། མོ་དེ་སྦེ་འགྱོ་སར་མཐོངམ་ཅིགནི་ངེ་ཁ་ནང་ལས་ཀུན་དགའ་ཟེར་སྐད་ཤུགས་སྦེ་རྐྱབ་ཅིགནི་མོ་ཡང་རྣམ་རྟོག་ལང་ལ་ར་འདྲཝ་སྦེ་ལོག་རྒྱབ་སྒྱིར་བལྟཝ་ད་ང་མཐོངམ་ལས་དབའི་ཨ་ནི་བུཚུ་འདི་ཨིན་པས་པ་སྟེ། ངནི་མི་འཆོལ་ལོང་ཅིག་གིས་ངེ་མིང་སྟོན་ཏེ་འབོཔ་འདྲས་མནོ་སྟེ་ཨིན། སྟེ་བཀྲིས་ག་དེམ་ཅིག་སྦེ་འོང་ཡི་ཟེར་དྲིས་དེས། དེ་ལས་ང་གིས་གཞན་ལཱ་ག་ཅི་ཡང་མེད། ཨིན་རུང་ཁ་ཙང་ཁ་ཉིནམ་ཅིག་ལས་ངེ་དོན་ཧིང་འདི་གར་སོང་མེདཔ་འབྱང་ད་ནུག་ས། འདི་ག་ཏེ་འཚོལ་རུང་འཚོལ་མ་ཐོབ་པར་ད་རེས་ནཱ་ལུ་འཚོལ་བར་འོང་ཡི་ས། ཀྲིག་ཀྲི་ར་ཁྱོད་དང་ཕྱད་དེས། ཟེར་སླབ་ད་མོ་དགོད་ཅིག་ཡང་བྲ་འབད་ དབའི་དེ་མའི་དགོད་བྲ་མི་བྲ་དོན་ཧིང་ཁྲོམ་ཁར་འཚོལ་བའི་ཟེརཝ་ག་ཏེ་ཡོདཔ་སྨོ་ཟེར་སླབ་དེས། དེ་ལས་ང་གིས་སླབ་ཚེ་དུས་ཚོད་ཅིག་ཡོད་པ་ཅིན་བཟའ་ཁང་ནང་བསིལ་ཆུ་ཅིག་འཐུང་པར་འགྱོ་གེ་ཟེར་སླབ་ད་མོ་གིས་གཞན་དལ་གཞི་དུས་ཚོད་གངམ་འདི་མེད་ཨིན་རུང་ཁྱོད་ཀྱིས་ཉན་མ་བཏུབ་པ་ཅིན་འགྱོ་ནི་ར་མམ་ཟེར་སླབ་སྟེ་བཱན་ཐའེ་ཟེར་མི་བཟའ་ཁང་དེ་ནང་འགྱོ་ཡི།  དེ་ལས་བསིལ་ཆུ་རེ་གདོང་ཁར་བཀལ་སྦེ་གཏམ་ཕར་སླབ་ཚུར་སླབ་འབདཝ་ད་ང་གིས་་ཁྱོད་འབདན་ཕྱི་ལྟ་བའི་ངོ་རིས་ལེགས་པ་ལུ་ཨརཝ་བརྐུ་ནི་ལུ་ཡང་གནམ་མེད་ས་མེད་མཁས་དྲག་ཅིག་ཨིན་པས་སྨོ་ཟེར་སླབ་ཅིགནི་མོ་གི་རྣ་བར་མར་ཁུ་ནང་ལུ་ཆུ་རེག་དོ་བཟུམ་སྦེ་གོ་སྟེ་གདོང་དྲག་བསྐྱེད་སུ་ཅིག་སྦེ་དབའི་བཀྲིས་དེ་སྦེ་འདི་མ་སླབ་དབའི། ངོ་རིས་ཀྱི་ཐད་ཁར་ང་མི་ཤེས་དེ་འབདཝ་ད་ཨརཝ་ཟེར་མི་འདི་ངེ་ཕ་མའི་བསྒང་ལས་ར་བརྐུ་བའི་ཤུལ་མིན་འདུག་ཁྱོད་ཀྱིས་རྣམ་རྟོག་ལང་སི་སི་དང་ངོ་ཚ་རིལ་རི་གི་བློ་འདི་བཟུམ་མ་སླབ་མས་ཟེར་སླབ་དེས། དེ་ལས་ང་གིས་ཁྱོད་ཀྱིས་ཨརཝ་བརྐུཝ་མས་ཟེར་མི་འདི་རྒྱུ་ཅ་ལ་ཨརཝ་བརྐུཝ་མེན་པར་མི་གི་སེམས་ཨརཝ་བརྐུཝ་མས་ཟེར་སླབ་སླབ་ཨིན། ཁྱོད་ཙིགཔ་མ་བཟའ་མས་སྟེ་དེ་གི་སྐོར་ལས་གཏམ་ལོ་རྒྱུས་འདི་བཟུམ་ཅིག་ཡོད་ཟེར་ཚིགས་བཅད་ཀྱི་ཐོག་ལས་དེ་སྦེ་སླབ་ཅི། ༢༢༢༢༡༢ ཀྭ་ཡེ་གསོན་དང་ཡིད་འོང་མཛེས་ལྡན་གྱི་ལྷ་མོ། །ཁ་དོག་ལེགས་པའི་ཡིད་འོང་ཀུན་དགའ་ཡི་མིང་ཅན། །ག་ཏེ་སྡོད་རུང་སེམས་ཁར་བུམོ་ཁྱོད་་དྲནམ་ལས། །ང་ནི་ཁྱོད་མེད་བློ་སེམས་གཏད་ས་ཅིག་མིན་འདུག །ཅ་ལ་གསེར་ལས་ལྷག་པའི་ཡིད་འོང་གི་བུ་མོ། །ཆ་ལུགས་ལྷ་ལས་མཛེས་པའི་རྣམ་འགྱུར་ཚུ་སྟོན་ཚེ། །ཇ་ཆང་གདོང་ཁར་བསྐྱལ་རུང་འཐུང་དབང་ཅིག་མེད་པར། །ཉ་ཆུང་ཁྱོད་ལུ་བལྟ་སྟེ་དབང་མེད་དུ་ལུས་དོ། །ཏ་རེའི་རྣམ་འཕྲུལ་བུམོ་ཁྱོད་མཐོང་བ་ཡི་ཉིནམ་ལས། །ཐ་མལ་སྤྲང་པོའི་བློ་སེམས་བུམོ་ཁྱོད་ལུ་ཤོརཝ་ལས། །ད་འབདན་ཁྱོད་ཀྱིས་ཐུགས་བསམ་ཐེབས་ཅིག་་བཞེས་ཏེ། །ན་ཟུག་བཀལ་ནི་མེདཔ་ཅིག་ཧིང་ལས་་མཛད་གནང་།། ཟེར་སླབ་ད་བུམོ་དེ་གི་ཞལ་རས་ཆུ་སྐྱེས་འདབ་བརྒྱ་བཞད་པ་ལས་དགའ་འཛུམ་པདྨའི་ཟེའུ་འབྲུ་ག་ནི་བས་མཚརཝ་སྦེ་སྟོན་སྟེ་རོ་བརྒྱའི་སྦྲང་རྩི་དང་ལྡན་པའི་གསུང་གིས་ལན་དེ་སྦེ་སླབ་དེས། ༡༢༢༢༢ བུ་གེ་སར་འདྲ་བའི་སྟག་ཤར་ཁྱོད་ཀྱིས། །ཞལ་དཀར་གསལ་མཛེས་པའི་ཟླ་བའི་ནང་ལས། །གསུང་ཧན་པའི་བདུད་རྩིའི་ཐིགས་པ་བབས་ཚེ། །བུམོ་ང་ཡང་སེམས་ཁར་ག་མནོ་མ་ཤེས། །ཁྱོད་ང་ལུ་དགའ་བའི་ཧིང་གཏམ་བཤད་ཚེ། །་གཉིད་ལམ་མཐོང་པའི་སྣང་བ་ཤར་དོ། །དོན་དངོས་སུ་ཨིན་རུང་བློ་གི་ལན་ཚུ། །་མནོ་བསམ་གཏང་ཡི་གཏང་ཡི་སླབ་གེ །སྔོན་མཁས་པའི་དབང་པོ་ཚུ་གི་ཞལ་ལས། །ལཱ་མ་འཛོལ་གོང་ལས་བརྟག་དཔྱད་གལ་ཆེ། །འཛོལ་ཚར་བའི་ཤུལ་མ་བློ་འགྱོད་བསྐྱེད་མི། །མི་བླུན་པོའི་རྟགས་མཚན་ངོ་མ་ཨིན་ལོ། །དེ་འབདཝ་ལས་ནཱ་གི་བློ་ལན་འདི་ཚུ། །ང་མནོ་བསམ་གཏང་ཡི་གཏང་ཡི་ཞུ་གེ །དུས་ད་རེས་ཞུ་ཐབས་མེད་མི་འདི་ལུ། །ཐུགས་བཟོད་པ་ཧིང་ལས་བཞེས་གནང་སྟག་ཤར།། སྟེ་བཀྲིས་ཁྱོད་བློ་གི་ལན་ཚུ་ང་གིས་དེ་འཕྲོ་ལས་ཞུ་མི་ཚུགས་ནི་མས། ག་ཅི་སྦེ་ཟེར་བ་ཅིན་དངམ་ཅིག་ང་བཅས་གཉིས་ངོ་ཡང་ལེགས་ཤོམ་སྦེ་མི་ཤེས། གཉིས་པ་ཟེརཝ་ད་ང་ཡང་ཉིམ་ག་ལས་ཤར་ས་དང་རླུང་མ་ག་ལས་འཕུར་ས་ལུ་གཡོ་དོ་བཟུམ་སྦེ་མཐོང་ནི་མས་དེ་ལུ་ཁྱོད་ཙིགཔ་མ་བཟའ་བཏུབ་ག་ཟེར་སླབ་དེས། དེ་ལས་ང་གིས་མ་པ་ཀུན་དགའ་ཁྱོད་ཀྱིས་སླབ་མི་དེ་ཡང་བདེན་་་་་་་ཨིན་རུང་བུཚ་ག་ར་ཅོག་ར་མི་འཐད་པ་སྟེ། ང་ཁྱོད་ཀྱི་ཕང་མར་ལེན་ཐབས་ཅིག་མཛད་པ་ཅིན་ང་གིས་ཁྱོད་གསེར་དང་དངུལ་གྱིས་སྤུར་ཏེ་བྱིན་མ་ཚུགས་རུང་མི་གི་སྦུག་ལུ་སྟོན་བཏུབ་བཞག་བཏུབ་ཅིག་འབད་ནི་ཨིན་ཟེར་བའི་ཚིག་ཚུ་གོང་གི་ཀ་རྩོམ་གྱི་འཕྲོ་མཐུད་དེ་དེ་སྦེ་སླབ་ཅི། ༢༢༢༢༡༢ པ་ཏྲ་རིས་མོ་ཅན་གྱི་ཁང་ཁྱིམ་གྱིས་གཙོས་པའི། །ཕ་ལམ་གསེར་གྱི་མཛུབ་དཀྱིས་བྱིན་ཐབས་ཅིག་མེད་རུང་། །བ་གླང་བཟུམ་སྦེ་རྩྭ་ཆུ་བུམོ་ཁྱོད་ལུ་མི་བྱིན། །མ་གཅིག་བུ་ལ་བརྩེ་བའི་འདུ་ཤེས་བཟུམ་བསྐྱེད་འོང་། །ཙ་རི་འདྲ་བའི་སྨན་ལྗོངས་ཆོས་ལྡན་གྱི་ཞིང་འདིར། །ཚ་གྲང་སྡུག་བསྔལ་སྨན་ཆུང་བུམོ་ཁྱོད་ལུ་མི་བྱིན། །ཛ་ཏིའི་སྨན་བཟུམ་ཕན་པའི་ཧིང་གཏམ་ཚུ་བཤད་དེ། །ཝ་ལེར་སེམས་ལས་ནམ་ཡང་མ་བརྗེད་པར་བཞག་གེ །ཞ་ལྟར་སྤྱི་བོར་བཀལ་གེ་ཡིད་འོང་གི་བུམོ་ཁྱོད། །ཟ་འཐུང་བཀབ་གོས་མ་ལང་ལངམ་སྦེ་་བྱིན་འོང་། །འ་འུར་ཟང་ཟིང་ངང་ལུ་རྩ་ལས་་མི་བཞག །ཡ་མེད་མ་བཟོ་བུ་ངེའི་གཏམ་ལན་ཅིག་གསུངས་གནང་། །ར་ལུག་མནོ་མེད་བཟུམ་སྦེ་བུམོ་ཁྱོད་ལུ་མི་འབད། །ལ་གཏམ་ལུང་གཏམ་ལེ་ཤཱ་བཤད་ལོང་ཅིག་མེདཔ་ལས། །ཤ་ཚ་ཧིང་ཚའི་སྒོ་ལས་ཧིང་གཏམ་ཚུ་བཤད་དོ། །ས་བཟུམ་འགྱུར་བ་མེད་པའི་དམ་བཅའ་ཅིག་བཞག་གནང་། །ཧ་ལོ་མེ་ཏོག་བཟུམ་མའི་ཡིད་འོང་་ཁྱོད་ཀྱིས། །ཨ་ལོ་ང་ལུ་ལན་ཅིག་འཕྲལ་མགྱོགས་་གསུངས་གནང་།། ཟེར་སླབ་ད་མོ་ཡང་དགའ་འཛུམ་ཅིག་ཤོར་སྦེ་མ་པ་བུམོ་ཧུ་ཐངས་འདི་ད་རེས་ནངས་པའི་བུཚུ་འདི་ཚུ་ར་ཨིན་ས་ཟེར་སླབ་དེས། དེ་ལས་ང་གིས་མ་ཤེས་སྟེ། མ་གཞི་ང་འདི་ད་རེས་ནངས་པའི་བུཚ་འདི་མེན་ཡུདཔ་ཅིག་ལོ་ཉེར་ལྔ་དེ་ཅིག་ལང་སོ་ཡི། ཨིན་རུང་ང་གིས་སླབ་མི་བློ་ཚུ་ཁྱོད་ཀྱི་སེམས་ཁར་འབབ་པ་ཅིན་ངེ་བློ་གི་ལན་གཅིག་འཕྲལ་མགྱོགས་ར་སླབ་ཞིནམ་ལས་ངེ་སེམས་ཀྱི་བར་ཆད་སེལ་ཚུགས་པའི་རེ་བ་སྦོམ་བསྐྱེད་དོ་མས། སྟེ་ག་འཆར་རུང་དེ་ཚེནི་ཁྱོད་བརྒྱུད་འཕྲིན་གྱི་ཨང་གྲངས་ཅིག་ར་ལེན་མ་ཚུགས་པས། ད་རེས་འགྲུལ་འཕྲིན་གྱི་ཨང་གྲངས་ཅིག་ཞུ་གེ་དབའི་ཟེར་སླབ་ད་ མོ་གིས་གཞན་དལ་གཞི་ངེ་འགྲུལ་འཕྲིན་གྱི་ཨང་གྲངས་འདི་ག་ལུ་ཡང་བྱིན་ནི་མེད། ཨིན་རུང་ཁྱོད་བུཚུ་ལེགས་ཤོམ་ཅིག་ཨིན་ཨིན་ར་འདྲ་བས་དེ་འབདཝ་ལས་བརྟེན་ཁྱོད་ལུ་བློ་གཏད་དེ་བྱིན་དོ། དེ་འབདཝ་ད་ངེ་ཨང་གྲངས་འདི་འབདན་ག་ལུ་ཡང་བྱིན་ནི་མི་འོང་མས། ད་དུས་ཚོད་ཡང་ཧ་ལམ་ཡར་སོང་ཡི། ལྟ་མ་སྦྱིན་བདག་གི་སླབ་འོང་ས། ད་འགྱོ་དགོ་པས་ལོག་ཤུལ་ལས་ཕྱད་གེ་སྟེ་མས་བཀྲིས། ཟེར་སླབ་སྟེ་ཡར་སོང་ཡི། དེ་ལས་ང་ཡང་ག་ཅི་ཨིན་ན་ཅིག་འབྱང་དཔ་བཟུམ་སྦེ་བློ་སྟོང་ཧ་ཧ་སྦེ་ཁྱིམ་ནང་འོང་ཞིནམ་ལས་ཕྲངམ་ཕྲང་སར་མཆོད་བཤམས་ནང་འཛུལ་ཏེ་དཀར་མེ་ཅིག་ཕུལ་བསངས་དང་གསེར་སྐྱེམས་ཅིག་ཡང་ཕུལ་སྦེ་སྨོན་ལམ་དེ་སྦེ་བཏབ་ཅི། ༡༢༢༢༡༢ སྐྱབས་དཀོན་མཆོག་གསུམ་པོ་ཁྱེད་རང་ར་མཁྱེན་ནོ། །བདག་མོས་པའི་བུ་ལུ་ཐུགས་རྗེ་རང་གཟིགས་ཤིག །དུས་ཨ་རྟག་ཁྱོད་ལུ་གསོལ་བཏབ་ཅིག་མེད་རུང་། །ད་དགོས་པའི་དུས་སུ་སྐྱབས་གཞན་ཅིག་མེདཔ་ལས། །ཕ་ཡེ་ཤེས་སྤྱན་གྱིས་མ་གཡེལ་བར་གཟིགས་ཏེ། །ངེ་བསམ་པའི་དོན་ཚུ་ད་ལྟ་རང་འགྲུབ་གནང་། །ངེ་ཧིང་ལས་དགའ་བའི་མཛེས་ལྡན་བུམོ་དེ། །དུས་ལོ་དང་ཟླཝ་སྦེ་ཕར་ཕར་ར་མ་བཞག །ཉིནམ་ད་རེས་ནངས་པའི་དུས་ཡུན་གྱི་ནང་ལུ། །ལྷ་ཁྱེད་ཀྱིས་བུ་ངེའི་གཏན་གྲོགས་ལུ་བཀུག་གནང་།། ཟེར་སྐད་ཆུང་སུ་ཅིག་སྦེ་གསོལཝ་བཏབ་དངེ་ཨའི་དེ་སེམས་རྣམ་རྟོག་གདིང་ལས་ར་ལང་ཆི་ནུག དེ་ཡང་དུས་རྒྱུན་ང་གིས་དཀར་མེ་དང་སྙན་དར་ཕུལ་ནི་ཕར་བཞག་ཐ་ན་ཁ་ཐུན་ཅིག་ར་བཏང་ནི་མེད་རུང་དེ་ཚེ་འབད་བཞག་མ་འདྲཝ་ཅིག་འབདཝ་ལས་བརྟེན་ཏེ་ཨིན་མས། ཨའི་གིས་དབའི་ཨ་ལོ་ད་རེས་ཉིམ་ནུབ་ལས་ཤརཝ་འདྲས་མེན་ན། ཡངན་ཅིགན་ཁྱོད་འཆོལཝ་འདྲས་མེན་ན། དུས་ནམ་ཡང་འབད་ནི་མེད་པའི་ལཱ་ཅིག་འབད་དོ་པ་ཡ། ཟེར་སླབ་ད་ང་གིས་ཨའི་ཉིམ་ནུབ་ལས་ཤར་ནི་མེན་པར་ནོརབུ་བསམ་འཕེལ་དབང་གི་རྒྱལཔོ་འདི་བུ་ངེ་གི་ལག་པར་ཐོབ་རན་དོ། དེ་འབདཝ་ལས་ནོརབུ་རོགས་ཀྱི་ལག་པར་མི་ཤོར་ནི་དང་ནོར་བུའི་བྱིན་འབྲས་མ་ཉམས་པར་བཞག་ནིའི་དོན་ལུ་དཀོན་མཆོག་ལུ་གསོལཝ་བཏབ་བཏབ་ཨིན་ཏེ་ཨའི་ཟེར་དེ་སྦེ་སླབ་ཅི། ༡༢༢༢༢༡ མར་རྒྱ་མཚོ་ཆེན་པོའི་ཀླུ་ཡི་བང་མཛོད་ནང་། །ནོརབུ་རིན་ཆེན་བརྒྱ་དང་སྟོང་སྦེ་གང་སྟེ་འདུགནོརབུ་དེ་ཚུའི་ནང་ལས་བསམ་འཕེལ་རྒྱལ་པོ་དེ། །ཁོང་འོག་ཕྱོགས་ཀླུ་ཡི་གཙུག་གི་ནོར་བུ་མས། །ནོརབུ་དེ་ཚུ་ང་བཅས་མི་གིས་ལེན་དགོ་། །སྔོན་ཚོགས་བསགས་འབྲས་བུ་མེད་ན་མི་ཐོབ་ལོ། །དཔེ་དེ་བཟུམ་རྒྱལ་ས་ལྟེ་བའི་ཁྲོམ་ཁ་ལུ། །བུམོ་བརྒྱ་དང་སྟོང་སྦེ་འཛོམས་པའི་སྦུག་ནང་ལས། །ནོརབུ་བསམ་འཕེལ་འདྲ་བའི་ཡིད་འོང་མཛེས་མ་ཅིགདུས་ད་རེས་ཚོད་བསྲེ་ཁྲོམ་གྱི་སྦུག་ལུ་མཐོང་། །གཏམ་ཧིང་གཏམ་ཕར་སླབ་ཚུར་སླབ་འབད་བའི་ཚེ།ནོརབུ་ལུང་བསྟན་སྟག་ཤར་ང་དང་བསྐོས་ཆི་ནུགནོརབུ་བར་ཆད་མེད་པར་ང་གིས་ཐོབ་ཐབས་ལུ།ཡར་དཀོན་མཆོག་གསུམ་ལུ་སྐྱབས་ཅིག་འཚོལ་འཚོལཝ་ཨིན། །དེ་ཐུགས་ལུ་བབས་སམ་དྲིན་ཅན་ཨ་མ་ལགས།། ཟེར་སླབ་ད་ངེ་ཨའི་དེ་ཡང་མགུ་སིག་རྐྱབ་སྟེ་ངེ་རྩ་རྒས་འདི་གིས་ཉན་མི་བཏུབ་ས། སླབ་ཅི་སླབ་ཅི་འབདཝ་ད་ཨའི་གི་ཆ་རོགས་འབད་མི་ཅིག་ཁྱིད་འོང་ནི་སྦེ་ཨིནམ་འདྲས་སྦོ་སྟེ། དེ་འབདཝ་ད་ལྟ་ཡི་ལྟ་ཡི་མ་འབད་བར་རྟ་ཞརཝ་ཆུ་བརྒལཝ་འདེ་མ་བརྒལཝ་དྲག་མས་ཟེར་སླབ་སྟེ་མོ་ར་ཉལ་སར་ཡར་སོང་ཡི། ནུབ་མོའི་ཆུ་ཚོད་༡༠་དེ་ཅིག་ཁར་ང་གིས་མོ་ལུ་དྲན་པའི་བརྒྱུད་ཕྲིན་ཅིག་བཏང་བལྟ་ཡི། དེ་ལུ་མོ་གིས་སྣང་དག་ར་བསྐྱེད་མ་བཏུབ། དེ་ལས་ང་གིས་ལོག་ཅི་ལོག་ཅི་ར་དྲན་བརྡ་བྱིནམ་ད་མོ་གིས་(sms)གྱི་ཐོག་ལས་ཚོད་མ་བལྟ་སྨ་རེད། ལྟ་མ་འབདན་ཨང་གྲངས་འདི་ཁྲིམས་སྲུང་འགག་པའི་ལག་པར་སྤྲོད་དེ་འཛིན་བཟུང་འབད་བཅུག་འོང་མས་ཟེར་ཨིན་པས། ངེ་སེམས་ཁར་མོ་བུམོ་ཐབ་ཐོབ་འབད་མི་ཅིག་འདི་མེན་པས་མནོ་སྟེ་གཡང་འདྲོགས་ཟ་ཡི་ར་བརྒྱུད་འཕྲིན་ཚར་ཅིག་གཏང་བལྟཝ་ད་མོ་གིས་ག་སྨོ་ཟེར་དྲག་བསྐྱེད་སུ་ཅིག་སྦེ་དབའི་ག་སྨོ་གནམ་ནུབ་མོ་ཡང་གཉིད་ལོག་མི་སྟེར་བས་ས་ཟེར་སླབ་དེས། དེ་ལས་ང་གིས་ཨའེ་ཀུན་དགའ་ཙིགཔ་མ་བཟའ་མས་སྟེ་ང་བཀྲིས་ཨིན་དབའི་ ཟེར་སླབ་ད་མོ་གིས་དབའི་ཨ་ལོ་འདི་ག་ཅི་སྨོ་སྟེ་ང་འདི་ག་ཨིན་ན་མནོ་སྟེ་བཏུབ་མ་བཏུབ་ལེ་ཤཱ་ར་བྲིས་བཏང་ཡི། ཁྱོད་ཙིགཔ་མ་བཟའ་སྟེ་མས། སྟེ་ག་ཅི་སླབ་ནི་ཡོདཔ་སྨོ། ཟེར་དྲིས་དེས། ང་གིས་ཁྱད་མེད་དབའི་ཁྱོད་ཀྱིས་འདི་བཟུམ་མ་ཚད་ང་བསད་ནི་ཨིན་ཟེར་བྲིས་རུང་ང་ལུ་སྣང་དག་ར་བསྐྱེད་དགོཔ་མེད། དེ་འབདཝ་ད་ངེ་བློ་གི་ལན་ག་དེ་སྦེ་སྨོ་ཟེར་སླབ་ད་མོ་གིས་ད་ལྟོ་ཚབ་ཚབ་མ་འབད་མས་སྟེ་དུས་ནམ་ཅིག་གི་ཚེ་འགྲོས་ཀྱིས་འབད་སླབ་གེ་བཏུབ་ག་ཟེར་སླབ་དེས། ང་གིས་ང་བཅས་ར་མི་གི་ཚེ་ལུ་རྟག་པ་བརྟན་པ་ཅིག་ག་ནི་ཡང་མེདཔ་ལས་ཁྱོད་ཀྱི་བློ་ལན་མ་ཐོབ་ལས་ང་ཤི་སོང་པ་ཅིན་ག་དེ་འབད་ནི་ཟེར་དེ་སྦེ་སླབ་ཅི། ༢༢༢༢༢༡ ཀྱེ་མ་གསོན་དང་མཛེས་ལྡན་ཡིད་འོང་ཀུན་དགའ་ཁྱོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་ཐུང་ཀུ་འདི། །ལྷ་ཡི་སྲསམོ་དང་འདྲ་བའི་བུམོ་ཁྱོད་ཕྱད་དེ་དགའ། །དགའ་བའི་སེམས་འདི་བསྐྱི་སེར་རླུང་ལུ་བསྐྱལ་མ་། །བུ་ང་ཁྱོད་ལུ་དགའ་བའི་སེམས་འདི་གཟུགས་བརྙན་ཡོདན། །རི་ཡི་རྒྱལ་པོ་རི་རབ་ལས་ཀྱང་མཐོ་མཐོཝ་འོང་། །ཁྱོད་མེད་བུ་ང་རྩ་ལས་སྡོད་ཐབས་མེདཔ་ལས་བརྟེན། །བུ་ངེ་གཏམ་ལན་འཕྲལ་དང་འཕྲལ་ར་གསུངས་གནང་མས།། ཟེར་སླབ་ད་མོ་གིས་དེ་སྦེ་ཨིན་པ་ཅིན་ཁྱད་མེད། དེ་འབདཝ་ད་ད་ལྟོ་འདི་བློ་གི་ལན་ག་ནི་ཡང་སླབ་མི་ཤེས་པས། ལྟ་མ་ང་མནོ་བསམ་ཅིག་ལེགས་ཤོམ་སྦེ་བཏང་ཞིནམ་ལས་ནངས་པ་དྲོ་པ་འབདན་ཐད་རི་འབའ་རི་སླབ་གེ་བཏུབ་ག། ད་དུས་ཚོད་ཡང་ཧ་ལམ་ཅིག་ཡར་སོང་ནུག ཉལ་དགོ་པས་དྲོ་པ་ཧ་སག་ལོང་དགོ་ས་ གཟིམ་ཆ་བདེ་ལེགས་བཀྲིས་ཟེར་སླབ་ཅིགནི་བརྒྱུད་འཕྲིན་བཞག་ད་ཡི། དེ་ལས་ང་ཡང་ག་ནི་ཡང་འབད་སའི་གནམ་མ་མཐོང་པར་སྡོདཔ་མ་ཚད་ནངས་པ་མོ་གིས་བློ་གི་ལན་ག་བཟུམ་ཅིག་སླབ་འོང་ག་སྨོ། མི་བཏུབ་ཟེར་བ་ཅིན་ག་དེ་འབདཝ་དྲག་ག་ཟེར་མནོ་བསམ་ལེ་ཤཱ་བཏང་སྡོད་པའི་བར་ན་གཉིད་ཐལ་སོང་ནུག ངེ་གཉིད་ལམ་ནང་ངེ་ཧིང་ལས་དགའ་བའི་བུམོ་ཀུན་དགའ་དེ་མེ་ཏོག་ལེ་ཤཱ་ཤར་སའི་སྦུག་ལུ་མོ་ར་རྐྱངམ་ཅིག་ག་ཅི་ཅིག་འབྱང་དཔ་བཟུམ་སྦེ་མིག་ཏོ་ཕར་ཚུར་ལྟ་ཡི་ར་སྡོད་ས་མཐོང་ཅི། གེ་ལས་ང་གིས་དབའི་ཀུན་དགའ་་་ངེ་ཧིང་གི་མེ་ཏོག་་་་ག་ཅི་འབྱང་དཔ་སྨོ་མིག་ཏོ་ཨརཝ་བརྐུ་ནི་བཟུམ་སྦེ་ཕར་ཚུར་ན་འཐན་ར་བལྟ་དེས་པ་ཡ་་་་་ཟེར་སླབ་ད་་་་ངེ་སྐད་གོཝ་ཅིགནི་མོ་དེ་འཕྲོ་ལས་ཡར་ལོང་སྟེ་དགའ་འཛུམ་གྱི་འོད་ཀྱིས་ནམ་མཁའི་ཟླཝ་ཡང་ཟིལ་གྱིས་ནོན་ནི་བཟུམ་ཅིག་སྟོན། ལམ་འགྱོ་བའི་སྐབས་ལུ་སྐེད་པར་རུ་ཏོ་མེདཔ་བཟུམ་སྦེ་གོམས་ཐེངས་རེ་ལུ་ཁྱུག་ཚར་དགུ་འདེ་རེ་རྐྱབ་མཛེས་པའི་རྣམ་འགྱུར་སྣ་ཚོགས་སྟོན་ཏེ་མེ་ཏོག་དམརཔོ་ཅིག་བཅག་སྟེ་ང་ལུ་སྤྲོད་ནི་དང་ཅིག་ཁར་ཕངམ་ཚར་ཅིག་བཏབ་ད་ཡི། ང་གིས་མོ་གི་ཚོད་བལྟ་ནིའི་དོན་ལས་ངོ་མ་ཤེསཔ་བཟུམ་བཟོ་སྟེ་དེ་སྦེ་སླབ་ཅི། ༢༢༢༢༢༢༢༢༡ ༼ཨ་ནི་ཟླ་བའི་དཀྱིལ་འཁོར་ཨིན་ན་པདྨ་དཀར་པོ་ནོར་བུ་ཆུ་ཤེལ་སྨོ། །གལ་སྲིད་བཅོ་ལྔའི་ཟླ་བ་ཨིན་ན་ཉིན་མའི་གཞུང་ཡང་ཀུ་མུད་རྒྱས་ནི་འདུག །གལ་སྲིད་མེ་ཏོག་པདྨ་ཡིན་ན་ནུབ་མོའང་གེ་སར་འབད་ཕྲེང་མི་ཟུམ་སྦེ། །གལ་སྲིད་ནོར་བུ་ཆུ་ཤེལ་ཨིན་ན་བདུད་རྩིས་རྟ་གདོང་ཁ་ཡང་ཁོདམ་བཟོཝ་མས། །མི་ཡི་བུ་མོ་ཨིན་ཟེར་སླབ་ན་སྐེད་པར་རུ་ཏོག་མེདཔ་བཟུམ་མཐོངམ་མས་། །ལྷ་ཡི་སྲས་མོ་ཨིན་ཟེར་སླབ་ན་འཇིག་རྟེན་ས་དང་རྡོ་ཡི་སྦུག་ནང་ལུ། །ཐུགས་བསམ་ག་ཅི་བཞེས་ཏེ་བུ་ངེ་གདོང་ཁར་མིག་འཕྲུལ་སྟོན་པར་བྱོན་བྱོནམ་སྨོ། །མ་གསང་དྲང་པོའི་གཏམ་ལན་གསུངས་གནང་མཛེས་ལྡན་ཡིད་འོང་ལྷ་ཡི་སྲས་མོ་ལགས།། ཟེར་སླབ་ད་མོ་གིས་མེ་ཏོག་དམརཔོ་དེ་ང་ལུ་བྱིན་ནི་དང་ཅིག་ཁར་དཀརཔོ་བལ་ལས་འཇམ་པའི་ལགཔ་དེ་གིས་ངེ་ལྟག་ལྐོག་སྐྱོར་ཏེ་དེ་སྦེ་སླབ་དེས། ཀྱེ་མ་གསོན་དང་ཧིང་གི་སྟག་ཤར་མ་ཡེངས་ཚར་ཅིག་བུ་མོ་ང་ལུ་ཉན་གནང་མས། །བཅོ་ལྔའི་ཟླཝ་དང་པད་དཀར་གཞོན་ནུ་ནོར་བུ་ཆུ་ཤེལ་ལྷ་ཡི་སྲས་མོ་མེན་སྨ་རེད། །ཐེ་ཚོམ་མ་ཆགས་སོམས་ཉི་མ་བཟའ་བུ་མོ་ང་ནི་ཁྱོད་ཀྱིས་དགའ་མི་ཀུན་དགའ་ཨིན། །༢༢༢༢༡༢ ད་ལྟོ་ནཱ་ལུ་ཁྱོད་ཀྱི་གདོང་ཁར་ལུ་འོང་སྟེ། །ཧིང་གཏམ་བདུད་རྩིའི་ཐིག་པ་བཤད་ནི་སྦེ་ཨིན་ནོ། །ཁྱོད་ཀྱིས་ང་ལུ་དགའཝ་ཨིནམ་བུམོ་ང་གིས་ཤེས་རུང་། །གཏན་གཏན་ཨིན་ག་མིན་ཟེར་ཐེ་ཚོམ་ཡང་ཆགསཔ་མས། །ཨིན་རུང་ཁྱོད་ཀྱི་འབད་བཞག་ལེགས་ཧིང་ལུ་བལྟ་སྟེ། །སྨན་ཆུང་བུ་མོ་ང་ཡང་ཁྱོད་ལུ་ར་དགའ་མས། །དགའ་བའི་ཐ་མར་སྐྱོ་བའི་སྡུག་བསྔལ་འདི་མེདཔ་ཅིག །ཧིང་གི་བུ་ཚུ་ཁྱོད་ཀྱིས་དམ་བཅའ་ཅིག་བཞག་གནང་།། ཟེར་ག་ནི་བས་ཧནམ་སྦེ་སླབ་ད་ང་གིས་མོ་ལུ་མ་གཞི་ཁྱོད་ཀྱིས་སླབ་མི་ཚུ་ཡང་བདེན། ཨིན་རུང་ང་གིས་མདང་ཞག་ལས་ར་སླབ་ཅི་མེན་ན་སྟེ་ང་གིས་ཁྱོད་ལུ་ལེགས་ཤོམ་འབད་ནི་མ་གཏོགས་ཟོགཔ་འབད་ནིའི་སེམས་འདི་ཉལ་བའི་གཉིད་ལམ་ནང་ཡང་མི་མཐོང་མས། འདི་ལུ་ཁྱོད་སེམས་ཐེ་ཚོམ་ར་བཟའ་མི་དགོ་ཟེར་སླབ་ད་ཅིག་ཁར་ལྡུམ་ར་དེ་ནང་ལས་གསེར་ཤོག་མེ་ཏོག་ཅིག་བཅགས་ཏེ་མོ་ལུ་བྱིན་ནི་དང་ཅིག་ཁར་གླུ་དེ་སྦེ་འཐེན་ཡི། ༢༢༢༡༢ གསན་གནང་བུ་ངེ་སྙིང་མཐུན་གྱི་ཡིད་འོང་། །མ་ཡེངས་ཚར་ཅིག་གསན་གནང་མས་མཛེས་ལྡན། །བུ་ང་ཁྱོད་ལུ་དགའ་བའི་གི་གཏམ་ལུ། །བུམོ་ཁྱོད་ཐེ་ཚོམ་རྩ་ལས་་མ་བཞེས། །ངེ་སེམས་ཁྱོད་ལུ་ཧིང་ལས་ར་དགའ་མས། །ད་རེས་ནངས་པའི་བུཚ་གཞན་ཚུ་བཟུམ་སྦེ། །ནམ་མཁའི་སྐར་མ་ཕབ་ནི་གི་བློ་དང་། །རྒྱ་མཚོའི་ནོར་བུ་བྱིན་ནི་གི་ལོ་རྒྱུས། །བུ་ཚུ་ང་གིས་རྩ་ལས་ར་མི་ཞུ། །འཛམ་གླིང་ནང་ལུ་རྙེད་པ་རུ་དཀའ་བའི། །དགའ་བའི་སེམས་འདི་བུམོ་ཁྱོད་ལུ་ཕུལ་དོ། །ཁྱོད་ཀྱིས་བདག་འཛིན་ལེགས་ཤོམ་སྦེ་མཛད་དེ། །མི་ཚེ་གཅིག་ཁར་རྫོགས་ཐབས་ཅིག་མཛད་ན། །བུ་ངེ་སེམས་ཀྱི་རེ་བ་་ཟེར་རུང་། །འདི་ལས་ལྷགཔ་ཅིག་ག་ནི་ཡང་མེད་མས། །ད་རེས་དགའ་བའི་ཚེས་བཟང་གི་ཉིན་མར། །ཚུར་ཤོག་དགའ་བའི་ཕང་མ་ཅིག་བཏབ་གེ །ནཱ་ཤོག་བརྩེ་བའི་འུ་ཚར་ཅིག་བཀལ་གེ། ཟེར་སླབ་སྟེ་ཕངམ་བཏབ་པར་འགྱོཝ་ད་མོ་གིས་ཨ་ཛའི་མི་ཟེར་སླབ་ཅིགནི་རྒྱུག་འགྱོཝ་་ད་ང་གིས་དབའི་ཀུན་དགའ་་་ཀུན་དགའ་ཟེར་སྐད་ཤུགས་སྦེ་རྐྱབ་ད་རྒྱབ་ཁ་ལས་ཨའི་གིས་དབའི་རྩ་རྒས་འདི་་གནམ་དྲོ་པ་ལས་ག་ཅི་གི་སྐད་ར་རྐྱབ་ཨིན་ན་ཟེར་སླབ་ཅིགནི་ང་གཉིད་ཚོརཝ་ད་མལ་ཆ་ནང་ལུ་ང་ར་རྐྱངམ་ཅིག་སྐྱོ་སི་སི་སྦེ་ལུས་སོང་ནུག
དེ་ལས་ང་གིས་ཨའ་་་་་ཨའི་འདི་ག་ཅི་ཨིན་ན་སྟེ། ང་གཉིད་ལམ་ལེགས་ཤོམ་ཅིག་མཐོང་སྡོད་པའི་བར་ན་ར་ཁྱོད་ཀྱིས་བར་ཆད་རྐྱབ་ད་ཡི་ཟེར་སླབ་མ་ཚད་སེམས་ཁར་ད་ཅི་མཐོང་མི་འདི་གཉིད་ལམ་མེན་པར་དངོས་སུ་ཨིན་རུང་དགའ་ནི་མས་ཟེར་མནོ་སྟེ་ལག་འཁོར་ཆུ་ཚོད་ལུ་ལྟཝ་ད་ཆུ་ཚོད་ལྔ་ཀྲིག་ཀྲི་བརྡུང་སྟེ་ཡོདཔ་ལས་ཚ་ངེར་བཏོན་ལོང་ཞིནམ་ལས་ཁ་ལག་འཁྱུ་ དེ་ལས་མཆོདཔ་དང་དཀར་མེ་ཚུ་ཕུལ་ཏེ་སྨོན་ལམ་ཟེརཝ་ཅིག་བཏབ་ཅི། དེ་ལས་དྲོ་མཛར་བཟའ་སྟེ་ཡིག་ཚང་ནང་འགྱོཝ་ད་་དེ་ཚེ་ཉིནམ་ཅིག་མོ་ལས་བརྒྱུད་ཕྲིན་ལྷོད་པའི་རེ་་བ་བསྐྱེད་དེ་ལཱ་ཡང་འབད་དགོ་མ་མནོ་བའི་ཁར་དཔེ་ཆ་ཡང་ཚིག་ཅིག་ར་སྟོན་མ་ཚུགས། དེ་མ་ཚད་ཉིན་མའི་ལྟོ་ཡང་བཟའ་མ་ཚུགས་པར་ལགཔ་ཧེམ་ཅུང་ནང་བཙུགས་ཡི་ར་ཕར་ཚུར་རྒྱུག་སྡོདཔ་ད་་ངེ་ཆ་རོགས་ཀུན་ལེགས་ཀྱིས་དབའི་སློབ་དཔོན་ད་རེས་ཁྱོད་མ་འདྲཝ་ལེ་ཤཱ་ཅིག་ར་འབད་ནི་འདུག་ས། གཟུགས་མ་བདེཝ་འདྲས་མེན་ནམ་ཟེར་སླབ་དེས། ང་གིས་ག་ནི་ཡང་མ་འབད་མདངམ་ཕྱི་རུ་གཉིད་ལེགས་ཤོམ་ཅིག་ལོག་མ་ཚུགས་ནི་འདི་གིས་ཨིན་པས་ཟེར་བཅོ་ཁ་རྐྱབ་སྟེ་སླབ་ད་མོ་གིས་མ་ཤེས་མ་ཤེས་ང་གིས་བལྟ་བ་ཅིན་ཁྱོད་དོན་ཧིང་གུ་ཤ་རོགསཔ་ཅིག་གི་མདའ་ཕོག་ཆིཔ་བཟུམ་ཅིག་འདུག ང་ཁྱོད་ཀྱི་ཆ་རོགས་མེན་བུ་སྟེ་ང་ལུ་ཕྲང་སྟེ་སླབ་མས་ཟེར་ཨུ་ཚུགས་བསྐྱེད་དེ་སླབ་་དེས། དེ་་ལས་ང་གིས་ད་ཕྲང་སྟེ་ར་སླབ་པ་ཅིན་དེ་ཚེས་མཆོད་རྟེན་སྐོར་ས་ལུ་བུམོ་ལྷའི་སྲསམོ་བཟུམ་ཅིག་ཕྱད་ཅི། མོ་ཕྱད་པའི་ཉིནམ་ལས་འགོ་བཟུང་ང་ག་ཏེ་སྡོད་རུང་བག་མ་ཆགས་ཟེར་ལོ་རྒྱུས་ཚུ་ཁ་གསལ་་སྦེ་སླབ་ད་མོ་གིས མ་གཞི་ག་་དེམ་ཅིག་ཡང་ཁྱོད་ར་གིས་ཤེས། ཨིན་རུང་ང་གིས་སྐོར་གཏམ་ཅིག་སླབ་པ་ཅིན་སྨན་དང་དུག་འདི་ངོ་འཛོལ་བཅུག་ནི་མི་འོང་མས་ཟེར་སླབ་དེས། དེ་ལས་ང་གིས་མོ་བུམོ་གཞན་དང་མ་འདྲཝ་ཅིག་ཡོད་པའི་སྐོར་ལས་སླབ་སྡོད་པའི་བར་ན་ངེ་འགྲུལ་ཕྲིན་ནང་བརྒྱུད་ཕྲིན་ཅིག་འོང་ཡི། ང་གིས་ཧེམ་ཅུང་ནང་ལས་འགྲུལ་ཕྲིན་བཏོན་ཏེ་ལྟཝ་ད་ཨང་གྲངས་ངོ་མ་ཤེསཔ་ཅིག་ནང་ལས་ཨིན་པས། ག་ཨིན་ན་མནོ་སྟེ་འཐུཝ་ཅིགནི་ཧེ་ལོ་་་་ཟེར་སླབ་ད་་མོ་གིས་ཁྱོད་སློབ་དཔོན་བཀྲིས་ཟེར་མི་འདི་ཨིན་ན་ཟེར་དྲིས་དེས། ང་གིས་ང་བཀྲིས་ཨིན་ལགས། ནཱ་ག་ཨིན་ན་སྨོ་ཟེར་སླབ་ད་མོ་གིས་ང་ཁྱོད་ལུ་དགའ་མི་བུམོ་སྒྲོལ་མ་ཟེར་མི་འདི་ཨིན། ང་གིས་ཁྱོད་ལུ་ཧེ་མ་ཅིག་ལས་ར་དགའ་སྟེ་སྡོད་ཅི། དེ་འབདཝ་ད་ཁྱོད་དང་ཕྱད་ནི་ཕར་བཞག་འགྲུལ་འཕྲིན་གྱི་ཨང་གྲངས་ཅིག་ར་ཐོབ་མ་ཚུགས། ད་རེས་འབདན་ཀྲིག་ཀྲི་མས་ཟེར་སླབ་དེས། དེ་ལས་ངནི་སྒྲོལ་མ་ཟེར་བའི་བུམོ་ངོ་ཡང་མི་ཤེས་མནོ་སྟེ། དབའི་ང་གིས་སྒྲོལ་མ་ཟེར་མི་ག་ཡང་ངོ་མི་ཤེས་པ་ཡ་སྟེ། ནཱ་གིས་འགྲུལ་འཕྲིན་ཨང་གྲངས་འཛོལ་སོངཔ་འོང་ནི་མས། ལོག་ཞིབ་དཔྱད་འབད་དེ་གནང་པ་ཅིན་ལེགས་ཤོམ་འོང་ལགས། ཟེར་སླབ་སྟེ་འགྲུལ་འཕྲིན་བཞག་ད་ཡི། དེ་ལས་ད་རུང་བརྒྱུད་འཕྲིན་ལོག་ཅི་ར་འོངམ་ལས་ང་གིས་ངེ་ཆ་རོགས་ཀུན་ལེགས་ལུ་འཐུ་བཅུགཔ་ད་བུམོ་དེ་གིས་བཀྲིས་ཨ་ཙི་གནང་མས་ང་ཁོ་གི་ཆ་རོགས་ཨིན་དབའི་ཟེར་སླབ་ལས་ཀུན་ལེགས་ཀྱིས་འགྲུལ་འཕྲིན་འདི་ང་ལུ་སྤྲོད་དེས། དེ་ལས་ང་གིས་གསུངས་ཤིག་ལགས། ཟེར་སླབ་ད་མོ་གིས་ཨའ་་་རྩ་རྒས་འདི་་་་ང་ཀུན་དགའ་ཨིན་དབའི། སྐད་ངོ་མི་ཤེས་པས་སྦོ། ཟེར་སླབ་དེས། ང་གིས་་་་་དགོངམ་མ་ཁྲེལ་མས། ང་འདི་བུམོ་གཞན་ཚུ་གིས་ང་དཀྲོགསཔ་འདྲས་མནོ་སྟེ་འགྲུལ་འཕྲིན་བཞག་བཞགཔ་ཨིན་ཟེར་སླབ་ད། མོ་གིས་ཨའ་་་ཁྱད་མེད། ནངས་པ་ཁྱོད་དུས་ཚོད་ཐོབ་པ་ཅིན་ངེ་ཆ་རོགས་འབད་བདེ་ཆེན་ཕུག་ལུ་དཀར་མེ་ཕུལ་བར་འགྱོ་གེ་ཟེར་སླབ་ནི་་་ཨིན་ཟེར་སླབ་་དེས། ང་སེམས་དགའ་བའི་ཤུགས་ཀྱིས་ཁ་མར་མུར་བཏང་སྡོད་དེ་བློ་འདི་དང་འདི་ཟེརཝ་ཅིག་འཐོན་མ་ཚུགས་པར་སྡོདཔ་ད་མོ་གིས་ ག་ཅི་སྨོ་ཁྱོད་འགྱོ་མི་ཚུགས་ནི་་མས་ཡ་་་་་ཟེར་དྲིས་་དེས། ང་གིས་མེན་དབའི་ང་ད་ལྟོ་ཚུན་ཚོད་འ་ནི་དུས་ཚོད་འདི་བསྒུག་སྟེ་སྡོདཔ་ཨིན་སད་རེས་འབདན་ཀྲིག་ཀྲི་ར་བཏང་ཡི་ཟེར་མནོ་སྟེ་སེམས་དགའ་བའི་ཤུགས་ཀྱི་ལྕེ་མདུད་ཕོད་བཏབ་སྟེ་བློ་འཐོན་མ་བཏུབ་པར་ལུས་སོངཔ་མས་ཟེར་སླབ་ཅི། དེ་ལས་བློ་ཕར་སླབ་ཚུར་སླབ་འབད་བའི་མཐའ་མར་ནངས་པ་དྲོ་པ་ཆུ་ཚོད་དྲུག་ལུ་དགོངས་རྫོགས་མཆོད་རྟེན་གྱི་རྩ་བར་ཕྱད་ནི་་འབད་དུས་སྟབས་བཟོ་ཡི། དེ་གི་ནངས་པར་གླ་འཁོར་ཅིག་ནང་འཛུལ་ཏེ་བདེ་ཆེན་ཕུག་ལུ་ལྷོད་ཞིནམ་ལས་ཕྱག་འཚལ་སྨོན་ལམ་བཏབ་ཤྭོ་ཞུཝ་ད་ངེ་གི་འདི་ཤྭོ་མིག་དགུ་དང་མོ་གི་འདི་བཅུ་གཅིག་ཨིན་པས། དཀོན་གཉེར་གྱིས་ནཱ་གཉིས་ཀྱི་དོན་དག་ཚུ་ག་ར་ལེགས་ཤོམ་་་འགྲུབ་ཚུགས་ནི་མས་་ཤོ་ག་ནི་བས་བཟང་པས་ཟེར་སླབ་ད་ངནི་དགའ་འཛུམ་ཁ་ལུ་མ་ཤོང་། ངོ་འཛུམ་གདོང་ལུ་མ་ཤོང་པར་གནམ་མེད་ས་མེད་བཀྲིན་ཆེ། ལོག་ཤུལ་ལས་མཇལ་གེ་ཟེར་ཞུ་སྟེ་ཕྱི་ཁར་འཐོན་འོང་ཡི། དེ་ལས་ང་བཅས་གཉིས་རྐང་སྟོང་་་འོངམ་ད་སྟོང་ཕུ་ཤིང་གི་སྦུག་ལུ་བསིལ་ཉམས་ལྡན་པའི་བསྐྱི་བསེར་རླུང་མ་ག་ནི་བས་འཇམ་སྦེ་འཕུར། ཁ་དོག་སྣ་ལྔ་དང་ལྡན་པའི་མེ་ཏོག་ཚུ་གིས་གང་བའི་གུ་ལུ་སྦྲང་རྩིའི་བཅུད་ཀྱིས་འཚོ་བའི་གསེར་སྦྱངམ་ཚུ་ཡང་དགའ་བའི་སྣང་གླུ་ཚུ་ལྷུང་ལྷུང་ཟེར་ག་ནི་བས་ཧནམ་སྦེ་རྐྱབ་སྟེ་སྦྲང་རྩིའི་དཔལ་ལུ་ལོངས་སྤྱོད་དེ་འཆི་བ་མི་རྟག་པ་འདི་དུས་ནམ་ཡང་སེམས་ཁར་མ་དྲན་པར་སྡོད་དེ་ཡོད་པའི་ ག་ནི་བས་ཉམས་དགའ་བའི་སྤང་ཐང་ཅིག་ནང་ལྷོདཔ་ད་མོ་གིས་ཨ་ཙི་ངལ་འཚོ་གེ་ཟེར་སླབ་སྟེ་ང་བཅས་གཉིས་ཆ་ར་རྩ་བར་སྡོད་ཞིནམ་ལས་ངེ་རྒྱབ་ཁར་འབག་སྟེ་ཡོད་མི་ཕད་ཅུང་ནང་ལས་(cocacola)བསིལ་ཆུ་གཉིས་བཏོན་ཏེ་འཐུང་ནི་དང་ཅིག་ཁར་མོ་གིས་ད་ཅི་ཡར་ལྷ་ཁང་མཇལ་ཏེ་སྨོན་ལམ་ག་་དེ་སྦེ་ར་བཏབ་ཅི་ཟེར་དྲིས་དེས། ང་གིས་སྨོན་ལམ་ཟེར་རུང་ག་ཅི་ཡང་བཏབ་མི་ཤེས་པས་ཏེ། ཨིན་རུང་ཁམས་གསུམ་འཁོར་བ་ནང་ལུ་ཡོད་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ་མཐར་ཐུག་གཏན་གྱི་བདེ་བ་སངྱས་ཀྱི་གོ་འཕང་ལུ་ཐོབ་བཅུག་ཟེར་བའི་སྨོན་ལམ་དང་། ངེ་སེམས་ཀྱི་རེ་བ་ཚུ་བསམ་ཚད་ལག་ལུ་འཁོར། མནོ་ཚད་དོན་ལུ་འགྲུབ་བཅུག་ཟེར་བའི་སྨོན་ལམ་ཅིག་བཏབ་ཅི་ཉན་སྨ་རེ་ཟེར་ཚིགས་བཅད་ཀྱི་ཐོག་ལས་དེ་སྦེ་སླབ་ཅི། ༢༢༢༢༢༢༢༢༢༢༢༢༢༢༢༡ གསན་གནང་ཉན་གསན་སྙིང་མཐུན་བུ་མོ་ བུ་ངེ་ཧིང་གཏམ་ཚིག་གསུམ་འདི་ལུ་ དགྱེས་པའི་སྙན་གྱིས་ཡང་ཡང་གསན་ཏེ་ བློ་གི་ལན་ཅིག་གསུངས་གནང་མས། །བུ་ངེ་སྨོན་ལམ་བཏབ་ནི་ཟེར་རུང་ མི་དབང་མངའ་་བདག་སྐུ་ཚེ་རིང་ཞིང་ མངའ་འབངས་མི་སེར་བདེ་་བར་བཀོད་དེ་་ དགའ་སྐྱིད་དཔལ་དང་ལྡན་ནི་དང་། །བུ་ངེ་མི་ཚེ་ཐུང་ཀུ་འདི་ནང་ ཡིད་འོང་ཁྱོད་མཉམ་སྐྱིད་ཉམས་སྐྱོང་སྟེ་ མི་ཚེ་གཅིག་ཁར་རྫོགས་ནིའི་དོན་ལུ་ ་རེ་བ་འབུམ་སྦེ་བསྐྱེད་མི་ཚུ། །ཁྱོད་ཀྱིས་ངོས་ལེན་ལེགས་ཤོམ་མཛད་དེ་་་ ང་གཉིས་མི་ཚེ་གཅིག་གི་ནང་ལུ་ འཛམ་གླིང་གཉེན་གྱི་དཔེ་སྟོན་ཅིག་སྦེ་ འབྲལ་བ་མེད་པའི་སྨོན་ལམ་ཚུ། །དཔལ་ལྡན་འབྲུག་པའི་བསྟན་སྲུང་ཐུ་བོ་ དམ་ཅན་དགེ་བསྙེན་ཆེན་པོའི་སྐུ་མདུན་ ལན་གཅིག་ཙམ་མིན་ལན་བརྒྱའི་བར་དུ་ ཡང་ནས་ཡང་དུ་བཏབ་ཡི་པ། ཟེར་སླབ་ཅི། དེ་ལས་མོ་གིས་ཁྱོད་ཀྱི་སྨོན་ལམ་ག་ནི་བས་རྒྱ་ཆེ་བ་ནམ་མཁའ་བཟུམ་དང་གཏིང་ཟབ་པ་རྒྱ་མཚོ་བཟུམ་སྦེ་བཏབ་མི་འདི་ལུ་བུམོ་ང་ཡང་སེམས་ཀྱི་གདིང་ལས་ར་དགའ་བ་ཚད་མེདཔ་ཅིག་བྱུང་ཡི། དེ་འབདཝ་ད་ངེ་སེམས་ཁར་ང་བཟུམ་མའི་བུམོ་ཉམ་ཆུང་ཅིག་གིས་ཁྱོད་ལུ་ཆ་རོགས་ག་དེ་སྦེ་འབད་ཚུགས་ག་ཟེར་བའི་ཚ་གྱང་སྦོམ་ར་ལངམ་མས། ཟེར་སླབ་དེས། དེ་ལུ་ང་གིས་ངེ་དོན་ལས་ཚ་གྱང་ལང་མི་འདི་ལུ་བཀྲིན་ཆེ། དེ་འབདཝ་ད་དང་པ་ར་ཁྱོད་ཀྱིས་སྨོན་ལམ་ག་དེ་སྦེ་ར་བཏབ་ཅི་ག་སླབ་གནང་མས་ཟེརཝ་ད་མོ་གིས། མ་གཞི་ང་གིས་འདི་ཁྱོད་བཟུམ་མའི་སྨོན་ལམ་རྒྱ་ཆེ་ཏོག་ཏོ་ཅིག་ག་ནི་ཡང་བཏབ་མ་ཚུགས་པས། ངེ་སྨོན་ལམ་ཟེར་རུང་ བཀྲིས་ཁྱོད་ཀྱི་བསམ་དོན་ག་ཅི་ར་འགྲུབ་ནི་ཡོད་རུང་་དེ་ལུ་ང་གིས་ཡང་ཆ་རོགས་ག་དེ་དྲག་དྲག་ཅིག་འབད་ཚུགས་བཅུག་ཟེར་དང་ཁྱོད་ཀྱི་བསམ་པའི་དོན་ཚུ་རེ་བ་ལས་ལྷག་སྟེ་འགྲུབ་བཅུག་ཟེར་བའི་སྨོན་ལམ་ཅིག་བཏབ་ཅི་ཟེར་ཚིགས་བཅད་ཀྱི་ཐོག་ལས་རྒྱ་བཟའ་སྲོང་བཙན་དྲན་པའི་ངག་རྟ་ལུ་དྲངས་ཏེ་དེ་སྦེ་སླབ་དེས། ༢༢༢༢༡ ཚེ་རབས་ལས་ཀྱིས་འབྲེལ་བའི་སྟག་ཤར་ཁྱོད། །མ་ཡེངས་ལན་གཅིག་ང་ལུ་གསན་གནང་མས། །དགེ་བསྙེན་ཇག་མེ་ཆེན་པོའི་སྐུ་མདུན་ལུ། །བུ་མོའི་སྨོན་ལམ་བཏབ་ཡོདཔ་ཟེར་རུང་། །སྤྱིར་གྱིས་མར་གྱུར་སེམས་ཅན་ཐམས་ཅད་རྣམས། །བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ། །མྱུར་དུ་སངྱས་ཐོབ་པའི་སྨོན་ལམ་དང་། །བྱེ་བྲག་སྟག་ཤར་ཁྱོད་ཀྱི་བསམ་དོན་ཚུ། །བསམ་པའི་ཚད་ལས་བརྒལ་ཏེ་འགྲུབ་ནི་གི །ཆ་རོགས་ང་གིས་འབད་ནིའི་དམ་བཅའ་ཚུ། །སེམས་ཀྱི་གདིང་ལས་ཡང་ཡང་བཏབ་བཞག་ཅི།། ཟེར་དགའ་འཛུམ་དང་བཅསཔ་སྦེ་སླབ་ད་ང་གིས་ངེ་བསམ་དོན་ཟེར་རུང་ཁྱོད་ངེ་གི་མི་ཚེ་གཅིག་གི་གཉེན་སྦེ་ཐོབ་ནི་ཅིག་ལས་གཞན་ག་ནི་ཡང་མེད་ཟེར་ནོར་བཟང་ཡིད་འཕྲོག་འཚོལ་བའི་ངག་རྟ་ལུ་དྲངས་ཏེ་དེ་སྦེ་སླབ་ཅི། ཡང་ཅིག་གསན་དང་ཡིད་འོང་མཛེས་ལྡན་མ། བུ་ངེ་བསམ་པའི་རེ་བ་ཟེར་རུང་ར། །བུམོ་ཁྱོད་ངེ་་གི་ཚེ་གཅིག་གཏན་གྲོགས་འབད། །ཕྱི་གཟུགས་འབྱུང་བ་བཞི་ལུ་ཐིམ་ནི་དང་། །སེམས་ཉིད་ཆོས་དབྱིངས་ཀློང་དུ་མ་ཐིམ་ཚུན། །སྐད་ཅིག་ཙམ་ཡང་བྲལ་བ་མེད་པ་སྦེ། །མི་ཚེ་གཅིག་ཁར་རྫོགས་ནི་འདི་ར་ཨིན། །འདི་ལུ་ཁྱོད་ཀྱིས་ངོས་ལེན་མཛད་པ་ཅིན། །བསམ་པའི་རེ་བ་ཟེར་རུང་འདི་གིས་རྫོགས། །སྐྱིད་པའི་ཉི་མ་ཟེར་རུང་འདི་ར་ཨིན། འདི་ལུ་བཏུབ་མི་བཏུབ་ཅིག་གསུངས་གནང་མས།། ཟེར་སྡིག་ཆེ་སི་སི་སླབ་ད་མོ་གིས་ཨའེ་རྩ་རྒས་འདི་ཁྱོད་ཀྱི་བསམ་པའི་རེ་བ་ར་ཟེར་དེ་ཅིག་ལས་བརྒལ་འགྲུབ་ནི་མེད་པ་ཅིན་ང་འདི་འཛམ་གླིང་འདི་ནང་ཁྱོད་ཀྱི་དོན་ལུ་འོང་འོངམ་ཨིནམ་ལས་བསམ་དོན་ཧེ་མ་ལས་འགྲུབ་ཚར་ནུག་མེན་ན་སྟེ་ཟེར་སླབ་སྟེ་ངེ་གདོང་གུ་མོ་གི་ཞལ་མཆུ་བྱུ་རུ་ལས་དམར་བ་འདི་ལས་ཙན་དན་ཧ་རིའི་དྲི་ངད་དང་ལྡན་པའི་སྒོ་ལས་འུ་ཅིག་བཀལ་བྱིན་ཡི། དེ་ལས་ང་ཡང་ད་འབདན་ངེ་བསམ་དོན་ཚུ་ག་ར་ཨཔ་དགེ་བསྙེན་ཁྱོད་ཀྱི་བཀྲིན་ལས་བརྟེན་ཏེ་གྲུབ་ཚུགས་ཅི། དེ་ལུ་བཀྲིན་དགའ་ཚོར་ཧིང་ལས་ར་ཡོད། ད་ལས་ཕར་འབད་རུང་ངེ་ལུས་དང་རྣམ་ཤེས་མ་བྲལ་གྱི་བར་ན་ཡང་སྐྱབས་དང་རེ་ས་ཁྱོད་ལས་གཞན་མེདཔ་ལས་ཁྱོད་ཀྱིས་ར་ཆ་རོགས་མཛད་དགོ་ཟེར་བའི་སྨོན་ལམ་བཏབ་སྟེ་སེམས་དགའ་བའི་ཧིང་གཏམ་བཤད་ཅི་ར་འོངམ་ད་ཕྱི་རུ་ཆུ་ཚོད་ལྔ་་དེ་ཅིག་ཁར་ཐིམ་ཕུ་ཁྲོམ་ཁར་ལྷོད་ཅི། དེ་ལས་ཁ་བྱལ་རནམ་ད་ཤ་དང་སེན་མོ་བྲལ་དོ་བཟུམ་མའི་ཚོར་བ་ཚུ་བྱུང་སྟེ་ལོག་ཅི་ར་དགའ་བའི་ཕངམ་བཏབ། བརྩེ་བའི་འུ་བཀལ་ཏེ་རང་སོའི་ཁྱིམ་ནང་འགྱོ་ཡི། མ་གཞི་བརྒྱུད་ཕྲིན་ལོག་ཅི་ར་བཏང་ནི་མི་གི་སེམས་འཚེར་ཀག་ཀ་བཟོ་བའི་གཞི་ཅིག་ཨིན་རུང་་དེ་ཚེ་ཕྱི་རུ་ལས་འགོ་བཙུགས་སྐར་མ་ལྔ་གི་བར་ན་བརྒྱུད་འཕྲིན་ཚར་རེ་བཏང་སྟེ་དགའ་བའི་ཧིང་གཏམ་ཚུ་ཉིན་ནུབ་མདའ་འབྱེལ་ཏེ་བཤད་རུང་བཤད་མ་ཚར་བར་ཉིནམ་དག་པ་ཅིག་འགྱོ་བའི་བསྒང་ལས་ང་མོ་གི་ཁྱིམ་ནང་སོང་ཞིནམ་ལས་མོ་གི་སྦྱིན་བདག་དང་ཅིག་ཁར་བློ་ཚུ་ལེགས་ཤོམ་་སྦེ་སླབ་གན་རྒྱ་ཚུ་སྒྲིང་སྒྲིང་བཟོ་སྟེ་སྤྱི་ལོ་༢༠༠༩སྤྱི་ཟླ༡༢་པའི་སྤྱི་ཚེས་༥་གི་གཟའ་སར་འཕྲོད་སྦྱོར་དགེ་བའི་ཉིན་མར་ངེ་ཕམ་སྤུན་ཆ་དང་མོ་གི་གཉེན་ཉེཝ་དེ་ལས་ང་བཅས་ར་གཉིས་ཀྱི་འཆམ་མཐུནམ་ལྟ་ལྟོ་ཚང་དང་ཟླ་ཟླབོ་རོགས་ག་ར་འཛོམས་ཏེ་གཉེན་གྱི་རྟེན་འབྲེལ་ཅིག་ཡང་ཡུལ་སྲོལ་དང་བསྟུན་ཏེ་རྒྱ་མ་ཆུངམ་ཅིག་འབད་ཡི། དེའི་སྐབས་ལུ་ངེ་དགའ་བའི་སེམས་འདི་སྙན་པའི་ཚིག་ལུ་བསྒྱུར་ཏེ་་་་་སླབ་ཅི། ༢༢༢༢༡ དགའ་བའི་སེམས་ཀྱིས་བཟོད་ར་མ་ཚུགས་པར། །དགའ་བའི་དགའ་རོགས་ཡིད་འོང་ཀུན་དགའ་དང། །དགའ་བའི་མི་ཚེ་གསརཔ་ཅིག་བཙུག་མི་འདི། །དགའ་བའི་ཐོག་ལུ་རྫོགས་པའི་སྨོན་ལམ་ཨིན། །ད་རེས་དགའ་བའི་ཉིནམ་ལས་འགོ་བཟུང་སྟེ། །ཚེ་ཟད་འཆི་བའི་བར་ཆད་མ་འབྱུང་བར། །གནས་སྐབས་ནད་གདོན་བར་ཆད་མེད་པར་འབད། །མི་ཚེ་དགའ་སྐྱིད་ཉི་མ་ཤར་ཏེ་གིས། །ཕུན་ཚོགས་བདེ་སྐྱིད་དཔལ་ལུ་གནས་པར་ཤོག། ཟེར་བའི་སྨོན་ཚིག་ཚུ་ཡང་སེམས་ཀྱི་གདིང་ལས་ར་བཏབ་ཅི། དུས་དེ་ལས་ཚུར་ང་བཅས་གཉིས་ཡང་ཆུ་དང་ཉ་མོ་བཟུམ་སྦེ་གཅིག་མེད་པར་གཅིག་རྩ་ལས་ར་སྡོད་མ་ཚུགས་པའི་ཁར་དགའ་བའི་སེམས་དང་བརྩེ་བའི་འདུ་ཤེས་ཚུ་གནམ་བྱར་གྱི་ཆུ་དང་ཡར་ངོའི་ཟླཝ་བཟུམ་རྒྱས་ཏེ་དུས་ད་རེས་ཀྱི་བར་ན་ཡང་གཅིག་གིས་གཅིག་ལུ་མིག་ལོག་ཅིག་ར་མ་བལྟ་བར་ད་ལྟོ་ཕྱད་ཕྱད་པའི་ཨ་རོགས་ག་རོགས་བཟུམ་་་གཅིག་གིས་གཅིག་ལྕེ་གིས་ཡང་ལྡག་སག་ས་མི་ཚེ་སྐྱོངས་ཏེ་སྡོད་ཡོདཔ་ཨིན་ནོ།། །།
 བཀྲ་ཤིས་བདེ་ལེགས།། །།


No comments: