༡༽ ཆོས་མངོན་པའི་དབྱེ་བ། མཚན་ཉིད། ངེས་ཚིག་རྣམས་ལེགས་པར་ཕྱེ་སྟེ་འབྲི་དགོས།
ལན། ཆོས་མངོན་པའི་དབྱེ་བ་ནི། དོན་དམ་པའི་ཆོས་མངོན་པ་དང་བརྡར་བཏགས་པའི་ཆོས་མངོན་པའོ།
མཚན་ཉིད་ལ། ༡ དོན་དམ་པའི་ཆོས་མངོན་པའི་མཚན་ཉིད་ནི། ཆོས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་དེའི་འཁོར་དུ་གཏོགས་པའི་སེམས་དང་སེམས་བྱུང་། ༢ བརྡར་བཏགས་པའི་ཆོས་མངོན་པའི་མཚན་ཉིད། དོན་དམ་པའི་ཆོས་མངོན་པའི་རྒྱུར་གྱུར་པའི་ལམ་དང་མངོན་པའི་གཞུང་།
ངེས་ཚིག་ནི། མདོ་སྡེ་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་མནོན་རྟོགས་ཕྱིར་མངོན་པའི་ཆོས།། ཞེས་གསུངས་པ་ལྟར། ཐར་པ་ལ་མངོན་དུ་ཕྱོགས་པ་དང་། ཡང་ནས་ཡང་དུ་སེམས་པ་དང་། གཞན་ཟིལ་གྱིས་མནོན་པ་དང་། བདག་མེད་པའི་དོན་རྟོགས་པའི་ཕྱིར་ན་ཆོས་མངོན་པ་ཞེས་བརྗོད་པ་ཡིན།
དོན་དམ་པའི་ཆོས་མངོན་པ་དང་བརྡར་བཏགས་པའི་ཆོས་མངོན་པ་གཉིས་ཀྱི་ཁྱད་པར་ནི། །ངོ་མ་ཡིན་མིན་གྱི་ཁྱད་པར་ཡོད། དེ་ཡང་དོན་དམ་པའི་ཆོས་མངོན་པ་ནི་ ཆོས་མངོན་པ་ངོ་མ་དང་། བརྡར་བཏགས་པའི་ཆོས་མངོན་པ་ནི་ ཆོས་མངོན་པ་ངོ་མ་མིན་ནོ།།
༢༽ སྟོན་པའི་གསུང་རབ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་ཚུལ་ཇི་ལྟར་ཡིན།
ལན། སྟོན་པའི་གསུང་རབ་ཐམས་ཅད་སྡེ་སྣོད་གསུམ་དུ་བསྡུ་ཚུལ་ནི། སོ་སོར་ཐར་པའི་བསླབ་བྱ་དང་དེ་དང་འབྲེལ་བའི་གནས་སྟོན་པ་རྣམས་འདུལ་བའི་སྡེ་སྣོད་དང་། བདེན་བཞི་དང་རྟེན་བྲེལ་སོགས་བརྗོད་བྱ་བྱེ་བྲག་པ་སོ་སོ་ལས་བརྩམས་ཏེ་ཡུལ་དུས་ས་གནས་བྱེ་བྲག་པ་ཞིག་ལ་གསུངས་པ་དང་། ཡང་ན་བརྗོད་བྱ་ཏིང་ངེ་འཛིན་གྱི་རིགས་རྣམས་མདོ་སྡེའི་སྡེ་སྣོད་དང་། ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་དང་རབ་དབྱེ་ལས་གཙོ་བོར་བརྩམས་ཏེ་སྟོན་པ་རྣམས་མངོན་པའི་སྡེ་སྣོད་དུ་བསྡུ་བ་ཡིན་ནོ།
༣༽ བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱི་མངོན་པའི་སྡེ་སྡོན་ངོས་འཛིན་ཚུལ་བྲིས།
ལན། བྱེ་བྲག་སྨྲ་བ་ལྟར་ན་མངོན་པ་སྡེ་བདུན་པོ་མངོན་པའི་སྡེ་སྣོད་དུ་འདོད་པ་དང་། མདོ་སྡེ་པ་ལྟར་ན་སྡེ་བདུན་པོ་སྟོན་པས་གསུངས་པའི་མངོན་པའི་སྡེ་སྣོད་དུ་མི་འདོད་པར། མདོ་སྡེ་དང་འདུལ་བ་གཉིས་ཀྱི་ནང་ན་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྟོན་པའི་གཞུང་ཆ་ཤས་ཤིག་མངོན་པའི་སྡེ་སྣོད་དུ་འདོད་པ་ཡིན།།
༤༽ སྟོན་པས་ཆོས་མངོན་པ་གསུངས་པའི་དགོས་པ་བྲིས།
ལན། སྟོན་པས་ཆོས་མངོན་པ་གསུངས་པའི་དགོས་པ་ནི། རྩ་བ་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཞིག་ཉེ་བར་ཞི་བར་བྱ་བྱ་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།། ཞེས་གསུངས་པ་ལྟར། འཁོར་བ་ལས་ཐར་དགོས་ན་ཉོན་མོངས་པ་ཞི་དགོས། ཉོན་མོངས་ཞི་དགོས་ན་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དགོས་པས་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དེ་བསྐྱེད་པའི་ཆེད་དུ་ཆོས་མངོན་པ་གསུངས་པ་ཡིན། མདོར་ན་དགོས་པ་ངོ་མ་ནི་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པ་དེ་ཡིན་ནོ།།
༤༽ སྟོན་པས་ཆོས་མངོན་པ་གསུངས་པའི་དགོས་པ་བྲིས།
ལན། སྟོན་པས་ཆོས་མངོན་པ་གསུངས་པའི་དགོས་པ་ནི། རྩ་བ་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཞིག་ཉེ་བར་ཞི་བར་བྱ་བྱ་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།། ཞེས་གསུངས་པ་ལྟར། འཁོར་བ་ལས་ཐར་དགོས་ན་ཉོན་མོངས་པ་ཞི་དགོས། ཉོན་མོངས་ཞི་དགོས་ན་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དགོས་པས་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དེ་བསྐྱེད་པའི་ཆེད་དུ་ཆོས་མངོན་པ་གསུངས་པ་ཡིན། མདོར་ན་དགོས་པ་ངོ་མ་ནི་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པ་དེ་ཡིན་ནོ།།
༥༽ གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་པའི་ཚིག་རྐང་གསུམ་གྱི་འགྲེལ་བཤད་བྲིས།
ལན། དེའི་དོན་ནི། གང་ཞིག་གིས་ རང་དོན་དུ་ཤེས་བྱའི་ཆོས་ཀུན་ལ་མུན་པ་གཏན་ནས་བཅོམ་ཞིང་། གཞན་དོན་དུ་འཁོར་བའི་འདམ་ལས་ འགྲོ་བ་སེམས་ཅན་རྣམས་ཐར་པའི་ལམ་དུ་དྲངས་པར་མཛད་པའི་ཕྱིར་དུ་ ཆོས་ཀྱི་དོན་རྣམས་ཇི་མ་ཇི་བཞིན་སྟོན་པར་མཛད་པའི་ སྟོན་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ།།
༦༽ མཆོད་བརྗོད་ཀྱི་སྐབས་བཤད་པའི་དགོས་དོན། བསྡུས་དོན། ཚིག་དོན་གསུམ་གྱི་སྐོར་བྲིས།
ལན། དང་པོ་དགོས་དོན་ནི། མཆོད་བརྗོད་དེ་ལ་བརྟེན་ནས་སྟོན་པའི་ཡོན་ཏན་ཤེས་པ་དང་། རང་ལ་བསོད་ནམས་འཕེལ་བ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་འཇུག་པ་དང་། དེ་དག་ལ་བརྟེན་ནས་མཐར་ཐུག་ཐར་པ་ཐོབ་པའོ།།
གཉིས་པ་བསྡུས་དོན་ནི། ཚིགས་བཅད་འདིས་སྟོན་པ་ལ་ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྒོ་ནས་ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བསྟན་པ་ཡིན་ནོ།
གསུམ་པ་ཚིག་དོན་ནི། གང་ཞིག་སོགས་གོང་དུ་ཞུས་པ་ལྟ་བུ་ཡིན།
༧༽ ཉན་རང་དང་སངས་རྒྱས་གཉིས་ཀྱིས་མུན་པ་གཉིས་སྤངས་ཚུལ་གྱི་ཁྱད་པར་ཇི་ལྟར་ཡོད།
ལན། ཉན་རང་དང་། སངས་རྒྱས་གཉིས་ཀྱིས་མུན་པ་གཉིས་སྤོང་ཚུལ་གྱི་ཁྱད་པར་ནི། ཉན་རང་གིས་ཉོན་མོངས་ཅན་གྱི་སྒྲིབ་པ་ཙམ་ཞིག་སྤོང་བ་དང་། སངས་རྒྱས་ཀྱིས་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་ཀ་སྤངས་པས་ཉོན་མོངས་གཉིས་ཀ་སྤངས་དང་མི་སྤངས་ཀྱི་ཁྱད་པར་ཡོད།
༨༽ མི་ཤེས་པའི་རྒྱུ་བཞི་དེ་སུའི་རྒྱུད་ལ་ཡོད། མི་ཤེས་པའི་རྒྱུ་བཞི་ཡོད་པའི་མཚན་གཞི་རེ་བྲིས།
ལན། མི་ཤེས་པའི་རྒྱུ་བཞི་དེ་ཉན་ཐོས་དང་རང་རྒྱལ་རྣམས་ལ་ཡོད། མི་ཤེས་པའི་རྒྱུ་བཞི་གང་ལ་ཡོད་པའི་མཚན་གཞི་ནི། ༡ སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ་ཤཱ་རིའི་བུ་ལྟ་བུ། ༢ ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི། མཽང༌གལ་གྱི་བུས་རང་གི་མ་བྱང་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མི་ཤེས་པ་འཕགས་པ་མོའུ་རྒྱལ་བུ་ལྟ་བུ། ༣ དུས་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི། ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་མི་ཤེས་པ་ལྟ་བུ། ༤ རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་དཀའ་་བ་རྣམས་ཡིན་ནོ།།
༩༽ བསྟན་བཅོས་མངོན་པ་མཛོད་ཀྱི་དགོས་སོགས་ཆོས་བཞི་དང་། དགོས་སོགས་ཆོས་བཞི་མེད་པའི་བསྟན་བཅོས་གང་ཡིན་ངོས་འཛིན་གྱིས།
ལན། བརྗོད་བྱ་ནི། ཟག་བཅས་དང་ཟག་མེད་ཀྱི་ཆོས། ཡང་ན་བདེན་པ་བཞི།
དགོས་པ་ནི། འདུལ་བྱའི་རྒྱུད་ལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ།
ཉིང་དགོས་ནི། མཐར་ཐུག་མྱང་འདས་ཀྱི་གོ་འཕང་།
འབྲེལ་བ་ནི། བརྗོད་བྱ་བདེན་བཞི་རྟོགས་ན་ རང་རྒྱུད་ལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེས་པ་དང་། དེ་སྐྱེས་ན་མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་བས་ སྔ་མ་ལས་ཕྱི་མ་དེ་ལས་དེ་བྱུང་གི་འབྲེལ་བ་ཡོད་པ་ཡིན་ནོ།།
དགོས་སོགས་ཆོས་བཞི་མེད་པའི་བསྟན་བཅོས་ནི།
དཔེར་ན། བརྗོད་བྱ་མེད་པའི་བསྟན་བཅོས་ནི། བྱ་རོག་ལ་སོ་ཡོད་མེད་བརྟག་པའི་བསྟན་བཅོས་ལྟ་བུ། དེ་གི་བརྗོད་བྱར་གྱུར་པའི་བྱ་རོག་གི་སོ་དེ་མེད་པའི་ཕྱིར་རོ།
དགོས་པ་མེད་པའི་བསྟན་བཅོས་ནི། རང་གི་སྐྱེ་བའི་མ་དེ་ རང་གི་བག་མར་ལེན་ནའང་འགྲིག་པར་བཤད་པའི་བསྟན་བཅོས་ལྟ་བུ། མ་བག་མར་ལེན་ཏེ་དགོས་པ་མེད་པའི་ཕྱིར་རོ།
ཉིང་དགོས་མེད་པའི་བསྟན་བཅོས་ནི། ཀླུ་རྒྱལ་འཇོག་པའི་གཙུག་ནོར་ལེན་པའི་བསྟན་བཅོས་ལྟ་བུ། མཐར་ཐུག་གི་གྲུབ་འགྲས་འགྲུབ་མི་སྲིད་པའི་ཕྱིར་རོ།།
འབྲེལ་བ་མེད་པའི་བསྟན་བཅོས་ནི། ཕྱུགས་ཀྱི་མཆོད་སྦྱིན་བྱེད་ན་ཐར་པར་འཐོབ་པར་བཤད་པའི་བསྟན་བཅོས་ལྟ་བུ། མཆོད་སྦྱིན་དེ་དང་ཐར་པ་གཉིས་འབྲེལ་བ་མེད་པའི་ཕྱིར་རོ།།
༡༠༽ ཤེས་རབ་ཀྱི་དབྱེ་བྱ་ལ་ཕུང་ཁམས་སྐྱེ་མཆེད་སོགས་མ་བཞག་པར་ངེས་པར་དུ་ཟག་བཅས་ཟག་མེད་བཞག་པའི་རྒྱུ་མཚན་གང་ཡིན།
ལན། ཤེས་རབ་ཀྱི་དབྱེ་བྱ་ཕུང་ཁམས་སྐྱེ་མཆེད་སོགས་མ་བཞག་པར་ངེས་པར་དུ་ཟག་བཅས་ཟག་མེད་བཞག་པའི་རྒྱུ་མཚན་ནི།
འཁོར་བ་ལས་གྲོལ་བའི་དོན་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ལས་ཀྱང་ ཟག་བཅས་ཟག་མེད་ཀྱི་རྣམ་གཞག་དེ་གལ་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས་ཡིན་ནོ།
༡༡༽ ཟག་བཅས་དང་ཟག་མེད་ཀྱི་མཚན་ཉིད་ཇི་ལྟར་ཡིན།
ལན། ཟག་བཅས་ཀྱི་མཚན་ཉིད་ནི། ཟག་པ་ཉོན་མོངས་པ་རྒྱས་པའི་རྟེན་བྱེད་པའི་ཆོས། ཟག་མེད་ཀྱི་མཚན་ཉིད་ནི། ཟག་པ་ཉོན་མོངས་པ་རྒྱས་པའི་རྟེན་མི་བྱེད་པའི་ཆོས། ཡང་ན། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པའི་ཆོས་ཟག་བཅས་ཀྱི་མཚན་ཉིད་དང་། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་མི་རྒྱས་པའི་ཆོས་ཟག་མེད་ཀྱི་མཚན་ཉིད་ཡིན།
༡༢༽ འདུས་བྱས་ཀྱི་མཚན་ཉིད་ཇི་ལྟར་ཡིན།
ལན། འདུས་བྱས་ཀྱི་མཚན་ཉིད་ནི། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཆོས་གང་ཞིག་རང་གི་ངོ་བོ་ལ་སྐྱེས་གནས་འགག་པ་གསུམ་ཡོད་པའོ།
༡༣༽ འདུས་བྱས་ཀྱི་མིང་གི་རྣམ་གྲངས། ཟག་བཅས་ཀྱི་མིང་གི་རྣམ་གྲངས་རྣམས་གོ་དོན་དང་བཅས་བྲིས།
ལན། འདུས་བྱས་ཀྱི་མིང་གི་རྣམ་གྲངས་དང་དེའི་དོན་མཉམ་དུ་སྦྱར་བ་ནི། ༡ དུས་གསུམ་འབྱུང་སའི་གཞི་ཡིན་པས་ན་གཞི་དང་བཅས་པ། ༢ རྩོད་རྙོག་གི་གཏམ་འབྱུང་སའི་གཞི་ཡིན་པས་ན་གཏམ་གྱི་གཞི། ༣ མཐའ་མར་འདུས་བྱས་དེ་དག་ལས་སེམས་ངེས་པར་འབྱུང་བའི་གཞི་ཡིན་པས་ན་ངེས་པར་འབྱུང་བའི་གཞི། ༤ རྒྱུ་དང་བཅས་པ་ཡིན་པས་ན་གཞི་དང་བཅས་པའོ།
ཟག་བཅས་ཉེར་ལེན་གྱི་ཕུང་པོའི་མིང་གི་རྣམ་གྲངས་དང་དེའི་དོན་མཉམ་དུ་སྦྱར་བ་ནི། ༡འཐབ་འཛིང་གི་རྩ་བ་ཡིན་པས་ན་འཐབ་པ་དང་བཅས་པ། ༢ སྡུག་བསྔལ་གྱི་རང་བཞིན་ཡིན་པས་ན་སྡུག་བསྔལ། ༣བདེ་སྡུག་ཀུན་འབྱུང་བའི་རྒྱུ་ཡིན་པས་ན་ཀུན་འབྱུང་། ༤འཁོར་བའི་ཆོས་ཡིན་པས་ན་འཇིག་རྟེན། ༥ལྟ་གྲུབ་ཀྱི་བསམ་བློ་གཏོང་སའི་གཞི་ཡིན་པས་ན་ལྟ་གནས། ༦ཡང་ནས་ཡང་དུ་འཁོར་བས་ན་སྲིད་པའོ།
༡༤༽ འདུས་མ་བྱས་གསུམ་གྱི་མཚན་ཉིད་བྲིས།
ལན། དང་པོ་འདུས་མ་བྱས་ནམ་མཁའི་མཚན་ཉིད་ནི། ཆོས་གཞན་གྱི་ས་གོ་མི་བཀག་པར་གོ་འབྱེད་པའི་ཆོས། གཉིས་པ་སོ་སོར་བརྟགས་འགོག་གི་མཚན་ཉིད་ནི། རང་གི་དགག་བྱ་ཟག་བཅས་ཀྱི་ཆོས་ཉོན་མོངས་པ་དང་བྲལ་བའོ། གསུམ་པ་སོ་སོར་བརྟགས་མིན་འགོག་པའི་མཚན་ཉིད་ནི། འདུས་བྱས་ཀྱི་ཆོས་གང་ཞིག་སྐྱེ་བ་ལ་རྐྱེན་མ་ཚང་བའི་དབང་གིས་གཏན་དུ་གེགས་བྱེད་པའོ།།
༡༥༽ བྱེ་བྲག་སྨྲ་བས་འདུས་མ་བྱས་གསུམ་རེ་རེ་ནས་རྗས་སུ་གྲུབ་པར་འདོད་པའི་རྒྱུ་མཚན་བྲིས།
ལན། བྱེ་བྲག་སྨྲ་བས་ དེ་གསུམ་རེ་རེ་རྫས་སུ་གྲུབ་པའི་རྒྱུ་མཚན་ནི། ནམ་མཁས་ནི་ཆོས་གཞན་སྐྱེ་བའི་གོ་འབྱེད་པར་བྱེད་པའི་ཕྱིར་དང་། བརྟགས་འགོག་གིས་ནི་རང་གི་དགག་བྱ་འགོག་པའི་ཕྱིར་དང་། བརྟགས་མིན་གྱི་འགོག་པས་ནི་རང་གི་དགག་བྱ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ན་དེ་དག་རེ་རེ་ནས་ཡོད་པའི་རྫས་སུ་གྲུབ་པ་ཡིན་ནོ།།
༡༦༽ ཕུང་པོའི་མཚན་ཉིད། ཕུང་པོ་ལྔ་པོ་རང་རང་གི་དབྱེ་བ་ཇི་ཙམ་ཡོད་པ་རེ་རེ་བཞིན་བྲིས།
ལན། ཕུང་པོའི་མཚན་ཉིད། དུ་མ་སྤུངས་པའོ། །ཕུང་པོ་ལ་དབྱེ་ན་ལྔ་ཡོད་དེ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ།
༡༧༽ ཕུང་པོ་ལྔའི་གྲངས་ངེས་དང་གོ་རིམ་ངེས་ཚུལ་ཇི་ལྟར་ཡིན།
ལན། གྲངས་ངེས་ནི། དངོས་པོ་ལ་གཟུགས་དང་གཟུགས་མིན་པ་གཉིས་སུ་ངེས་པ་ཡིན་ལ། གཟུགས་མ་ཡིན་པ་ལ་སེམས་དང་སེམས་མ་ཡིན་པ་གཉིས་སུ་ངེས་པས། དང་པོ་གཟུགས་དེ་གཅིག། དེ་ནས་གཟུགས་མ་ཡིན་པ་ལ་སེམས་དང་སེམས་མ་ཡིན་པ་གཉིས་ཀྱི་སེམས་དེ་བརྩིས་ན་གཉིས། སེམས་མ་ཡིན་པ་ལ་ཚོར་བ་འདུ་ཤེས་འདུ་བྱེད་གསུམ་དུ་ངེས་པས་ན། གོང་གི་གཉིས་ཀྱི་སྟེང་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྩིས་པའི་ལྔར་ངེས་པ་ཡིན་ནོ།
གོ་རིམ་ངེས་ཚུལ་ནི། ཕྲ་རགས་ཀྱི་སྒོ་ནས་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བའི་རིམ་པ་དང་མཐུན་པར་བསྟན་པ་ཡིན་པས་ གོ་རིམ་ཡང་དེ་ལྟར་ངེས་པ་ཡིན་ནོ།།
༡༨༽ ཕུང་ཁམས་སྐྱེ་མཆེད་གསུམ་སོ་སོར་བསྟན་པའི་དགོས་པ་གང་ཡིན།
ལན། སྟོན་པ་སངས་རྒྱས་ཉིད་ཀྱིས་གདུལ་བྱ་ལ་ཕུང་ཁམས་སྐྱེ་མཆེད་གསུམ་པོ་སོ་སོར་བསྟན་པའི་དགོས་པ་ནི། རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ།། ཞེས་པ་ལྟར། དགོས་པའི་དབང་གིས་རྣམ་པ་གསུམ་པོ་སོ་སོར་བསྟན་པ་ཡིན་ཏེ། གདུལ་བྱ་ཁ་ཅིག་སེམས་བྱུང་ལ་རིལ་པོ་གཅིག་ཏུ་བཟུང་ནས་བདག་ཏུ་རྨོངས་པ་དང་། ཁ་ཅིག་གཟུགས་ལ་རིལ་པོ་གཅིག་ཏུ་བཟུང་བ་དང་། ཁ་ཅིག་གཟུགས་དེ་ཡང་གཅིག་དང་། སེམས་དེ་ཡང་གཅིག་ལས་མེད་དོ་སྙམ་དུ་རྨོངས་པ་སྟེ། རྨོངས་པ་མི་འདྲ་བ་གསུམ་པོ་བསལ་བའི་ཆེད་དུ་ཕུང་ཁམས་སྐྱེ་མཆེད་གསུམ་པོ་སོ་སོར་བསྟན་པ་དང་། ཡང་། གདུལ་བྱ་དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་དང་། འབྲིང་པོ་ཅུང་ཟད་སྤྲོས་པས་གོ་བ་དང་། རྟུལ་པོ་རྒྱས་པར་སྤྲོས་པས་གོ་བའི་དབང་པོ་མི་འདྲ་བའི་རིམ་པ་གསུམ་ལ་བརྟེན་ནས་དེ་གསུམ་སོ་སོར་གསུངས་པ་དང་། ཡང་། ཁ་གཅིག་བསྡུས་པ་ལ་དགའ་བ་དང་། ཁ་གཅིག་འབྲིང་ཙམ་ལ་དགའ་བ་དང་། ཁ་གཅིག་རྒྱས་པ་ལ་དགའ་བའི་འདོད་པ་མི་འདྲ་བ་གསུམ་གྱི་དོན་དུ་དེ་དག་སོ་སོར་བཤད་པ་ཡིན་ནོ།།
༡༩༽ རྣམ་པར་རིག་བྱེད་མིན་པའི་གཟུགས་ཀྱི་མཚན་ཉིད་དང་། མཚན་གཞི། དཔེ་གང་ལ་འཇོག དེ་ལ་ཁྱད་པར་གྱི་ཆོས་ཇི་ཙམ་ཚང་དགོས།
ལན། རྣམ་པར་རིག་བྱེད་མིན་པའི་གཟུགས་ཀྱི་མཚན་ཉིད་ནི། །དེ་ལ་བརྟེན་ནས་ནང་གི་ཀུན་སློང་གང་ཡིན་རིག་མི་ནུས་པའི་གཟུགས།
མཚན་གཞི་ནི། དཔེར་ན། མཚན་གཞི་ནི། དཔེར་ན། སོ་ཐར་གྱི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང། ཟག་མེད་ཀྱི་སྡོམ་པ་དང་། སྡོམ་མིན་དང་། བར་མའི་དགེ་བ་ལུས་ངག་གི་སྡོམ་པ་ལྟ་བུའོ།
རྣམ་པ་རིག་བྱེད་མིན་པའི་གཟུགས་དེ་ལ་ཁྱད་ཆོས་ཇི་ཙམ་ཚང་དགོས་ཞེ་ན། དེ་ལ་ཁྱད་པར་ལྔ་དང་ལྡན་དགོས་ཏེ། དེ་ཡང་ རྩ་བ་ལས། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད།། ཅེས་པ་ལྟར། གནས་སྐབས་ཀྱི་ཁྱད་པར་སེམས་གཡེངས་པ་དང་། སེམས་མེད་པའི་སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་ཡང་ཡོད་པ་དང་། ངོ་བོའི་ཁྱད་པར་དགེ་བ་དང་མི་དགེ་བ་གང་རུང་ཡིན་པ། དུས་ཀྱི་ཁྱད་པར་རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བ། རྒྱུའི་ཁྱད་པར་འབྱུང་བ་ཆེན་པོ་བཞི་རྣམས་རྒྱུར་བྱས་པ་ཡིན་ནོ།།
༢༠༽ ཁམས་ཀྱི་མཚན་ཉིད། དབྱེ་བ་གོ་རིམ། དབང་པོ་དྲུག་གི་གོ་རིམ་ངེས་ཚུལ་ཇི་ལྟར་ཡིན།
ལན། ཁམས་ཀྱི་མཚན་ཉིད་ནི། ས་བོན་འཛིན་པ་འམ་ རང་གི་མཚན་ཉིན་འཛིན་པའམ་ ཉེར་སྤྱོད་འཛིན་པ་ཁམས་ཀྱི་མཚན་ཉིད་དོ།
དེ་ལ་དབྱེ་ན་ཁམས་བཅོ་བརྒྱད་ཡོད་དེ། དམིགས་པ་ཡུལ་གྱི་ཁམས་དྲུག རྟེན་དབང་པོའི་ཁམས་དྲུག་ བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་བསྡོམས་པས་བཅོ་བརྒྱད་དོ།།
དབང་པོ་དྲུག་གི་གོ་རིམ་ངེས་ཚུལ་ནི། ཁམས་བཅོ་བརྒྱད་ལས་མིག་སོགས་ཁམས་དྲུག་གི་རིམ་པ་བསྟན་པས་གཞན་ཤུགས་ལ་རྟོགས་པའི་ཕྱིར་མིག་སོགས་ཁམས་དྲུག་དང་པོར་སྟོན་པར་མཛད་དོ། དབང་པོ་དྲུག་ལས་ ད་ལྟ་བའི་དོན་ཡུལ་དུ་བྱེད་པའི་བྱེད་པའི་ཕྱིར་ན་ དབང་པོ་དྲུག་ལས་མིག་སོགས་ལྔ་དང་པོར་བཞག་པ་དང་། དུས་གསུམ་ཀའི་དོན་ཡུལ་དུ་བྱེད་པའི་རྒྱུ་མཚན་གྱིས་ཡིད་ཀྱི་དབང་པོ་རྗེས་སུ་བཞག་པ་ཡིན། དེ་ནས་འབྱུང་བ་ཙམ་ཞིག་ཡུལ་དུ་བྱེད་པའི་རྒྱུ་མཚན་གྱིས་ མིག་སོགས་བཞི་དང་པོར་བཞག་ལ། འབྱུང་བ་དང་འབྱུང་འགྱུར་གཉིས་ཀ་ཡུལ་དུ་བྱེད་པའི་ཕྱིར་ན་ལུས་ཀྱི་དབང་པོ་རྗེས་སུ་བཞག་པ་ཡིན། དེ་ལས་རྒྱང་ཐག་རིང་བར་འཇུག་པའི་རྒྱུ་མཚན་གྱི་མིག་དང་རྣ་བ་དང་པོར་བཞག། རྒྱང་ཐག་མཐུང་བར་འཇུག་པའི་རྒྱུ་མཚན་གྱིས་སྣ་ལྕེ་གཉིས་རྗེས་སུ་བཞག་པ་ཡིན། དེ་ལས་སྣ་ཡིས་མྱུར་བར་འཇུག་པའི་རྒྱུ་མཚན་གྱིས་སྔོན་མ་དང་། ལྕེ་ཡིས་དལ་པོར་འཇུག་པའི་རྒྱུ་མཚན་གྱིས་རྗེས་སུ་བཞག་པ་ཡིན།
ཡང་ན། དབང་པོ་དྲུག་གི་གོ་རིམ་ནི། ལུས་ལ་ཇི་ལྟར་གནས་པ་ལྟར་དུ་བཞག་པ་ཡིན་ནོ།།
༢༡༽ དབང་པོ་ལྔ་རེ་རེའི་མཚན་ཉིད་དང་མཚན་གཞི་བྲིས།
ལན། དབང་པོ་ལྔ་རེ་རེའི་མཚན་ཉིད་དང་མཚན་གཞི། དོན་ལྔའི་མཚན་ཉིད་དང་དེ་དག་རེ་རེའི་དབྱེ་བ་ ཐིག་ཁྲར་བཀོད་པར་ནི།
དབང་པོ་ལྔའི་མཚན་ཉིད། | མཚན་གཞི | |
མིག་དབང་། | མིག་ཤེས་སྐྱེ་བའི་རྟེན་དུ་གྱུར་པའི་དབངཔོ་གཟུགས་ཅན་དྭང་བ། | ཟར་མའི་མེ་ཏོག་ལྟ་བུ། |
རྣ་དབང་། | རྣ་ཤེས་སྐྱེ་བའི་རྟེན་དུ་གྱུར་པའི་དབང་པོ་གཟུགས་ཅན་དྭང་བ། | གྲོ་གའི་གཟེར་བུ་དཀྱུས་པ་ལྟ་བུ། སྟག་པའི་ཤིང་ནི་ གྲོ་གའོ། |
སྣ་དབང་། | སྣ་ཤེས་སྐྱེ་བའི་རྟེན་དུ་གྱུར་པའི་དབང་པོ་གཟུགས་ཅན་དྭང་བ། | ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ། |
ལྕེ་དབང་། | ལྕེ་ཤེས་སྐྱེ་བའི་རྟེན་དུ་གྱུར་པའི་དབང་པོ་གཟུགས་ཅན་དྭང་བ། | ཟླ་བ་ཁ་བུབས་པ་ལྟ་བུ། |
ལུས་དབང་། | ལུས་ཤེས་སྐྱེ་བའི་རྟེན་དུ་གྱུར་པའི་དབང་པོ་གཟུགས་ཅན་དྭང་བ། | བྱ་རེག་ན་འཇམ་པའི་སྤུ་ལྟ་བུ། |
༢༢༽ དོན་ལྔའི་མཚན་ཉིད་དང་དེ་དག་རེ་རེའི་དབྱེ་བ་ཇི་ཙམ་ཡོད་ཁ་གསལ་བྲིས།
དོན་ལྔའི་མཚན་ཉིད། | དབྱེ་བ། | |
གཟུགས | མིག་ཤེས་ཀྱི་གཟུང་བྱར་གྱུར་པ། | དབྱིབས་དང་ཁ་དོག་གཉིས། དབྱིབས་ལ་བརྒྱད། རིང་བ། ཐུང་བ། མཐོ་བ། དམའ་བ། ལྷམ་པ། ཟླུམ་པོ། ཕྱ་ལེ་བ། ཕྱ་ལེ་བ་མ་ཡིན་པའོ།། ཁ་དོག་ལ་དབྱེ་བཅུ་གཉིས། རྩ་བའི་ཁ་དོག་བཞི་སྟེ། སྔོན་པོ། སེར་པོ། དཀར་པོ། དམར་པོ་བཞིའོ།། ཡན་ལག་གི་ཁ་དོག་བརྒྱད་དེ། གྲིབ་མ། ཉི་མ། སྣང་བ། མུན་པ། སྤྲིན། དུ་བ། རྡུལ། ཁུག་རྣ་སྟེ་བརྒྱད་དོ།། |
སྒྲ། | རྣ་ཤེས་ཀྱི་མཉན་བྱར་གྱུར་པ། ཟིན་པ་ཞེས་པ་ནི་ ཤེས་རྒྱུད་ཀྱིས་ཟིན་པ། སེམས་ཅན་དུ་སྟོན་པ་ཞེས་པ་དང་ལུང་དུ་བསྟན་པ་གཉིས་དོན་གཅིག། འདི་ཡང་ ཁ་ནས་འདོན་པའི་སྒྲའམ་ ངག་སྒྲ་ལ་གོ་དགོས། | སྒྲ་ལ་དབྱེ་ན་བརྒྱད། ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ། སེམས་ཅན་དུ་སྟོན་པ་ལ་སྙན་པ་དང་མི་སྙན་པ༢། སྙན་པ་ཆོས་སྟོན་པའི་སྒྲ་ལྟ་བུ། མི་སྙན་པ་ཚིག་རྩུབ་ལྟ་བུ། སེམས་ཅན་དུ་མི་སྟོན་པ་ལ་སྙན་པ་དང་མི་སྙན་པ་༢། སྙན་པ་ཕེབ་རྡོབ་པའི་སྒྲ་ལྟ་བུ། མི་སྙན་པ་ཁུ་ཚུར་རྡེག་པའི་སྒྲ་ལྟ་བུ། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ། སེམས་ཅན་དུ་སྟོན་པ་ལ་སྙན་པ་མི་སྙན་པ་༢། སྙན་པ་སྤྲུལ་པའི་གང་ཟག་གི་ཆོས་སྟོན་པའི་སྒྲ་ལྟ་བུ། མི་སྙན་པ་སྤྲུལ་པའི་གང་ཟག་གིས་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུ། སེམས་ཅན་དུ་མི་སྟོན་པ་ལ་སྙན་པ་དང་མི་སྙན་པ་༢། སྙན་པ་འཁར་རྔའི་སྒྲ་ལྟ་བུ། མི་སྙན་པ་བྲག་རལ་བའི་སྒྲ་ལྟ་བུ། |
དྲི། | སྣ་ཤེས་ཀྱི་བསྣམ་བྱར་གྱུར་པ། | དེ་ལ་དབྱེ་ན་བཞི་ཡོད་དེ། དྲི་ཞིམ་པ། མི་ཞིམ་པ། མཉམ་པ། མི་མཉམ་པ་བཞིའོ། |
རོ་། | ལྕེ་ཤེས་ཀྱི་མྱོང་བྱར་གྱུར་པ། | རོ་ལ་དྲུག་ཡོད་དེ། མངར་བ། སྐྱུར་བ། ཚ་བ། ལན་ཚྭ། སྐ་བ། ཁ་བ་སྟེ་དྲུག་གོ། |
རེག་བྱ། | ལུས་ཤེས་ཀྱི་རེག་བྱར་གྱུར་པ། | རེག་བྱ་ལ་བཅུ་གཅིག་སྟེ། རྒྱུའི་རེག་བྱ་འབྱུང་བ་བཞི། འབྲས་བུའི་རེག་བྱ་འཇམ་རྩུབ་གཉིས། ལྕི་ཡང་གཉིས། གྲང་བ་དང་བཀྲེས་སྐོམ་ཏེ་བསྡོམས་པས་བཅུ་གཅིག་གོ། |
སྒྲ་ཡི་དབེྱ་བ་བརྒྱད་པོ་གོ་བདེ་བའི་ཕྱིར་དུ་རེའུ་མིག་ཏུ་བཀོད་པ།
༢༣༽ ཁམས་གཟུགས་ཅན་བཅུ་པོ་གཟུགས་ཡིན་ན། ཐམས་ཅད་ལ་གཟུགས་ཞེས་མ་སྨོས་པར་མིག་ཡུལ་དུ་གྱུར་པ་ལ་གཟུགས་ཞེས་འཇོག་པའི་རྒྱུ་མཚན། ཐམས་ཅད་ཆོས་ཡིན་ན་གཞན་ལ་ཆོས་ཞེསམི་སྨོས་པར་ཡིད་ཀྱི་ཡུལ་ཆོས་བདུན་པོ་ཁོ་ན་ལ་ཆོས་ཞེས་སྨོས་པའི་་རྒྱུ་མཚན་གང་ཡིན།
༢༣༽ ཁམས་གཟུགས་ཅན་བཅུ་པོ་གཟུགས་ཡིན་ན། ཐམས་ཅད་ལ་གཟུགས་ཞེས་མ་སྨོས་པར་མིག་ཡུལ་དུ་གྱུར་པ་ལ་གཟུགས་ཞེས་འཇོག་པའི་རྒྱུ་མཚན། ཐམས་ཅད་ཆོས་ཡིན་ན་གཞན་ལ་ཆོས་ཞེསམི་སྨོས་པར་ཡིད་ཀྱི་ཡུལ་ཆོས་བདུན་པོ་ཁོ་ན་ལ་ཆོས་ཞེས་སྨོས་པའི་་རྒྱུ་མཚན་གང་ཡིན།
ལན། དབང་པོ་ལྔ་དང་དོན་ལྔའི་གཟུཊ་ཅན་བཅུ་པོ་ཆ་ཚང་གཟུཊ་ཡིན་ན་ཡང་ དེ་དག་ལ་གཟུཊ་ཞེས་མ་སྨོས་པར། མིག་གི་ཡུལ་དུ་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་ལ་གཟུགས་ཞེས་སྨོས་པའི་རྒྱུ་མཚན་ནི། རྩ་བ་ལས། བྱེ་བྲག་དོན་དང་གཙོ་བའི་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་།། ཞེས་གསུངས་པ་ལྟར། སྤྱི་མིང་གཟུགས་ཞེས་པ་དེ་བྱེ་བྲག་ལ་འཇུག་པར་སྟོན་པའི་ཕྱིར་དང་། གཟུགས་ཅན་བཅུའི་ནང་ནས་མིག་གི་ཡུལ་གཟུགས་ཀྱི་སྐྱེ་མཆེད་དེ་གཙོ་བོ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་དང་།
དེ་བཞིན་དུ། ཁམས་བཅོ་བརྒྱད་པོ་ཐམས་ཅད་ཆོས་ཡིན་ན་ཡང་ གཞན་ལ་ཆོས་ཞེས་མི་སྨོས་པར་ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་ལ་ཆོས་་ཞེས་སྨོས་པའི་རྒྱུ་མཚན་ནི།། རྩ་བ་ལས། ཆོས་མང་བ་དང་མཆོག་སྡུད་ཕྱིར། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད།། ཅེས་གསུངས་པ་ལྟར། ཆོས་ཀྱི་སྐྱེ་མཆེད་དེ་ནང་ཆོས་མང་པོ་བསྡུས་པར་སྟོན་པ་དང་། མཆོག་ཏུ་གྱུར་པའི་མྱ་ངན་ལས་འདས་པ་ཡང་དེ་ནང་བསྡུས་པའི་རྒྱུ་མཚན་ལ་བརྟེན་ནས་ ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་ལ་ ཆོས་ཞེས་སྨོས་པ་ཡིན།
༢༤༽ སེམས་བྱུང་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུས་ལ། ཚོར་བ་དང་འདུ་ཤེས་གཉིས་མ་འདུས་པར་ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན་གང་ཡིན།
ལན། སེམས་བྱུང་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུས་ལ། ཚོར་འདུ་གཉིས་དེར་མ་འདུས་པར་ ཁོང་གཉིས་པོ་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་ཞེས་ ཕུང་པོ་ལོགས་སུ་འཇོག་པའི་རྒྱུ་མཚན་ནི། རྩ་བ་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག། ཅེས་པ་ལྟར། འཇིག་རྟེན་པ་རྣམས་བདེ་སྡུག་གི་ཚོར་བའི་ཐོག་ནས་རྩོད་པ་འབྱུང་བ་དང་། ཆོས་པ་རྣམས་གྲུབ་མཐའ་བཟང་ངན་གྱི་འདུ་ཤེས་ཀྱི་ཐོག་ནས་རྩོད་པ་འབྱུང་བས་རྩོད་པ་འབྱུང་སའི་རྩ་བར་གྱུར་པ་དང་། དེ་གཉིས་པོ་འཁོར་བར་སྐྱེ་བའི་རྒྱུ་རྣམས་ཀྱི་ནང་ནས་གཙོ་བོ་ཞིག་ཡིན་པ་དང་། ཕུང་པོ་ལྔའི་གོ་རིམ་བཤད་པའི་སྐབས་སུ་ཡང་ དེ་གཉིས་གལ་ཆེན་དུ་གསུངས་པ་ལ་བརྟེན་ནས་ ཚོར་བ་དང་འདུ་ཤེས་གཉིས་པོ་ འདུ་བྱེད་ཀྱི་ཕུང་པོའི་གྲངས་སུ་མ་བཞག་པར་ ཕུང་པོ་ལོགས་སུ་བཤད་པ་ཡིན་ནོ།།
༢༥༽ འདུམ་མ་བྱས་གསུམ་པོ་ཁམས་དང་སྐྱེ་མཆེད་ཀྱི་ནང་བཤད་ལ། ཕུང་པོའི་སྐབས་སུ་མ་བཤད་པའི་རྒྱུ་གང་ཡིན།
ལན། འདུས་མ་བྱས་གསུམ་པོ་ཁམས་དང་སྐྱེ་མཆེད་ནང་བཤད་ཡོད་ཀྱང་། ཕུང་པོའི་སྐབས་སུ་མ་བཤད་པའི་རྒྱུ་མཚན་ནི། རྩ་བ་ལས། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད།། ཅེས་པ་ལྟར། ཕུང་པོ་དོན་དེ་དུ་མ་གཅིག་ཏུ་སྤུངས་པ་ཞིག་ལ་གོ་དགོས་ལ། འདུས་མ་བྱས་ལ་ དུ་མ་སྤུངས་པའི་དོན་དེ་མི་རུང་བའི་རྒྱུ་མཚན་ལ་བརྟེན་ནས་ དེ་གསུམ་པོ་ཕུང་པོའི་སྐབས་སུ་མ་བཤད་པ་ཡིན།
༢༦༽ བསྟན་བཅོས་ཆོས་མངོན་པ་མཛོད་ལ་བརྟེན་ནས་ཆོས་སྲིད་གཉིས་ལ་ཕན་གནོད་ཀྱི་ཁྱད་པར་ཇི་ལྟར་ཡོད་ཚུལ་སོ་སོའི་ཐུགས་འཆར་ཤོད།
ལན། མངོན་པའི་གཞུང་ལ་ཐོས་བསམ་བྱས་ན་ཆོས་ཀྱི་ཐོག་ལ་ཕན་ཐོགས་ཡོད་པ་ནི་ལབ་མི་དགོས། སྲིད་ཀྱི་ཐོག་ལའང་ཕན་ཐོགས་ཡོངས་ངེས་ཡིན། དེའང་མངོན་པའི་གཞུང་གིས་ རྣམ་དཔྱོད་ཀྱི་ཤེས་རབ་འཕེལ་ཞིང་། འདོད་ཆུང་ཆོག་ཤེས་ཀྱི་བློ་གྲོས་སྐྱེས་བས། གོང་མ་དཔོན་ཞིག་ཡིན་ན། རྒྱལ་ཁམས་ཆོས་བཞིན་སྐྱོང་བའི་ནུས་པ་དང་ལྡན་པར་འགྱུར་བ་དང་། འོག་མ་གཡོག་པོ་གཡོག་མོ་ཞིག་ཡིན་ནའང་ ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱག་ཕྱིད་ཞུ་ནུས་པའི་བློ་གྲོས་དང་ལྡན་པར་འགྱུར་བའི་ཁེ་ཕན་བླ་ན་མེད་པ་ཡོད་དོ་ལགས།།
1 comment:
དྲི་ལན་ཆ་ཚང་ཞིག་གནང་ཞུའོ
Post a Comment