རེས་གཟའི་འབྲས་བུ་ནི།
༼འདི་ནི་ལེགས་བཤད་དངུལ་གྱི་མེ་ལོང་ལས་བཤུས་པ་ཡིན།༽[1]
༈
ཉི་མར་སྐྱེས་པའི་མི་དེ་ནི། །ཤ་དཀར་ཡིད་གཞུང་ཁ་མཆུ་མང༌།
།བྱེས་འཕྲོད་མི་ཁ་ཅུང་ཟད་ལྡང་། །ཞག་བདུན་ཟླ་བདུན་གསོས་འགྱུར་ན།
།བུ་ནི་ཚེ་རིང་མི་ཆེན་བྱམས། །བུ་མོ་ཕྱུག་སྟེ་ཁྱིམ་སོ་འདྲེན།། ༈
རེས་གཟའ་ཟླ་བ་ལ་སྐྱེས་པ། །ཤ་དཀར་བོང་རིང་གཡོ་སྒྱུ་ཆེ། །མིས་བྱམས་ཟས་ནོར་གང་སྟོང་ཆེ།
།ཁ་ལྕི་མཆིན་ནད་རྟ་དཀར་འཕྲོད། །བུ་ནི་བཙན་ཕྱུག་ལྡན་པ་དང་།
།བུ་མོ་མཛེས་སྡུག་ཡིད་དུ་འོང་།། ༈ རེས་གཟའ་མིག་དམར་ལ་སྐྱེས་པ། །ཤ་རྩི་དམར་ལ་ངན་བཀྲ་ཞིང་།
།སྡིག་སྤྱོད་སྤྲོ་ཐུང་གཤིས་ངན་ལ། །དབྱེན་བྱེད་ང་རྒྱལ་ཁོང་ཁྲོ་ཆེ།
།བུ་སྐྱེ་གསོ་དཀའ་བུ་མོ་ནི། །ཟས་ནོར་དམར་ཆའི་རིགས་རྣམས་འཕྲོད།། ༈ ལྷག་པ་ལ་སྐྱེས་ནད་བུ་ཅན།
།ཤ་རྩི་ནག་ཅིང་བློ་གྲོས་རྣོ། །ཁ་སྤྲོ་ཐུང་ཞིང་གཡོ་སྒྱུ་མེད།
།ཟས་ནོར་སྔོན་པོའི་རིགས་རྣམས་འཕྲོད། །བུ་སྐྱེས་ངན་ཏེ་མ་ལ་རྩུབ།
།བུ་མོ་སྐྱེས་ན་ཕ་མ་དབུལ། །མོ་རང་ཟས་ནོར་དབང་ཐང་ཆེ།། ༈ བླ་མར་བུ་སྐྱེས་བཞིན་ངན་ཞིང་། །བློ་གསལ་མཁས་ཤིང་ཆོས་ཀྱང་བྱེད།
།བུ་མོ་ཚེ་རིང་གྲོགས་ཀྱང་བཟང་། །གང་སྟོང་ཆེ་ལ་མི་ནོར་འཕྲོད།། ༈ རེས་གཟའ་པ་སངས་ལ་སྐྱེས་འབྲས།
།དམེ་དང་མགར་བ་བྱེད་པ་དང་། །ཤ་དཀར་བླ་མ་སློབ་དཔོན་བྱམས།
།ཟས་ནོར་དཀར་པོའི་རིགས་རྣམས་འཕྲོད། །བུ་སྐྱེས་ཚེ་རིང་དབང་རྣོ་ཕྱུག
།བུ་མོ་ནད་འོང་དཔལ་ཀྱང་ཆེ།། ༈
སྤེན་པར་སྐྱེས་འབྲས་གཟུགས་བཟང་ཡང་། །བསོད་ནམས་ཆུང་ཞིང་བུ་སྐྱེས་འབྲིང་།
།བུ་མོ་ཚེ་ཐུང་ཆོས་སྐལ་ལྡན། །ཕོ་མོ་ཁྱད་མེད་ཤ་རྩི་དམར།
།མཚན་ཉིད་ངན་ཞིང་མི་གདུག་ཆེ། །བླ་མ་སློབ་དཔོན་མི་དཔོན་བྱམས།
།ཤེས་རབ་ཆེ་ཞིང་བྱེས་དང་ནི། །ཟས་ནོར་དམར་སེར་རིགས་རྣམས་འཕྲོད།།
ཚེས་ལ་སྐྱེས་པ་བསྟན་པ་ནི།།
༼འདི་ནི་ ཚེས་རྩིས་འབྲས་བུ་བློ་གསར་དགའ་སྐྱེད་ལས་བཤུས་པ་ཡིན།༽[2]
༈ གཅིག་གསུམ་ཕོ་མོ་གང་སྐྱེས་ཀྱང་།
།བསྟུད་ཅིང་སྐྱེ་ལ་ཤེས་པ་ཆེ། །གཉིས་གསུམ་བུ་བཟང་བུ་མོ་ངན།
།གསུམ་གསུམ་གང་སྐྱེས་འཆི་འམ་ངན། །བཞི་གསུམ་བུ་སྐྱེས་མ་ལ་ངན། །བུ་མོ་སྐྱེས་ན་སླར་ཡང་བསྟུད།
།ལྔ་གསུམ་བུ་སྐྱེས་ནོར་གྱིས་ཕྱུག །བུ་མོ་སྐྱེས་ན་འཆི་འམ་དབྱེན།
།དྲུག་གསུམ་གང་སྐྱེས་ཕྱིས་ཀྱང་བསྟུད། །བདུན་གསུམ་བུ་སྐྱེས་རིག་པ་རྣོ།
།བུ་མོ་སྐྱེས་པ་ཁྱོ་འབྲང་ཞིང་། །བརྒྱད་གསུམ་གང་སྐྱེས་གསོ་བ་དཀའ།
།དགུ་གསུམ་གང་སྐྱེས་བྱུར་གྱི་བུ། །བཅུ་གསུམ་གང་སྐྱེས་དབུལ་བ་ཡིན།།
ཉི་མ་ནག་ཆུང་པི་ལིང་དང་། །ཀི་ཀང་གཟའ་རྒོད་ཟས་འཚོལ་དུས།
།གཟའ་བདུན་རྣམས་ལ་ངན་པར་བཤད། །ཟིན་ཕུང་བུ་བཙས་འཆི་བ་འམ། །ཡང་ན་ཕ་མ་འབྲལ་བའི་ངན།
།སྨེ་བ་གཅིག་དཀར་སྤར་ཁ་དྭ། །ཚེས་དང་དུས་ལ་སྐྱེས་པ་ངན།
སྐར་མའི་བཤད་པ་ནི།
༼འདི་ནི་ལེགས་བཤད་དངུལ་གྱི་མེ་ལོང་ལས་བཤུས་པ་ཡིན།༽[3]
༈ ༼༠ ཐ་སྐར།༽ དབྱུག་པ་ལ་སྐྱེས་དྲུག་ཅུ་ནས།
།བརྒྱད་ཅུའི་བར་ཐུབ་ལྕེ་བདེ་ཞིང་། །གཟུགས་བཟང་ཆོས་ལ་དཀར་བ་དང་།
།སྨན་སྦྱོར་མཁན་ནམ་སྨན་པའི་རིགས། །གླུ་གར་རོལ་མོའི་སྒྲ་ལ་མཁས།
།བློ་ལུས་མི་བརྟན་སྡོད་མི་ཚུགས།། ༈ ༼༡
བྲ་ཉེ།༽ བྲ་ཉེ་ལ་སྐྱེས་སེམས་བརྟན་ཞིང་།
།ནད་མེད་བདེན་སྨྲ་སྙིང་རྗེ་ཆུང་། །ཚེ་ལོ་སུམ་ཅུ་རྩ་དྲུག་གམ།
།རིང་ན་དགུ་བཅུ་རྩ་ལྔ་ཐུབ། །ལག་བཟོར་མཁས་ཤིང་བརྩོན་འགྲུས་ཆེ།
།སྙིང་རྗེ་ཤིན་ཏུ་ཆུང་བས་ན། །ཕྱི་མ་དམྱལ་བའི་གནས་སུ་སྐྱེ།། ༈ ༼༢ སྨིན་དྲུག༽ རྒྱུ་སྐར་སྨིན་དྲུག་ལོངས་སྤྱོད་འཕེལ།
།སྙན་གྲགས་དང་ནི་གཟི་བརྗིད་ཆེ། །མཁས་ཤིངརབ་ཏུ་དཔའ་བ་སྟེ། །ཚེ་སྟོད་ངན་ལ་ཚེ་སྨད་ལ།
།འགྱུར་ཞིང་བཟང་པོར་འགྲོ་བ་སྟེ། །ཚེ་ཚད་རིང་པོ་ཉིད་དུ་འགྱུར།
།བུ་མོ་སྐྱེས་ན་ངན་པའོ།། ༈ ༼༣
སྣར་མ༽ རྒྱུ་སྐར་སྣར་མ་ལ་སྐྱེས་པ།
།ཚེ་ཚད་རིང་པོར་འགྱུར་བ་དང་། །གཟུགས་བཟང་ངག་འཇམ་བདེན་པར་སྨྲ།
།ཕྱུག་ཅིང་ཆོས་མཐུན་སྦྱིན་ལ་དགའ། །གཡོ་མེད་ཤེས་ཤིང་མཁས་པ་སྟེ།
།རྣམ་པ་ཀུན་ཏུ་མཛེས་དང་ལྡན། །དཔའ་ཞིང་རྒྱལ་བ་ཕུན་སུམ་ཚོགས།
།དགྲ་རྣམས་རྟག་པར་རབ་ཏུ་འཇོམས།། ༈ ༼༤ མགོ༽ མགོ་ལ་སྐྱེས་པ་ཚེ་ཡི་ཚད།
།ཉེར་བརྒྱད་ནས་ནི་རེ་གཉིས་བར། །རིང་ན་དགུ་བཅུ་ཐུབ་པའང་བཤད།
།ཆོས་ལྡན་སྡོམ་བརྩོན་བདེན་པར་སྨྲ། །དཔའ་ཞིང་བློ་གསལ་ལོངས་སྤྱོད་ལྡན།
།བུ་མོ་སྐྱེས་ན་ཁ་དྲག་ཟེར།། ༈ ༼༥
ལག༽ ལག་ལ་སྐྱེས་པ་ཚེ་ཡི་ཚད།
།ལོ་ནི་སུམ་ཅུ་རྩ་ལྔ་འམ། །ཡང་ན་དྲུག་ཅུ་རྩ་ལྔ་འཚོ། །ཆོམས་པོའི་ལས་ཀྱིས་འཚོ་བ་ཡིན།
།གཏུམ་པོ་གཡོ་མེད་ལག་མི་བཟོ། །ཁྲོ་ཞིང་དབུལ་ལ་ཤིན་ཏུ་བླུན།
།བྱ་བ་བཟང་པོ་མི་བྱེད་པར། །ངན་པའི་ལས་ལ་རབ་ཏུ་བརྩོན། །ང་རྒྱལ་སྡིག་པའི་ལས་ལ་དགའ།
།ཁྱད་པར་བུ་སྐྱེས་རྩལ་ཆེ་ལ། །བུ་མོ་བལ་གྱི་ལས་ལ་སྐྱེད།། ༈ ༼༦ ནབས་སོ༽ རྒྱལ་སྟོད་སྐྱེས་པ་ཚེ་ཡི་ཚད།
།ལྔ་བཅུ་འམ་ནི་དྲུག་ཅུ་ཐུབ། །ཞིང་ས་ལོངས་སྤྱོད་ལྡན་པའམ།
།ཆོས་སྨྲ་ཚུལ་ཁྲིམས་ལྡན་པ་ཡིན། །སེམས་ནི་རབ་ཏུ་བཟང་བ་སྟེ།
།རང་བཞིན་ཀྱང་ནི་གླེན་པ་དང་། །བློ་བརྟན་ནད་མེད་ཆོག་ཤེས་པས།
།ཅུང་ཟད་ཙམ་གྱིས་ཆོག་པར་འཛིན།། ༈ ༼༧
རྒྱལ།༽ རྒྱུ་སྐར་རྒྱལ་ལ་སྐྱེས་པའི་འབྲས། །ཚེ་ཚད་བརྒྱད་ཅུ་ཐུབ་པ་སྟེ།
།ཆོས་སྨྲ་ཚུལ་ཁྲིམས་ལྡན་པའི་མི། །ཞི་ཞིང་སྦྱིན་པ་གཏོང་བ་དང་།
།ལྕེ་བདེ་གཟུགས་བཟང་ལག་པ་བཟོ། །བློ་ལུས་མི་བརྟན་སྡོད་མི་ཚུགས།
།མཁས་ཤིང་ནོར་ལྡན་སྐལ་བ་བཟང་།། ༈ ༼༨
སྐག༽ རྒྱུ་སྐར་སྐག་ལ་སྐྱེས་པ་ན། །ལོ་ནི་ལྔ་བཅུ་ཐམ་པ་ཐུབ།
།རིང་ན་དྲུག་ཅུ་རེ་གསུམ་འཚོ། །གླེན་ལ་བུ་མོ་སྐྱེད་ཆུང་ཞིང༌།
།མཁས་ཤིང་བྱད་བཞིན་མཛེས་པ་དང་། །མ་དང་འགྲོགས་ཡུན་ཐུང་བ་ཡིན།
།ཁྲོ་ཞིང་སྡིག་དང་དབྱེན་ལ་དགའ། །སྲེད་པ་ཆེ་ཞིང་སྟེར་ཡང་ཕོད།
།བྱ་བ་བཟང་པོ་མི་བྱེད་པར། །ངན་པའི་ལས་ལ་ཤིན་ཏུ་བརྩོན།། ༈ ༼༩ མཆུ།༽ རྒྱུ་སྐར་རྟ་ཆེན་ལ་སྐྱེས་པ།
།ལོ་དགུ་དག་ལ་མ་ཤི་ན། །ལྔ་བཅུ་གོ་ལྔ་གང་རིགས་འཚོ། །བུ་སྐྱེས་ཕ་ལ་ངན་པ་ཡིན།
།བུ་མོ་སྐྱེས་ན་མོ་རང་འཆི། །རྟག་ཏུ་བརྫུན་ཚིག་ལ་དགའ་ཞིང་།
།འཁོར་མང་ལོངས་སྤྱོད་ཆེ་ལྡན་ལ། །ཡུན་རིང་བུ་སྐྱེས་བཟང་པོའི་རིགས།
།བཟོ་ལ་མཁས་ཤིང་དགེ་ལ་བརྩོན། །བཙུན་ཞིང་ཆོས་ལྡན་ནོར་དང་ལྡན།། ༈ ༼༡༠ གྲེ་༽ རྒྱུ་སྐར་གྲེར་སྐྱེས་ཚེ་ཡི་ཚད།
།ལོ་བརྒྱད་ཚུན་ལ་མ་ཤི་ན། །ལྔ་བཅུ་འམ་ཡང་ན་གོ་ལྔ་ཐུབ། །བུ་མོ་ཡིན་ན་ནད་མང་ཅན།
།ཁྱེའུ་ཡིན་ན་བུ་རང་འཆི། །མ་ཤི་བར་དུ་རང་བཞིན་ངན། །གཡོ་དང་འདོད་ཆགས་ཆེ་བ་ཡིན།
།བཟོ་ལ་མཁས་ཤིང་སེར་སྣ་ཆེ་། །གཏམ་དང་གོས་རྒྱན་རིགས་ལ་དགའ།
།གོ་ལེགས་ཁ་འཇམ་ཟས་ལ་ཡངས།། ༈ ༼༡༡
དབོ།༽ ཁྲ་ལ་སྐྱེས་པ་ལོ་བརྒྱ་འཚོ། །ཕྱུག་ཅིང་ལོངས་སྤྱོད་ཚུལ་ཁྲིམས་ལྡན།
།བརྫུན་མེད་བདེན་སྨྲ་སྦྱིན་ལ་དགའ། །འགྲོ་བ་དང་ནི་བསྙེན་གནས་ལ།
།དགའ་ཞིང་ཅུང་ཟད་བླུན་པར་འགྱུར། །འཆི་རྐྱེན་དུག་གིས་བྱེད་པ་ཡིན།། ༈༼༡༢ མེ་བཞི།༽ བྱ་མ་ལ་ནི་སྐྱེས་པའི་མི།
།མ་ཡི་ཚེ་ལ་བར་ཆད་འགྱུར། །ལོ་ནི་བརྒྱད་ཅུ་ཐམ་པ་འཚོ། །ལྕེ་བདེ་གཟུགས་བཟང་ལག་པ་བཟོ།
།སྤོབས་པ་བཟང་ཞིང་ཤེས་རབ་ཆེ། །བློ་ལུས་མི་བདེ་སྡོད་མི་ཚུགས།
།སྐྱ་ཞིང་གཡོ་དང་སྒྱུ་མ་ཆེ། །དབང་ཕྱུག་གཙོ་བོ་ནོར་ལྡན་ཞིང་།
།སྦྱིན་དང་མཆོད་སྦྱིན་སྣ་ཚོགས་བྱེད། །ཆོས་ལྡན་བྱང་ཆུབ་ཡན་ལག་བདུན།
།བློ་དུལ་དྲང་ལྡན་ཁྲིམས་ཀུན་བསྲུང་། །ཡང་ན་རྐུན་མ་སྐོམ་དད་ཅན།། ༈ ༼༡༣ ནག་པ།༽ བྱའུ་ལ་ནི་གང་སྐྱེས་པ།
།ཚེ་ཚད་ལོ་ནི་ཉེར་བརྒྱད་འཚོ། །གླུ་གར་རོལ་མོའི་སྒྲ་ལ་མཁས།
།སྦྱིན་དགའ་དོན་སྤྱོད་མཛེས་ལ་སྡུག །ལྕེ་བདེ་བློ་རྣོ་གྲགས་པ་ལྡན།
།བཞིན་ལེགས་མི་ཁ་ཆེ་བར་འོང་། །བརྫུན་མེད་ངག་རྩུབ་འདོད་ཆགས་ཆེ། །མིག་དང་ཡན་ལག་དབང་པོ་ལེགས།
།སྣ་ཚོགས་གོས་གྱོན་ཕྲེང་བ་ཐོགས།། ༈ ༼༡༤
ས་རིས།༽ ས་རི་ལ་ནི་གང་སྐྱེས་པ། །ཚེ་ལོ་ཉི་ཤུའམ་དྲུག་ཅུ་འཚོ།
།རྩིས་པ་འབྱོར་རྙེད་ཁྲོ་བོར་འགྱུར། །གཡོ་སྒྱུ་སེམས་ལ་ནད་བུ་ཅན།
།ལོངས་སྤྱོད་ལྡན་ཞིང་གཞུགས་བཞིན་ལེགས། །ཡས་བྱམས་མས་སྡང་མི་ཁ་ལྡང་།
ཕྲག་དོག་སེར་སྣ་ཆེ་བ་ཡིན། །རང་བཞིན་གཉེན་ལ་ཡངས་པ་དང༌། །བགྲོད་པ་དང་ནི་རྩོམ་ལ་སྤྲོ།
།བློ་དུལ་ཚོང་ཤེས་དེ་ལ་སྤྱོད། །བརྩེ་ལྡན་བདེན་སྨྲ་ཆོས་ལ་སྤྱོད།
།བུ་དང་བུ་མོ་གཉིས་ཀ་བཙན།། ༈ ༼༡༥
ས་ག༽ ས་ག་ལ་སྐྱེས་བདུན་ཅུ་འཚོ། །གཟི་བརྗིད་ཆེ་ཞིང་དཔལ་དང་ལྡན།
།མཁས་ཤིང་ནོར་ལྡན་བུད་མེད་འདུ། །དཔའ་ལ་དགྲ་ཐུལ་ཤེས་རབ་ཆེ།
།དང་པོ་ངན་ཡང་ཚེ་སྨད་བཟང་། །ཕྲག་དོག་སེར་སྣ་ཆེ་བ་ཡིན།། ༈ ༼༡༦ ལྷ་མཚམས།༽ ལག་སོར་སྐྱེས་པའི་ཚེ་ཡི་ཚད།
།ཉི་ཤུ་རྩ་བརྒྱད་འཚོ་བ་སྟེ། །ཚོང་པ་དབང་པོ་དུལ་བ་དང་།
།ཆོས་སྤྱོད་བློ་གྲོས་ཆེར་ལྡན་ཞིང་། །ཚོང་ངམ་ཆོས་ཀྱིས་འཚོ་བ་ཡིན།
།ལྕེ་བདེ་གཟུགས་བཟང་ཚུལ་ཁྲིམས་ལྡན། །ནོར་ཕྱུགས་བྱེས་འགྲོ་རབ་ཏུ་བཟང༌།
།བྱེས་ལ་དགའ་ཞིང་བྱེས་ཀྱང་འཕྲོད། །མི་གཞན་དག་ལ་དགའ་ཞིང་འདུ།། ༈ ༼༡༧ སྣྲོན།༽ སྣྲོན་ལ་སྐྱེས་པ་སོ་ལྔ་འཚོ།
།ཚུལ་ཁྲིམས་འཆལ་ལ་སྙིང་རྗེ་མེད། །ཆོས་སྦྱིན་ལ་སོགས་འཕེལ་བར་བྱེད།
།ཕལ་ཆེར་མི་སྡུག་ཚེ་ཚད་ཐུང་། །དབུལ་ཞིང་ཆོག་ཤེས་འདོད་པ་ཆུང༌།
།བྱ་བ་བཟང་པོ་མི་བྱེད་པར། །ངན་པའི་ལས་ལ་རབ་ཏུ་བརྩོན།
།ཆོས་བྱས་མྱུར་དུ་ཁྲིམས་འཆལ་འགྱུར།། ༈ ༼༡༨
སྣུབས༽ སོག་པ་ལ་སྐྱེས་སོ་ལྔ་འམ། །དྲུག་ཅུ་རེ་གསུམ་འཚོ་བ་ཡིན།
།སྐལ་ལྡན་སྐྱེས་བུའི་རྣམ་པ་ཅན། །ཁང་བཟང་འཛིན་ཅིང་ཞིང་ས་ཡི།
།ནོར་དང་འབྲས་བུའི་བདག་པོ་སྟེ། །འཇིག་རྟེན་བྱ་བྱེད་བུ་མི་སྐྱེ།
།སྐྱེས་ཀྱང་གསོ་བར་དཀའ་བ་ཡིན། །ང་རྒྱལ་ཆེ་ངན་ལས་བརྩོན།། ༈ ༼༡༩ ཆུ་སྟོད།༽ བྲེ་ལ་སྐྱེས་པ་བརྒྱད་ཅུ་འཚོ།
།ཆོས་དང་ལྡན་ཞིང་ཐོས་པ་ཆེ། །བཟོ་དང་བྱ་བ་ཀུན་ལ་མཁས། །ཆོས་སྤྱོད་སྦྱིན་པ་དག་ལ་དགའ།
།འཁོར་ལ་གདུང་ཞིང་ཀུན་ལ་ཕན། །ང་རྒྱལ་ཅུང་ཟད་ཆེ་ན་ཡང་། །ཚུལ་ཁྲིམས་ལྡན་པས་མཐོ་རིས་ཐོབ།། ༈ ༼༢༠ ཆུ་སྨད།༽ ཕུལ་ལ་སྐྱེས་པ་ལོ་བརྒྱད་དང་།
།ཡང་ན་བརྒྱད་ཅུ་གྱ་ལྔ་ཐུབ། །ཕྱུག་ཅིང་སྦྱིན་པ་གཏོང་ལ་དགའ།
།རྒྱུན་དུ་བརྫུན་བྲལ་གསོང་པོར་སྨྲ། །བུ་དང་གྲོགས་མང་ཤེས་རབ་ཆེ།
།སེམས་ཅན་ལ་བྱམས་བློ་ཡང་དུལ། །བཟོ་རིགས་མཁས་ཤིང་ནད་ཀྱང་དཀོན། །ཚད་ནད་འབྱུང་ན་གསོ་བར་དཀའ།། ༈ ༼༢༡ གྲོ་བཞིན།༽ བྱ་ཟེར་སྐྱེས་པ་རེ་གཉིས་འཚོ།
།སེམས་ནི་རབ་ཏུ་བཟང་པོ་སྟེ། །རང་བཞིན་མཉེན་ཅིང་ཤེས་པ་ཡངས།
།འགྲོ་དང་རྩོམ་པ་དག་ལ་སྤྲོ། །བློ་དུལ་ཚོང༌ཤེས་དེ་ལ་སྤྱོད།
།བརྩེ་ལྡན་སྙན་སྨྲ་ཆོས་ལ་སྤྱོད། །ལོངས་སྤྱོད་རྟག་ཅིང་ནད་ཀྱང་དཀོན། །རྒྱལ་པོ་དང་ནི་སེམས་ཅན་བྱམས།
།དཔའ་ཞིང་བསུན་ཐུབ་གྲོགས་ཀྱི་མཆོག །ཡུལ་འཁོར་སྐྱོང་ཞིང་དགྲ་རྣམས་ཐུལ།
།མཁས་པར་བྱེད་པའི་མཆོག་ཡིན་ཏེ། །ཟབ་ཡངས་གཉེན་སྦྱོར་དག་ལ་དགའ།
།དཔལ་དང་འབྱོར་པ་ཆེ་བ་ཡིན། །གྲགས་པ་ཆེ་ཞིང་ཆུང་མ་མཛངས།། ༈ ༼༢༡ བྱི་བཞིན།༽ བྱ་སྦོ་ལ་ནི་སྐྱེས་པའི་མི།
།ལོ་ནི་དྲུག་ཅུ་འཚོ་བ་སྟེ། །ཁྲོ་ཞིང་འདོད་ཆགས་ཆུང་བ་དང༌།
།ཐོས་ལྡན་མཁས་ཤིང་ཤེས་རབ་ཆེ། །གྲོང་ཁྱེར་རྣམས་ཀྱིས་མཆོད་པའི་གནས།
།དགྲ་བོ་འདུལ་བའི་ལས་ལ་མཁས། །སེམས་ནི་བཟང་ཞིང་གཉེན་ལ་ཡངས།
།འབྱོར་ལྡན་བགྲོད་དང་རྩོམ་་ལ་དགའ། །ནད་མེད་སྟོབས་དང་ལྡན་པ་ཡིན།། ༈ ༼༢༢ མོན་གྲེ།༽ བྱ་གཞུག་ལ་སྐྱེས་ཉེར་ལྔ་འམ།
།ཡང་ན་དྲུག་ཅུ་ཐམ་པ་འཚོ། ཁྲོ་ཞིང་སྨན་མཁས་བུ་ནོར་ལྡན།
།རང་དགར་སྤྱོད་ཅིང་བྱ་བ་བརྩོན། །སེམས་བཟང་རང་བཞིནམཉེན་ཅིང་ཡངས།
།བློ་རྩིང་བག་ཡངས་རྩོམ་ལ་དགའ། །སྟེར་ཕོད་དཔའ་ཞིང་གླུ་གར་མཁས།
།བླུན་ཞིང་ཆུ་ཡིས་འཆི་བར་གྱུར། །བུ་མོ་བཙས་ན་མཛེས་པ་ཡིན།། ༈ ༼༢༣
མོན་གྲུ།༽ རྒྱུ་སྐར་མོན་གྲུ་ལ་སྐྱེས་པ། །མྱུར་དུ་འཆི་རྐྱེན་མ་སོང་ན།
།ཁྲོ་ཞིང་རྒོད་ལྡན་འཆད་ལ་བཙན།
།ནང་མིས་བྱམས་ཤིང་མཆོད་ཅི་བསྲུང་།།གཟུགས་བཟང་མཆོད་ཅིང་སྟེར་ཡང་ཕོད།
།དཀའ་ཐུབ་ལ་དགའ་བབ་ཆོལ་ཆེ། །ནད་མེད་སྙིང་ཡང་ཆེ་བ་ཡིན།། ༈ ༼༢༤
ཁྲུམས་སྟོད།༽ ཁྲུམས་སྟོད་ལ་སྐྱེས་གོ་ལྔ་ཐུབ། །གཡོ་སྒྱུ་རྐུ་དང་གསོད་ལ་དགའ།
།གཤིས་ངན་དམག་དང་ཆོམ་ལ་བརྩི། །ལག་བཟོ་མཁས་ཤིང་རི་བཞིན་ངན།
།བླུན་ཞིང་གཞན་ལ་གནོད་པ་ཆེ། །སྟེར་མི་ཕོད་ཅིང་གྲགས་པ་ཆེ།
།རྣ་བ་གསང་ཞིང་ནོར་ལ་སྤྱོད། །གཉེན་རྣམས་བརྩེ་ཞིང་ཕྱི་མི་ལྡང་།
།ཆུང་མ་དབང་དང་ལྡན་པ་ཡོད།། ༈
༼༢༥
ཁྲུམས་སྨད།༽ ཁྲུམས་སྨད་ལོ་ནི་ལྔ་བཅུ་འམ།
།ཡང་ན་དྲུག་ཅུ་ཐམ་པ་ཐུབ། །གླུ་གར་རིག་པ་དག་ལ་མཁས། །འདིས་ནི་ཆོས་ཀྱི་སྦྱིན་པ་བྱེད།
།ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། །རྒྱུན་དུ་བརྫུན་བྲལ་གསོང་པོར་སྨྲ།
།ཚུལ་ཁྲིམས་ཤེས་རབ་སྙིང་རྗེ་ལྡན། །སྐྱིད་ཅིང་འཁོར་བསྟེན་སྨྲ་བ་མཁས།
།འཁོར་མང་འདུ་ཞིང་དགྲ་ལས་རྒྱལ།། ༈ ༼༢༦ ནམ་གྲུ།༽ ཤེ་ས་ལ་སྐྱེས་ཉེར་བརྒྱད་དམ།
།དགུ་བཅུ་ཐམ་པ་ཐུབ་པ་ཡིན། །སྐྱེ་བོ་རབ་མཛངས་ནོར་འབྲུ་ལྡན།
།འབྱོར་ལ་རབ་བརྩོན་དབྱིག་ལ་སྤྱད། །མི་གཞན་ཀུན་ལ་དགའ་བ་དང༌།
།རབ་ཏུ་བཟང༌ཞིང་དགེ་བར་འགྱུར། །ཤིང་མཁན་དུ་ཡང་འགྱུར་བ་འམ།
།དབང་པོ་ཚང་ཞིང་དཔའ་བ་ཡིན།།
གཅེས་རྡེལ་བཞིའི་འབྲས་བཤད།
༼འདི་ནི་རྩིས་གཞུང་བཻ་དཀར་ལས་བཤུས་པ་ཡིན།༽[4]
༈ ཐོག་མར་གཅེས་རྡེལ་བཞི་ཡི་འབྲས།
།གནམ་ལོ་རྒྱལ་པོའི་རྡེ་འུ་ནི། །དཀར་ན་རྒྱལ་པོའི་བཀའ་མི་བཀྱོན།
།སྐྱེས་པ་ཡིན་ན་ཁྲོམ་ཐོག་ཆོད། །བུད་མེད་ཡིན་ན་གཏམ་སྙན་ཐོས།
།ནག་ན་རྒྱལ་པོའི་བཀའ་ཆད་འཕོག །སྐྱིད་སྡུག་མང་ལ་སྡུག་ཤས་ཆེ། །ལུས་ལ་ན་ཚ་རྒྱུན་མི་ཆད།། ༈ ཟླ་བ་བློན་པོའི་རྡེ་འུ་ནི།
།དཀར་བ་བློན་པོའི་གྲོགས་མི་འཛོལ། །ལུང་པ་ཕུ་ཐུང་ཙམ་ཞིག་ནས།
།སྐད་ནི་ལག་ངར་ཙམ་ཞིག་འདོན། །ནག་ན་བློན་པོའི་གྲལ་ནས་ཡར།
།མཐོན་པོ་བྱམས་ལ་དམའ་མོ་སྡང་། །རྟག་ཏུ་དགྲ་དང་ཁ་སྨྲས་མོད།། ༈ ཞག་པོ་དམག་མིའི་རྡེ་འུ་ནི། །དཀར་ན་དམག་དཔུང་མཐའ་ནས་རྒྱས།
།ནད་ཉུང་ཚེ་ལ་བར་ཆད་མེད། །གདོན་དང་འདྲེ་ཡིས་གནོད་མི་འགྱུར།
།ནག་ན་མི་ཁ་གླེང་གཞི་འོང་། །མི་སྟོང་འཇལ་ལམ་ཡང་ན་ལེན།
།རྟག་ཏུ་ཁ་སྨྲས་རྒྱུན་མི་ཆད།། ༈ དུས་ཚོད་མཚོན་ཆའི་རྡེ་འུ་ནི།
།དཀར་ན་མི་འཕྲོ་རྡེལ་འཕྲོ་བཟང་མི་ནོར་མཐའ་ནས་རྒྱས་པ་འོང་། །ནག་ན་མཚོན་ཆ་བཙའ་ཡིས་ཁྱེར་།
།དཔའ་མདུང་རྐེད་པ་ཆག་ཅེས་ཏེ། །མི་ནོར་ཀུན་ལ་ངན་པར་བཤད།།
བཙས་རླུང་རྒྱ་མཚོའི་རྩིས་བཞུགས་སོ།
༈ མཐུན་པར་བཙས་པ་ཚེ་ཡི་བུ། །ཕ་བས་བུ་ཚེ་རིང་བ་ཡོད།
།བུར་གྱུར་བཙས་པ་དཔལ་གྱི་བུ། །ཕ་དང་མེས་པས་བུ་ཚ་དར། །མར་འགྱུར་བཙས་པ་ལྷ་ཡི་བུ།
།ཕ་དང་མ་ལ་བུ་ཡིས་སྐྱོབ། །གྲོགས་འགྱུར་བཙས་པ་འདྲེ་ཡི་བུ།
།ཆུང་བའི་དུས་ནས་གསོ་བར་དཀའ། །དགྲ་འགྱུར་བཙས་པ་བདུད་ཀྱི་བུ།
།ཕ་མར་ངན་པས་དྭ་བོར་ལུས།།
རང་ལོའི་སྲོག་གི་སྐྱེས་ཚང་བཟང་ངན་འབྲས།།
༈ སྟག་གི་ལོ་ལ་གང་སྐྱེས་པ།
།དཔའ་རྩལ་ཡང་རྩལ་ཆེ་བས་ཏེ། །དྲག་རྩལ་ལྡན་ཞིང་ཤེས་པ་བཀྲ།
།སྙིང་ཁམས་ཤིན་ཏུ་ཆེ་བས་ཏེ། །ང་བས་ལྷག་པའི་མི་མེད་ཟེར།
།གཉེན་ལ་བརྩེ་ཞིང་སྤྱོད་ལམ་རྩིང་། །ཚིག་རྩུབ་བརྩོལ་ཕོད་ཆེ་བ་སྟེ།
།བློ་མང་ཚོང་དང་ཤོ་ལ་དགའ།།
༈ ཡོས་བུའི་ལོ་ལ་གང་སྐྱེས་པ།
།ང་རང་ཁོ་རང་མོ་རང་སྟེ། །སྤང་པོའི་རྩི་ཏོག་རྒྱས་པས་ན། །བྲ་མོའི་ནས་ལ་ང་མི་རེ།
།རྒྱལ་ཁམས་མི་ལོ་ལེགས་པས་ན། །ཁ་གང་ཟས་ཀྱིས་མི་འབོར་ཏེ། །ཕ་དྲིན་ཆེ་རུང་མི་ཆེ་རུང་།
མི་འཁྱགས་ཙམ་གྱི་གོས་ཀྱིས་བཀབ། །མ་དྲིན་གོས་ལ་རེ་བ་མེད། །ད་ལྟ་འདྲ་ན་སྐྱིད་དོ་ཟེར།
།ལྟོ་ཆུང་གཡོ་ཆེ་ཐབས་ལ་མཁས། །ཁོང་ངན་ཕྲལ་གང་འཛུམ་ཁ་སྙི།
།བད་མཁྲིས་ཁ་སོ་ན་བ་འབྱུང་།།
༈ འབྲུག་གི་ལོ་ལ་གང་སྐྱེས་པ།
།དྲག་རྩལ་ཅན་ཡང་མ་ལགས་ཏེ། །སྦོམ་དང་མཉམ་ཞིང་ཕྲ་མ་མྱོང་། །སྐད་པོ་ཆེ་ཡང་མ་ལགས་ཏེ།
།མི་ཡིས་བརྙས་པ་མི་ཡོང་ཙམ། །བརྩོན་འགྲུས་ཅན་ཡང་མ་ལགས་ཏེ།
།ལས་ལ་ཕྱི་བཤོལ་བྱེད་མ་མྱོང་། །དུས་སུ་བབས་པའི་བརྟུལ་ཞུགས་ཀྱིས།
།དགོས་དོན་བསྒྲུབས་ནས་བཞག་ཅེས་ཟེར། །སྤྲོ་ཐུང་སེམས་དཀར་ཀུ་ཅོ་ཆེ།
།གཞན་གཏམ་ཞན་ཞིང་རང་ཚོད་ཆུང་། །ནད་དཀོན་འབྱུང་ན་ཉེན་ཁ་ཆེ།།
༈ སྦྲུལ་གྱི་ལོ་ལ་གང་སྐྱེས་པ། །གདུག་རྩུབ་ཞེ་སྡང་ཆེ་བ་ཡིས།
།རང་རྒྱུད་རང་གིས་བསྲེག་པ་སྟེ། །རྩལ་སྟོབས་སྙིང་ལ་ཡོད་པ་ཡིན།
།རང་གིས་རང་ཉིང་མ་ཕུང་ན། །གཞན་གྱིས་ཕྲག་དོག་བྱས་གྱུར་ཀྱང་།
།ང་ལ་གནོད་པ་མི་ཡོང་ཟེར། །ཁ་ལྕེ་རོ་གྱོང་ཞེ་ནག་ལ། །གྲོས་ཁ་གཅིག་ལ་བཅོས་སུ་མེད།
།ཕོ་མཆིན་ན་ཞིང་གདུག་པ་ཆེ།།
༈ རྟ་ཡི་ལོ་ལ་གང་སྐྱེས་པ།
།རྫུ་འཕྲུལ་ཤུགས་དང་ལྡན་པའི་ལོ། །བརྩོན་འགྲུས་ཤིང་ཏུ་ཆེ་བས་ཏེ།
ངན་བྱེད་སྟོང་གིས་དེད་གྱུར་ཀྱང་། །དམས་སུ་རང་ཉིད་མ་ཉན་པས།
།ཚེ་གཞུགས་དཀྱུས་ལ་སྐྱིད་པ་འོང་། །མི་གཏམ་ཉན་ཞིང་རྟ་ལ་བྱམས།
།འགྲོ་མགྱོགས་གདོང་སྲབ་རྩེད་མོར་དགའ། །རང་དོན་གཞག་ལ་མི་དོན་གཉེར།
།སྨྲ་རྒོད་གཉིད་ཆུང་དར་གུད་ཆེ།།
༈ ལུག་གི་ལོ་ལ་གང་སྐྱེས་པ།
།ཁ་ཉུང་ཤེས་པ་རྨོངས་པ་སྟེ། །རོ་གྱོང་ཟ་ལ་དགའ་བ་ཡིན། །གནོད་པ་གཞན་ལ་མི་སྐྱེལ་ཏེ།
།ཕན་པ་འདོགས་པ་ངས་མི་ནུས། །བྱས་པའི་དྲིན་ལ་བཟོ་རྒྱུ་མེད།
།སྤྲོ་རིང་སེམས་ནིདཀར་བ་ཡིན། །སོས་དལ་སོ་ནམ་ཕྱི་བཤོལ་བྱེད། །དགའ་དང་མི་དགའ་མི་སྟོན་པར།
།བློར་ལོངས་ཆེ་ལ་ཟས་འབྲེལ་བཟང་།།
༈ སྤྲེ་འུའི་ལོ་ལ་གང་སྐྱེས་པ།
།སྤྲོ་ཐུང་ཁོང་གྲིམས་ཁ་བཅོས་ཆུང་། །ལུས་ཡང་ཤ་འདར་སྙིང་སྟོབས་ཆུང་།
།བློ་ཡངས་ལ་ཁའི་བྱ་སྒྲོ་འདྲ། །གང་འགྲོ་ཅི་བྱ་ཆ་ཡང་མེད།
།རྩེད་འཇོར་དགའ་ཞིང་ཆིག་མི་བརྟན། །གཏམ་མང་རྫུན་ལ་བརྩི་བ་དང་།
།གཙང་གཙང་འདྲ་ལ་བཙོག་ཟས་ཟ། །བྱ་བྱེད་མང་ལ་རང་མཐོང་ཆེ།།
༈ བྱ་ལོ་དག་ལ་གང་སྐྱེས་པ།
།ཕ་ནོར་ཡོད་པ་བོར་སྟོར་བྱས། །མ་ནོར་ཡོད་པ་ས་ལ་བསྲེས། །ང་རྒྱལ་ཁ་གཏོང་ཆེ་བ་སྟེ།
།མི་ཚོད་ཡོད་དེ་རང་ཚོད་མེད། ཆགས་པ་ཆེ་བའི་རང་བཞིན་གྱིས།
།མཐུན་གྲོགས་ཐན་གྲོགས་མེད་ཐབས་མེད། །ཁྲུས་གཙང་དགའ་ཞིང་གཉིད་ཀྱང་ཆུང་།
།མིག་ཞར་འཛུམ་ཞིང་ཟོར་ཡང་ཆེ། །འགྲོ་ན་མགོ་ལུས་བཅོས་ནས་འགྲོ།
།བློ་ངན་གྲོགས་དད་ཆེ་བའི་ལོ།།
༈ ཁྱི་ཡི་ལོ་ལ་གང་སྐྱེས་པ།
།ང་རྒྱལ་ཁྲོ་གཏུམ་ཆེ་བ་ཡིས། །ཕྱི་ནང་མེད་པར་བྱམས་པ་ཉུང་།
།རང་གི་སྒོས་གཅིག་ཐད་ཀར་བྱས། །ལྐོག་ནོར་མེད་ཀྱང་འགྱོད་རྒྱུ་ཆུང་།
།རང་སེམས་བཞག་ས་མ་རྣིེད་པས་་།།ཤེ་པ་བློ་སྣ་མང་བ་དང་།
།།སྐམ་སྐམ་ཚིག་ཚིག་བྱས་གྱུར་ཀྱང་། །།རང་རྒྱུད་བསྲེག་པའི་མེ་ཤིང་ཡིན་།
།དམར་དད་ཆེ་ཞིང་རྐང་པ་མགྱོགས། །འདོད་ཆགས་ཆེ་ཞིང་འགྲོ་ལ་དགའ་།
།གཞུང་བཟང་འཕྲལ་གྱོང་ཡ་རབས་བྱམས།།
༈ ཕག་ལོ་དག་ལ་སྐྱེས་པ་ནི། །ཤེས་པ་རྨོངས་ཤིང་རོ་ཚོད་ངན།
།ཟས་ལ་དགའ་ཞིང་བརྟུལ་ཞུགས་ཆེ། །རྩིང་དུ་སྨྲས་ཀྱང་གཞན་མི་འཇིགས་།
།ཞེ་ཕུགས་འཅརལ་བར་སོང་ཞེས་ཟེར། །ཧམ་ཆེ་ལག་དྲིན་ཁ་ཡིས་གསོད།
།རང་མི་ཕན་རྫུན་ཚིང་མང་། །བཟང་བྱམས་ངན་སྡང་གྲོད་པ་ཆེ། །ངོ་ནག་ཁོང་གྱོང་ཞེ་ནག་ལོ།།
༈ བྱི་བའི་ལོ་ལ་གང་སྐྱེས་པ། །མི་ལ་ཞེ་ཕུགས་ཞེ་བརྣག་ཆེ།
།བློ་བདེར་བཞག་པའི་ས་མེད་ཀྱང་། །མཚན་འགྲོས་རྐུན་མ་རེམ་པ་སྟེ།
།སྐྱེད་ཚེ་སྐྱིད་ཆོས་འགྲུབ་གྱུར་། །སྐྱིད་དུ་མི་སྟེར་སྡང་དགྲ་མང་།
།ཕྱི་རུ་ཧོལ་ལ་ནང་དུ་ཞིབ། །ཁ་ཡང་སྙིང་ཉེ་ལག་ཆུང་ཡིན།
།རྔམས་ཆེན་ཡལ་དོར་རྔམས་ཆུང་སྒྲུབ། །ཉག་ཉུག་ཏི་ཏིི་སྐོར་བ་བྱེད།།
༈ གླང་ལོ་དག་ལ་གང་སྐྱེས་པ།
།ཁོང་གྱོང་བཀོལ་བ་དཀའ་བ་སྟེ། །ཉལ་ལ་དགའ་ཞིང་རྒྱུན་སྤྱོད་ངན།
།བསྒྱུར་དཀའ་གྲོས་ཁ་ལྕི་བ་དང་། །ང་དང་ཅི་ཡང་མི་བྱེད་དེ།
།བྱས་ན་གནམ་ས་འཁྲུག་ཅེས་སྨྲ། །སོས་དལ་མགུ་དང་མ་མགུ་མེད།
།སྤྲོ་རིང་ལས་ངན་ཕྱི་ཐལ་ཆེ། །བློ་ཆེ་ཟ་དགའ་གླང་ཉལ་བྱེད། །མ་རིག་བྱི་བ་དང་སྦྱར་བའི།
།རྟེན་འབྲེལ་ལོ་བསྟུན་འབྲས་བུ་ཡང་། །འདི་དང་ཁྱད་པར་མེད་པར་སྟོན།།
༼སྲོག་ཁམས་ལོའི་འགྲེལ་བཤད་གོང་དུ་ཞུས་པ་དེས་འཐུས་པས།
དྲུག་ཅུ་ལོའི་འགྲེལ་བཤད་དགོས་མཁོ་མ་མཐོང་ནའང་རྩིས་པ་རྣམས་ཀྱིས་བཀོད་སྲོལ་འདུག་པས་གཤམ་དུ་བཀོད་ཡོད། གལ་ཏེ་དབང་ཐང་གི་འགྲེལ་བཤད་དགོས་ན་ ལུས་དང་ཀླུང་རྟའི་འགྲེལ་བཤད་ཀྱང་དགོས་གལ་ཆེ་བས་ལུས་ཀྱི་འགྲེལ་བཤད་ནི་བཻ་དཀར་སྟོད་ཆ་ཤོག་གྲངས་༢༧༡དང་།
ཀླུང་རྟའི་འགྲེལ་བཤད་ནི་བཻ་དཀར་སྟོད་ཆ་ཤོག་གྲངས་༢༨༡ནང་གཟིགས་པར་ཞུ།༽
ལོ་རྒན་དྲུག་ཅུ་ཐམ་པའི་འབྲས་བཤད།
༼འདི་ནི་རྩིས་གཞུང་བཻ་དཀར་ལས་བཤུས་པ་ཡིན།༽[6]
༈ ཤིང་ཕོ་བྱི་བའི་ལོ་པ་ནི། །ཤེས་པ་གསལ་ཞིང་བཟོ་རིགས་མཁས།
།གཡོ་དང་ཕྲ་མ་གཉིས་ཀ་ཆེ། །ཐབས་ཀྱིས་སྐྱེ་བོ་བསླུ་བར་བྱེད།
།ཟས་ནོར་འབྲིང་སྟེ་ཀླུ་ནད་མང་། །ཚེ་ཚད་བདུན་ཅུ་དོན་ལྔ་སྟེ།
།བུ་སྐལ་ལྔའམ་ཡང་ན་གསུམ། །བར་ཆད་བདུན་དང་བཅས་པའོ།།
༈
ཤིང་མོ་གླང་གི་ལོ་པ་ནི། །མཚན་མོ་ཅུང་ཟད་གཉིད་ཆེ་ཞིང་། །ཡིད་གཞུང་སེར་སྣ་ཆེ་བ་ཡིན།
།ཚེ་ཚད་དྲུག་ཅུ་ཐམ་པ་ཐུབ། །བར་ཆད་དྲུག་ཡིན་ཟས་ནོར་འདུ།
།དགྲ་བླ་འཕང་ཞིང་ཕུང་སྲི་དང་།།དུར་ས་བྲུས་པས་ས་བདག་གམ། །ཡང་ན་ཤིང་གི་ས་བདག་གནོད།།
༈ མེ་ཕོ་སྟག་གི་ལོ་པ་ནི། །ཁྲོ་གཏུམ་ཆེ་ལ་ལུས་པོ་དྲག །མིག་ཟླུམ་ཁེངས་པ་ཆེ་བ་ཡིན། །རང་ལ་མི་ཕན་གཞན་གནོད་སྐྱེལ།
།རྟག་ཏུ་ཁོང་གཅོང་ནད་མང་ལ། །ཆོས་ལ་མི་དད་སྤྲོ་ཐུང་ཞིང་། །ཆུང་མ་གཉིས་ཀྱི་བདག་པོར་འགྱུར། །བུ་ཡི་སྐལ་བ་བཞི་དང་ལྡན། །ཚེ་ཚད་དོན་དགུ་བར་ཆད་ལྔ་།།ཡོན་ཏན་ཅན་གྱི་རིགས་སུ་སྐྱེ།
།གྲི་དང་མཛེ་ཡིས་ན་བ་འོང་། །ནད་གཞི་ཀླུ་དང་བད་ཀན་ཆེ།།
༈ མེ་མོ་ཡོས་ཀྱི་ལོ་པ་ནི། །སེམས་སྐྱོན་ཆེ་ཞིང་ངག་མི་ཉན། །བདེན་པར་མི་སྨྲ་གཡོ་དང་ལྡན། །གཞན་གྱི་སྐྱོན་རྣམས་རྟོག་པ་དང་།
།རང་གི་ཡོན་ཏན་བསྟོད་པར་བྱེད། །བུད་མེད་དག་ལ་རབ་ཏུ་དགའ། །དམ་པ་དག་ལ་མི་བསྙེན་ཅིང་། །དེ་ནི་རང་བཞིན་མཁས་པ་ཅན།།ཚེ་ཚད་བདུན་ཅུ་དོན་ལྔ་ལ། །བར་ཆད་བདུན་དང་ལྡན་པ་ཡིན། །ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན།།ས་བདག་དང་ནི་རྒྱལ་པོས་གནོད། །ཆུ་སེར་གྲང་བའི་ནད་དང་ནི།
།སྙིང་རླུང་ཤིན་ཏུ་ཆེ་བའོ།།
༈ ས་ཕོ་འབྲུག་གི་ལོ་པ་ནི།
།བདེན་པར་མི་སྨྲ་ངག་སྐྱོན་ཆེ། །ལེ་ལོ་ཆེ་ཞིང་ཆང་ལ་དགའ།
།གཞན་གྱི་བུད་མེད་སྤྱོད་པར་བྱེད། །དེ་ནི་མགུ་བའི་སེམས་དང་ལྡན།།ལུས་ལ་ནད་ཀྱིས་གནོད་པ་ཉུང་། །སེམས་ནི་ཡངས་ཤིང་གཡོ་སྒྱུ་ཆེ། །ཚེ་ཚད་ལྔ་བཅུ་རྩ་ལྔ་ཐུབ།
།བར་ཆད་དྲུག་དང་ལྡན་པ་ཡིན། །བུ་སྐལ་ལྔའམ་ཡང་ན་བདུན། །ཡོན་ཏན་ཅན་གྱི་རིགས་སུ་སྐྱེས། །ཟས་ནོར་ལོངས་སྤྱོད་དང་པོ་ཆེ།།
༈
ས་མོ་སྦྲུལ་གྱི་ལོ་པ་ནི། །སེམས་སྟོབས་ཆེ་ཞིང་རྩལ་དང་ལྡན། །ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན། །རྐུ་འཕྲོག་དགྲ་ཡི་འཇིགས་པ་ཆེ།།མི་གཡང་ཉམས་ལ་རྫས་སྟོར་འབྱུང་། །སྐྱེས་པ་བྱེས་སུ་ཤི་བ་ཡོད། །ཆུ་ཤིང་གཉན་པོའི་ས་བདག་གནོད།
།ང་ང་་རྒྱལ་ཁོང་ཁྲོ་ལུས་སེམས་ནག།ཆགས་སེམས་དང་ནི་ཕྲག་དོག་ཆེ།།ལེ་ལོ་སྡིག་་པའི་གྲོགས་ལ་དགའ།།ཚེ་ཚད་བདུན་ཅུ་རྩ་དགུ་ཐུབ། །བར་ཆད་བཞི་དང་ལྡན་པ་ཡིན།།ཟས་ནོར་སྐལ་བ་ཆེ་བ་དང་། །བུ་སྐལ་དྲུག་དང་ལྡན་པ་ཡིན།
།གྲི་མཚོན་ངོ་དང་འབྲས་ལྷོག་འོང་།།
༈
ལྕགས་ཕོ་རྟ་ཡི་ལོ་པ་ནི། །ལེ་ལོ་ཆེ་ཞིང་གཉེན་ལ་དགའ། །གཞན་སྐྱོན་བལྟ་ལ་རང་སྐྱོན་སྤང་། །བཟའ་བ་དག་ལ་དགའ་བར་བྱེད།།ཚེ་ཚད་ལྔ་བཅུ་རྩ་བདུན་ཐུབ།བར་ཆད་དགུ་དང་བུ་སྐལ་བཞི། །ནོར་གོད་ཆེ་ཞིང་བུ་གསོ་དཀའ། །མཁར་ལས་བྱས་པས་ས་བདག་གནོད།།ནད་གཞི་གྲང་རླུང་ཤས་ཆེར་འབྱུང་།།
༈
ལྕགས་མོ་ལུག་གི་ལོ་པ་ནི། །ལུས་རྒྱས་དབང་པོ་དུལ་བ་སྟེ།།དྲན་རིག་ཆུང་ཞིང་མིག་ནད་མང་། །ཚེ་ཚད་བརྒྱད་ཅུ་གྱ་གཅིག་སྟེ།།བར་ཆད་བཞི་དང་དགྲ་གནོད་མང་། །ཁ་སྨྲས་མང་ཞིང་བུ་སྐལ་ཉུང་། །གདོན་དུ་ཀླུ་བཙན་གནོད་པ་ཡིན།།
༈
ཆུ་ཕོ་སྤྲེའུའི་ལོ་པ་ནི། །སྒྱུ་རྩལ་ཆེ་ལ་དབང་པོ་རྣོ། །དྲན་རིག་གསལ་ཞིང་འདུ་བྱེད་བཟང་། །ཚེ་ཚད་ལྔ་བཅུ་རྩ་བདུན་ཏེ།
།བར་ཆད་བདུན་དང་ལྡན་པ་ཡིན། །གྲོང་ཁྱེར་ལྔ་ཡི་བདག་པོར་གྱུར། །མེ་འཕུང་འབར་འདྲའི་ས་བདག་གིས། །མི་གནོད་སྐྱོབ་པ་ཤིན་ཏུ་ཆེ།།བུ་ཡི་སྐལ་བ་གསུམ་ཙམ་ཡོད།།ལོངས་སྤྱོད་ཆེ་ཞིང་བློ་རྣོ་སྟེ། །དམེ་དང་ལག་རྩུབ་ཡོངས་དོགས་ཡོད།།
༈
ཆུ་མོ་བྱ་ཡི་ལོ་པ་ནི། །ལུས་སེམས་གཉིས་ཀ་གཡེངས་པ་སྟེ། །སེམས་ནི་མི་བརྟན་བརྗེད་ངེས་ཆེ། །འགྲོ་ལ་དགའ་ཞིང་གྲོགས་པོ་མང་།།གཡོ་ལ་དགའ་ཞིང་ཚིག་མི་བཙན། །ཚེ་ཚད་དྲུག་ཅུ་ཐམ་པ་ཐུབ། །བར་ཆད་དགུ་དང་བཅས་པའོ། །ཁས་ཉེན་གཞན་གྱི་དབང་དུ་འགྲོ། །ཤིང་ལ་གནས་པའི་ས་བདག་གནོད། །ནད་ནི་རླུང་དང་ཚད་པ་འོང་། །གྲོགས་པོ་ཁྱིམ་མཚེས་ལ་སོགས་པ། །ཉེ་བ་དགྲར་ལྡང་བུ་སྐལ་གཉིས། །ཆུ་མིག་ནེའུ་སིང་ཀླུ་སྨན་འགོ།།གྲོང་ཁྱེར་སེར་སྐྱའི་འགོང་པོས་གནོད།།
༈
ཤིང་ཕོ་ཁྱི་ཡི་ལོ་པ་ནི། །སྒྱུ་རྩལ་ཆེ་ལ་དབང་པོ་རྣོ། །དྲན་རིག་ཆེ་ཞིང་ལུས་བྱད་བཟང་། །ཚེ་ཚད་བདུན་ཅུ་དོན་དགུ་སྟེ། །བར་ཆད་ལྔ་དང་ལྡན་པ་ཡིན། །གྲོང་ཁྱེར་བདག་པོའམ་རྗེ་བོར་འགྱུར། །མེ་ཕུང་འབར་བ་འདྲ་བ་ནས།
།ཀླུ་བཙན་བཟང་པོས་སྟོང་གྲོགས་བྱེད།།བུ་གསུམ་འཕྲལ་གྱི་ལོངས་སྤྱོད་ཆེ། །དམེ་དང་ལག་བཙོག་འོང་དོགས་ཡོད།།
༈
ཤིང་མོ་ཕག་གི་ལོ་པ་ནི། །ལུས་དང་ཤ་དག་ཆེ་བ་སྟེ། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཁོང་དུ་ང་རོ་ཡང་བ་ཡིན། །གྲོགས་དང་མཛའ་བོས་བསླུ་བར་བྱེད། །ཚེ་ཚད་དྲུག་ཅུ་རྩ་བཞི་ཐུབ། །བར་ཆད་ལྔ་དང་ལྡན་པ་ཡིན། །མི་དེ་ཕན་པར་འོང་དོགས་ཡོད། །རབ་ཆད་ནོར་གྱིས་ཕན་པར་གྱུར།།
༈
མེ་ཕོ་བྱི་བའི་ལོ་པ་ནི། སེམས་བསྐྱེད་ཆེ་ཞིང་དྲན་པ་མང༌།
ནོར་དང་ཟས་ལ་སྲེད་པ་ཆེ། །གཞན་གྱི་མཚང་ཚིག་སྨྲ་ལ་མཁས། །བརྐུ་དང་སྲོག་གཅོད་ལས་ལ་བརྩོན།
།ཚེ་ནི་དྲུག་ཅུ་རྩ་བརྒྱད་ཐུབ། །བར་ཆད་ལྔ་དང་ལྡན་པ་ཡིན།
།གཡའ་རི་གངས་རིའི་རྩེ་མོ་ནས། །ཀླུ་སྨན་བཟང་མོས་འགོ་བར་བྱེད།
།ཕོ་ནད་གཅོང་ནད་ཚད་ནད་དང༌། །སྙིང་ནད་ཅན་དུ་འགྱུར་བ་ཡིན།།
༈
མེ་མོ་གླང་གི་ལོ་པ་ནི། །ལུས་ཆེ་གཉིད་ཆེ་ཤེས་པ་འཐིབས། །མིག་གི་དབང་པོ་ཉམས་པར་འགྱུར། །ཁ་ཟས་ལོངས་སྤྱོད་ཆེ་བ་ཡིན།
།ཚེ་ནི་བདུན་ཅུ་དོན་གཅིག་ཐུབ། །བར་ཆད་བརྒྱད་དང་བཅས་པའོ། །ལྷ་ཁང་རྒྱལ་པོའི་གནོད་པ་འོང་། །འབྲུ་དང་རྐང་བྲན་འཕེལ་བར་འགྱུར། །བུ་སྐལ་གཅིག་དང་བུ་མོ་གཉིས།
།ནད་ནི་བད་ཀན་ཤས་ཆེར་འབྱུང༌།།
༈
ས་ཕོ་སྟག་གི་ལོ་པ་ནི། །ལུས་རྒྱས་ཞེ་སྡང་གསོད་ལ་དགའ། །ཟས་ལ་སྲེད་པ་ཆེ་བ་སྟེ། །རྫུན་དང་ཡིག་ཚང་སྨྲ་ལ་མཁས།
།དགྲ་དང་འདྲེ་ཡི་གནོད་པ་ཉུང་། །ཞིང་ས་སྟག་གཞུང་འདྲ་བ་ནས། །ས་བདག་འཕྱེ་བོས་གནོད་པར་འགྱུར། །ནད་དུ་སྐྲན་དང་དམུ་ཆུ་འོང་།།ཚེ་ཚད་བདུན་ཅུ་དོན་གཉིས་ཐུབ། །བར་ཆད་བདུན་དང་བཅས་པའོ། །བྲག་རིའི་རྩེ་ནས་ཀླུ་བཙན་གནོད།
།བུ་ཡི་སྐལ་བ་གཉིས་ཙམ་ཡོད།།
༈
ས་མོ་ཡོས་ཀྱི་ལོ་པ་ནི། །སྨྲ་བ་མང་ལ་ཤེས་རབ་ཆེ། །སྒྲ་དང་བསྟན་བཅོས་ཀུན་ཤེས་ཤིང་། །ཚེ་ཚད་ལྔ་བཅུ་ཐམ་པ་ཐུབ། །བར་ཆད་དྲུག་དང་བུ་སྐལ་གཅིག །ཟས་ནོར་ལོངས་སྤྱོད་ཆུང་བ་ཡིན། །གཞན་གྱི་བུད་མེད་སྤྱོད་པར་བྱེད། །ཀུ་རེ་ཀྱལ་ཀ་དག་ལ་དགའ། །མཐའ་བཞིའི་གཉེན་ལ་ཕུང་འགྱོད་མང་། །རྒྱལ་རིགས་ཀླུ་རིགས་ཀླུ་འགྲས་དང་། །ཕ་མེས་མཛེ་ཡིས་ཤི་བ་ཡོད། །གློ་གཅོང་ནད་ཀྱིས་ཤི་བ་འོང་།།
༈
ལྕགས་མོ་སྦྲུལ་གྱི་ལོ་པ་ནི། །ཤེས་པ་གསལ་ལ་བཟོ་རིགས་མཁས།
།གཞན་གྱི་མཚང་ཚིག་བརྟག་ལ་མཁས། །ཆོམ་རྐུན་དགྲ་དང་གནོད་པ་མང་།
།གྲོགས་ངན་དག་དང་འབྲེལ་བ་ཡིན། །ཚེ་ཚད་བདུན་ཅུ་དོན་བརྒྱད་ཡིན།
།བར་ཆད་དྲུག་དང་བཅས་པའོ། །ཟས་ནོར་སྔར་ཆུང་ཕྱིས་ནས་ཆེ།
།ཕ་མ་གཉིས་དང་འགྲོགས་ཡུན་ཐུང་། །གཞན་དྲིངཆེ་ལ་མ་ཕེས་སར།
།ལྕེབས་གྲིར་གདོན་དང་གཏན་ཕུར་གནོད། །ནད་གཞི་འགག་ལྷོག་གློ་བུར་དུ།
།ཡང་ན་སྨྱོ་འབོག་གནོད་པ་ཡིན། །བུ་ཡི་སྐལ་བ་གསུམ་ཞེས་བཤད།།
༈ ཆུ་ཕོ་རྟ་ཡི་ལོ་པ་ནི།
།ཤེས་རབ་ཤིན་ཏུ་ཆེ་བར་བཤད། །གཞན་སྐྱོན་མི་ཚིག་བཟོ་ལ་མཁས།
།མ་རིག་འཁྲུལ་ཆུང་དཔལ་དང་ལྡན། །སོ་ནམ་རེས་ཡོད་རེས་མེད་བྱེད།
།ཁོང་དྲང་སྒྱུ་ཆུང་གཞན་སྐྱོན་མཁས། །གཞན་གྱི་དབང་དུ་མི་འགྲོ་སྟེ།
།ཚེ་ཚད་བདུན་ཅུ་རྩ་བདུན་ནམ། །ཡང་ན་ལྔ་བཅུ་ང་བདུན་ཐུབ། །བར་ཆད་བརྒྱད་དང་བཅས་པའོ།
།ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན། །བུ་ཡི་སྐལ་བ་གསུམ་མམ་བཞི།
།ནད་གཞི་སྙིང་རླུང་འཕྱོ་བའམ། །ས་བདག་དང་ནི་ཕུར་ཁས་གནོད།
།རབས་ཆད་ནོར་གྱིས་འཕུང་འདྲེ་ལངས། །དཀོར་དང་ནོར་ལ་རྒྱལ་བསེན་གནོད།།
༈
ཆུ་མོ་ལུག་གི་ལོ་པ་ནི། །ཤེས་རབ་ཆུང་ཞིང་འགྲོ་ལ་དགའ། །སྲེད་པའི་འདུ་ཤེས་ཆེ་བ་ཡིན། །བར་ཆད་ལྔ་དང་བུ་སྐལ་ཉུང་།
།ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན། །ཚེ་ཚད་བདུན་ཅུ་རྩ་གསུམ་ཐུབ།
།རྐུ་འཕྲོག་དགྲ་ཡི་འཇིགས་པ་མང་། །གཡང་ཉམས་རྟ་ཕྱུགས་སྟོར་བའོ།
།སྐྱེས་པ་བྱེས་སུ་ཤི་བ་ཡོད། །ཤིང་གཉན་ཆུ་གཉན་ས་བདག་གནོད།
།ནད་དུ་བད་ཀན་ཆེ་བར་ཡོང་།།
༈
ཤིང་ཕོ་སྤྲེའུའི་ལོ་པ་ནི། །ལུས་རྒྱས་གདུང་སེམས་ཤིན་ཏུ་ཆེ༌།
།བར་ཆད་བདུན་དང་ལྡན་པ་ཡིན། །སྡིག་པའི་གྲོགས་པོ་བསྟོད་ལ་དགའ།
།ཚེ་ཚད་བདུན་ཅུ་རྩ་བརྒྱད་ཐུབ། །གཉིད་ཆུང་དགྲ་མང་སེམས་གཡོ་ཆེ།
།རང་དོན་ཆུང་ཞིང་ཡུལ་གཉིས་འཛིན། །ནད་མང་གྱོད་རྩོད་གཞི་མ་བྱེད། །ཆུ་ཀླུང་རི་གཟར་རྩེ་མོ་ནས།
།བཙན་དང་ས་བདག་རྒྱལ་པོས་གནོད༌། །ཟས་ཀྱི་སྐལ་བ་མཐོ་དམའ་ཆེ།
།བུ་ཡི་སྐལ་བ་ལྔའམ་གཅིག།
༈
ཤིང་མོ་བྱ་ཡི་ལོ་པ་ནི། །ལུས་པོ་སྔོ་ཞིང་གཅོང་ནད་མང་། །རྒན་རིམ་དག་ལ་ནད་གཞི་འཁྲུག
།གཉན་དང་རྩ་བ་འཁྲུག་པར་འགྱུར། །ཚེ་ཚད་དྲུག་ཅུ་ཐམ་པ་ཐུབ།
།གྲོགས་དང་གཉེན་ཚད་དགྲ་རུ་ལྡང་། །འཐབ་རྩོད་ལ་དགའ་འདྲེ་མོ་དང་།
།དམ་ལས་འདས་པའི་གྲེ་མོས་གནོད། །བུ་ཡི་སྐལ་བ་གཅིག་གམ་གསུམ།།
༈ མེ་ཕོ་ཁྱི་ཡི་ལོ་པ་ནི།
།ནད་མང་རབས་ཆད་གུམ་མ་འདྲ༌། །སེམས་དགེ་སྤྲོ་རིང་གཙོ་བོ་བྱེད།
།དབེན་གནས་ས་བདག་གནོད་ཅིང་སྡིག །གྲོང་ཁང་མེས་ཚིག་འོང་བར་འགྱུར།
།ཚད་ནད་མཁྲིས་པའི་ན་ཚ་འོང་། །གྲེ་བོ་བཙན་དང་ས་བདག་གནོད།
།ཚེ་ཚད་དྲུག་ཅུ་རྩ་བརྒྱད་ཡིན། །བར་ཆད་བདུན་དང་བུ་སྐལ་གསུམ།།
༈
མེ་མོ་ཕག་གི་ལོ་པ་ནི། །ལུས་ངན་ནད་ཀྱི་གནོད་པ་མང་། །ཡ་རབས་གོང་མ་དགྲ་རུ་ལྡང་།
།གྲོང་ཁང་མེ་ཡིས་འཚིག་པ་དང་། །ཚད་ནད་མཁྲིས་པ་ཤས་ཆེའོ། །གྲེ་བོ་བཙན་དང་ས་བདག་གནོད།
།ཚེ་ཚད་དྲུག་ཅུ་རྩ་བརྒྱད་ཡིན། །བར་ཆད་བདུན་དང་བཅས་པའོ། །བུ་ཡི་སྐལ་བ་གསུམ་དང་ལྡན།།
༈
ས་ཕོ་བྱི་བའི་ལོ་པ་ནི། །ལུས་ཐུང་སྲོག་གཅོད་ལས་ལ་དགའ།
།ཡིད་གཞུང་སེམས་སྐྱོན་ཆེ་བ་ཡིན། །ནད་ནི་བད་ཀན་ཕོ་བ་བརྫི།
།མཚོན་ཕོག་གྲི་རུ་འཆི་བ་འོང་། །ཁ་འཇམ་རང་འདོད་ཆེ་བ་ཡིན།
།ཚེ་ཚད་དྲུག་ཅུ་རྩ་བརྒྱད་ཐུབ། །བར་ཆད་བདུན་དང་བུ་སྐལ་གཅིག།
༈
ས་མོ་གླང་གི་ལོ་པ་ནི། །ལུས་ལྕི་ང་རྒྱལ་སེམས་སྐྱོན་ཆེ།
།ཟས་ནོར་ལོངས་སྤྱོད་ཆུང་བ་ཡིན། །གཞིས་ལ་གནས་པའི་ས་བདག་གནོད།
།མི་ཁ་བག་ཙམ་ལྡང་བ་ཡིན། །བློ་སེམས་རྩུབ་ལ་གྱོང་ཞིང་གཏུམ། །ཚེ་ཚད་ལྔ་བཅུ་ཐམ་པ་ཐུབ།
།བུ་སྐལ་གཅིག་དང་བར་ཆད་བདུན།།
༈ ལྕགས་ཕོ་སྟག་གི་ལོ་པ་ནི།
།ཁྲོ་གཏུམ་གསོད་ཅིང་གཏོང་ལ་དགའ། །ལུས་པོ་བཟང་ཞིང་ཤ་ཡང་དཀར།
།ཤ་ཆང་ཆགས་སེམས་སྲེད་པ་ཆེ། །ཚིག་རྩུབ་སྨྲ་ལ་གྲི་མཚོན་ངོ་།
།བཙན་དང་རྒྱལ་པོས་གནོད་པ་ཡིན། །ཚེ་ཡི་ཚད་ནི་དྲུག་ཅུ་སྟེ།
།གློ་བུར་ཡེ་འབྲོག་བར་ཆད་ལྔ་། །བུ་སྐལ་གཉིས་སམ་ཡང་ན་བཞི། །ཟས་ནོར་ལོངས་སྤྱོད་མི་བརྟན་ནོ།།
༈
ལྕགས་མོ་ཡོས་ཀྱི་ལོ་པ་ནི། །སེམས་རྒྱ་ཆེ་ཞིང་ཡིད་ཀྱང་གཞུང་།
།བརྩོན་འགྲུས་ཆེ་ཞིང་ཤེས་རབ་རྣོ། །མི་ལ་འབྱམས་ཤིང་གཏོང་སེམས་ཆེ།
།གཟེར་ཟུག་ནད་མང་ཡོན་ཏན་ཆེ། །གྲིར་ནི་འཆི་བའི་ཉེན་ཡོད་དེ།
།དམེ་དང་ས་བདག་གནོད་པ་འོང་། །ཁང་སྟོང་ལྷ་ཁང་བསེན་མོས་གནོད། །ཚེ་ཚད་དྲུག་ཅུ་རེ་གཅིག་སྟེ།
།བར་ཆད་ལྔ་དང་བུ་སྐལ་ལྔ་། །ཟས་ནོར་ལོངས་སྤྱོད་བག་ཙམ་ཡོང་།།
༈
ཆུ་ཕོ་འབྲུག་གི་ལོ་པ་ནི། །ལུས་ལ་སྨེ་བའི་མཚན་མ་ཡོད། །ཡུལ་མཁར་མི་རྟག་ཡང་ཡང་བརྗེ།
།མདའ་སོགས་རྩེད་མོའི་ལས་ལ་དགའ། །ནོར་དང་བུ་ཚར་རབས་ཆད་མང་།
།མི་བརྒྱུད་གླེན་པའི་ཉེ་འབྲེལ་མང་། །ཚེ་ཚད་དྲུག་ཅུ་རྩ་གཉིས་ཐུབ།
།བར་ཆད་དྲུག་དང་ལྡན་པ་ཡིན། །བུ་ཡི་སྐལ་བ་ལྔའམ་གཅིག །ཟས་ནོར་གང་སྟོང་ཆེ་བ་ཡིན།།
༈ ཆུ་མོ་སྦྲུལ་གྱི་ལོ་པ་ནི།
།སྙིང་ནས་ཞེ་སྡང་ཆེ་བ་ཡིན། །གྲོགས་ལ་མི་ཡི་ལོངས་སྤྱོད་ཆེ།
།ལག་བཟོ་ཡིད་ཀྱི་ཕྲ་མ་སྨྲ། །ཚེ་ཚད་དྲུག་ཅུ་རྩ་བརྒྱད་ཐུབ། །མི་བརྒྱུད་རབས་ཆད་མང་བ་ཡོད།
།ནོར་ལ་རྒྱལ་པོའི་གནོད་པ་ཡོད། །བྲག་དམར་ལ་གནས་ས་བདག་གནོད།
།གྲང་རླུང་ནད་ཀྱིས་ཉེན་པར་འགྱ྄ར། །ཁར་འདོན་ཡངས་ལ་ཁོང་པ་ཆུང་།
།བུ་ཡི་སཀལ་བ་ཉུང་བར་བཤད།།
༈
ཤིང་ཕོ་རྟ་ཡི་ལོ་པ་ནི། །གཡོ་སྒྱུ་ཆེ་ལ་འགྲོ་མི་བདེ། །ཞེ་སྡང་ཆེ་ལ་བློ་སྣ་བརྟུལ།
།དད་པ་དང་ནི་གདུང་སེམས་ཆུང་། །ཤེས་དང་བརྟུལ་ཞུགས་ཆེ་བ་ཡིན།
།གྲོགས་ལ་དགའ་ཞིང་སྨྲ་བ་མང་། །ནད་གཞི་རླུང་དང་བད་ཀན་ལྡང་།
།རྒྱལ་པོ་ས་བདག་གནོད་པ་ཡིན། །ཚེ་ཚད་དྲུག་ཅུ་བུ་སྐལ་གཅིག །བར་ཆད་གསུམ་དང་ལྡན་པའོ།།
༈
ཤིང་མོ་ལུག་གི་ལོ་པ་ནི། །ལུས་རྒྱས་དབང་པོ་གསལ་བ་སྟེ། །ཚེ་ཚད་དྲུག་ཅུ་བུ་སྐལ་གཉིས།
།བར་ཆད་གསུམ་དང་ལྡན་པ་ཡིན། །ཤེས་པ་བླུན་ལ་ཟས་ལ་དགའ།།
༈ མེ་ཕོ་སྤྲེའུའི་ལོ་པ་ནི།
།ཚེ་ཚད་དྲུག་ཅུ་རྩ་བདུན་ཐུབ། །ནད་གཞི་རླུང་དང་མཁྲིས་པ་མང་།
།གོས་དང་རྒྱན་ཆ་ལ་དགའ་ཞིང་། །བར་ཆད་ལྔ་དང་ལྡན་པ་ཡིན།
།གྲོང་ཁྱེར་ལྔ་ཡི་དེད་དཔོན་འགྱུར། །ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན། །བུ་ཡི་སྐལ་བ་ལྔ་དང་ལྡན།
།ཁ་ཡང་ངོ་རྒོད་སྟོབས་ཀྱང་ཆེ། །འདོད་ཆགས་ཆེ་ལ་གཞན་མཚང་རྟོག།
༈ མེ་མོ་བྱ་ཡི་ལོ་པ་ནི།
།སེམས་ཡངས་གཡོ་སྒྱུ་ཁ་ཕོ་ཆེ། །ལག་པ་བཟོ་ལ་གདོང་ཡང་དྲག
།རྐུ་དང་སྲོག་གཅོད་ལས་ལ་བརྩོན། །བརྗེད་ངེས་ཆེ་ཞིང་འདོད་པ་ཆེ།
།དུར་ཁྲོད་ལྷ་ཁང་འདྲེ་མོས་གནོད། །ཚེ་ཚད་དྲུག་ཅུ་རྩ་ལྔ་ཐུབ།
།བར་ཆད་དྲུག་དང་ལྡན་པ་སྟེ། །གྲི་མཚོན་ནད་ཀྱི་འཇིགས་པ་ཆེ།
།བྱི་ལ་ཤིན་ཏུ་དགའ་བ་ཡིན།།
༈ ས་ཕོ་ཁྱི་ཡི་ལོ་པ་ནི།
།སྤྲོ་ཐུང་ཁྲོ་ཞིང་བློ་སེམས་མང་། །བྱེད་ཚིག་མང་ཞིང་འདོད་ཞེན་ཆེ།
།མི་ལ་འཕྱ་དང་རྩེད་མོར་དགའ། །རླུང་མཁྲིས་ནད་གཞི་ཤིན་ཏུ་ཆེ།
།ཤི་བའི་མི་དང་འགྲོགས་པ་རྨི། །སྙིང་མི་དགའ་ཞིང་ལོངས་སྤྱོད་ཆུང་།
།བུ་ཡི་སྐལ་བ་གསུམ་མམ་བཞི། །ཡང་མེས་ཟ་འདྲེས་གནོད་པར་བྱེད།
།ཚེ་ཚད་བདུན་ཅུ་བར་ཆད་བདུན།།
༈ ས་ཕོ་ཕག་གི་ལོ་པ་ནི།
།ཤེས་པ་ཆུང་ཞིང་དགྲ་གནོད་མང་། །གཉེན་བཤེས་མི་ལ་ཕན་ཐོགས་ཉུང་།
།སྔོན་ཆད་བསྟེན་པའི་ཕོ་འདྲེ་དང་། །ཉ་འདྲེའི་ཞིང་ནས་ས་བདག་གནོད།
།ཚེ་ཚད་དྲུག་ཅུ་རྩ་བདུན་ཐུབ། །བར་ཆད་ལྔ་དང་བུ་སྐལ་གཉིས།
།ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན།།
༈ ལྕགས་ཕོ་བྱི་བའི་ལོ་པ་ནི།
།ལུས་རྒྱས་ཤེས་པ་གསལ་བ་ཡིན། །ཀྱལ་ཀ་དག་ལ་རབ་དགའ་ཞིང་།
།མང་པོའི་གསེབ་ན་སྙིང་ལྟར་མཛེས། །དད་པ་ཆེ་ཞིང་ཀུན་ལ་འཇུག
།ཕན་གནོད་ནུས་ལ་དགྲ་བགེགས་ཉུང་། །འཐབ་མོ་ལ་དགའ་ནོར་གོད་ཆེ།
།མི་དོན་ཆེ་ལ་རང་དོན་ཆུང་། །ཚེ་ཚད་ལྔ་བཅུ་ང་བདུན་ཏེ། །བུ་སྐལ་ལྔ་དང་བར་ཆད་དྲུག
།ནོར་དང་འབྲུ་ཚོགས་བརྟན་པ་ཡིན། །རྒྱལ་པོའི་དབང་དུ་མི་འགྲོ་ཞིང་།
།མི་རྣམས་ཀུན་གྱིས་འཁུར་བར་འགྱུར།།
༈
ལྕགས་མོ་གླང་གི་ལོ་པ་ནི། །ལུས་ཡངས་བཟོ་རིགས་ཀུན་ཤེས་ཤིང་། །བྱེད་པ་བཟང་ལ་གོ་དོན་ཆེ།
།ནད་དང་དགྲ་ཡི་གནོད་པ་ཉུང་། །གཉིད་དང་ལེ་ལོ་ཆེ་བ་ཡིན།
།གྲོགས་དང་རྒྱལ་པོས་དགའ་བར་བྱེད། །ཆུ་ལ་གནས་པའི་ས་བདག་གནོད།
།ཚེ་ཚད་ལྔ་བཅུ་རྩ་ལྔ་སྟེ། །བར་ཆད་བདུན་ལ་བུ་སྐལ་གཉིས།
།གཏུམ་ཞིང་ཤིན་ཏུ་གྱོང་བ་ཡིན།།
༈ ཆུ་ཕོ་སྟག་གི་ལོ་པ་ནི། །ལུས་རགས་ཉམས་་རྩལ་དག་དང་ལྡན།
།རང་ལུས་མཐོ་ཞིང་བསྟོད་ལ་དགའ། །སེམས་སྐྱོན་ཆེ་ཞིང་བཅོས་པ་དཀའ།
།ཁ་རུ་དཀར་ལ་གཏིང་ལ་ནག །བུད་མེད་དག་དང་སྦྱོར་ལ་དགའ། །གཞན་གྱི་བུད་མེད་རྐུ་བར་བྱེད།
།ཚེ་ཚད་དོན་གཅིག་བར་ཆད་བདུན། །ཆུང་མ་བྱེ་བྲལ་བུ་སྐལ་གཅིག
།ཟས་དང་ནོར་ལ་གང་སྟོང་ཆེ།།
༈ ཆུ་མོ་ཡོས་ཀྱི་ལོ་པ་ནི།
།མི་རྣམས་ཀུན་ལ་བློ་མི་གཏོད། །སྨྲ་རུ་ངོ་ལྡོག་སྡིག་གྲོགས་ཆེ།
།ཚོང་དང་གཉིད་ལ་དགའ་བ་སྟེ། །ཕ་ཡི་གདན་ས་འཕྲོག་པ་ཡིན། །བརྗེད་ངེས་དང་ནི་སེར་སྣ་ཆེ།
།དུར་ཁྲོག་ལྷ་ཁང་རྒྱལ་པོས་གནོད། །གཡང་ས་ཆེན་པོ་རྨི་བར་བྱེད།
།ཚེ་ཚད་བདུན་ཅུ་རྩ་གཉིས་ཐུབ། །བུ་སྐལ་ཡ་ཡུད་ཆེ་བ་ཡིན།།
༈ ཤིང་ཕོ་འབྲུག་གི་ལོ་པ་ནི།
།ང་བློ་ཡངས་ལ་བཟོ་རིགས་མཁས། །ངག་འཇམ་སྨྲ་མཁས་འགྲོགས་པ་བདེ།
།ནད་ནི་མཁྲིས་ཤས་ཆེ་བ་ཡིན། །འགྲོ་འདུག་ལ་སོགས་འདུ་བྱེད་མང་།
།ཚེ་ཚད་དྲུག་ཅུ་རེ་དྲུག་ཡིན། །བར་ཆད་དྲུག་དང་བུ་སྐལ་ཉུང་།
།ཆུ་མིག་ཆུང་ངུའི་ས་བདག་གནོད། །མི་ནི་ཤིན་ཏུ་ཕྲག་དོག་ཆེ། །ཟས་ནོར་དབང་ཐང་ལྡན་པ་ཡིན།།
༈ ཤིང་མོ་སྦྲུལ་གྱི་ལོ་པ་ནི།
།སེམས་ཆུང་ལུས་རིང་ང་བློ་ཡངས། །ཡ་རབས་བྱམས་ལ་མ་རབས་སྡང་། །ནད་ཉུང་བུ་དང་ལྡན་པ་ཡིན།
།རང་འདོད་ཤིང་ཏུ་ཆེ་བ་དང་། །ཟས་ནོར་ལོངས་སྤྱོད་ཆེ་བ་ཡིན།
།ཚེ་ཚད་བདུན་ཅུ་དོན་བདུན་ཐུབ། །བར་ཆད་བཞི་དང་ལྡན་པ་སྟེ། །ཁ་ལ་ཡངས་ཤིང་གཏོང་ལ་དོག
།ནོར་ལ་ངན་ལ་རང་མཐོང་ཆེ།།
༈
མེ་ཕོ་རྟ་ཡི་ལོ་པ་ནི། །ཁྲོ་གཏུམ་ཆེ་ལ་ང་བློ་ཡངས། །ཁེ་དྲག་ཆེ་ཞིང་འཐབ་ལ་དགའ།
།ནོར་ནི་ཕུགས་སུ་ཆུང་བ་ཡིན། །རྟ་དང་ཁྱི་ལ་བརྩི་བ་སྟེ།
།མི་ལ་གནོད་ཅིང་གྲོགས་ལ་བརྩོན། །དེ་ནི་ཆུང་མ་དག་དང་ལྡན།
།ལོངས་སྤྱོད་མི་རྟག་འདོད་ཐག་ཉེ། །ནད་ནི་གློ་གཟེར་ཚད་ནད་མང་།
།གྲེ་བོ་དང་ནི་རྒྱལ་པོས་གནོད། །བར་ཆད་བདུན་དང་བུ་སྐལ་གཉིས།
།ཚེ་ཚད་བདུན་ཅུ་དོན་བརྒྱད་ཐུབ།།
༈ མེ་མོ་ལུག་གི་ལོ་པ་ནི།
།ལུས་རྒྱས་གཞུང་བཟང་ཕྱི་ཐག་རིང་། །སེམས་ལ་བསམ་པའི་དོན་རྣམས་འགྲུབ།
།སྒྲ་སྙན་ཡིད་འོང་ངོ་ཤེས་ཤིང་། །ནོར་སྲེད་ཆེ་ལ་བར་ཆད་བདུན། །ཚེ་ཚད་བདུན་ཅུ་རྩ་བདུན་ཏེ།
།བུ་དང་ཚ་བོ་མང་བ་ཡིན། །དགྲ་དང་གདོན་གྱི་གནོད་པ་མང་། །ཞིང་ས་ཟུར་གསུམ་ས་བདག་གནོད།
།ནད་གཞི་མཁལ་མ་གཅོང་ནད་འོང་།།
༈ ས་ཕོ་སྤྲེའུའི་ལོ་པ་ནི།
།འགྲོགས་ལ་བདེ་ཞིང་སྤྱོད་ལམ་མཛེས། །ཤེས་པ་དལ་ལ་སྨྲ་བ་མཁས།
།བྱེད་པ་ཐམས་ཅད་དོན་ཡོད་འགྱུར། །ང་རྒྱལ་ཆུང་ཞིང་དོན་དང་ལྡན།
།མི་རྣམས་ཀུན་གྱིས་བཀུར་བར་འོང་། །ཚེ་ཚད་བདུན་ཅུ་དོན་བརྒྱད་ཡིན།
།བར་ཆད་ཚེ་འཕྲང་དགུ་འོང་ཞིང་། །བུ་སྐལ་དག་ཀྱང་གསུམ་དུ་ཡོད།
།ནོར་དང་ཕྱུགས་སུ་ལྡན་པ་སྟེ། །ནད་གཞི་རླུང་དང་བད་ཀན་འོང་།
།ཞིང་ས་ཟླུམ་པོ་ལ་གནས་པའི། །ས་བདག་རྗེ་རིགས་གནོད་པར་བྱེད།།
༈ ས་མོ་བྱ་ཡི་ལོ་པ་ནི། །ང་བློ་ཡངས་ལ་ཤེས་པ་གསལ།
།མི་རྣམས་བྱམས་ལ་ཁ་སྤྲོ་ཐུང་། །ཕྲག་དོག་སེར་སྣ་ཆེ་བ་སྟེ།
།ང་རྒྱལ་ཆེ་ཞིང་འདོད་ཆགས་ཆེ། །ཁང་ཞིང་དག་གི་ས་བདག་གནོད། །མིག་དང་དབང་པོ་ཉམས་པ་དང་།
།ནད་ནི་མཁྲིས་པ་ཆེ་བ་ཡིན། །ཚེ་ཚད་བདུན་ཅུ་བར་ཆད་བདུན། །བུ་སྐལ་དྲུག་དང་ལྡན་པ་ཡིན།།
༈ ལྕགས་ཕོ་ཁྱི་ཡི་ལོ་པ་ནི།
།ཤེས་པ་གསལ་ཞིང་སྤྱོད་ལམ་མཛེས། །སེམས་དཀར་དགེ་བ་དག་ལ་བརྩོན།
།བཟོ་རིགས་མཁས་ལ་སྨྲ་དོན་ཉུང་། །འཇིག་རྟེན་རིག་པ་ཤིན་ཏུ་རྨོངས།
།གཉིད་ཆེ་འབྲུ་ནོར་འཕེལ་བར་འགྱུར། །བུ་ཡི་སྐལ་བ་གསུམ་མམ་བཞི།
།ཁྲེལ་དང་ངོ་ཚ་ཤེས་པའོ། །དེ་ལ་ཆོམ་པོའི་འཇིགས་པ་འོང་། །ཚེ་ཚད་དོན་བདུན་བར་ཆད་བདུན།།
༈ ལྕགས་མོ་ཕག་གི་ལོ་པ་ནི།
།ཤེས་པ་གསལ་ཞིང་སྤྱོད་ལམ་མཛེས། །སྐྱེ་བོ་ཀུན་གྱི་འབུལ་བའི་གནས།
།བུད་མེད་གཉིས་དང་ལྡན་པ་ཡིན། །དཔལ་ཡང་ཤིན་ཏུ་ཆེ་བ་ཡིན། །དང་པོ་འཁོར་གྱི་ས་ལ་གནས།
།བུ་ཡི་སྐལ་བ་གཉིས་སམ་བཞི། །བར་ཆད་བདུན་དང་ལྡན་པ་ཡིན། །ཚེ་ཚད་བདུན་ཅུ་ཐུབ་པར་བཤད།།
༈
ཆུ་ཕོ་བྱི་བའི་ལོ་པ་ནི། །ཤིན་ཏུ་མཛེས་ལ་སེམས་སྲན་ཆེ། །ཚེ་ཚད་བདུན་ཅུ་རྩ་གཉིས་འཚོ།
།བར་ཆད་བདུན་དང་བུ་སྐལ་གཉིས། །ཡང་ན་ལྔ་ཡང་འབྱུང་བའང་སྲིད། །ཟས་དང་ནོར་ལ་གོད་ཁ་ཆེ།
།འདོད་ཆགས་བྱི་ལ་དགའ་བ་ཡིན། །ཁོག་པ་གཡོ་དང་ཁྲམ་གྱིས་བརྒྱངས། །ཟས་ནོར་དག་ལ་ཤིན་ཏུ་བརྣག
།ཤར་ནས་ཤིང་གཉན་ས་བདག་གནོད།།
༈ ཆུ་མོ་གླང་གི་ལོ་པ་ནི།
།མི་རིགས་ཤིན་ཏུ་གླེན་པ་སྟེ། །གཉིད་དང་ལེ་ལོ་ཆེ་བ་ཡིན། །ལོ་ནི་བདུན་ཅུ་བར་ཆད་བདུན།
།ཞེ་ངན་ཚིག་རྩུབ་ངག་མི་སྙན། །རང་མཐོང་རང་འདོད་ཤིན་ཏུ་ཆེ།
།གཞན་མ་་རྣམས་ལ་ཁ་འཇམ་བྱེད། །ཐ་མ་གཡུ་ཡི་བྱ་བ་མང་། །བུ་ཡི་རོ་ནི་གྲངས་མེད་མཐོང་།
།རོ་བསྲེགས་ས་ནས་ས་བདག་གནོད།།
༈ ཤིང་ཕོ་སྟག་གི་ལོ་པ་ནི།
།ཁྲོ་གཏུམ་འཐབ་རྩོད་ལས་ལ་དགའ། །ལོ་ནི་དྲུག་ཅུ་རེ་དྲུག་ཐུབ།
།བར་ཆད་ལྔ་དང་བུ་སྐལ་གསུམ། །ཟས་ནོར་སྐལ་བ་ཆེ་བ་ཡིན། །འདོད་ཆགས་ཆེ་ལ་མིག་སེར་ཆེ།
།གཏིང་ནི་ཕྲག་དོག་རང་འདོད་ཆེ། །ནད་ནི་སྐྲན་དང་དམུ་ཆུ་དང་།
།གག་ལྷོག་འབྱུང་ཞིང་ས་བདག་གནོད། །མ་ཡར་བུ་ཡར་འདུག་པ་འོང་།
།རྒྱལ་པོ་དང་ནི་ཐེའུ་བྲང་གནོད།།
༈ ཤིང་མོ་ཡོས་ཀྱི་ལོ་པ་ནི།
།ཤིན་ཏུ་གཡོ་དང་ལྡན་པ་ཡིན། །བུད་མེད་དག་ལ་ཤིན་ཏུ་དགའ། །གཞན་གྱི་ཆུང་མ་རྐུ་བར་བྱེད།
།མཛའ་བོ་དག་ལ་དགའ་བར་བྱེད། །རྩེད་མོ་གླུ་གར་རྟག་ཏུ་བྱེད།
།ཚེ་ཚད་དྲུག་ཅུ་རྩ་བདུན་ཐུབ། །ནད་དང་དགྲ་ཡི་འཇིགས་པ་མང་།
།རང་མཐོང་ཆེ་ལ་བློ་སྣ་མང་། །ར་དང་བོང་བུའི་ཕྱིར་འབྲངས་ནས།
།བསེ་རག་ལ་སོགས་གནོད་པ་འབྱུང་། །བར་ཆད་དྲུག་དང་བཅས་པ་སྟེ།
།བུ་ཚ་སྔ་ཚར་ཕྱི་ཚར་འོང་།།
༈
མེ་མོ་སྦྲུལ་གྱི་ལོ་པ་ནི། །ལུས་རྒྱས་ནད་ཉུང་རོགས་མོ་མང་།
།བུད་མེད་ལྔའམ་བདུན་ལ་དབང་། །ཕྱུག་ཅིང་གྲོང་ཁྱེར་བདག་པོར་འགྱུར།
།གཞན་ཁ་འཝིན་ཅིང་ཀུན་གྱིས་འཁུར། །བཟོ་རིགས་བསྟན་བཅོས་ཀུན་ལ་མཁས།
།ཚེ་ཚད་བདུན་ཅུ་དོན་གཅིག་འཚོ། །བར་ཆད་བདུན་དང་བུ་སྐལ་གཉིས།
།ནད་གཞི་རླུང་དང་མཁྲིས་པ་འོང་། །མཐའ་གཞུག་མཚོན་གྲིར་འཆི་བ་འོང་།།
༈ ས་ཕོ་རྟ་ཡི་ལོ་པ་ནི།
།དཔའ་ཞིང་སྤྲོ་ཐུང་ཚིག་མི་བརྟན། །མཁས་དམན་ཀུན་གྱིས་རེ་སར་འོང་།
།བསོད་ནམས་དག་ལ་བར་ཆད་ཆེ། །དགྲ་དང་ནད་ཀྱི་གནོད་པ་མང་། །ཚེ་ཚདབདུན་ཅུ་དོན་ལྔ་སྟེ།
།བར་ཆད་བདུན་དང་བུ་སྐལ་གཉིས། །འཁོན་དང་ཆོས་དཀོར་ལྷ་འདྲེས་གནོད།
།ཕུར་ཁ་རྒྱལ་འདྲེས་གནོད་པ་ཡིན། །ཟླ་གམ་ཞིང་ནས་ས་བདག་གནོད།།
༈
ས་མོ་ལུག་གི་ལོ་པ་ནི། །ནད་མང་དགྲ་ཡི་འཇིགས་པ་འབྱུང་། །ཚེ་ཚད་དྲུག་ཅུ་བར་ཆད་བཞི།
།བུ་སྲིང་ནོར་སར་དགྲ་ངོ་ལྡང་།ཕུར་ཁ་དང་ནི་མཛེ་གྲིས་གནོད།
།ཕྱི་མིས་བྱམས་ལ་ནང་མིས་སྡང་། །གོད་ཁ་ཆེ་ཞིང་གཅིག་བརྒྱུད་བྱེད།
།སྐྱིད་སྡུག་སྤེལ་མར་བཤད་པ་ཡིན། །ཁ་ནས་ཐོ་ཆོ་ཟེར་ལ་དགའ།
།ཡིད་ནི་བུ་མོའི་ཕྱོགས་སུ་འཕྱོ། །བུད་མེད་ཡིན་ན་ཕོ་ལ་འཕྱོ།
།རང་འདོད་ང་རྒྱལ་ཆེ་བ་ཡིན།།
༈
ལྕགས་ཕོ་སྤྲེའུའི་ལོ་པ་ནི། །མཐོང་ན་སྐྱེས་བུ་ཀུན་དགའ་ཤིང་།
།ཤིན་ཏུ་གཟུགས་མཛེས་ཡིད་དུ་འོང་། །ནོར་དང་ལོངས་སྤྱོད་ཆེ་བ་ཡིན།
།རྩལ་ཆེ་གོད་ཆེ་དམེ་བྱེད་སྲིད། །ཀུན་གྱི་ཟས་འཚོལ་རྒས་ཁར་སྐྱིད།
།ཚེ་ཚད་བདུན་ཅུ་བར་ཆད་བརྒྱད། །བུ་སྐལ་ལྔའམ་ཡང་ན་གཅིག །གདོན་དུ་ལྷ་ཡི་ཕུར་ཁ་དང་།
།ལྕེབ་འདྲེ་མ་མོས་གནོད་པ་ཡིན། །དམག་དང་དགྲ་ཡི་འཇིགས་པ་འབྱུང་།།
༈ ལྕགས་མོ་བྱ་ཡི་ལོ་པ་ནི།
།དཔལ་དང་དབང་ཕྱུག་ཆེ་བ་ཡིན། །ནོར་དང་འབྲུ་ཡང་ཆེ་བར་འགྱུར། །བཟའ་བཏུང་གཉིས་ཀ་ཆེ་བ་དང་།
།ཆགས་སེམས་ཆེ་ཞིང་དགྲ་ལ་དགའ། །སྐྱེ་བོའི་གཙོ་བོར་གྱུར་པ་ཡིན།
།ལོངས་སྤྱོད་དག་ལ་རྟག་ཏུ་དགའ། །དམེ་འདྲེ་དང་ནི་མཛེ་འདྲེས་གནོད།
།ཚེ་ཚད་བདུན་ཅུ་ཐུབ་པ་ཡིན། །བར་ཆད་བདུན་དང་བུ་སྐལ་བཞི།
།ནད་གཞི་རླུང་དང་ཚད་པ་འོང་།།
༈ ཆུ་ཕོ་ཁྱི་ཡི་ལོ་པ་ནི། །སྐྱེ་བོ་རྟག་ཏུ་སེར་སྣ་ཅན།།ནད་དང་དགྲ་ཡི་འཇིགས་པ་འབྱུང་།།མི་སྡུག་མཚན་མ་མང་བ་སྟེ།།ལུས་པོ་ནད་དང་མཚོན་གྱིས་ཉེན།།གཉེན་དང་གྲོགས་ཀྱིས་མི་ཤེས་ཤིང་།།སྡིག་དང་མི་དགེ་ལས་ལ་བརྩོན།།ཚེ་ཚད་དྲུག་ཅུ་རྩ་གསུམ་སྟེ།།འདྲེ་གདོན་བགེགས་དང་ས་བདག་གནོད།།བུ་དང་ནོར་གྱི་སྐལ་བ་ཆུང་།།མཚོན་དང་རྒྱལ་པོའི་འཇིགས་པ་འབྱུང་།།
༈ ཆུ་མོ་ཕག་གི་ལོ་པ་ནི།
།ཤེས་བྱ་ཆེ་ཞིང་བློ་གྲོས་བརྟན།།མངོན་པའི་ང་རྒྱལ་ཕྲག་དོག་ཅན།།འབྱེད་ལ་དགའ་ཞིང་ནོར་དང་ལྡན།།ཚེ་ཚད་དྲུག་ཅུ་བར་ཆད་ལྔ་།།བུ་སྐལ་བཞི་སྟེ་བ་ལང་དང་།།ཟས་ནོར་འབྲུ་ཡི་བདག་པོར་འགྱུར།།དུར་བཏབ་ཀླུ་ལ་ཕོག་པའམ།།ཤིང་ལ་གནས་པའི་ས་བདག་གནོད།།ཡང་ན་ཞང་ཉེའི་ཕྱོགས་ནས་གནོད།
།ལྕེབ་གྲི་རྦ་ཏུ་སོང་དོགས་ཡོད།། ༽
སྐྱེས་ཟླའི་འབྲས་བུ་བཤད་པ།
༼འདི་ནི་ལེགས་བཤད་བདེ་སྐྱིད་དཔལ་སྟེར་ལས་བཤུས་པ་ཡིན།༽[7]
༡༡༽ དཔྱིད་ར་སྟག་ལ་གང་སྐྱེས་པ།
།ཡ་རབས་གོང་མ་རྣམས་ཀྱིས་བྱམས། །མ་རབས་འོག་མ་རྣམས་ཀྱིས་སྡང་། །སེམས་གསལ་སྣ་ཁུང་ཆུང་བའི་མི།
།ལས་ལ་ཕྱི་སོལ་ཕྱིན་ཏུ་ཆེ། །ཉལ་བའི་གཉིད་ལ་འཛད་པ་མེད།
།གཏུམ་ཞིང་ཞེ་སྡང་དྲག་ཤུགས་ཆེ། །སྤྱོད་པ་རྩིངས་ལ་ལྟ་བ་མཐོ།
།ང་རྒྱལ་དང་ནི་རང་འདོད་ཆེ། །ཚོང་དང་ཤོ་ལ་ཤིན་ཏུ་དགའ། །དཔའ་རྩལ་དང་ནི་ཁྲོ་གཏུམ་ཆེ།
།ཚེ་སྔོན་མི་ལུས་བླངས་པའི་རྟགས། །གདོང་ལ་སྨེ་བའི་མཚན་མ་ཅན།
།ཕྱི་མ་རྐུན་མ་མཁན་པོར་སྐྱེས། །དེ་རྟགས་ད་ལྟ་མ་དད་ཆེ།།
༡༢༽ དཔྱིད་འབྲིང་ཡོས་ལ་གང་སྐྱེས་པ།
།ཁ་ནི་འཇམ་ལ་སེམས་བཅར་ཆེ། །ནང་དུ་གྱོང་ལ་ཕྱི་རུ་བཟང་། །ཕན་ཚེགས་བྱ་བའི་དོན་ལ་ཡང་།
།ཆེན་པོ་གཤེགས་པར་འཕངས་མེད་དམ། །གཉིད་དང་ལེ་ལོ་ཤིན་ཏུ་ཆེ། །མི་དང་ནོར་ལ་འཕེལ་འགྲིབ་མང་།
།སྟོད་གཟེར་བད་ཀན་ནད་དང་ལྡན། །ཚེ་སྔོན་ལྷ་མིན་ལུས་སུ་བླངས་།
།དེ་རྟགས་བརླ་གཡས་རྨེ་བ་ཡོད། །ཕྱི་མ་མཐོ་རིས་གནས་སུ་སྐྱེས།
།དེ་རྟགས་སྤོབས་པ་ཤིན་ཏུ་མཐོ། །འགྲོ་ལ་མི་དགའ་འཇོག་ལ་དགའ།།
༡༽ དཔྱིད་ཐ་འབྲུག་ལ་གང་སྐྱེས་པ།
།འཕྲལ་ལ་ཁ་གསག་ཆེ་བའི་མི། །ང་རྒྱལ་དང་ནི་ཁྲོ་གཏུམ་ཆེ།་གཞན་ངོ་བཟློག་པ་ཐེ་ཚོམ་མེད།
།མི་ལ་འཕྱ་ཞིང་ཟས་ལ་དགའ། །སྤྲོ་ཐུང་སེམས་དཀར་ཚིགས་ངན་སྨྲ།
།རྩེ་འཇོ་ལ་དགའ་རང་ལས་ནི། །བཞག་ནས་མི་ལས་བྱེད་ལ་བརྩོན། །ཉལ་གཉིད་ཆེ་ལ་ཁ་ཆུ་མང་།
།ཚིག་ངན་ཀུ་རེ་ཀྱལ་ལ་དགའ། །ནོར་དང་ཟས་ལ་དར་གུད་ཆེ། །ཚེ་སྔོན་ལྷ་ཡི་ཡུལ་དུ་སྐྱེས་།
།དེ་རྟགས་དཔུང་གཡོན་སྨེ་བ་ཡོད། །ཕྱི་མ་བདུད་ཀྱི་རིགས་སུ་སྐྱེས།
།ཚེ་ནི་ཤིན་ཏུ་རིང་བར་བཤད།།
༢༽ དབྱར་ར་སྦྲུལ་ལ་གང་སྐྱེས་པ།
།བརྩོན་འགྲུས་ཆེ་ལ་གཞན་གྱིས་དགའ། །ཞེ་ནག་ཁོང་ཁྲོ་མཐོ་ལ་དགའ།
།གསོག་འཇོག་དང་ནི་རྩེ་དད་ཆེ། །ཁ་འཇམ་གཉེ་ཆེ་རོ་ནི་གྱོང་། །ས་བདག་གནོད་ཅིང་ཕོ་མཆིན་ན།
།གྲོགས་དད་ཆེ་ལ་འཁོན་གཞི་མང་། །གྲོས་ཁ་ལྕི་ལ་བཅོས་སུ་མེད།
།འགྲོ་མི་དགའ་འདུག་ལ་དགའ། །ཚེ་སྔོན་ལྷ་མ་ཡིན་དུ་སྐྱེས།
།དེ་རྟགས་སེམས་ཤར་སྒྱུར་བ་དཀའ། །ཕྱི་མ་མི་ཡི་ལུས་སུ་སྐྱེས།
།དེ་རྟགས་ཞང་དང་བློན་གྱིས་བྱམས།།
༣༽ དབྱང་འབྲིང་རྟ་ལ་གང་སྐྱེས་པ།
།འཕྲལ་ལ་འཇམ་ཞིང་ཕུགས་སུ་རྩུབ། །ཚིག་ནི་བཙན་ལ་གཟུགས་དཔང་ཐུབ།
།ངོ་བཟློག་ཆེ་ལ་ནད་གཟེར་མང་། །ཁོན་འཐབ་ཁ་བཤགས་རྒྱུན་དུ་འབྲིང་།
།ནང་ཏན་ཆུང་ལ་དྲང་ཁ་ཆེ། །ང་རྒྱལ་ཆེ་ལ་རང་འདོད་ཆུང་། །སྤྲོ་ནི་རིང་རིང་འདྲ་ལ་ཐུང་།
།ལས་ཀྱི་འཕྲོ་ནི་འཇོག་ལ་དགའ། །ཕྱི་མི་བྱམས་ལ་ནང་མི་སྡང་། །གཏམ་དད་ཆེ་ཞིང་འགྲོ་ལ་དགའ།
།དར་གུད་གང་སྟོང་ཆེ་ན་ཡང་། །རྒས་ཁར་སྐྱིད་ཅིང་རྟ་ལ་བྱམས།
།ཚེ་སྔོན་གླང་གི་ལུས་སུ་སྐྱེས། །དེ་རྟགས་གཉའ་ལ་སྨེ་བ་ཡོད།
།ཕྱི་མ་དམྱལ་བའམ་སྲིན་བུར་སྐྱེས་།དགེ་བའི་ལས་ལ་འབད་དགོས་སོ།།
༤༽ དབྱར་ཐ་ལུག་ལ་གང་སྐྱེས་པ།
།ཁོང་ལ་འཛིན་པ་ཤིན་ཏུ་ཆེ། །ཁ་འཇམ་ཤ་རུས་གཉེན་ལ་དགའ། །མི་ལ་མི་གནོད་བརྩོན་འགྲུས་ཆེ།
།ཁོང་གདུག་ང་རྒྱལ་ལྡན་པའི་མི། །ལག་པ་དམ་ཞིངན་གཞན་ལ་ཁྲོ། །བུ་ལོན་མི་ཐེག་ཞན་པ་ཆེ།
།ངོ་འཕྲད་ཙམ་ལ་གཏམ་མི་སྨྲ། །ནོར་ནི་སྦྱིན་ཀྱང་དགའ་མི་བྱེད།
།མ་བྱིན་ན་ཡང་སྡུག་སེམས་མེད།།
༥༽ སྟོན་ར་སྤྲེལ་ལ་གང་སྐྱེས་པ།
།མི་དོན་ལ་དགའ་ནན་ཏན་ཆེན། །སྤྲོ་ཐུང་སེམས་ནི་རབ་ཏུ་དཀར།
།བྱེས་ལམ་འཕྲོད་ཅིང་སེམས་ལས་ཆེ། །ཁ་སོག་ཆེ་ལ་སྙིང་མི་ཤོག
།ནོར་ལ་ངན་ཀྱང་བརྙའ་སྐྱི་ཡངས། །ཀོ་ལོང་དམ་ལ་བློ་གྲོས་རྒོད།
།རང་འདོད་ཆེ་ལ་མནོ་བསམ་ཆུང་། །འཕྲལ་གྱི་བྱ་བ་བཞད་གད་ཆེ།
།ཚེ་སྔོན་ལྷ་ཡི་ཡུལ་ནས་འཕོས། །དེ་རྟགས་ཚེ་ནི་རིང་དུ་ཐུབ། སྙིང་ཁར་སྨེ་བའི་མཚན་མ་ཡོད།
།ཕྱི་མ་དམག་དཔོན་ལུས་སྐྱེས།།
༦༽ སྟོན་འབྲིང་བྱ་ལ་གང་སྐྱེས་པ།
།བློ་གསལ་ལྡན་ཞིང་དྲག་རྩལ་ཆེ། །འགྲོ་ལ་དགའ་ཞིང་ཀོ་ལོང་དམ།
།ང་རྒྱལ་ཆེ་ལ་ཚིག་མི་བརྟན། །རྔམ་ཆེན་བཤིག་ནས་རྔམ་ཆུང་སྒྲུབ།
།སྲོད་གཉིད་ཆེ་ལ་དྲོ་གཉིད་ཆུང་། །ན་སྲན་ཆུང་ལ་འཁུན་པ་མཁས། །ང་གིས་བྱས་པ་མི་མི་མི་མགུ།
།ཁོང་དྲང་སྤྲོ་ཐུང་བྱ་བྱེད་མང་། །འདོད་ཆགས་དང་ནི་དམར་དད་ཆེ།
།ལག་བཟང་རིགས་པ་ཆེ་བའི་མི། །ཚེ་སྔོན་ཀླུ་ཡི་བུ་རུ་སྐྱེས། །དེ་རྟགས་སྒྱིད་ཁུང་སྨེ་བ་ཡོད།།
༧༽ སྟོན་ཐ་ཁྱི་ལ་གང་སྐྱེས་པ།
།རྩེ་འཇོ་ལ་དགའ་ཁྲོ་ལ་རེམ། །རང་གིས་ཇི་ལྟར་བྱས་ན་ཡང་། །གཞན་གྱི་སེམས་ནི་ཟིན་པ་དཀའ།
།གཞན་གྱིས་བྱམས་ལ་གཉེན་གྱིས་སྡང་། །ང་རྒྱལ་དང་ནི་དར་གུད་ཆེ།
།མཐོང་རྒྱ་ཆེ་ལ་ཚིག་མི་བརྟན། །ལས་ལ་གཡེལ་ཞིང་སེམས་རྒྱ་ཆེ།
།འགྲོ་ལ་དགའ་ཞིང་མི་ཆེན་བྱམས་། །གང་བྱེད་ལས་ལས་དེ་ཕྱི་ཤོལ་ལྡན།
།ཁོང་གདུག་གཞུང་བཟང་ནལ་གཉིད་ཆུང་། །ཟར་ཆེ་རུས་པ་འཆའ་ལ་དགའ། །ཚེ་སྔོན་རླུང་ལྷའི་བུ་ལས་འཕོས།
།དེ་རྟགས་ཐེག་པ་ཤིན་ཏུ་ཆེ།།
༨༽ དགུན་ར་ཕག་ལ་གང་སྐྱེས་པ།
།ཞིབ་ཏིག་ཆེ་ཞིང་མི་ལས་དགའ། །གཉིད་ཆེ་དགའ་མགུར་སྤྲོད་ལ་དགའ།
།དད་པ་ཆེ་ཞིངན་ཡོན་ཏན་འཕྲོད། །སྨྲ་ཚིག་གྱོང་ལ་བཞིན་འཛུམ་ནག
།ཁ་ཟས་ཕྲན་ལ་ཤིན་ཏུ་དགའ། །ལག་འབྲེལ་བཟང་ལ་ཁ་གསག་ཆེ། །སྙིང་སྲན་ཆུང་ལ་གཏིང་བསྐོར་མཁས།
།ཚེ་སྔོན་མི་ལུས་ལེན་པའི་རྟགས། །འཕོ་བ་ལ་ནི་སྨེ་བ་ཡོད།
།ཕྱི་མ་ཀླུ་རུ་སྐྱེས་ཞེས་བྱ།།
༩༽ དགུན་འབྲིང་བྱི་ལ་གང་སྐྱེས་པ།
།སྨྲ་ཚིག་ཉུང་ལ་སེམས་བཅར་ཆེ། །ཚིག་ངན་མང་ཞིང་ཁ་མི་མཁས། །ཁ་མཆུ་མང་ལ་ནང་མི་གཤིན།
།སྤྲོ་ཏུང་ང་རྒྱལ་ཤིན་ཏུ་ཆེ། །ཡོད་མི་བདེན་ལ་མེད་མི་བརྫུན།
།ཁྲོ་ཞིང་གཏུམ་ལ་དབང་ཐང་ཆེ། །ནོར་ལ་ངན་ཞིང་དམར་དད་ཆེ།
།ཁོང་ཁྲོ་ཆེ་ལ་བློ་སེམས་ཆུང་། །ནན་ཏན་ཆེ་ལ་ཁྲོ་བ་སླ།
།ཚེ་སྔོན་ཡི་དྭགས་ཡུལ་ནས་འཕོས། །ད་ལྟ་སེར་སྣ་ཤིན་ཏུ་ཆེ། །ཕྲག་པ་གཡས་ལ་སྨེ་བ་ཡོད།
།ཕྱི་མ་ཀླུ་ཡི་བུ་རུ་སྐྱེས།།
༡༠༽ དགུན་ཐ་གླང་ལ་གང་སྐྱེས་པ།
།ལེ་ལོ་དང་ནི་ཕྱི་བཤོལ་ཆེ། །ཉལ་ན་གླང་གི་ཉལ་བ་བཞིན། །ལངས་ན་སྟག་གིས་ལངས་འདྲ་བྱས།
།ཚིག་འཕོས་དང་ནི་ང་རྒྱལ་ཆེ། །གཞན་གྱི་ཟས་ལ་གདུང་མི་བྱ།
།རང་གིས་སེམས་ལ་བསྒྱུར་བ་དཀའ། །བྱ་བའི་ལས་ལ་ནུས་པ་ཆུང་།
།ཚེ་སྔོན་གླང་གི་ལུས་ནས་འཕོས། །དེ་རྟགས་གཉའ་ལ་སྨེ་བ་ཡོད། །ཕྱི་མ་ལྷ་ཡི་ལུས་སུ་སྐྱེས།།
ཞག་གི་སྐྱེས་ཚང་བསྟན་པ་ནི།།
༼འདི་ཡང་ལེགས་བཤད་བདེ་སྐྱིད་དཔལ་སྟེར་ལས་བཤུས་པ་ཡིན།༽[8]
༈ སྟག་གི་ཞག་ལ་སྐྱེས་པའི་མི།
།གཉེན་ལ་བརྩི་ཞིང་རྟུལ་ཞུགས་ཆེ། །ཚིག་རྩུབ་རྩོད་དང་དཔའ་རྩལ་ཆེ།
།བློ་སྣ་མང་ཞིང་སྤྱོད་ལམརྩིང་། །ཚོང་དང་ཤོ་ལ་ཤིན་ཏུ་དགའ། ཁ་གཤིས་ངན་ལ་སེམས་བཞག་ཆུང་།། ༈ ཡོས་ཀྱི་ཞག་ལ་སྐྱེས་པའི་མི།
།ལྟོ་ཆུང་གཡོ་ཆེ་ཐབས་ལ་མཁས། །ཁོང་སྨོས་ཆེ་ལ་འཛུམ་ཁ་བཞད། །ཁ་ཟས་བཟང་ཞིང་འབེལ་ལ་ངན།
།བད་མཁྲིས་ཁ་སོའི་ནད་བུ་ལྡན། །རང་ཉིད་གཅིག་པོར་སྡོད་ལ་དགའ།། ༈ འབྲུག་གི་ཞག་ལ་སྐྱེས་པའི་མི། །སྤྲོ་ཐུང་སེམས་དཀར་ཟར་པ་ཆེ། །ཀུ་ཅོ་དང་ནི་འུ་སྒྲ་ཆེ། །གཞན་གཏམ་ཟུར་འཛིན་རང་ཚོད་ཆུང་།
།གདོང་སྲབ་གཞན་གྱིས་སྒྱུར་བ་ཡང་། །ནད་དཀོན་བཏབ་ན་ཚབ་ཆེ་འོང་།། ༈ སྦྲུལ་གྱི་ཞག་ལ་སྐྱེས་པའི་མི།
།ཞེ་གནག་ཁ ལྕི་རོ་གྱོང་ལ། །གྲོས་ཁ་ལྕི་ལ་བཅོས་སུ་མེད།
།རང་གཞན་ལས་ལ་ཕྱི་ཤོལ་ཆེ།་།ཁོང་ངན་གདུག་པ་ཅན་གྱི་ལོ། །ཕོ་མཆིན་ནད་དང་ལྡན་པ་འོང་།། ༈ རྟ་ཡི་ཞག་ལ་སྐྱེས་པའི་མི།
།གཞན་གཏམ་ཉན་ཞིང་རྟ་ལ་བྱམས། །འགྲོ་ན་མགྱོགས་ལ་གདོང་པ་བསྲབ།
།རང་དོན་བཞག་ནས་མི་དོན་བྱེད། །རྩེ་འཇོ་དགའ་ལ་ཉལ་གཉིད་ཆུང་།
།ནོར་ལ་གང་སྟོང་དར་གུད་ཆེ། །སྨྲ་བའི་ཁ་ནི་ཤིན་ཏུ་རྒོད།། ༈ ལུག་གི་ཞག་ལ་སྐྱེས་པའི་མི།
།ལས་ནི་ཕྱི་བཤོལ་ཉིད་ལ་དགའ། །མགོ་འཕང་སྨད་ནས་འོག་མིག་བལྟ།
།དགའ་མི་དགའ་ཕྱིར་མི་སྟོན། །བློ་ཤས་ཆེ་ལ་ཟས་འབྲེལ་བཟང་།། ༈ སྤྲེལ་གྱི་ཞག་ལ་སྐྱེས་པའི་མི།
།རྩེ་འཇོ་དགའ་ལ་ཚིག་མི་བརྟེན། །ཅ་ཅོ་མང་ལ་བརྫུན་ཚིག་ལྡན།
།གཙང་གཙང་འདྲ་ལ་བཙོག་ཟས་ཟ། །བྱ་བྱེད་མང་ལ་རང་མཐོང་ཆེ།། ༈ བྱ་ཡི་ཞག་ལ་སྐྱེས་པའི་མི།
།ཁྲུས་གཙང་དགའ་ཞིང་ཉལ་གཉིད་ཆུང་། །མིག་གི་རྣམ་འགྱུར་ཟར་ཡང་ཆེ།
།འགྲོ་ན་མགོ་ལུས་བཅོས་ནས་འགྲོ། །བློ་མང་གྲོགས་དད་ཅན་གྱི་མི།། ༈ ཁྱི་ཡི་ཞག་ལ་སྐྱེས་པའི་མི།
།དམར་དད་ཆེ་ཞིང་རྐང་པ་མགྱོགས། །ཉལ་ན་ཤ་ཉལ་བྱེད་ནས་ཉལ།
།སྡོད་ན་ཁྱི་ཚུགས་བྱས་ནས་སྡོད། །འདོད་ཆགས་ཆེ་ཞིང་འགྲོ་ལ་དགའ།
།གཞུང་བཟང་འཕྲལ་གྱོང་ཡ་རབས་བྱམས།། ༈ ཕག་གི་ཞག་ལ་སྐྱེས་པའི་མི།
།ཧབ་ཧབ་ལག་དྲིན་ཁ་ཡིས་བསད། །བརྫུན་ཆེ་སྨྲ་བའི་ཚིག་མི་བཙན།
བཟང་བྱམས་ངན་སྡང་གྲོད་པ་ཆེ། །ངོ་ནག་ཁོང་གྱོང་ཞེ་ནག་ཡོང་།། ༈ བྱི་བའི་ཞག་ལ་སྐྱེས་པའི་མི།
།ཕྱི་རུ་ཧོལ་ལ་ནང་དུ་ཞིབ། །ཁ་དང་སྙིང་ཉེ་ལག་པ་ཆུང་།
།རྔམ་ཆེ་ཡལ་ཟིང་རྔམ་ཆུང་བསྒྲུབ། །ཉག་ཉོག་ཏིག་ཏིག་མང་བའི་མི།། ༈ གླང་གི་ཞག་ལ་སྐྱེས་པའི་མི།
།ཕན་གནོད་གང་ལ་སེམས་ཁྱད་ཆུང་། །སྤྲོ་ནི་རིང་རིང་འདྲ་ལ་ཐུང་།
།ཉལ་ལངས་གླང་སྟག་རྣམ་པ་བཞིན།བློ་ཤེད་བྱ་བྱེད་མང་བའི་མི།།[9]
དུས་ཚོད་བཅུ་གཉིས་སྐྱེས་འབྲས་ནི།
༼འདི་ནི་ལེགས་བཤད་དངུལ་གྱི་མེ་ལོང་ལས་བཤུས་པ་ཡིན།༽[10]
༈
ཡོས་ཀྱི་དུས་ལ་སྐྱེས་པའི་བུ། །ཚེ་སྟོད་ནོར་ལ་དར་གུད་ཆེ། །ཚེ་སྨད་བཟང་ལ་བུ་ཚ་ནི།
།སྐྱོན་ཅན་ཡང་ན་རིགས་གཉིས་སོ།།
༈ འབྲུག་གི་དུས་ལ་སྐྱེས་པའི་བུ། །ཕ་ཁྱིམ་བུ་ཡིས་མི་འཛིན་ཏེ།
།ལས་དང་བསོད་ནམས་རེམས་པ་ཡིན། །བུ་ནོར་ལོངས་སྤྱོད་དར་གུད་ཆེ།། སྦྲུལ་གྱི་དུས་ལ་སྐྱེས་པའི་བུ།
།ལག་རྩུབ་ཚིག་བཙན་ཁོག་པ་ཡངས། །ཞེ་སྡང་ཆེ་ལབུ་ཚ་ནི། །དབང་པོ་སྐྱོན་ཅན་འོང་བར་བཤད།།
༈ རྟ་ཡི་དུས་ལ་སྐྱེས་པའི་བུ།
།ཚེ་སྟོད་གང་སྟོང་ཕུགས་སུ་བཟང་། །སྤྲོ་ཐུང་ཚིག་གསལ་སེམས་ཡང་དཀར།
།ཞེ་སྡང་ཆེ་ལ་བུ་ཚ་ནི། །དབང་པོ་སྐྱོན་ཅན་འོང་བར་བཤད།།
༈ ལུག་གི་དུས་ལ་སྐྱེས་པའི་བུ།
།ཁ་འཇམ་ཞེ་ནག་ཁ་སྨྲས་མང་། །བུད་མེད་ཁང་ཞིང་ཆེད་དུ་ནི།
།ཁ་སྨྲས་དགྲ་འཐབ་རྟག་ཏུ་འབྱུང་།།
༈ སྤྲེལ་གྱི་དུས་ལ་སྐྱེས་པའི་བུ།
།སྤྲོ་ཐུང་སེམས་བཟང་བྱ་བ་མང་། །ཁ་འཇམ་གཏིང་ནག་ཚེ་སྨད་སྐྱིད། །བྱིས་པ་ཆད་ལྷ་འབྱུང་ཉེན་ཡོད།།
༈ བྱ་ཡི་དུས་ལ་སྐྱེས་པའི་བུ།
།བྱ་བྱེད་མང་ལ་ཁོང་ཁྲོ་ཆེ། །ཚེ་ཐུང་ཚིག་གསལ་སེམས་ཡངས་དཀར།
།ཚེ་སྟོད་འབྲིང་ལ་ཚེ་སྨད་སྐྱིད།།
༈ ཁྱི་ཡི་དུས་ལ་སྐྱེས་པའི་བུ།
།མི་ཁ་སྡང་ཞིང་ཡུལ་གཉིས་འཛིན། །ཞིང་དང་ཁྱིམ་ཕྱིར་ཁ་སྨྲས་འོང་།
།མཁས་ཤིང་ཕ་སྐྱས་བྱེད་པ་བྱུང་།།
༈ ཕག་གི་དུས་ལ་སྐྱེས་པའི་བུ།
ཚོང་ལ་དགའ་ཞིང་སྡིག་པ་ཆེ། །ནད་མང་ཚིག་བཙན་ཁོག་པ་ཡངས།
།གཟུགས་མཛེས་སེམས་ནག་ཚེ་སྨད་སྐྱིད། །བྱིས་པ་ལྷག་ཆད་འབྱུང་ཉེན་ཡོད།།
༈ བྱི་བའི་དུས་ལ་སྐྱེས་པའི་བུ།
།བསོད་ནམས་ཆེ་ལ་སྤྲོ་ཐུང་ཞིང་། །འདོད་ཆེ་སེམས་དཀར་བླ་གསལ་མཁས། །སྙིང་སྟོབས་ཆེ་ཞིང་ཡོན་ཏན་འཕྲོད།།
༈ གླང་གི་དུས་ལ་སྐྱེས་པའི་བུ།
།ཡུལ་མཁར་འཕོ་སྐྱས་ཉེན་རེ་ཆེ། །ཡུལ་ཁ་གཉིས་འཛིན་ནད་མང་ཞིང་།
།ཁང་ཞིང་ཆེད་དུ་ཁ་སྨྲས་འོང་།།
༈ སྟག་གི་དུས་ལ་སྐྱེས་པའི་བུ།
།ཁ་ཁྱིམ་བུ་ཡིས་མི་འཛིན་ནམ། །ཡང་ན་ཞིག་རལ་བྱེད་པ་ཡོད།
།ཁ་འཇམ་གཏིང་ནག་ཚིག་ཀྱང་བཙན།།
དེ་ནས་སྤར་ཁའི་འབྲས་བུ་ནི།
༼འདི་ནི་རྩིས་གཞུང་བཻ་དཀར་ལས་བཤུས་པ་ཡིན།༽[11]
༈ ལི་སྟེང་འདི་རུ་སྐྱེས་པའི་རྩིས།
།དཀྱེལ་ཆེ་ཕྲ་མ་དག་ལ་དགའ། །ཕ་དང་གྱོས་པོའི་གདན་ས་འཕྲོག །མ་ཉེས་ཁ་གཡོག་རྟག་ཏུ་འོང་།
།མགོ་དང་དབང་པོ་སྐྱོན་ཅན་འོང་། །ཕོ་ཡིན་དམར་ངོ་ཁྲག་ངོ་ཡོད། །གྲི་དང་ཐབ་གཞོབ་ས་ཡིན་ཏེ།
།ཁྱེད་ཀྱི་ཕ་དང་མེས་རང་ནས། །གྲི་ཁ་ཆེན་པོ་བྱེ་འགྱུར་ཏེ། །དེ་ཡང་མགོ་གྲི་མང་བ་ཡིན།
།མོ་ཡིན་ཟླ་རྡིབ་བྱིས་འཇུར་འོང་། །ཐབ་གཞོབ་འཁོན་གྱིས་རྐྱེན་བྱས་ནས།
།ལྷ་ཀླུ་འཕངས་པས་གཉན་ནད་དང་། །བུ་ཚ་སྐྱོན་ཅན་འོང་ཉེན་ཡོད།
།ཕ་མེས་ཤིན་ཏུ་དར་བའི་ཚེ། །བཞི་དང་ལྔར་ནི་གྱེས་པ་སྟེ། །ཡུལ་ལམ་དུར་ས་རྩུབ་མོ་ནི།
།ལྷོ་དང་ནུབ་ཏུ་ཁ་བལྟས་ཡོད། །ལྷ་ནི་རྒྱལ་པོ་བཙན་བདུད་འགོ
།དེ་བཞིན་གནོད་བྱེད་འགོང་པོས་བྱེད། །ས་བདག་གནོད་ན་བཟློག་པར་དཀའ།།
༈ ཁོན་སྟེང་འདི་རུ་སྐྱེས་པའི་འབྲས།
།དུར་འདྲེ་དུར་སྐྱོན་ས་ཞེས་བྱ། །ཕ་མེས་དུར་གདབ་ཉེས་པ་ནི། །དེ་ཡི་སྐྱོན་གྱིས་མི་བརྒྱུད་ལ།
།གླེན་ལྐུགས་ཀླུ་དང་འགྲས་པ་དང་། །ཞ་འཐེང་འཐིབས་གྲིར་ཤི་བ་འོང་།
།ཕ་མེས་གཉིས་བརྒྱུད་གང་སྟོང་ཆེ། །བློ་བརྟན་གཞན་གྱིས་བཅོས་པར་དཀའ།
།དམོད་མོསྐྱེན་ཞིང་སྡུག་བཞིན་ནག །རྟག་ཏུ་ཞེ་འཁོན་ན་ཚ་མོད།
།བུ་ཚ་གསོ་དཀའ་བྱེ་ཡུགས་བྱེད། །ཁ་འཇམ་གྱོང་ཆེ་ཁྲོ་ཞིང་གཏུམ།
།རོ་འབག་མི་གཙང་བ་ལ་གཟབ། །ཚེ་སྟོད་ནོར་ཆེ་ཚེ་སྨད་དབུལ། །ཡུལ་དང་དུར་ནི་སེར་སྐྱ་བ།
།མདུན་ན་ལམ་གྲོགས་ཀྱིས་ཆོད་ཡོད། །ལྷ་རུ་ནག་སྨུག་ཀླུ་སྨན་འགོ
།གདོན་དུ་ས་བདག་ཀླུ་མོས་གནོད།།
༈ དྭ་སྟེང་འདི་རུ་སྐྱེས་འབྲས་ལ།
།དམེ་གྲི་དྭ་ཡི་ས་ཞེས་བྱ། །ཕ་མེས་དམེ་གྲི་འཁོར་བ་ཡིས། །ངན་ཐབས་བྱས་ནས་གསང་བ་ཡོད།
།དྭའུ་གོ་གསོས་བྱས་པ་དང་། །དམེ་ཅན་དང་དུ་བླངས་པའོ། །གཡུ་ཁྲ་ཕྱི་ནས་འོང་བ་ཡིན།
།འདྲེ་གནོད་བྱེས་སུ་མི་ཤི་ཡོད། །ཕ་མེས་གསུམ་མམ་བཞི་བརྒྱུད་ཡིན།
།ཡུལ་དུར་སེར་རམ་ནག་པ་ནི། །ནུབ་བམ་བྱང་དུ་བལྟ་བ་ཡོད། །ནོར་རྫས་ཅུང་ཞིག་སྲབ་པ་སྟེ།
།སེམས་དཀར་སྤྲོ་ཐུང་ཁོང་ཁྲོ་འཕེལ། །གཡོ་སྤོགས་ཆུང་ལ་དྲག་རྩལ་ཆེ།
།སྙིང་སྟོབས་ཆེ་ཞིང་ཡོན་ཏན་འཕྲོད། །ཕོ་མོ་འདྲ་བར་ཁྱིམ་སོ་འདྲེན།
།ཞང་ཉེའི་ཕྱོགས་སུ་མནའ་ཟ་ལ། །ས་དང་ནོར་ནི་གང་སྟོང་ཆེ། །ཐ་མ་གྲིར་འཆི་གཟེར་ནད་མོད།
།བཙན་འགོ་གྲེ་བོས་གནོད་པ་ཡིན།།
༈ ཁེན་སྟེང་འདི་རུ་སྐྱེས་པའི་རྩིས།
།ཞ་འཐེང་གང་སྟོང་ས་ཞེས་བྱ། །ཕ་མེས་ཞ་འཐེང་སྒུར་པོ་དང་།
།གླེན་ལྐུགས་ཅན་དང་དལ་རྒྱབ་ཡོད། །དགྲ་སྣ་ཅུང་ཟད་འབྱུང་བ་དང་།
།ཡུལ་ལ་འཕོ་འཕྱུགས་འོང་བ་དང་། །སྐྱིད་སྡུག་གང་སྟོང་ཆེ་བ་ཡིན།
།ཕ་མེས་གཉིས་སམ་བཞི་བརྒྱུད་དེ། །མི་ཡི་གང་སྟོང་ཆུང་བ་འོང་། །ཡུལ་དུར་དམར་སེར་ནུབ་བྱང་བལྟ།
།ང་རྒྱལ་ཆེ་ལ་བལྟ་འཕང་མཐོ། །འབད་ནས་བྱས་ཀྱང་མགུ་བ་ཉུང་།
།ཐབས་མཁས་སྐྱིད་སྡུག་རྐྱེན་ལ་བརྟག །ཕ་དང་ཁུ་བོ་དག་ལ་གཟན།
།འགོང་པོས་འགོ་ཞིང་རྒྱལ་པོས་གནོད།།
༈ ཁམ་སྟེང་འདི་རུ་སྐྱེས་འབྲས་ལ།
།བཙོག་མནོལ་སྐྱས་ནག་ས་ཞེས་བྱ། །ཕ་མེས་མི་ལག་ཕར་ཤོར་རམ། །ཡང་ན་ཚུར་བླང་ནལ་བྱས་སམ།
།བུ་སྲིང་མ་སྲུ་རབས་ཆད་ཀྱི། །རྫས་ནག་སྐྱས་ཀྱི་སྙད་བྱས་ནས།
།ཕ་མིང་དམའ་ལ་བུ་སྲིང་མཐོ། །མནའ་མ་བྱེ་བྲལ་བྱས་དུས་མང་།
།ཕ་མེས་ལྔའམ་བཞི་བརྒྱུད་དེ། །ཕོ་བོ་བརྒྱུད་དར་ཡུལ་དུར་ནི།
།དཀར་ནག་བྱང་ངམ་ཤར་བལྟས་ཡོད། །སྡུག་བསྔལ་མོད་ལ་བྱིན་ལ་བྱེད།
།ཞེ་ནག་སྣ་རྣོ་མཐུན་པར་དཀའ། །ནང་དུ་ཉོག་ཆེ་ཕྱི་རུ་འཇམ། །མཐོ་སེམས་ཆེ་ལ་རང་ཚགས་དམ།
།བུ་ཚ་ནལ་བུའི་ངོ་ཡང་ཡོད། །ལྷ་རུ་ཀླུ་བཙན་དཀར་མོ་དང༌།
མ་མོས་འགོ་ཞིང་བསེན་མོས་གནོད།།
༈
གིན་སྟེང་འདི་རུ་སྐྱེས་འབྲས་ནི། །ས་བདག་ཐབ་གཞོབ་ས་ཞེས་བྱ།
།ཕ་མེས་མཛེ་ནད་གཉན་ནད་ཀྱིས། །ཤིའམ་གཞན་གྱིས་བཙོག་བྱས་ཤིང་། །ཐབ་གཞོབ་རྐྱེན་གྱིས་གྲིར་ཤི་མང་།
།ཡང་ན་བན་བོན་ཡོན་ཏན་ཅན། །འོང་སྟེ་གཉིས་སམ་གསུམ་བརྒྱུད་ཡིན།
།ཡུལ་དུར་བྱང་ངམ་ཤར་བལྟས་ཡོད༌། །བློ་བརྟན་གཞན་གྱིས་བཅོས་པར་དཀའ།
།ཤ་ལྕི་ཁ་ཉུང་ཚིག་བརྟན་ལ། །ཕྲ་ལ་ཞིབ་ཅིང་ཆེ་ལ་རྩིང་། །ལྷ་རུ་དགྲ་ལྷ་དྲག་པོ་དང་།
།གཤིན་རྗེས་འགོ་སྟེ་ས་བདག་དང་། །ས་ཐོལ་གནོད་པ་ཡིན་ཞེས་བྱ།།
༈
ཟིན་སྟེང་འདི་རུ་སྐྱེས་འབྲས་ནི། །རབས་ཆད་རྨང་འདྲེའི་ས་ཞེས་བྱ།
།ཕ་མེས་རབས་ཆད་སྐྱོན་ཆེན་དང་། །དམེ་དང་དྭའུ་གོ་གསོས་དང་།
།ཤིང་གཉན་བཅད་པས་འགག་གྲི་འམ། །ཤིང་གྲི་མང་སྟེ་ཆིག་བརྒྱུད་དམ།
།ཡང་ན་གསུམ་བརྒྱུད་འོང་བ་ཡིན། །མི་དམངས་དྲག་པོ་འབྱུང་བའི་ས།
།ཡུལ་དུར་ལྗང་སྔོན་ཤར་ལྷོར་བལྟ། །མདོག་སྔོ་ཁྲམ་གཡོ་ཆེ་བ་ལ།
།ཐབས་མཁས་ཟོལ་ཆེ་ཡིད་སྣང་སླུ། །བུ་དང་ནོར་གྱི་དབང་ཐང་ཆེ།
།ཁ་རྒོད་ལག་འཐོར་ནང་དུ་གྱོང་། །ལྷ་རུ་ཀླུ་བདུད་ཡུལ་བདག་འགོ
།གདོན་དུ་རྨང་འདྲེས་གནོད་པའོ།།
༈
ཟོན་སྟེ་འདི་རུ་སྐྱེས་པ་ནི། །རྦད་འདྲེ་ཀླུ་གཉན་ས་ཞེས་བྱ།
།ཕ་མེས་སློབ་དཔོན་དང་འགྲས་སམ། །ཡང་ན་རྦད་འདྲེས་གཏོང་བ་ཡོད།
།ཀླུ་དང་ས་བདག་གནོད་པ་ཡིན། །སྨྱོ་འབོག་ལྕེབ་གྲིར་ཤི་བ་དང་།
།མི་འཁྱར་ཡང་ན་བྱེས་ཤི་ཡོད། །ཕ་མེས་གཉིས་སམ་བཞི་ཡིན་ཀྱང་། །ད་ལྟ་ཤིན་ཏུ་མང་བ་ཡིན།
།ཡུལ་དུར་ཤར་ལྷོའམ་ལྷོ་ཕྱོགས་སུ། །ཕུ་བལྟས་ཡོད་དེ་ཡུལ་ལྷ་དང་། །འཕྱ་འདོད་ཁྲོ་ལ་དགའ་བ་སྟེ།
།མཐོ་གནོན་མཉམ་གཉིས་འགྲན་སེམས་ཆེ། །སེམས་ལས་ངོ་སོ་གཉིས་ཀ་ཆེ།
།ཐ་མ་གློ་བུར་ནད་ཀྱིས་འཆི། །སྨན་མོ་རྒྱལ་པོ་འགོང་པོས་གནོད།།
སྨེ་བའི་འབྲས་བུ།
༼སྨེ་བའི་འགྲེལ་བཤད་འདི་བཻ་དཀར།
དངུལ་གྱི་མེ་ལོང་། དཔག་བསམ་ལྗོན་ཤིང་སོགས་གང་དང་ཡང་ཚིག་འགྲོས་མི་འདྲ་བ་ཞིག་འདུག གང་ནས་བྱུང་བའི་ངོས་འཛིན་ཞུས་ཐུབ་མ་བྱུང་།༽
༈
གཅིག་དཀར་སྐྱེས་པ་ལྷ་ཡིས་བྱིན། །རྐང་པ་རླུང་གིས་འཁོར་ལོས་བསྐོར།
།འགྲོ་བའི་ལས་ལ་བརྩོན་པ་ཡིན། །གདོན་དུ་རྒྱལ་པོ་ཐེ་བྲང་དང་།
།འགོང་པོའི་གནོད་པས་ཤེས་པ་ཚིག། སྙིང་དུ་འགོང་པོ་ཞུགས་ཀྱིས་དོགས། །ལྷ་རུ་ཀླུ་ལྕམ་དཀར་མོ་འགོ
།སྙིང་མི་དགའ་ལ་ལུས་སྟོད་ན། །ནོར་ལ་གང་སྟོང་ཆེ་བ་དང་།
།ཁྱིམ་གསར་བྱེ་བྲལ་བྱེད་པ་ཡིན། །སྤྲོ་ཐུང་སེམས་ནི་དཀར་བ་དང་།
།ཚེ་སྟོད་དར་གུད་གང་སྟོང་དང་། །མྱ་ངན་སེམས་སྡུག་ཆེ་བ་ཡིན། །ཚེ་སྨད་ལ་ནི་བུ་མོ་དེ།
།སྐྱིད་པའི་ཉི་མ་ཤར་བ་ཡིན། །ཚེ་སྔོན་མི་ཡི་རྒྱལ་པོ་དང་། །དེ་ནས་ལྷར་སྐྱེས་འཕོས་པ་ཡིན།
།རྩིབ་གཡས་དཔུང་གཡས་སྨེ་བ་དང་། །ལག་གཡོན་ལུས་སྨད་ཤ་མཚན་ཅན།
།ཚེ་ཚད་བདུན་ཅུ་དོན་གཅིག་སྟེ། །བར་ཆད་བཞི་དང་གཙང་སྦྲ་་དགོས།
།རོ་བག་འཛེམ་ལ་ཤེས་པ་ཚིག །ཆུང་དུས་དྭ་བབས་ཉེན་ཡོད། །རྟག་ཐུ་དབུགས་ཐུང་ཚིག་པ་ཟ།
།ནོར་ནི་དཀར་ཟལ་འཕྲོད་པ་ཡིན། །སྐྱེ་བ་ཕྱིེ་མར་དུད་འགྲོའི་རིགས།
།མང་རབ་ནང་ནས་ཀླུར་སྐྱེ་དོགས། །སྤྱན་རས་གཟིགས་ཀྱི་སྐུ་བཞེངས་ན།
།ཕྱི་མ་འབྱོར་ལྡན་ཕོ་ལུས་སམ། །ཡང་ན་ལྷའམ་བྲམ་ཟེར་སྐྱེ།།
༈
གཉིས་ནག་ལ་སྐྱེས་དམྱལ་འཕོས་བདུད། །བུ་ཡིན་ཚེ་སྔོན་སྐྱེས་བརྟག
།ཕ་མ་བྲལ་སྔ་མནའ་ཟ་བས། །ཁྱིམ་སོ་ལེན་གྲངས་མང་བ་འོང༌། །སྔ་བུ་ཡིན་ན་འཚོ་བ་སླ།
།ནང་མི་སྤུན་རིགས་མཐོ་དོགས་པས། །སྲིན་སྐྱེ་ཁ་འཇམ་ཁོང་གྱོང་སྟེ། །ཞེ་ནག་ཚེག་བསྡོམས་རེ་གཅིག་འཚོ།
།བར་གཅོད་གསུམ་ཡོད་ཆུང་ནད་མང༌། །མི་རྣམས་མགུ་དཀའ་འགྲངས་དུས་མེད།
།ལས་ལ་ཟིན་མེད་བུ་སྐལ་མེད། །ཧྲེང་ཧྲེང་མངའ་གཅིག་ཤུར་ཤུར་ཡིན།
།སྐྱེ་བ་ཕྱི་མ་སྲིན་བུའམ། །དོམ་སྤྲེ་ཡི་དྭགས་གངས་རུང་སྐྱེས།
།ཕྱག་རྡོར་སྐུ་དང་མཆོད་རྟེན་བཞེངས། །ཆོས་ནི་ཡང་དག་འགྲུབ་པར་བྱ།
།ཚངས་རི་སམ་ནི་ཡང་ན་ལུས། །ཞང་བློན་ཕོ་ལུས་ཞིག་ཏུ་སྐྱེ།
།རྟགས་སུ་རྩིབ་ལོགས་ལག་གཡས་གཡོན། །སྙིང་དཔུང་སྐེ་མཇིང་རྒྱབ་མདུན་སྨེའམ།
།མཚན་རྟགས་ཡོད་པས་བལྟའ་བར་བྱ།།
༈
གསུམ་མཐིང་གང་སྐྱེས་ཀླུ་བསེན་དང༌། །སྲིན་གཉན་བུ་ཡིན་བྱོལ་སོང་དང༌།
།སྲིན་པོ་བྲག་སྲིན་གླང་ཆེན་སྐྱེ། །དེ་ནི་སྐྱེ་བ་སྔོན་མ་ཡིན།
།ཚེ་ཚད་ལྔ་ཅུ་གེགས་གསུམ་ཡོད། །ཕྱི་མ་སྲིན་པོའི་བུ་མོའམ།
།གླང་དང་གོང་མོའི་ལས་སྐྱེས་འདོགས། །དགེ་རྩ་སྦྱིན་པ་རྒྱ་ཆེ་དང༌།
།ཡིག་བརྒྱ་ཁྲི་འབུམ་རྡོར་སེམས་སྐུ། །བཞེངས་ན་ནུབ་ཕྱོགས་སྐད་རིགས་ནི།
།མི་འདྲ་བ་ཡིས་ཕྱུག་བུ་མེ།ོ །སྐྱེ་བར་བརྟགས་སུ་རྩིབ་ལག་དཔུང༌།
།ཚང་ར་སྨེ་བ་བ་བུར་མཚན། །འགོ་ལྷ་བཙོག་མནོལ་སོང་སྟེ་ཡར།
།ཟས་ནོར་གཡང་དགྲའི་ཁྱེར་བའམ། །གང་སྟོང་ཆུ་སྦུར་སྒབ་མིས་ལྡང༌།
།གྲིར་ཤི་སྟོང་མེད་འགྱུར་ལྡོ་ཆེ། །ལྟ་མཐོ་མགུ་དཀའ་འདྲེ་ཡིས་ལྡང༌།
།ས་སྲིན་ཀླུ་སྲིན་ཐབ་གཞོབ་དང༌། །ཁང་ཞིང་ས་བདག་གནོད་པ་དང༌།
།འགོ་ལྷ་ཀླུ་སྲིན་འགོང་པོ་ཡིན། །ཕར་དྲིན་ཆེ་ཀྱང་མཚུར་འཕྱར་ཁ།
།སེམས་སྟོབས་ཆེའང་གཡོ་རྫུན་ཆུང༌། །མི་ཡི་མཐོ་རུ་མི་བཏང་ཞིང༌།
།དམའ་རུ་མི་སྡོད་སྔ་མའི་ལས། །འབྲས་བུ་བཟང་པོ་སྨིན་རྒྱུ་དཀོན། །རང་དྲིན་ཆེའི་ནོར་རྫས་རྙེད།
།འཁར་ཐོགས་ལུས་ཁྱག་ཡུལ་གཉིས་འཛིན། །ཐ་མ་གཅོང་ངམ་དམུ་ཆུའི་འཆི།།
༈
བཞི་ལྗང་གང་སྐྱེས་ཀླུ་དཀར་མོའི། །བྱིན་པས་ཚེ་སྔོན་ཀླུ་ཡིན་པའི།
།ཚེ་ཚད་དྲུག་ཅུ་རེ་ལྔ་ལ། །བགེགས་བཞི་རྟག་ཏུ་མི་གཙང་འཛེམ།
།སྨེ་བའི་ག་ཤ་གཡོན་ལག་གདོང། །མཛེར་པ་གང་རུང་ཡོད་པས་ན།
།ཚེ་འཕོས་ཁུ་བྱུག་བྱོལ་སོང་རིགས། །སྐྱེས་འདོགས་ཕྱག་རྡོར་སྐུ་བཞེངས་དང་དང༌།
།སཱ་ཙྪ་ཁྲི་འབུམ་བཏབ་པ་ན། །སྔགས་པའམ་བཟོ་བོ་ཡང་ན་ནི།
།ནུབ་ཕྱོགས་ཕྱུག་པོའི་བུ་རུ་སྐྱེས། །ཞིང་ཁང་ས་བདག་ཀླུ་ཡིས་གནོད།
།དྲེག་དང་ཞ་གྲུམ་ཤུ་འབྲས་དང༌། །ཐོར་པ་སྨོ་འབོག་ནད་ངོ་ཡིན། མི་གཙང་གཞོབ་ཀྱི་འཕོ་འཕྱུགས་འོང༌།
།ཕ་སྤུན་ཞང་ཉེ་སར་བོང་བུ། །འོག་རྟ་བྱས་པའི་མཆིན་ལོག་ན། །ཞིང་ས་ཟླ་འདྲ་གཞུ་འདྲ་བའི།
།ས་སྲིན་གནོད་དང་ཁང་འགྲམ་ཀླུ། །ཟས་ནོར་གཡང་ཉམས་མི་བརྒྱུད་གནོད།
།ཀླུ་ཡོད་སར་ནི་རྒྱུ་སྲང་སྤང༌། །ཀླུ་དཀར་འགོ་ཞིང་འབྲུ་སྣའི་མཆོད།
།ཚད་ལྡན་འབྱུང་ན་དངོས་གྲུབ་འབྱུང༌། །གཉན་དང་ས་བདག་གནོད་པ་ཡིན།
།གྲི་ཁ་སྡང་ལ་བུ་ཚ་བཞི། །ནོར་ནི་ཟལ་པོ་སྔོན་པོ་འཕྲོད།།
༈
ལྔ་སེར་གང་སྐྱེས་དགེ་སློང་འཕོས། །བདུད་པོ་ཡབ་རྗེ་བྱིན་པའི་བུ།
།བློ་བརྟན་ཆོས་དད་སྐྱེས་སར་སྐྱེས། །འཁྲུངས་སར་བལྟམས་ནས་དེའི་བརྒྱུད།
།ས་བདག་རྒྱལ་པོ་གནོད་པས་ལེན། །ལྷ་སྲུང་གཡེལ་ཏེ་བསྐང་བཤགས་བྱ།
།ཚེ་སྔོན་དྲང་སྲོང་བནྡེ་ལ། །ཨ་ཙར་ལུས་བླང་ཡང་ན་ནི།
།རྒྱལ་འགོང་སྐྱེས་པས་རྟག་ཏུ་གཏམ། །བློ་རྟབ་འཆོལ་མང་རིགས་པ་མྱུར།
།ཕ་མེས་སྒོ་ཡིས་འཚོ་བ་ཡིན། །ཚེ་ཚད་ལྔ་བཅུ་འཕྲང་དམ་གཉིས།
།སྤྲེའུ་ཁྱིམ་བྱར་སྐྱེས་དོགས་པས། །ཐུབ་དབང་སྐུ་དང་རྡོར་གཅོད་བཞེངས། །སྔགས་པའི་ལུས་ཐོབ་ཆོས་ལ་དཀར།
།སྐྱེ་བ་ལེན་གྲངས་སྲིན་བུའམ། །ཡང་ན་ཚོང་དཔོན་དཀོར་སྲུང་གནོད།
།བསྐང་བཤགས་གཙུག་ཏོར་སྟོང་བཟློག་བྱ། །ལྷ་མི་དགའ་བས་རྨི་ལམ་ཚུབ།
།ཕ་མའི་སྲུང་མའི་ཡུལ་བདག་འགོ །བན་བརྒྱུད་ཕུར་ཁ་དམ་སྲིས་གནོད།།
༈
དྲུག་དཀར་གང་སྐྱེས་ཡི་དྭགས་འཕོས། །འགོང་བུ་སྨྲས་པ་མ་ཚོར་བ། །གཞན་གྱི་ལྟོ་ལ་རྔམ་པའི་ས།
།དུས་ཀུན་ལྷ་གདོན་འགོང་པོས་དཀྲུགས། །ཚེ་སྔོན་ལྷ་དང་ཡི་དྭགས་སམ།
།བྲམ་ཟེ་ཤ་བ་ཁུ་བྱུག་སྐྱེས། །ཚེ་ཚད་བདུན་ཅུ་གེགས་ལྔ་ཡོད།
།ལྷ་རྒྱལ་གཉེན་འདྲེ་གནོད་པ་དང༌། །ཡུལ་ལྷ་བཟང་འགོ་ཕོ་དགྲ་ལྷས།
།སྐྱོབ་པ་ནད་དཀོན་ཚབས་ཆེན་འོང༌། །རང་གཅིག་ཕོ་རེང་དྲིན་ཆེའང༌།
།ཚུར་གནོད་སྐྱེལ་བ་མང་བས་ན། །བུ་ཚ་ལྔ་དང་གསུམ་གང་རུང༌།
།ནོར་ནི་དམར་ཟལ་འཕྲོད་པ་ཡིན། །ཕྱི་མ་བོན་པོའི་བུ་མོའམ།
།སྒོམ་སྒྲུབ་བྱེད་མཁན་ཡང་ན་ནི། །བྱ་ལུས་ལེན་དོགས་གཙུག་ཏོར་དང༌།
།བླ་མའི་སྐུ་བཞེངས་ལྷོ་ཕྱོགས་སུ། །ཡོན་ཏན་ཅན་དུ་སྐྱེ་བ་ལེན།།
༈
བདུན་དམར་ལ་སྐྱེས་བཙན་གྱི་བུ། །གྲི་ཐོགས་ཕ་མ་ངན་ཡང་ཟེར། །རང་ཉིད་ཐ་མ་གྲིར་འཆི་ཉེན།
།ཟས་ནོར་དར་གུད་གང་སྟོང་ཆེ། །ཕྱི་མ་སྲིན་བུ་འཕར་སྤྱང་ངམ།
།ཡི་དྭགས་ལས་མཁན་སྐྱེས་དོགས་པས། །སྒྲོལ་མའི་སྐུ་བཞེངས་ཕོ་ལུས་ཐོབ།
།འདུལ་བ་འཛིན་པ་ཞིག་ཀྱང་འབྱུང༌། །རྟགས་སུ་རྩིབ་ལོག་རྒྱབ་བྲང་དང༌། །ལག་གཡོན་གང་རུང་སྨེ་ཤ་མཚན།
།ཚེ་ཚད་བརྒྱད་བཅུ་བར་ཆད་བཞི། །སྤྲོ་ཐུང་སྐྱོན་བརྗོད་དམར་དད་ཆེ།
།བསྡོང་གྲོགས་བཙན་བྱེད་དཔལ་རྩལ་ཆེ། །ཤ་མདོག་དམར་ལ་ཤེས་པ་་ཁྲོ།
།འགོ་བ་བཙན་འགོ་རྟག་ཏུ་མཆོད། །འདྲེ་རུ་གྲེ་བཙན་གནོད་པ་ཡོད།།
༈
བརྒྱད་དཀར་གང་སྐྱེས་དགའ་ལྡན་ལྷ་ཡི། །བུ་ཚེ་ལྔ་བཅུ་བར་ཆད་གསུམ། །རྐང་གཡས་སྨེ་བའི་མཚན་མ་ཡོད།
།ཕྱི་མ་བུད་མེད་ལུས་ལེན་དོགས། །སྟོན་པའི་སྐུ་བཞེངས་ལྷ་བཟོ་སྐྱེས།
།ཡུལ་ལྷ་དགྲ་ལྷ་རྒྱལ་པོ་འགོ །གསོལ་ཁ་རེམ་ཞིག་འདྲེ་རྒྱལ་འགོང༌།
།གནོད་པས་དེ་བཟློག་རིམ་འགྲོ་བྱ། །རྒས་ཁར་ཤིན་ཏུ་སྐྱིད་པ་འོང༌།
།ལྷ་སྲུང་མི་དགའ་བློ་བུར་ཁྲོ། །སྨྲ་དོན་མེད་པ་གཏམ་འཆོལ་བྱེད།
།མི་འཚེངས་ཙམ་ལ་ཁོན་པའོང༌།།
༈
དགུ་དམར་གང་སྐྱེས་ལྷ་ལས་འཕོས། །སྨན་གྱི་བུ་ཡིན་གནམ་སྨན་བྱིན།
།ཚེ་ཚད་དོན་གསུམ་བར་ཆད་ལྔ། །ཕྱི་མ་ཁྱི་དང་བོང་བུའམ། །བུད་མེད་དམན་པར་སྐྱེ་དོགས་པས།
།འཇམ་དབྱངས་སྐུ་བཞེངས་གཟུངས་འབུངས་ན། །ལྷོ་ཕྱོགས་མོན་ཡུལ་འབྱོར་ཅན་བུ།
།ཡང་ན་སེར་སྣ་ཆེར་སྐྱེའམ། །སྤྲིན་གསེབ་ལྷ་ལ་སྐྱེས་རྟགས་སུ།
།གདོང་མགོ་རྐེད་མཇིང་རྐང་གཡོན་ལ། །སྨེ་བ་བ་བུར་ཤ་མཚན་ཡོད།
།གཡང་གི་མེ་ཏོག་ཧ་ལོ་བདུན། །གཡས་དང་གཡོན་དུ་ལག་པར་ཐོགས། །འདི་དང་མ་བྲལ་ཉེ་འཁོར་ལ།
།མི་རེ་ཕ་མ་ལྟོགས་འགྱུར་ཀྱང༌། །ང་རང་ཕྱུག་སྟེ་རྩལ་ལས་བྱུང༌།
།གཡང་ཉམས་སྤུ་རྟགས་ཤོར་དོགས་ཡོད། །ལྷ་རུ་བཙན་དང་སྨན་མོ་འགོ
།གདོན་དུ་རི་སྣ་ཆུ་མིག་དང༌། །ཚངས་ཚིངས་གནས་པའི་འདྲེ་གདོན་གནོད།།
སྐྱེས་ཁྱིམ་དང་དུས་སྦྱོར་བཅུ་གཉིས་འབྲས་བུ།
༼འགྲེལ་བཤད་འདི་ཡང་བཻ་དཀར།
དངུལ་གྱི་མེ་ལོང་སོགས་གང་དང་ཡང་ཚིག་འགྲོས་མི་འདྲ་བ་ཞིག་འདུག
གང་ནས་བྱུང་བའི་ངོས་འཛིན་ཞུས་ཐུབ་མ་བྱུང་།
མདོར་དོན་དུ་
བཻ་དཀར་སོགས་ནས་བྱུང་བ་གང་ཞིག་ལ་ཞག་ཀག་རྣམས་བཅད་ནས་འགྱུར་བ་ཅུང་ཟད་བཏང་བ་འདྲ།།༽
༈
ལུག་ཁྱིམ་ལ་སྐྱེས་ཟླ་བཅུ་དང་། །ལོ་བཅུ་བཅོ་བརྒྱད་ཉི་ཤུ་འམ།
།སུམ་ཅུ་རྣམས་ལ་ཆག་ཐལ་ན། །ལོ་མང་འཚོ་ཞིང་ཁོང་ཁྲོ་ཆེ།
།།སྨིན་དྲུག་ཟླ་བའི་བཅུ་གསུམ་མམ། །རེས་གཟའ་མིག་དམར་དག་ལ་ནི། །མེས་ཚིག་ནམ་ཕྱེད་འཆི་བར་འགྱུར།
།རྒྱལ་པོའི་མཆོད་ཅིང་ཞིང་ལ་དགའ། །བྱ་བ་ཤེས་ཤིང་ཆོས་ལ་དཀར།
།མགྲོན་ལ་ཡངས་ཤིང་ཚིག་ཀྱང་གསལ། །ཁོག་ཡངས་འདོད་ཆགས་ཆེ་བ་ཡིན།། ༈
ཏཏྐལ་གླང་ཁྱིམ་སྐྱེས་པ་ཞག །ཉི་ཤུ་དང་ནི་ཟླ་བརྒྱད་དམ། །ལོ་གཅིག་མ་ཤི་དགུ་བཅུ་ཐུབ།
།དགུན་ར་འམ་ནི་མིག་དམར་ལ། །བད་མཁྲིས་ནད་ཀྱིས་དགོང་མོ་འཆི། །མིག་རྩ་དམར་ལ་ལེ་ལོ་ཆེ།
།མཁས་ཞིང་འཁོར་མང་སྙན་གྲགས་ཆེ།། ༈ འཁྲིག་པ་ལ་སྐྱེས་ཞག་ལྔའམ།
།ཟླ་གཅིག་ལོ་གཉིས་ཐལ་ན། །དགུ་བཅུ་གོ་ལྔ་འཚོ་བ་ཡིན།
།རྒྱལ་ཟླ་འམ་རྒྱལ་སྟོད་ལྷག་པ་དང༌། །ཚེས་པ་བཅུ་དྲུག་དག་ལ་ནི།
།སྔ་དྲོ་མཚོན་གྱིས་འཆི་བར་འགྱུར། །འབྱོར་ལྡན་འཇམ་ཞིང་ཆང་དད་ཆེ།
།བདེན་སྨྲ་གཞན་གྱི་ཚིག་ལ་མཁས། །ལྟད་མོ་ལ་དགའ་ཆགས་པ་ཆེ།། ༈ ཀརྚའི་ཁྱིམ་ལ་བཙས་པའི་འབྲས།།
ལོ་ཟླ་ཞག་ལྔ་བདུན་བཅུ་དྲུག །སུམ་ཅུ་ལ་ནི་མ་ཤི་ན། །ཚེ་ཚད་བརྒྱད་ཅུ་འཚོ་བ་སྟེ།
།རྟ་ཟླའི་དཀར་ཕྱོགས་བཅུ་བཞི་དང༌། །རྟ་ཆེན་རེས་གཟའ་པ་སངས་ལ།
།ཉི་མ་རྒས་ཁར་དམུ་ཆུས་འཆི། །བློ་ལྡན་གྲགས་དང་ཤེས་རབ་ཆེ།
།སྟོབས་ལྡན་བཟོད་ལྡན་བྱང་སེམས་ལྡན། །འགྲོ་ལ་དགའ་ཞིང་ཆོས་ལ་དཀར།། ༈
སེངྒེའི་ཁྱིམ་ལ་བཙས་པའི་འབྲས། །བཅུ་གསུམ་ལོ་ཟླའི་ཞག་གྲངས་ལ།
།མ་ཤི་བདུན་ཅུ་རྩ་དགུ་འཚོ། །བྱ་མ་སྤེན་པ་བཅུ་དགུའི་ཚེས།
།ནག་ཕྱོགས་ཉི་མ་ཕྱེད་ཀྱི་དུས། །རྡིབ་འོག་ཐོག་གིས་འཆི་བ་ཡིན།
།སྟོབས་ལྡན་གཟུགས་བཟང་ང་རྒྱལ་ཆེ། །ལྷ་ཆོས་བླ་མ་ལ་དགའ་ཞིང་།
།ནད་མང་ཚོང་ལ་དགའ་བ་ཡིན།། ༈ བུ་མོའི་ཁྱིམ་སྐྱེས་ཞག་ཉེར་དགུ།
།ཟླ་བ་ཕྱེད་དང་བཅུ་དང་ནི། །ལོ་ནི་ཉེར་དགུ་མ་ཤི་ན། །དྲུག་ཅུ་འཚོ་ཞིང་ས་ག་ཡི།
།ཚེས་ལྔ་བྱའུ་སྤེན་པའི་རེས། །མགོ་ནད་དག་གིས་ཚན་མོ་འཆི། །མཁས་ཞིང་ནོར་ལྡན་དབང་ཐང་ཆེ།
།སྐྱེ་བོ་རྣམས་དང་མཐུན་པ་དང་། །བུ་མང་བུ་ལ་བརྩེ་བ་དང་།
།མེ་་ཏོག་དང་ནི་དྲི་ལ་དགའ།། ༈ སྲང་ཁྱིམ་ལ་སྐྱེས་ཟླ་ལྔ་དགུ།
།ཉི་ཤུའི་ལོ་ལ་ཆག་ཐལ་ན། །བརྒྱད་ཅུ་འཚོ་ཞིང་དཔྱིད་ཐ་དང་།
།དབྱར་ར་ནག་པའི་ཚེས་བརྒྱད་དང་། །སྐར་མ་སྒྲོག་དང་མིག་དམར་ལ། །འདུས་པའི་ནད་ཀྱིས་མཚན་མོ་འཆི།
།སྟོབས་ལྡན་ང་རྒྱལ་ཚིག་རྩུབ་སྨྲ། །ཁོང་ཁྲོ་གཙང་སྦྲ་ཆེ་བ་ལ།
།རྟག་ཏུ་སོ་ནད་འབྱུང་བ་ཡིན།། ༈
སྡིག་པ་ལ་སྐྱེས་ཞག་བཅུ་དང༌། །ཟླ་བཅུ་ལོ་བཅུར་མ་ཤི་ན།
།ལྔ་བཅུ་འཚོ་ཞིང་དབྱར་འབྲིང་གི །དཀར་ཕྱོགས་བཅུ་གཅིག་བཅུ་གཉིས་དང་།
།ལྡེའུ་བྱ་སྦོ་མིག་དམར་རེས། །སྐྲངས་འབུར་ནད་ཀྱིས་སྔ་དྲོ་འཆི།
།མཐོན་པོས་བཀུར་ཞིང་སྡིག་ལ་དགའ། །ཁོང་གྱོང་འཁྲུགས་པའི་ལས་ལ་དགའ།། ༈
གཞུ་ཁྱིམ་ལ་སྐྱེས་ལོ་ཟླ་ཞག །བཅོ་བརྒྱད་གྲངས་ལ་ཆག་ཐལ་ན།
།བདུན་ཅུ་འཚོ་ཞིང་དབྱར་འབྲིང་ངམ། །དགུན་རའི་བཅོ་ལྔ་སྐར་མ་ཁྲུམས།
།པ་སངས་རེས་ལ་རིམས་དང་ནི། །མཚོན་གྱིས་དགོང་མོ་འཆི་བ་ཡིན།
།ཚུལ་ཁྲིམས་དང་ལྡན་བདེན་པར་སྨྲ། །ལོངས་སྤྱོད་ཆེ་ཞིང་གཏོང་ལ་དགའ།། ༈ ཆུ་སྲིན་ལ་སྐྱེས་བཅོ་བརྒྱད་ཀྱི།
།ལོ་ཟླ་ཞག་ལ་མ་ཤི་ན། །བརྒྱད་ཅུ་རྩ་བདུན་འཚོ་བ་ཡིན། །བྱ་སྦོའི་ཟླ་བ་སྐར་མ་སྒྲོག
།ཚེས་པ་བཅོ་ལྔ་སྤེན་པའི་རེས། །ཉིན་ཕྱེད་གོང༌དུ་སྐྲན་གྱིས་འཆི།
།དཔའ་ཞིང་ཆོས་ལྡན་ལྟ་ན་སྡུག །དྲི་སྤོས་གླུ་དང་རྩེད་ལ་དགའ།
།ཉམས་དང་གཟི་བརྗིད་ཆགས་པ་ཆེ། །རྒྱལ་པོས་མཆོད་ཅིང་བུ་མང་སྐྱེས།། ༈ བུམ་པ་ལ་སྐྱེས་བཅོ་བརྒྱད་ཀྱི།
།ལོ་ཟླའི་གྲངས་ལ་ཆག་ཐལ་ན། །དབྱར་འབྲིང་བཅུ་གཉིས་སྐར་མ་བྲེ།
།གཟའ་ཡང་ཉི་མ་ཤར་བའི་དུས། །བད་འཁྲུགས་ནད་ཀྱིས་འཆི་བ་ཡིན། །བློ་ལྡན་མཁས་ཤིང་སྙན་གྲགས་ཆེ།
།འཁོར་མང་ལོངས་སྤྱོད་མི་རབ་མགུ། །ང་རྒྱལ་ཆེ་ཞིང་གཞན་ཕན་བྱེད།། ༈
ཉ་ཡི་ཁྱིམ་ལ་སྐྱེས་པའི་མི། །ཉི་མ་བཅོ་བརྒྱད་ལོ་བཅུ་གཉིས། །དེ་ལ་མ་ཤི་གོ་ལྔ་ཐུབ།
།ཁྲུམས་དང་དབྱུག་པ་ཟླ་བ་ཡི། །དཀར་ཕྱོགས་བཅུ་གཉིས་སྐར་མ་བྲེ།
།ཕུར་བུའི་རེས་ལ་རླུང་ནད་ཀྱིས། །ཉི་མ་ཕྱེད་ཡོལ་དག་ལ་འཆི།
།ནོར་ལྡན་སེར་སྣ་ཆེ་བ་དང༌། །ཉ་དང་ཤ་དང་འཁྲིག་ལ་དགའ།།
སྐྱེས་བརྟག་འཁོར་ལོ།
༼འདི་ནི་ཚེ་རྩིས་འབྲས་བུ་བློ་གསར་དགའ་སྐྱེད་ལས་བཤུས་པ་ཡིན།༽[12]
རྐང་པ་ལ་སྐྱེས་ཚེ་ཐུང་འགྱུར།
།པུས་མོ་ལ་སྐྱེས་བྱེས་འཁྱམས་ཤིང༌། །གསང་བ་ལ་སྐྱེས་འཁྲིག་པས་རླག །ལྟེ་བར་སྐྱེས་པ་དབུལ་པོར་འགྱུར།
།སྙིང་ག་ལ་སྐྱེས་ལོངས་སྤྱོད་ལྡན། །ལག་པར་སྐྱེས་པ་རྐུན་པོར་འགྱུར།
།འཁྲིག་མར་སྐྱེས་པ་སྡུག་བསྔལ་ཅན། །དཔུང་མགོ་ལ་སྐྱེས་ཁུར་པོ་བ།
།ཁ་ལ་སྐྱེས་པ་ཆོས་དང་ལྡན། །སྤྱི་བོར་སྐར་མ་ལ་སྐྱེས་པ།
།རྒྱལ་པོ་འགྱུར་བ་ཐེམ་ཚོམ་མེད།།
མཁའ་འགྲོའི་སྐྱེས་རྩིས་ནི།
༼འདི་ནི་ལེགས་དངུལ་གྱི་མེ་ལོང་ལས་བཤུས་པ་ཡིན།༽[13]
རྡོ་རྗེ་མཁའ་འགྲོ་ལ་སྐྱེས་པ།
།གཟུགས་བཟང་ཆོས་ཀྱི་ལས་འཕྲོ་ཅན། །ལུས་ལ་ཤ་མཚན་སྨེ་བ་ཡོད། །ཟླ་བ་བདུན་དང་དགུ་ལ་ཆག
།ཆུ་གཏོར་གང་མང་ཚྭ་ཚྭ་གདབ། །སོ་སོར་འབྲང་མའི་སྲུང་མ་བཏགས།། མིང་ཡང་རྡོ་རྗེ་ལས་འགྲེས་བཏགས།།
༈ རིན་ཆེན་མཁའ་འགྲོའི་ཉི་མ་ལ།
།མི་དགེ་སྡིག་པའི་ལས་དེ་ལ། །དགའ་ཞིང་ཇག་དང་རྐུན་མར་འགྱུར།
།ཆོས་ཀྱི་ལས་འཕྲོ་མ་མཆིས་ཏེ། །ཕྱི་མ་གནོད་སྦྱིན་དྲག་པོར་སྐྱེ།
།ཟླ་བཞི་དྲུག་ཆག་གསོ་བར་དཀའ།། ༈ པདྨ་མཁའ་འགྲོ་ལ་སྐྱེས་པ།
།ཤེས་ཆུང་ཆོས་མེད་འདོད་ཆགས་ཆེ། །ཞག་པོ་བཅོ་ལྔ་ཟླ་གསུམ་དང་། །ཡང་ན་ཟླ་བ་ལྔ་ལ་ཆག
།ཚེ་རིང་སྡུག་བསྔལ་ཅན་དུ་འགྱུར། །མཛེ་ནད་དྲག་ཟིན་གསོ་བར་དཀའ།། ༈ ལས་ཀྱི་མཁའ་འགྲོ་ལ་སྐྱེས་པ།
།ཆོས་མེད་ཕྱི་མ་ངན་སོང་འགྲོ། །ནད་མང་གསོ་དཀའ་མཚོ་རུ་ལྷུང་། །ཟླ་བ་དྲུག་དང་དགུ་ལ་ཆག
།ཚེ་གཟུངས་ཚེ་ཆོག་འབད་ན་དགེ། ༈
སངས་རྒྱས་མཁའ་འགྲོ་ལ་སྐྱེས་པ། །བཙུན་པའམ་སྔགས་པ་ནུས་ཅན་རིགས།
།ཆོས་ཀྱི་སྐལ་བ་ཆེ་བ་དང་། །མི་དྲག་རྔམས་ལྡན་བསོད་ནམས་ཅན།
།ཕྱི་མ་མི་ལུས་ཐོབ་པར་འགྱུར། །གསོ་སླ་ནད་ཉུང་ཞག་བཅུ་དང་།
།ཟླ་བདུན་དག་ལ་ཆག་ཆེ་ཞིང་། །སོ་སོར་འབྲང་མའི་སྲུང་མ་བཏགས།
།དྲག་ལས་དམར་གཏོར་ཆོ་ག་དང་། །བཟློག་པའི་རིགས་རྣམས་འབད་ན་དགེ།།
[1] ལེགས་བཤད་དངུལ་གྱི་མེ་ལོང་། ཅིཏྟའི་མིང་ཅན།
༼ཉེར་མཁོའི་རྩི་དཔེ་ཕྱོགས་བསྡུས། ཤོག་གྲངས། ༩༦༽ ཀེ་ཨེམ་ཊི།
[2] ཚེས་རྩིས་འབྲས་བུ་བློ་གསར་དགའ་སྐྱེད། ཤོག་གྲངས།
༣༡ བོད་གཞུང་སྨན་རྩིས་ཁང་། ༡༩༩༨
[3] ལེགས་བཤད་དངུལ་གྱི་མེ་ལོང་། ཅིཏྟའི་མིང་ཅན།
༼ཉེར་མཁོའི་རྩི་དཔེ་ཕྱོགས་བསྡུས། ཤོག་གྲངས། ༩༦༽ ཀེ་ཨེམ་ཊི།
[4]
རྩིས་གཞུང་བཻ་དཀར། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྟོད་ཆ་ཤོག་གྲངས། ༢༦༢
ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[5] བཻ་དཀར། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
སྟོད་ཆ་ཤོག་གྲངས། ༢༦༣ ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[6] བཻ་དཀར། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
སྟོད་ཆ་ཤོག་གྲངས། ༢༦༤
ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[7] ལེགས་བཤད་བདེ་སྐྱིད་དཔལ་སྟེར། སློབ་དཔོན་རྟ་མགྲིན་ཚེ་དབང་། ༼འབྲུག་ལུགས་ཟླ་ཐོ་བལྟ་ཐངས༽
ཤོག་གྲངས། ༢༥༡ ཀེ་ཨེམ་ཀྲི།
[8] ལེགས་བཤད་བདེ་སྐྱིད་དཔལ་སྟེར། སློབ་དཔོན་རྟ་མགྲིན་ཚེ་དབང་།
༼འབྲུག་ལུགས་ཟླ་ཐོ་བལྟ་ཐངས༽ ཤོག་གྲངས། ༢༥༩
ཀེ་ཨེམ་ཀྲི།
[9] ལེགས་བཤད་བདེ་སྐྱིད་དཔལ་སྟེར། སློབ་དཔོན་རྟ་མགྲིན་ཚེ་དབང་།
༼འབྲུག་ལུགས་ཟླ་ཐོ་བལྟ་ཐངས༽ ཤོག་གྲངས། ༢༥༩
ཀེ་ཨེམ་ཀྲི།
[10] ལེགས་བཤད་དངུལ་གྱི་མེ་ལོང་། ཅིཏྟའི་མིང་ཅན།
༼ཉེར་མཁོའི་རྩི་དཔེ་ཕྱོགས་བསྡུས། ཤོག་གྲངས། ༡༢༥༽ ཀེ་ཨེམ་ཊི།
[11] རྩིས་གཞུང་བཻ་དཀར།
སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྟོད་ཆ་ཤོག་གྲངས། ༢༨༦
ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[12] ཚེས་རྩིས་འབྲས་བུ་བློ་གསར་དགའ་སྐྱེད། ཤོག་གྲངས།
༡༠ བོད་གཞུང་སྨན་རྩིས་ཁང་། ༡༩༩༨
[13] ལེགས་བཤད་དངུལ་གྱི་མེ་ལོང་། ཅིཏྟའི་མིང་ཅན།
༼ཉེར་མཁོའི་རྩི་དཔེ་ཕྱོགས་བསྡུས། ཤོག་གྲངས། ༡༢༧༽ ཀེ་ཨེམ་ཊི།
1 comment:
This astrological finding is an already published post by ༼གནམ་སའི་དྲཱ་བ༽ that I found interesting to share herein.
Post a Comment