Thursday, September 4, 2014

ཀེག་རྩིས་ཀྱི་རྩ་འགྲེལ།

ཀེག་རྩིས་ཀྱི་རྩ་འགྲེལ།
༈  ལོ་གཅིག་ཁྱུད་བསྐོར་སྐེག་རྩིས་ནི། །གནམ་ལོ་གང་ཤར་རྡེའུ་བཞག །གང་ལ་ཤར་བའི་ལོ་ངོས་བཟུང་། །བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་སོགས། །གནམ་ལོ་དག་དང་འཐབ་ཏུ་གསོལ།།          དེ་ནས་རྩུབ་བདུན་བཤད་པར་བྱ། །རང་ལོ་གནམ་ཤར་རང་ཀེག་རྩུབ། །བདུན་ཟུར་ཤར་ན་དགྲ་གཤེད་རྩུབ། །ལོ་འགྲོས་དབང་ཐང་ཚང་ཟླ་གཅིག །གནམ་ལོ་ཤར་བ་ཁྱིམ་མཚེས་རྩུབ། །ཀླུང་རྟ་གཅིག་ཤར་མཐུན་གསུམ་རྩུབ། །ཕ་མེས་སྤུན་ཟླའི་དུར་སྲི་སོགས། །སྲི་ངན་སྟེང་སླེབས་དེ་ཡིས་རྩུབ། །བཟའ་མི་སྤར་ཁ་གཅིག་སྟེང་ཚོགས། །སྐྱམ་ཟླ་ཞེས་པ་བཟའ་ཤུགས་རྩུབ། །རང་སྐྱེས་སྤར་ཁའི་སྟེང་སླེབས་པ། །གསང་ཀེག་རྐུན་བུས་རྩུབ་པ་སྟེ། །རྩུབ་ན་རྡེའུ་ནག་པོ་དང་། །མི་རྩུབ་ན་ནི་དཀར་པོར་བོར།། 
       
སྨེ་བའི་ཀེག་ཕྲན་རྣམ་བཞི་ནི། །ཁང་ཀེག་གནམ་ལོའི་སྨེ་བ་དང་། །མལ་ཀེག་རང་གི་སྐྱེས་སྨེ་དང་། །ཡུལ་ཀེག་སྨེ་བ་གཉིས་ནག་དང་།། ཁམས་ཀྱི་རྒྱལ་སྒོ་འགགས་པ་ནི། །སྐྱེས་སྨེའི་དགྲ་རུ་བབས་སྨེ་འོ།། 
དང་པོ་ལོ་ཡི་དགུ་མིག་ནི། །དེ་ཡང་དགུ་དང་བཅོ་བརྒྱད་དང་། །ཉེར་བདུན་སོ་དྲུག་ཞེ་ལྔ་དང་། །ང་བཞི་རེ་གསུམ་བདུན་ཅུ་གཉིས། །གྱ་གཅིག་རྣམས་ལ་དགུ་མིག་འབབ།།  ཁྱད་པར་མཚང་ཆེན་དགུ་མིག་ནི། །སྐྱེས་པ་རྒན་ལ་མཚང་ཆེ་བ། །དྲུག་ཅུ་རེ་གསུམ་ཡིན་པ་སྟེ། །ཁྱི་རྒན་འཆི་བའི་དགུ་མིག་གོ། །སྐྱེས་པ་དར་མར་མཚང་ཆེ་བ། །སོ་དྲུག་དེ་ནི་སྡང་དགྲ་ཡིན། །འཁོར་གསུམ་ཤོར་བའི་དགུ་མིག་གོ། །བྱིས་ཆུང་མཚང་ཆེ་ལོ་དགུ་པ། །ལྷ་གྲལ་རྩེད་ས་སྟོང་དགུ་མིག །བུད་མེད་རྒན་ལ་མཚང་ཆེ་བ། །ང་བཞི་ཡིན་ནོ་  དེ་ལ་ནི། །དཔལ་གྱི་ཉི་ནུབ་དགུ་མིག་སྟེ། །བུད་མེད་དར་ལ་མཚང་ཆེ་བ། །ཞེ་ལྔ་དར་དཀར་ཤམ་བུ་དེ། །མཐའ་ནས་ཟགས་པའི་དགུ་མིག་ཡིན། །བུད་མེད་གཞན་ལ་མཚང་ཆེ་བ། །བཅོ་བརྒྱད་སྲིད་ཀྱི་ཆུ་མིག་སྐམ། །མཚང་ཆེན་ཁྱིམ་གཅིག་འཛོམས་པ་ན། །མྱ་ངན་འབབ་པས་རིམ་གྲོར་འབད།།
  གཉིས་པ་སྤར་ཁའི་དགུ་མིག་ནི། །ཕོ་ལི་མོ་ཁམ་ལ་འབབ་ན། །སྤར་ཁའི་དགུ་མིག་ཅེས་སུ་གྲགས།། 
༈  གསུམ་པ་སྨེ་བའི་དགུ་མིག་ནི། །སྨེ་བ་སྐྱེས་སྨེར་བབས་དུས་ཡིན།།  
དུར་མིག་ཕྱི་ནི་དུར་ལོ་དང་། །ནང་ནི་སྤར་ཁ་དག་ལ་སྦྱོར། །དེ་ཡང་ཤིང་དུར་ལུག་དང་ཁོན། །མེ་དུར་ཁྱི་དང་ཁེན་ལ་ཞུགས། །ལྕགས་དུར་གླང་དང་གིན་ལ་སྟེ། །ས་ཆུ་འབྲུག་དང་ཟོན་ལ་བཏབ། །དེ་ཡང་གནམ་ལོ་གང་ཤར་ཀྱང་། །སྐྱེས་བུའི་ལོ་གྲངས་ཉེར་གཅིག་དང་། །ང་གཅིག་ཞེ་ལྔ་བཅོ་ལྔའི་སྟེང་། །སླེབ་པ་རང་དུར་ཆེ་དང་ཆུང་། །གཤེད་དུར་ཆེ་ཆུང་རིམ་པར་སྦྱར།། 
དུར་འདོམ་དགྲ་འདོམ་ཞེས་བྱ་བ། །སྐྱེས་པ་སྟག་ཡོས་བཅོ་བརྒྱད་ཁོན། །བུད་མེད་སྟག་ཡོས་སོ་དྲུག་ཁོན། །སྤར་ཁའི་དུར་འདོམ་ནང་དུ་ཚུད། །དེ་བཞིན་གཞན་ལ་འགྲེ་བར་བྱ། །ཕོ་མོ་སྟག་ཡོས་ཉེར་བདུན་དྭ། །དགྲ་འདོམ་ཡིན་ཞིང་གཞན་ཡང་འགྲེ།།         
ལྡོག་པ་ལོ་ཡི་བསྐོར་འགོ་ནི། །སྐྱེས་པ་དང་ནི་བུད་མེད་གཉིས། །ཕོ་ལོ་མོ་ལོ་གང་ཡིན་ཀྱང་། །དབང་ཐང་ཤིང་ལ་དཔེར་མཚོན་ན། །ཕོ་ནི་མེ་སྟག་ཡོས་ལ་བརྩི། །མོ་ནི་ཆུ་སྤྲེལ་ལུག་ལ་བརྩི། །ཕོ་ནི་སྤུབས་ལ་མོ་ནི་བཀན། །གང་ལ་བབས་པའི་འགྲེལ་པར་བལྟ། །སྟག་ཡོས་འབྱོར་པ་ཡིན་པས་བཟང་། །ཁྱི་འབྲུག་གཉིས་ནི་གནམ་སྒོ་ཡིན། །ཕག་སྦྲུལ་གཉིས་ནི་ས་སྒོ་ཡིན། །གླང་ལུག་གཉིས་ནི་ཕུང་གྱོད་ལ། །བྱ་སྤྲེལ་གཉིས་ནི་བྱེ་བྲལ་ཡིན། །བྱི་རྟ་གཉིས་ནི་རུ་ཆོད་ཡིན།།
ལོ་དང་སྤར་ཁ་སྨེ་བ་གསུམ། །གནམ་སྒོ་ས་སྒོའི་དབྱེ་བ་ནི། །ལོ་ཡི་གནམ་སྒོ་ས་སྒོ་ནི། །ཁྱི་འབྲུག་གཉིས་ནི་གནམ་སྒོ་ཡིན། །ཕག་སྦྲུལ་གཉིས་ནི་ས་སྒོ་ཡིན། །སྤར་ཁ་ཁོན་ས་ས་སྒོ་དང་། །ཁེན་གནམ་ལ་བབས་གནམ་སྒོ་ཡིན། །སྨེ་བའི་གནམ་སྒོ་ས་སྒོ་ནི། །གནམ་སྒོ་ཕོའི་དྲུག་མོའི་གཅིག་དཀར། །ས་སྒོ་ཕོའི་གཉིས་མོའི་བཞི་ལྗང་། །བབས་ཚེ་སྨེ་བའི་གནམ་ས་བརྩི།།

༄༅༅། །ཚེ་ཡི་ཟིལ་དངར་ཟླ་མེད་པའི། །ཕུན་ཚོགས་བདུད་རིའི་གོང་བུ་ཅན། །བཅོམ་ལྡན་འོད་མཐའ་ཡས་པའི་གཟིགས། །འགྲོ་འདི་ཕུན་སུམ་ཚོགས་གྱུར་ཅིག།
ལོ་གཅིག་ཀེག་བརྩི་ཞེ་བདུན་མ། །ལག་ལེན་སྙིང་པོ་དྲིལ་བ་ནི། །ཐོག་མར་མི་འགྱུར་རྡེལ་འུ་དྲུག །གནམ་ལོ་ལོག་མེན་སྤར་ཁ་དང་། །དར་གུད་དུས་ཚོད་དྲུག་ལ་ཟེར། །དེ་ནི་གཅོད་དྲལ་རྡེལ་ཉེར་བཞི། །བརྩི་བྱའི་སྲོག་གིས་གནམ་ལོའི་སྲོག །དེ་བཞིན་ལོག་མེན་སྲོག་དང་ནི། །སྤར་ཁ་དངོས་དང་སྨེ་བ་དངོས། །དེ་རྣམས་ལ་འཐབ་རྡེའུ་བཞི། །བརྩི་བྱའི་སྲོག་གིས་དར་གུད་བསྐོར། །གནམ་ལོར་བབ་པའི་རྡེལ་གཅིག་དང་། །དུས་ཚོད་སྲོག་ལ་འཐབ་པ་བཅས། །སྲོག་རྡེལ་དྲུག་པོ་མཐུར་རིམ་འགྲེམ། །དེ་མཐར་ཁ་དམར་རྡེའུ་བཀོད། །བརྩི་བྱའི་ལུས་ཀྱིས་གནམ་ལོའི་ལུས། །ལོག་མེན་ལུས་དང་སྤར་ཁ་སྨེ། །དར་གུད་དུས་ཚོད་ལུས་བཅས་དང་། །ཁ་དམར་རྡེལ་བཅས་དེ་རྗེས་འགྲེམ། །དེ་རྗེས་དབང་ཐང་རླུང་རྟ་ཡང་། །ཁ་དམར་བཅས་ཏེ་རིགས་བསྒྲེས་འགྲེམ།།

༈ མ་དང་འཕྲད་ན་དཀར་པོ་གསུམ། །གྲོགས་དང་འཕྲད་ན་དཀར་པོ་གཉིས། །བུ་དང་འཕྲད་ན་དཀར་ནག་ཟུང་། །དགྲ་དང་འཕྲད་ན་ནག་པོ་གཉིས། །ས་ཆུ་ནང་འཕྲད་དཀར་པོ་རེ། །ཤིང་ལྕགས་མེ་ནང་ནག་རེ་བོར། །དར་གུད་བཟང་དྲུག་གོ་རིམ་བཞིན། །རྡེའུ་དཀར་པོ་གསུམ་གཉིས་གཅིག །ངན་དྲུག་རབ་འབྲིང་ཐ་མ་གསུམ། །ཕྱེ་མ་ནག་གཅིག་ནག་གཉིས་སོ།།

༈ ཁ་དམར་རྡེའུ་བཞག་པའི་ཚུལ། །རྡེའུའི་ངོ་གྲངས་མི་འགྲིམ་པར། །གནས་སམ་སྐོར་འགོའི་ངོ་གྲགས་བགྲངས། །དཀར་མང་དཀར་གཅིག་ནག་མང་ན། །ནག་གཅིག་སྙོམས་ཚེ་དཀར་ནག་གཉིས། །ཁ་དམར་རྡེའུ་དཀར་བ་ན། །དཀར་པོའི་འབྲས་བུ་བརྗོད་དགོས་པས། །རྡེལ་ཚར་དེ་ན་དཀར་གསུམ་ཅན། །འདུག་ན་དཀར་གསུམ་འབྲས་བུ་བརྗོད། །དཀར་གཉིས་འབྲས་བརྗོ་གཅིག་ལ་གཅིག །འོན་ཀྱང་ནག་པོ་དུ་ཡོད་ཀྱི། །ཚོད་ལ་སྤོར་བའི་རིམ་འགྲོ་འབོག །ཁ་དམར་ནག་ན་ནག་འབྲས་ཏེ། །སྔར་བཞིན་མང་མཐའི་འགྲེལ་པ་བརྗོད། །ནག་གཞན་རིམ་གྲོའང་ཚོད་ཀྱིས་འབོག །སྙོམས་ལ་རྡེལ་ཁྲའི་འབྲས་བུ་བརྗོད། །ནག་བབས་ཚོད་ཀྱིས་རིམ་གྲོའང་འབོག །ཉེས་རྩུབ་གཞན་དང་མ་འདོམ་ན། །དེ་ཚེ་རིམ་གྲོ་ཡང་བར་བྱ། །འདོམ་ཞིང་རྡེལ་ནག་གྱུར་ན་བསྐྱེད།།
༈ གང་དང་གང་གི་སྐབས་སུ་ཡང་། །སྲོག་རྡེལ་སྲོག་དགྲ་ཡོད་མེད་གཙོ། །ལུས་རྡེལ་ན་ཚ་ཡོང་མིན་དང་། །དབང་རྡེལ་ཟ་ཐང་ཆེ་ཆུང་དང་། །ཀླུང་རྡེལ་མི་ཁ་ཆོག་མིན་གཙོ། །ཡང་ན་ཡོན་ཏན་ཅན་ལ་རླུང་། །བུད་མེད་དབང་ཐང་བྱིས་པ་ལ། །ལུས་དང་སྐྱེས་པར་སྲོག་ཉིད་གཙོ།།
སྲོག་རྡེལ་དཀར་པོ་གསུམ་བབས་ན། །ཚེ་ཡི་གཡུང་དྲུང་མི་ཤིག་བརྟན། །དཀར་པོ་གཉིས་བབས་དེ་ཡང་བཟང་། །དཀར་གཅིག་བར་ཆད་མི་འོང་ཙམ། །སྲོག་རྡེལ་ནག་པོ་གཉིས་བབས་ན། །ཚེ་ཆོག་བླ་བསླུ་ཚེ་གཟུངས་འདོན། །སྲོག་བསླུ་དང་ནི་དུར་སྲི་མནན། །ནག་གཅིག་བླ་བསླུ་ཚེ་འགུགས་དང་། །མཆོད་རྟེན་སྐུ་དཀར་འཆི་བསླུ་གིས། །སྲོག་རྡེལ་དཀར་ནག་གཉིས་བབས་ན། །ཕུང་སྲི་མནན་ཞིང་མལ་ས་སྤོ། །ཚེ་གཟུངས་འདོན་ཞིང་བླ་བསླུ་བྱ།།
༈ ལུས་རྡེལ་དཀར་པོ་གསུམ་བབས་ན། །ལུས་ལ་ནད་མེད་སྡུག་བསྔལ་མེད། །དཀར་གཉིས་བབས་ན་དེ་ཡང་བཟང་། །དཀར་གཅིག་བབས་ན་སྐྱོན་མེད་ཙམ། །ལུས་རྡེལ་ནག་པོ་གཉིས་བབས་ན། །གཏར་བསྲེག་མ་བྱེད་བསྙེན་པ་སྐྱེལ། །ལུས་བསྒྱུར་སྐྱབས་འགྲོ་དབང་བསྐུར་ཞུས། །ལམ་འཆོས་སཱ་ཙྪ་བཞི་སྡེ་བྱ། །ནག་གཅིག་ལུས་བསྒྱུར་འཁོར་ལོ་གདགས། །བདུད་ནི་སྲུང་བའི་གཏོ་བྱའོ། །དཀར་ནག་གཉིས་བབས་མཆོད་སྦྱིན་བརྩོན།།
༈ དབང་རྡེལ་དཀར་གསུམ་ལོ་ཕྱུགས་ལེགས། །བསམ་དགུ་འགྲུབ་ལ་དཀར་པོ་གཉིས། །ཟ་ཐང་འབྲིང་སྟོད་ཅིག་ཡོད་ཙམ། །དབང་རྡེལ་ནག་པོ་གཉིས་བབས་ན། །དཀོན་མཆོག་མཆོད་པའི་ཆབ་གཏོར་བཏང་། །གཡང་ལེན་བྱིས་པའི་སྟོན་མོ་བྱ། །ནག་གཅིག་གཡང་ལེན་གུད་པ་གསོ། །དབང་སྐྱེད་ཕྱེ་མར་དེ་མཚུངས་སྦྱར།།
༈ ཀླུང་རྡེལ་དཀར་པོ་གསུམ་བྱུང་ན། །སྙན་པའི་དར་འཕྱར་ཁ་སྨྲས་མེད། །ཡིད་ལ་ཅི་བསམ་འགྲུབ་པ་ཡིན། །གཉིས་བབས་འགྲན་ན་གཞན་ལས་རྒྱལ། །གཅིག་བབས་དགྲ་ངོ་མེད་པ་ཙམ། །ནག་གཉིས་དགྲ་སྲི་མནན་པ་དང་། །དགྲ་བཟློག་ལམ་འཆོས་དགྲ་མདོས་བཏང་། །ནག་གཅིག་སཱ་ཙྪ་ཆུ་གཏོར་བཏང་། །མི་ཕྱུགས་གླུད་ནི་དག་ཕྱོགས་ཐོངས། །ཕྱེད་མར་སྤང་སྐོང་དགྲ་སྲི་མནན། །བཞི་ཆར་དཀར་ན་ཉེས་མེད་བཟང་། །འོན་ཀྱང་ཉམས་གྲིབ་མི་གཙང་འཛེམ། །ཁྲུས་དང་བསྐང་བཤགས་འབྲོས་སྙེགས་གྱིས། །བཞི་ཀ་ནག་ན་ འབུམ་འདོན་ཞིང་། །བདུད་ཀྱི་ཁྲམ་མདོས་ཞལ་བསྒྱུར་བྱ། །ཚེ་སྒྲུབ་ཚེ་དབང་སྤོང་དག་དང་། །ཆུ་གཏོར་སཱ་ཙྪ་སྤར་སྩེ་ལ། །བབས་པའི་བཅོས་རྣམས་བྱ་བའོ།།

༈ དེ་ནས་རྩུབ་བདུན་བཤད་པར་བྱ། །དང་པོ་རང་ཀེག་རྩུབ་པ་ནི། །རང་ལོ་གནམ་ལོར་ཤར་དུས་ཡིན། །གློ་བུར་རྐྱེན་དང་ཁ་སྨྲས་དང་། །ནོར་གོད་མྱ་ངན་གང་རུང་འབྱུང་། །ཁྱད་པར་ཉི་ཤུ་རྩ་ལྔ་དང་། །ཞེ་དགུ་དྲུག་ཅུ་རེ་གཅིག་གཉན། །གཞོན་ལ་སྔུན་བསུ་དར་མ་ལ། །རང་སྐེག་རྒན་ལ་ཕྱི་སྐག་གཉན། །དེ་ལ་ནད་པའི་སྔས་མི་འགྲོ། །མྱ་ངན་མི་བྱ་དགེ་སྦྱོར་བྱ། །མཁར་ལས་མི་བྱ་འབུམ་དང་ནི། །ཉི་ཁྲི་བརྒྱ་བཞི་ཚེ་ཆོག་དང་། །ཀེག་བསྒྱུར་རྒྱས་འབྲིང་སྐབས་དང་སྦྱར། །བཅུ་གསུམ་ཕྲག་ལྔའི་གཏོ་བཅོས་བྱ།།
༈ གཉིས་པ་དགྲ་གཤེད་རྩུབ་པ་ནི། །བདུན་ཟུར་གནམ་ལོ་ཤར་ན་ཡིན། །ལམ་ཕྱགས་སཱ་ཙྪ་ལོ་གྲངས་བཏབ། །བདུད་གཅོད་ས་རུ་སཱ་ཙྪ་སྐྱལ། །མར་མེ་ལོ་གྲངས་འདྲེ་ལྔའི་ཕྱོགས། །སྐྱེལ་ཞིང་སྨོན་ལམ་བསྲུང་མཚམས་བྱ། །དེ་དུས་ན་ན་འཆི་བསླུ་རྫོངས། །ཁ་སྨྲས་མི་ཐེག་ཁུར་ཚད་འབྱུང་། །མཆུ་གསུམ་སྟོབས་ཆེ་དཔུང་རྒྱན་བཀླག།
༈ གསུམ་པ་ཁྱིམ་མཚེས་རྩུབ་པ་ནི། །དབང་ཐང་གཅིག་པའི་ཚང་ཟླ་དེ། །གནམ་གྱི་ལོ་ལ་ཤར་དུས་ཡིན། །མོ་ལོ་ཡིན་ན་དྲུག་ཅུའི་དུས། །ཕོ་ལོ་གཉིས་དང་རེ་གཉིས་ལ། །ནད་ངོ་ཟླ་ཉལ་འོང་ཉེན་ཡོད། །གཏོ་དང་རིམ་གྲོ་དབང་ཐང་ལྟར། །ཚོང་དང་བྱེས་སུ་འགྲོ་བ་སྤང་། །གློ་བུར་དང་ནི་ཡེ་འདྲོག་འོང་། །སྲོག་ལ་བབ་ཉེན་གསུང་རབ་བཀླག།
༈ བཞི་པ་མཐུན་གསུམ་གྱིས་རྩུབ་པ། །རླུང་རྟ་གཅིག་པ་ཤར་དུས་ཡིན་། །སྟག་ལ་རྟ་ཁྱི་ཤར་བ་བཞིན། །ཁང་ནག་མི་བཤུ་ལམ་རིང་བསྲུང་། །དམག་དང་རོ་ལམ་མི་འདྲེན་ཏེ། །སྤོམ་མདའ་བཅོས་ཤིང་ཕོ་མདོས་བྱ། །གཡང་ལེན་བྱ་ཞིང་སྲི་མནན་བྱ། །བཀྲ་ཤིས་ཟས་ཟ་སྨོན་ལམ་བཏབ།།
༈ ལྔ་པ་སྲི་ངན་རྩུབ་པ་ནི། །ཕ་མེས་སྤུན་སོགས་ཤི་བ་ཡི། །སྲི་དུས་སླེབས་པའི་ཚེ་ན་ཡང་། །ཕ་མེས་དུར་ནས་གཡབ་མོ་འདེབས། །དེ་དུས་གསོན་ལ་མི་དགེ་འབྱུང་། །དུར་མཚུན་གསོལ་ཞིང་དུར་རྒྱགས་གདབ། །ཕྲུག་སློག་མི་བྱ་ས་ལས་སྤང་། །ཕལ་ཆེན་བཀླག་ཅིང་ཕུང་སྲི་གནོན།།
༈ དྲུག་པ་བཟའ་ཤུགས་རྩུབ་པ་ནི། །བཟའ་མི་སྤར་སྨེའི་བྱུང་རིམ་རམ། །བཟའ་མི་ནོར་རྒྱགས་སོ་སོར་བགོས། །སྐྱ་མདའ་འབྱེད་པའི་གཏོ་བཅོས་བྱ། །རང་འཐག་ཁ་ཕྱེ་ཞག་གསུམ་བཞག །རྩུབ་བདུན་ནང་ནས་ཤིན་ཏུ་གནོད། །ཆག་ཆེན་བྱེས་སུ་བྲོས་ན་ཕན།།
༈ བདུན་པ་གསང་ཀེག་རྐུན་པོའི་རྩུབ། །རང་སྐྱེས་སྤར་སྟེང་སླེབ་དུས་ཡིན། །འདི་ནི་མ་ཚོར་ཤིན་ཏུ་གནོད། །རུ་ཤན་ཁ་སྤྲོད་བདུད་མདོས་བྱ། །མྱ་ངན་མནའ་སྐྱེལ་སར་འགྲོ་སྤང་། །མ་རླུང་གཏོ་བཅོས་དག་ཀྱང་བྱ།།
༈ རྩུབ་བདུན་སྤྱི་ལ་འབུམ་དང་ནི། །མ་མོའི་སྤྱི་མདོས་བདུད་ཞལ་བསྒྱུར། །རྒྱལ་པོ་ཁྲམ་མདོས་དག་དང་ནི། །མཆོད་རྟེན་བཞེངས་ཤིང་མདོ་སྡེ་འདོན། །དེ་སྟེང་རྩུབ་པ་གཉིས་བསྣན་ནས། །རྩུབ་དགུ་ཞེས་ཀྱང་གྲགས་པ་སྟེ། །ཡར་གྱི་བཞི་གཤེད་གནམ་ལོར་ཤར། །ན་རེས་མར་བཞི་འཆི་རེས་ཡིན། །དེ་ལ་ལོ་སྐར་ཆེ་བའང་ཟེར། །དེ་ཡི་བདུན་ཟུར་སྐར་ཆུང་ཡིན། །དཔེར་ན་བྱི་བ་ལོ་པ་ཡི། །གནམ་ལོ་ཡོས་ཤར་སྐར་ཆེན་ཏེ། །བྱ་ཤར་སྐར་ཆུང་གཞན་དུ་ན། །ཕྱི་ཡི་རོ་འདོད་ཆེ་ཆུང་ཟེར། །ན་རེས་བྱོལ་ཟོར་ཉི་ཁྲི་འདོན། །ལོ་སྐར་ཆེ་ལ་སྲོག་བསླུ་སོགས། །ཆེ་ཆུང་གཉིས་ཀར་རོ་དབྱུང་གཏོ། །ཁྱི་རོ་ཁུར་དང་རོར་འཇུས་ཕན། །རང་ལོ་བཞི་གཤེད་བདུན་ཟུར་དང་། །དུར་གཤེད་རྩུབ་པའི་ལོ་རྟ་རྣམས། །ཟླ་ཞག་དུས་ལ་འཆར་བའི་ཚེ། །གཉན་ཅིང་ཁྱད་པར་དབང་ཐང་རྣམས། །དགྲ་དང་གཤེད་དུ་གྱུར་ན་གཉན།།
༈ སྨེ་བའི་ཀེག་ཕྲན་རྣམ་པ་བཞིའི། །བཅོས་པའི་ཐབས་ནི་འདི་ལྟ་སྟེ། །ཁང་ཀེག་ཅེས་པ་བབ་སྨེ་དེ། །གནམ་ལོའི་སྨེ་བར་སོང་ན་ཡིན། །གནམ་ལོ་རྒྱལ་པོའི་བཀའ་ཆད་འབྱུང་། །གནམ་ལོའི་གཟུགས་འཆོས་གནས་སར་སྐྱལ། །སྨེ་བ་གར་བབས་བཅོས་པ་བྱ།།
༈ མལ་ཀེག་སྐྱེས་སྨེར་བབས་དུས་ཡིན། །སྨེ་དགུའི་རིམ་གྲོ་གར་འབྲེལ་འབད།།
༈ ཡུལ་ཀེག་སྨེ་བ་གཉིས་ནག་ལ། །བབས་པའི་དུས་སམ་བྱིས་པ་སོགས། །སོ་སོའི་གཉིས་ནག་བབས་དུས་ཡིན། །གཉིས་ནག་སྨེ་བའི་རིམ་གྲོ་འབད།།
༈ རྒྱལ་སྒོ་འགེགས་པ་ཞེས་བྱ་བ། །སྐྱེས་སྨེའི་དགྲ་རུ་བབས་སྨེ་འོ། །འདི་ལ་དགྲ་མདོས་ཟོར་མདོས་བྱ། །སྲི་མནན་བཟློག་པའི་རིམ་གྲོ་འབད།།
༈ དེ་ནས་དགུ་མིག་དུར་མིག་བཤད། །དགུ་མིག་ལ་ཡང་རྣམ་གྲངས་དྲུག །རྐྱང་ཁུག་སྤར་སྨེ་རུས་ཁམས་དང་། །ཞར་ལ་དུར་འདོམ་དགྲ་འདོམ་མོ།།
༈ དང་པོ་རྐྱང་པའི་དགུ་མིག་ནི། །དགུ་དང་བཅོ་བརྒྱད་ལ་སོགས་ཡིན། །ཁྱད་པར་སྐྱེས་པ་ལོ་དགུ་དང་། །སོ་དྲུག་གྱ་གཅིག་བུད་མེད་ནི། །ཉེར་བདུན་ཞེ་ལྔ་དྲུག་ཅུའི་དུས། །མི་གྲངས་མཚང་ཆེན་དགུ་མིག་ཡིན། །ཕོ་མོམཚང་ཆེན་གསུམ་པོ་ནི། །ཁྱིམ་གཅིག་ཚོགས་ན་རོ་ཡོང་ངེས།།
༈ གཉིས་པ་ཁུག་པའི་དགུ་མིག་ནི། །ཤིང་ཕོ་བྱི་ནས་བྱི་ཕག་དང་། །གཤེད་བཞི་དེ་རྣམས་གྱེན་དུ་བགྲང་། །མེ་མོ་ཡོས་ནས་སྟག་ཡོས་བསྐོར། །ལྕགས་ཕོ་རྟ་ནས་རྟ་སྦྲུལ་དང་། །ཆུ་མོ་བྱ་ནས་བྱ་སྤྲེལ་བསྐོར། །དགུ་དང་ཉེར་གཅིག་སོ་གསུམ་དང་། །ཞེ་ལྔ་ང་བདུན་རེ་དགུ་དང་། །གྱ་གཅིག་དེ་རྣམས་སྦྲགས་མ་ཡིན། །རང་རང་དུར་དུ་ཞུགས་པས་སོ།།
༈ གསུམ་པ་སྤར་ཁའི་དགུ་མིག་ནི། །སྐྱེས་པ་ལི་དང་བུད་མེད་ནི། །ཁམ་ལ་སླེབ་པའི་དུས་སུ་ཡིན།།
༈ བཞི་པ་སྨེ་བའི་དགུ་མིག་ནི། །སྐྱེས་སྨེའི་སྟེང་དུ་བབས་དུས་ཡིན།།
༈ ལྔ་པ་རུས་ཁམས་དགུ་མིག་ནི། །ས་ཆུའི་ཁམས་པ་ཤིང་བྱི་དང་། །ཁུག་པའི་དགུ་མིག་བཞིན་དུ་བརྩི།།
༈ དྲུག་པ་དུར་འདོམ་དགྲ་འདོམ་ནི། །སྐྱེས་པ་སྟག་ཡོས་བཅོ་བརྒྱད་ཁོན། །བུད་མེད་སྟག་ཡོས་སོ་དྲུག་ཁོན། །སྤར་ཁའི་དུར་དང་རྐྱང་པ་ཡི། །དགུ་མིག་འཛོམ་པས་ཤིན་ཏུ་རྩུབ། །སྐྱེས་པ་སྟག་ཡོས་ཉེར་བདུན་དྭ། །དགྲ་འདོམ་ཡིན་ཞིང་ཁྱད་པར་དུ། །ཤིང་གི་སྟག་ཡོས་གཉིས་ལ་རྩུབ། །དུར་མིག་ལ་ནི་རྣམ་པ་གཉིས། །ཕྱི་དུར་ཁུག་པའི་དགུ་མིག་བཞིན། །བརྩིས་པས་ཤིང་དུར་ལུག་དང་ནི། །མེ་དུར་ཁྱི་ལ་ལྕགས་དུར་གླང་། །ས་ཆུ་འབྲུག་ལ་དུར་དུ་ཞུགས། །དེ་ལའང་རང་དུར་ཆེ་ཆུང་གཉིས། །གཤེད་དུར་གཉིས་དང་བཞི་རེ་ཡོད། །དཔེར་ན་ཤིང་བྱིའི་རང་དུར་ནི། །ཆེ་བ་ཤིང་འབྲུག་ཆུང་ཤིང་ཁྱི། །གཤེད་དུར་ཆེ་བ་ལྕགས་འབྲུག་ལ། །ཆུང་བ་ལྕགས་ཁྱི་མེ་བྱི་ཡི། །རང་དུར་ཆེ་བ་མེ་འབྲུག་ལ། །ཆུང་བ་མེ་ཁྱི་གཤེད་དུར་གཉིས། །ཆུང་འབྲུག་ཆུ་ཁྱི་སོགས་ཤེས་བྱ། །རང་དུར་རང་ལ་གཤེད་དུར་ནི། །དགྲ་ལ་བཙལ་བས་ཤེས་པར་འགྱུར། །ནང་དུར་སྤར་ཁ་དག་ལ་བརྩི། །སྟག་ཡོས་ལོ་པའི་དུར་ས་ཁོན། །རྟ་སྦྲུལ་ཁེན་སོགས་ཤེས་པར་བྱ།།
༈ དེ་ནས་དགུ་མིག་བཅོས་ཐབས་བསྟན། །མར་མེ་ལྷ་བཤོས་སཱ་ཙྪ་དང་། །གཙུག་ཏོར་ཆབ་གཏོར་དགུ་གྲངས་སམ། །ཕོ་ལ་མདའ་དང་མོ་ལ་འཕང་། །ལོ་གྲངས་ཁྲམམ་བཏབ་ལ་རྩེར་འཛུགས། །རྡོ་དགུ་རྩིགས་ལ་ཕྱག་དགུ་འཚལ། །ན་ཤིའི་དགུ་མིག་ཐར་རོ་བརྗོད། །ཡང་ན་སྐྱེས་མིག་དགུ་ལ་འཛེག །ཐར་རོ་ཞེས་བརྗོད་དེ་ལ་སོགས། །དགུ་མིག་ནས་འདོན་གཏོ་བཅོས་བྱ།།
༈ དུར་མིག་དག་ཏུ་ཚུད་པ་ན། །དུར་མིག་ནས་འདོན་དུར་མཚུན་གསོལ། །དུར་ཁ་རྒྱས་འདེབས་རུས་གསུམ་གཏོ། །དུར་ཁ་ཚེ་ལྡོག་ཞེས་བྱ་བའི། །འཆི་བསླུ་ཆེན་པོའི་ཆོ་ག་སོགས། །ཟབ་བཅོས་ཕན་གཏོ་དང་དུ་བླང་།།
༈ དེ་ནས་ལོག་མེན་ལོ་ཡི་གྲངས། །སྟག་ཡོས་སྟེང་བབས་འབྱོར་པ་ལ། །བྱི་རྟ་གཉིས་ནི་རུ་ཆོད་ཡིན། །གླང་ལུག་གཉིས་ནི་ཕུང་འགྱོད་ལ། །བྱ་སྤྲེལ་གཉིས་ནི་བྱེ་བྲལ་ཡིན། །མེ་ཡི་བུ་ཚ་མ་སྨད་བརྩི། །ས་ལ་ས་གཞི་ཡུལ་མཁར་བརྩི། །ལྕགས་ལ་ཞང་ཉེ་ནོར་གྲོགས་བརྩི། །ལྷ་སྲུང་དག་ཀྱང་བརྩི་བར་བྱ། །ཆུ་ཡི་གཉེན་ལམ་མཐའ་བཞི་བརྩི། །དཔེར་ན་ཤིང་འབྲུག་ལ་བབས་ན། །ཕ་ཁུའི་ས་རུ་གནམ་སྒོ་བྱེད། ལོག་མེན་བབས་པ་དེ་སྟེང་ནས། །ཡར་ལྔ་བགྲངས་པ་འཇུ་ཐག་ཡིན། །དེ་ཡི་སྲོག་ལ་བརྩི་བྱའི་སྲོག །མར་ལྔ་བགྲངས་པ་རྟེན་ཕུར་ཡིན། །དེ་ཡི་ལུས་ལ་བརྩི་བྱའི་ལུས། །ཡར་བརྒྱད་བགྲངས་པ་གནམ་རྒྱང་ཡིན། །དེ་ཡི་དབང་ཐང་དབང་ཐང་གིས། །མར་བརྒྱད་བགྲངས་པ་ས་རྒྱང་ཡིན། །རླུང་རྟ་བརྩི་བྱའི་རླུང་རྟས་འཐབ། །མ་བུ་གྲོགས་བཟང་དགྲ་གཤེད་ངན། །གནམ་སྒོ་ལ་ནི་བབས་པ་ན། །གནམ་དལ་བབས་པའི་ཉེན་ཡོད་ལ། །བ་གམ་མི་བཏེག་ཐོག་མི་བཤུ། །ཁྱི་མི་ཉོ་ཞིང་མནའ་བཀར་སྲུང་། །གནམ་སྒོ་སྡོམ་པའི་གཏོ་ཆོག་དང་། །གཏོར་བཟློག་དང་ནི་བརྒྱ་བཞི་བྱ། །ས་སྒོ་བྱེ་ན་ཕུང་སྲི་མནན། །ཁང་རྨང་མི་འདིང་ས་མི་བརྐོ། །ས་སྙིང་འདོན་ཞིང་ས་སྒོ་བསྡམ། །རུས་པ་མི་གཅིག་མི་གསུམ་གྱིས། །རྨ་བྱའི་གཟུངས་ནི་ཚར་གསུམ་འདོན། །བྱེ་བྲལ་ལ་བབས་དགྲ་འོང་ངོ་། །བཟའ་མི་བྱེ་བྲལ་གཏོ་བཅོས་བྱ། །རང་འཐག་ཁ་ཕྱེ་ཞག་གསུམ་བཞག །ཆག་ཆེན་ཤི་ཚུལ་ཤི་སྒྲ་གཏོ། །ཕུང་འགྱོད་བབས་ན་གོད་ཁ་འོང་། །སཱ་ཙྪ་མྱ་ངན་དགུ་མདོས་བྱ། །ར་རོ་བཟློག་པ་ཟོར་མདོས་བྱ། །རུ་ཆོད་ལ་བབས་ཁ་སྨྲས་དང་། །དགྲ་མནན་དགྲ་བྲུབ་མི་ཁ་བརྡེག །སྤྱི་མདོས་ཆེན་པོ་བྱ་བར་བཤད། །འབྱོར་པ་ལ་བབས་ཤིན་ཏུ་བཟང་། །གནམ་གྱི་འཇུ་ཐག་ཆད་པ་ན། །ནམ་མཁའ་དགུ་འཕར་བོན་ཀྱང་བྱ། །ནམ་མཁའི་ཐན་མདོས་བླ་བསླུས་བྱ། །ས་ཡི་རྟེན་ཕུར་ཕྱུང་པ་ན། །སཱ་ཙྪ་ལོ་གྲངས་ཀླུ་བཙན་ནི། །རུ་མདོས་ཤར་རུ་གཡས་པ་བྱ། །གནམ་རྒྱང་ས་རྒྱང་ལ་བབས་ན། །ཕོ་ལྷ་མགྲོན་སྙེགས་བྱ་བར་བཤད།།
༈ (༨) ལི་ནི་སྤང་པོ་ཁ་སེར་གཉན། །མེ་ཡི་ལས་དང་རྫས་དམར་སྤང་། །རྫ་མཁན་བསྲུང་ཞིང་མགོ་ཤ་སྤང་། །ཡུགས་སའི་ཟས་དང་བུ་སྲིང་ཟས། །ཕྱིང་པ་རྟ་གཡུ་མི་ཉོའོ། །གཙུག་ཏོར་རྣམ་འཇོམས་ཚེ་དཔག་དང་། །ཤེར་ཕྱིན་དབང་ཕྱུག་ཟོར་མདོས་དང་། །བཙན་མདོས་ཡུམ་གྱི་ཆོ་ག་བྱ། །བོན་ནི་བོང་ར་གཞོབ་སེལ་བཙན། །མདེ་ཐུང་གནམ་ཐེལ་བཅོས་པར་བྱ།།
༈ (༣) ཁོན་ནི་རོལ་པོ་ཁ་ནག་གཉན། །ས་ལས་གྱང་རོལ་གྱང་མཁན་དང་། །རྒན་མོའི་འགྲུལ་དང་ཡུགས་སའི་ཟས། །དཔུང་གཡོན་ཤ་བསྲུང་རྒྱ་རོལ་དང་། །གྲྭ་ལྔ་ས་སྙིང་ལང་ཀར་གཤེགས། །བགྲེས་ཞུས་ཏོག་གཟུངས་བརྒྱད་སྟོང་འདོན། །སྤྱི་མདོས་མ་ཏྲཾ་འཕུང་བཟློག་དང་། །བདུད་དང་བསེན་མོ་དགུ་མདོས་བྱ། །བརྒྱ་བཞི་ཉེ་འདོན་ས་སྒོ་བཅད། །བོན་ནི་ཞལ་བསྒྱུར་ཁྲམ་བཟློག་དང་། །འཕུང་སྲི་སྐྱས་འདོད་བྱ་བར་བཤད།།
༈ (༡༡) དྭ་ནི་འཁྱགས་པ་ཁྲལ་ཁྲོལ་གཉན། །མེ་ལས་ལྕགས་སྤྱད་ལེན་པ་སྤང་། །སྤྱང་ཁྱེར་ཤ་དང་གོ་མཚོན་ཧོམ། །མགར་བ་མགར་ཟས་བསྲུང་བྱ་ཞིང་། །དཀོན་བརྩེགས་ཁྱེའུ་ཞུས་གནམ་ལྕགས་མཆུ། །རྡོར་མཆུ་སྣང་བརྒྱད་ཚེ་ཏོག་གཟུངས། །དགྲ་ལྷའི་གྲལ་མདོས་པེ་ཧར་གྱི། །གསང་མདོས་ས་བདག་སྙིང་བཅོས་དང་། །སིལ་མ་བཅུ་གསུམ་ཁྲམ་གྱི་མདོས། །བོན་ནི་ལྕགས་མདའ་བཅུ་གསུམ་དང་། །ཤ་རུ་གཡོན་པ་བྱ་བ་ཡིན།།
༈ (༥) ཁེན་ནི་གནམ་སྔོ་ས་སྔོར་གཉན། །རྒྱལ་འགོང་ཆགས་པའི་བན་རྫས་དང་། །བུ་སྲིང་ཟས་དང་གོས་ལྷྭམ་ཁྱི། །ཁང་ཐོག་བཤུ་འབུབས་ལ་སོགས་སྤང་། །གསེར་འོད་ཕལ་ཆེན་ཉི་ ཁྲི་དང་། །བགྲེས་ཞུས་ལང་གཤེགས་རྒྱལ་མདོ་ལྔ་། ཤེས་རབ་སིང་པོ། །འདའ་ཀ་ཡེ་ཤེས། །བྱང་ཆུབ་ལྟུང་བཤགས། །བཟང་པོ་སྤྱོད་པ། །རྡོ་རྗེ་རྣམ་འཇོམས།། དུར་སྲི་མནན་དང་རྒྱལ་མདོས་དང་། །གནམ་ཐེའུ་མདོས་བྱ་གནམ་སྒོ་བཅད། །བོན་ནི་རྒྱལ་པོ་གྲ་ཤེལ་དང་། །ནམ་མཁའ་དགུ་འཕར་ལ་སོགས་བྱ།།
༈ (༦) ཁམ་ནི་ཆུ་བོ་གཞུང་རྒྱས་རྩུབ། །ཆུ་ལས་རིགས་དང་ཆུ་ཆེན་བརྒལ། །མཁར་ལ་ཉ་དང་ཕག་གི་ཤ། །གྲུབ་པ་ཉ་བ་མཇུག་ཤ་འཛེམ། །སྤྲིན་ཆེན་པད་དཀར་ཀླུ་འབུམ་དང་། །སྤང་ཀོང་ཁྱེའུ་ཆུ་འབེབས་འདོན། །མཚོ་སྨན་ཀླུ་མོ་དགུ་མདོས་དང་། །བོན་ནི་ལོ་མ་ལྔ་ཤས་དང་། །ལྷ་སེལ་ཀླུ་སེལ་ཀླུ་བསེན་ བཅོས། །མདེ་ཐུང་ཀླུ་ཡི་བེ་འདེད་བྱ། །།
༈ (༡༠) གིན་ནི་ཆུ་བོ་དར་ཆགས་གཉན། །ས་ལས་བན་ནོར་དཔྱི་ལྷུ་གཡས། །བ་གླང་ཉོ་དང་ཐབ་གཞོབ་དང་། །ཁྱད་པར་སྒོམ་ཆེན་ཟས་ལྷག་ནི། །འཛེམ་ལ་གླང་རུ་ལུང་བསྟན་དང་། །བརྒྱད་སྟོང་སྟོབས་ཆེ་འབུམ་གཙུག་ཏོར། །མཆུ་གསུམ་ཤ་རི་བྱོ་མདོས་དང་། །མ་མོའི་གླིང་བཞི་སྤྱི་མདོས་དང་། །ས་བདག་གཏེར་མདོས་དང་ནི་བོན། །མདེ་ཐུང་ཁ་བཞི་གཉན་ཡོ་བཅོས།།
༈ (༢) ཟིན་ནི་ཤིང་རྩི་ཁ་འབུས་གཉན། །ཤིང་ལས་ཤིང་མཁན་བརྩི་ཤ་སྤང་། །བོང་བུ་སྐ་རགས་བྱ་རིའི་ཤ། །ཡུགས་སའི་ཟས་དང་སྟོན་ཟས་སྤང་། །སྡོང་རྒྱན་བློ་གྲོས་མི་ཟད་མདོ། །ཉི་ཁྲི་སྟག་ཞུས་མཚན་བརྗོད་དང་། །ལྗོན་ཤིང་གཟུངས་བསྡུས་འདོན་པར་བྱ། །ཀླུ་མདོས་བརྟན་མའི་སྒོས་མདོས་དང་། །གཉན་གྱི་ཡོ་བཅོས་གཏོར་སྐུ་གཟུགས། །བྱང་སྨད་བོད་ར་སྟག་མ་ཡི། །ལོ་རྒྱས་ནེ་ར་རྒྱས་གསུམ་བྱ།།
༈ (༧) ཟོན་ནི་རི་འཁྱགས་རླུང་འཁྱགས་གཉན། །འགོ་བའི་ནད་དང་ལྷྭམ་མཁན་སྲུང། །དར་ཟབ་རང་འཐག་སྨྱོན་མའི་ཟས། །སྨྱོ་འགྲུལ་མཛོ་རྟོལ་གླང་ཤ་སྤང་། །གཙུག་ཏོར་དཀར་ནག་རིམ་ཟློག་གཟུངས། །སྟོབས་ཆེ་བརྒྱད་སྟོང་ཏོག་ཤེར་ཁྲི། །མ་ཏྲང་ཁྲག་མདོས་འབྲུ་བདུན་དང་། །སྤྱི་མདོས་ཆུ་གཏོར་བྱི་སྟོན་བྱ། །བོན་ནི་ནེ་ར་རྒྱས་གསུམ་དང་། །ཤ་རུ་གཡས་པ་རྒྱལ་བསེན་བཅོས། །སྤར་ཁ་གང་ལ་བབས་ན་ཡང་། །རང་རང་རོ་ཁལ་མི་ཉོ་ཞིང་། །ཕྱོགས་ངན་བསྲུང་ཞིང་རང་གཞུང་གི །གཏོ་བཅོས་ལེ་ལོ་མེད་པར་བྱ།།
༈ ཁྱིམ་ནང་བཟའ་མི་སྤར་ཁའི་སྟེང་། །ལི་སོགས་སོ་སོར་མང་སྤུངས་ངན། །ཕྱོགས་བཞིར་སྤུངས་ན་མདེལ་བར་ཡིན། །མཚམས་བཞིར་མདེལ་རྩེ་ཞེས་བྱ་སྟེ། །ཤར་གསུམ་ནུབ་གསུམ་གདགས་སྲིབ་བྱེད། །ཁེན་ཁོན་གནམ་སའི་བྱེ་བྲལ་ཡིན། །ལི་ཡི་སྟེང་དུ་མང་སྤུངས་ན། །སྤྱི་བོ་གང་གི་གནམ་རྡིབ་ཡིན། །ཁམ་ཕུངས་རྐང་པས་ས་བརྐོ་ཡིན། །ལི་ཁོན་གཉིས་ཕུངས་ཐོ་ཡོར་འགྲེངས། །དྭ་ཟིན་ཕུངས་ པ་གྲི་ཕུར་འདེབས། །ལི་ཁེན་ལ་ཕུངས་ཕྱིང་ཐུམ་དྲིལ། །ཁོན་ཁམ་གཉིས་ཕུངས་མྱ་ངན་གཏོང་། །གིན་ཟོན་གཉིས་པོ་དོད་པོ་སྟེ། །ཁོན་ཟོན་གཉིས་པོ་ཆེ་བ་རྡོར། །གིན་ཟིན་གཉིས་པོ་རྒྱབ་བསྒོལ་ཡིན། །ཁོན་ཟིན་ཆོ་ལོང་ལག་བྲང་བརྡུང་། །རང་པས་ས་རྐོ་ཞེས་ཏེ་ངན། །སྟོད་གསུམ་པགས་པའི་མདོ་རྫོགས་ཏེ། །སྨད་གསུམ་གྱད་ལག་ས་ལ་ལྷུང་། །མཚམས་བཞིར་ཕུངས་ན་སེ་ཞིག་ལ། །ཕྱོགས་བཞིར་ཕུངས་ན་སེ་ཞིག་འགུལ། །གཡས་གསུམ་ཕུངས་ན་ཁོལ་ཡོ་སྟེ། །གཡོན་གསུམ་དོ་མི་སྙོམས་པ་ངན། །ཀུན་ལ་བབ་ན་རྒྱ་སྒོ་འགག །གཅིག་བྱེ་བདུད་ཀྱི་སྒོ་བྱེ་ཡིན། །སྤར་ཁ་རང་གི་ལོ་མང་ཚོགས། །དེ་སྟེང་གྲོགས་བྱུང་སྙིང་བཟུང་ཡིན། །དཔེར་ན་ལི་ལ་རྟ་སྦྲུལ་ཚོགས། །དེ་དཀྱིལ་བྱ་དང་སྤྲེལ་གཉིས་བྱུང་། །དགྲ་ཐོག་ཕྱིན་ན་འཛེལ་རྡིབ་ཡིན། །དཔེར་ན་སྟག་ཡོས་དྭ་ཐོག་ཕྱིན། །ཁེན་ལ་བབ་ན་གནམ་སྒོ་དང་། །ཁོན་ལ་ས་སྒོ་ཡང་ན་ནི། །མ་གནམ་བུ་ནི་ས་སྒོ་སྟེ། །དཔེར་ན་སྟག་ཡོས་གནམ་སྒོ་ཁམ། །ས་སྒོ་ལི་ལ་བབ་ན་ཡིན། །སྤྱིར་ནི་ངན་པ་གང་ཕྲད་ཀྱང་། །ན་ཚ་གོད་ཁ་ཁ་སྨྲས་འོང་། །ཤི་ཆད་ཕུང་འགྱོད་རོ་ཁྲལ་བབ། །ཕུངས་པ་རྣམས་ལ་བཟའ་མི་གཏོར། །སྣང་བརྒྱད་ལོ་གྲངས་འདོན་པ་དང་། །སོ་སོར་བཤད་པའི་གཏོ་རྣམས་བྱ། །སྙིང་བཟུང་འཛོལ་རྡིབ་རྣམས་ལ་ནི། །བླ་བསླུ་ཚེ་ཆོག་གླུད་ཆོག་བྱ། །ཉེ་འདོན་དགྲ་མནན་རྩ་གཏོ་འཕྲོད། །གནམ་སྒོ་ས་སྒོ་བསྡམ་པ་སོགས། །བྱེ་བྲལ་རང་འཐག་ཕྱེ་བ་སོགས། །རབ་ཀྱིས་ཚོགས་བསག་བླ་མ་དྲོངས། །འབྲིང་གིས་དགེ་སྲོང་བཞི་སྡེ་བྱ། །ཐ་མས་བྱིས་པའི་ཡོས་སྟོན་བྱེད།།
༈ གནམ་སྨན་ཕྱོགས་ནས་ཟས་ནོར་སྨན། །བཙལ་ཞིང་དོན་གཉེར་སྲོག་འཚོའི་སར། །བགྲོད་འགྲོས་གཉེན་ཉེ་སྔས་བསྟན་བཟང་། །དཔལ་སྐྱེད་ལྷ་གསོལ་གཡང་ལོན་དང་། །བགྲོད་འགྲོས་གཉེན་ཉེ་དོན་གཉེར་བཟང་། །ཕྱྭ་གཡང་བགྲོད་འགྲོས་གཉེན་ཉེ་དང་། །འབྲུ་སྤེལ་གཡང་ལེན་བླ་མཆོད་འགུག །གནོད་པ་འདྲེ་ལྔ་བདུད་གཅོད་དང་། །ལུས་ཆད་ཡོད་སར་དེ་ཀུན་ངན།།
༈ གཅིག་དཀར་སྨན་གྱི་མེ་ལོང་བབས། །གསེར་འོད་ལང་གཤེགས་ཀླུ་བརྒྱད་དང་། །ར་ཁྲ་རྟ་རུ་གཟུག་པར་བྱ། །མི་གཙང་རོ་བག་འགོ་ནད་འཛེམ། །ཁྲུས་བསྐང་ལྷ་གསོལ་མཆོད་ཆོག་བྱ། །ཐེའུ་རང་སྟོང་མདོས་རྒྱལ་བཙན་མདོས། །རྒྱལ་པོ་བསྲུང་བའི་འཁོར་ལོ་ཐོགས། །གཉིས་ནག་བདུད་ཀྱི་མེ་ལོང་བབས། །ཤིན་ཏུ་ངན་ཞིང་དྲུང་གསུམ་དང་། །འཁོར་ཡང་རྩུབ་པས་རིམ་གྲོ་ནི། །མི་རོ་གཙང་ཁུར་ཁྱི་རོ་འདྲུད། །བདུད་གཅོད་ས་རུ་གོམ་བདུན་འབོར། །རོ་ཆེན་བཟུང་ཞིང་མྱ་ངན་སྐྱེལ། །མ་མདོས་བདུད་མདོས་ཁྲམ་བཟློག་དང་། །བདུད་ཀྱི་ཞལ་བསྒྱུར་བརྒྱ་བཞི་དང་། །ཤེར་ཕྱོགས་གཙུག་ ཏོར་དཀར་ནག་གསུམ། །བཀླག་ཅིང་ཁང་ལས་མི་བྱའོ། །གསུམ་མཐིང་མཚོ་སྨན་མེ་ལོང་བབས། །རྩུབ་པས་ཁང་ལས་ཆུ་ལས་སྨད། །རོ་ལ་འཇུ་ཞིང་སཱ་ཙྪ་དང་། །བརྒྱ་བཞི་ཤེར་ཕྱོགས་གཙུག་ཏོར་འདོན། །ཀླུ་བསེན་དགུ་མདོས་མཚོ་སྨན་མདོས། །བསྟན་མའི་མདོས་དང་བེ་འདེད་བྱ། །བཞི་ལྗང་ཀླུ་ཡི་མེ་ལོང་བབས། །ཀླུ་བརྒྱད་ཀླུ་འབུམ་ཀླུ་བསེན་མཆོད། །ཤིང་བམ་གཏོང་ལ་མི་གཙང་གཟབ། །ས་རྐོ་རྡོ་ཤོག་ལ་སོགས་འཛེམ། །ལྔ་སེར་དགྲ་ལྷའི་མེ་ལོང་སྟེང་། །འགོ་ནད་དཀོར་རྫས་བཙུན་འགྲུལ་འཛེམ། །ཁྱིམ་དུ་མདོས་ཆོག་གཞི་མི་བཟུང་། །རྒྱལ་མདོས་རྒྱལ་པོ་སྐྱས་འདེབས་དང་། །བརྒྱ་བཞི་གཙུག་ཏོར་མཚན་བརྗོད་དང་། །གྲྭ་ལྔ་ཕལ་ཆེན་འཚོང་བཟློག་བྱ། །དྲུག་དཀར་རྒྱལ་པོའི་མེ་ལོང་བབས། །མི་གཙང་རོ་བག་ཁོན་ལ་འཛེམ། །ལྷ་ཆོག་ལྷ་སེལ་གྲིབ་སེལ་ཁྲུས། །གསོལ་མཆོད་ཕལ་ཆེན་ཉི་ཁྲི་བཀླག །བརྒྱ་བཞི་བསྐང་བཤགས་སོགས་ཀྱང་བྱ། །བདུན་དམར་བཙན་གྱི་མེ་ལོང་བབས། །གཏར་སྲེག་དམར་ལས་མནའི་ས་འཛེམ། །བཙན་མདོས་རུ་བསྡུམ་དགྲ་ལྷ་ཡི། །གྲལ་མདོས་སྲོག་གླུད་ཉེ་འདོན་བྱ། །ཤེས་རབ་ཕ་རོལ་ཕྱིན་ཕྱོགས་འདོན། །བརྒྱད་དཀར་ཡུལ་ལྷའི་མེ་ལོང་བབས། །མི་གཙང་རོ་བག་ཁོན་གྲིབ་འཛེམ། །ལྷ་ཆོགས་བསྐང་བཤགས་ལྷ་མཚུན་གསོལ། །ཁྲུས་བྱ་ལྷ་ཡི་ཞུས་མདོ་འདོན། །དགུ་དམར་གཡང་གི་མེ་ལོང་བབས། །སྲི་ཆོག་བྱ་ཞིང་གཡང་ཉམས་བསྡམ། །རྒྱལ་མདོས་བྱོལ་པོ་རྟ་དམར་བྱ། །དམར་ལ་གཟབ་ཅིང་ནད་ལ་འཛེམ། །གཡང་སྐྱབས་ནོར་རྒྱུན་བཀླག་པ་དང་། །ལྷ་གསོལ་གཡང་ལོན་ཚེ་འགུག་བྱ། །དབང་ཞུ་ཕུང་སྲི་དྲག་ཏུ་མནན། །གྲི་མཚུན་གསོ་ཞིང་མ་བཙན་མདོས། །གཞན་ཡང་ཁྱིམ་གཅིག་དཀར་གསུམ་མང་། །ལྷ་ནད་ཡམས་འབྱུང་ལྷ་ཆོག་དང་། །དུག་ཁྲུས་ལྷ་གསོལ་བསྐང་བཤགས་བྱ། །ནག་མཐིང་གཉིས་མང་རོ་འདོད་ འོངས། །བདུད་མདོས་མྱ་ངན་དགུ་མདོས་བྱ། །ལྗང་མང་ས་བདག་གཉེན་དང་འགྲས། །ཀླུ་ཆོག་མཚོ་སྨན་མ་མོ་བཅོས། །སེར་མང་རྒྱལ་འགོང་ཕུགས་སུ་ཞུགས། །གོད་ཁ་མཁྲིས་ཡམས་ཅད་འདྲེ་གནོད། །རྒྱལ་མདོས་ཁྲག་མདོས་བསེ་བརྒྱ་གཏོང་། །དམར་མང་དམར་ངོ་ཁྲག་གི་ངོ། །བཙན་ཆོག་སྲོག་གི་བྱོལ་པོ་གཏོང་། །ཞེས་རྩིས་ཀྱི་ལག་ལེན་ཉེར་མཁོའི་བུམ་བཟང་ཞེས་བྱ་བའི་ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་ཀེག་རྩིས་ཀྱི་སྐབས་ཏེ་གཉིས་པའོ།།


༆     བརྩི་བྱའི་སྲོག་ལུས་དབང་ཀླུང་གི་འགྲེལ་བཤད་དང་  བབས་སྤར་་ བབས་སྨེ་དང་བསྟུན་པའི་ བཟློག་ཐབས་འབད་དགོ་པའི་རིགས་ཚུ་ རྩིས་གཞུང་བེ་དཀར་དང་ གཞན་ཡང་་འབྲས་རྩིས་ཀྱི་དཔེ་ཆ་གཞན་ལས་ཡང་བཅུད་བསྡུས་ཏེ་སློབ་སྦྱོང་འབད་མི་ཚུ་ལུ་ཕན་ཐོགས་འོང་སྟི་བྲིས་ཡོད། 

༢ སྲོག་རྡེལ་ནག་པོ་གཉིས་ ༞ ཕོག་པ་ཅིན། སྐབས་སྐབས་སུ་སེམས་མི་དགའ་ ཚེ་འགུགས་བླ་བསླུ་བཏང་ ཚེ་གཟུངས་འདོན་ ཚྭ་ཚྭ་བཏབ་  རྟེན་བྱིན་ཅན་ཚུ་ལུ་དཀར་མེ་སྟོང་མཆོད་ཕུལ་ སྐྱབས་འགྲོ་གང་མང་བསགས་ དགེ་སློང་བཞི་བཟློག་བཏང་། སེམས་ཅན་སྲོག་བསླུ་གཏང་དགོ། ༢ སྲོག་རྡེལ་དཀར་ནག་ ༟ ཕོག་པ་ཅིན། སྲི་བཟློག་བསག་ ཉལ་ས་སྤོ་ ཚེ་གཟུངས་ལྷག་ བླ་བསླུ་ཚེ་འགུགས་བྱ་ སེམས་ཅན་སྲོག་བསླུ་གནང་།།
༢ སྲོག་རྡེལ་ནག་པོ་གཅིག་ ༝ ཕོག་པ་ཅིན། བླ་བསླུ་དང་ བརྒྱ་བཞི་རྐྱབ་ ཚེ་ཆོག་བཏང་ སྲོག་བསླུ་འབད།།
༢ ལུས་རྡེལ་ནག་པོ་གཉིས་ ༞ ཕོག་པ་ཅིན། ལོ་འདི་ནང་ལུ་ བསམ་མནོ་མང་ གཟུགས་ལུ་ནད་གཞི་འཁོར་ནི་དང་ སེམས་ལུ་སྡུག་བསྔལ་ལ་སོགས་པ་འོང་ནི་ཨིན་པས་ འཆི་གླུད་བཏང་ ལུས་བསྒྱུར་འབད་ ལུས་ཀྱི་སྲུང་མ་བཏགས་ ལམ་སེལ་རྐྱབ་ ཚྭ་ཚྭ་བཏབ་ མཆོད་རྟེན་སྐུ་དཀར་གསོལ་ རྟེན་ལུ་དཀར་མེ་ཕུལ་ སྐྱབས་འགྲོ་བསགས་ དགེ་སློང་བཞི་བཟློག་བྱ།།
༢ ལུས་རྡེལ་དཀར་ནག་གཉིས་ ༟ ཕོག་པ་ཅིན། ལུས་བསྒྱུར་འབད་ ལུས་ཀྱི་སྲུང་མ་བཏགས། རིམ་གྲོ་འབད།།
༢ དབང་རྡེལ་ནག་པོ་གཉིས་ ༞ ཕོག་པ་ཅིན། དར་རྒུད་དང་ སྟོར་བརླག་འོང་ དགེ་འདུན་པ་ལུ་དམང་ཇ་དང་ ཕྱག་འགྱེད་དྲངས་ བྱིས་སྟོན་བྱ་ ལམ་འཕྲང་འཆོས་ ཆུ་གཏོར་གཏང་ དཀོན་མཆོག་ལ་མཆོད་པ་དང་ སྤྲང་པོ་ལ་སྦྱིན་པ་གཏོང་ ནོར་ལྷ་སྡེ་ལྔ་ལྷག་ ཕྱྭ་འགུགས་གཡང་ལེན་བྱ།།
༢ ཀླུང་རྡེལ་ནག་པོ་གཉིས་ ༞ ཕོག་པ་ཅིན། མ་ཉེས་ཁ་གཡོགས་འོང་ མི་ཁ་དགྲ་བཟློག་གཏང་ ཀླུང་དར་གང་མང་འཕྱར་ ལམ་འཕྲང་བཅོས་ཤིང་ ཆུ་ལ་ཟམ་པ་འཛུགས་ ཉེ་བའི་ནང་ནས་དགྲ་འབྱུང་དོགས་ སྲི་བཟློག་དང་ ཀླུང་རྟ་གང་མང་བསགས་ འདུས་སྡེར་བསྙེན་བཀུར་འབུལ།།
༢ ཀླུང་རྡེལ་དཀར་ནག་གཉིས་ ༟ ཕོག་པ་ཅིན། གཙུག་ཏོར་འདོན་ རྒྱལ་མཚན་རྩེ་མོ་དང་ རླུང་རྟ་གང་མང་བསགས་ རླུང་དར་འཕྱར་ སྲི་བཟློག་བསགས།།
༢ ཀླུང་རྡེལ་ནག་པོ་གཅིག་་ ༝ ཕོག་པ་ཅིན། ལམ་འཕྲང་བཅོས་ རླུང་དར་འཕྱར་ སྲི་བཟློག་བསགས།།
༢ བླ་རྡེལ་ནག་པོ་གཉིས་ ༞ ཕོག་པ་ཅིན།    བླ་བསླུ་ཚེ་འགུགས་བྱ་ ཚེ་གཟུངས་ལྷག།

རང་གི་བབས་སྤར་གྱི་ཕྱོགས་བཟང་ངན་དང་འཁྲིལ་ཏེ་ལོ་གཅིག་གི་རིང་ལུ་ལཱ་འབད་དགོཔ་དང་སྤང་དགོཔ་ཚུ་འདི་ནང་ལུ་བཀོད་འདི་ཡོད།  ༢ དང་པོ་བཟང་པོ་བཞིའི་ཕྱོགས་ལུ། ༡ དཔལ་བསྐྱེད་ཕྱོགས་ལུ་གཡང་ཁུག་ནི། ༢ གནམ་སྨན་ཕྱོགས་ལུ་སྨན་ཟ་ནི། ༣ སྲོག་འཚོའི་ཕྱོགས་ལུ་ཞག་ཉལ་ནི། ༤ ཕྱྭ་ལོན་ཕྱོགས་ལུ་ལམ་འགྱོ་ནི།། 
༢ གཉིས་པ་ངན་པ་བཞིའི་ཕྱོགས་ལུ།  ༡ ལུས་ཆད་ཕྱོགས་ལུ་བླ་བསླུ་བཏང་། ༢ འདྲེ་ལྔའི་ཕྱོགས་ལུ་གླུད་བསྐྱལ་ནི། ༣ བདུད་གཅོད་ཕྱོགས་ལུ་གཏོརམ་འཕང་ནི། ༤ གནོད་པའི་ཕྱོགས་ལུ་བཟློག་པ་བཏང་ནི།། 

བབས་སྤར་ལི་མེ་ཕོག་པ་ཅིན། ཕུངམ་མེ་བཏང་ས་ལུ་འགྱོ་མི་བཏུབ་ ཡུགས་ཟས་དང་ གཉེན་སྟོན་གྱི་ཟས་ཟ་མི་བཏུབ་ རྟའི་ཐོག་ཁར་བཞོན་མི་བཏུབ་ ཚྭ་ཆུ་དང་སྨན་ཆུ་མི་འཕྲོད་ རིམ་གྲོ་ བཙན་མདོས་བསྐྱལ།  ཆོས་ གཙུག་ཏོར་དང་ རྣམ་འཇོམས་ ཚེ་མདོ་ལྷག། བཟང་པོ་བཞི་ནི། ཤར་དུ་སྲོག་འཚོ། ཤར་ལྷོར་དཔལ་བསྐྱེད། ལྷོར་ཕྱྭ་ལོན། བྱང་དུ་གནམ་སྨན། ངན་པ་བཞི་ནི། ལྷོ་ནུབ་ལུས་ཆད། ནུབ་ཏུ་འདྲེ་ལྔ། ནུབ་བྱང་བདུད་གཅོད། བྱང་ཤར་གནོད་པ།  ཟླ་དོག་ཟླཝ་ ༨ པའི་ནང་ཕོགཔ་ཨིན།། བབས་སྤར་ཁོན་ས་ཕོག་པ་ཅིན། ཁྱིམ་གསརཔ་རྐྱབ་ས་དང་ ས་བརྐོ་རྡོ་སློག་འབད་ས་ལུ་འགྱོ་མི་བཏུབ་ གྲིབ་ཟས་ཟ་མི་བཏུབ་ རིམ་གྲོ་ བརྒྱ་བཞི་དང་ བདུད་མདོས་ ས་སྒོ་བཏང་ ཆོས་ བརྒྱད་སྟོང་པ་དང་ ཏོག་གཟུངས་ བགྲེས་མོའི་ཞུས་པ་ ལང་ཀར་གཤེགས་པ་ མདོ་སྐལ་བཟང་ རྒྱ་ཆེན་རོལ་པ་ཚུ་ལྷག།  བཟང་པོ་བཞི། ལྷོ་ནུབ་ཕྱྭ་ལོན། ནུབ་ཏུ་དཔལ་བསྐྱེད། ནུབ་བྱང་གནམ་སྨན། བྱང་ཤར་སྲོག་འཚོ། ངན་པ་བཞི་ནི། ཤར་དུ་གནོད་པ། ཤར་ལྷོར་འདྲེ་ལྔ་། ལྷོར་ལུས་ཆད། བྱང་དུ་བདུད་གཅོད། ཟླ་དོག་ཟླཝ་ ༣ པའི་ནང་ཕོགཔ་ཨིན།། བབས་སྤར་དྭ་ལྕགས་ཕོག་པ་ཅིན། མེ་གིས་འཚིག་ནི་གི་ཉེན་ཁ་ཡོད་ ལཱ་ག་ཅི་རང་འབད་རུང་གཟབ་ཟབ་འབད་དགོ་ ལྕགས་བརྡུང་ས་དང་ མགར་ཚང་ནང་ལུ་འགྱོ་མི་བཏུབ་ མགར་ཟས་ཟ་མི་བཏུབ་ སྐབས་སྐབས་སུ་སེམས་མི་དགའ་ ཆོས་དཀོན་བརྩེགས་དང་ གནམ་ལྕགས་མཆུ་ ཏོག་གཟུངས་ གནམ་ས་སྣང་བརྒྱད་ འཇམ་དཔལ་མཚན་བརྗོད་ རྡོ་རྗེ་མཆུ་ཚུ་ལྷག། བཟང་པོ་བཞི། ལྷོ་ནུབ་དཔལ་བསྐྱེད། ནུབ་ཏུ་ཕྱྭ་ལོན། ནུབ་བྱང་སྲོག་འཚོ། བྱང་ཤར་གནམ་སྨན། ངན་པ་བཞི་ནི། ཤར་དུ་བདུད་གཅོད། ཤར་ལྷོར་ལུས་ཆད།  ལྷོར་འདྲེ་ལྔ་། བྱང་དུ་གནོད་པ། ཟླ་དོག་ཟླཝ་ ༡༠ པའི་ནང་ཕོགཔ་ཨིན།། བབས་སྤར་ཁེན་གནམ་ཕོག་པ་ཅིན། རྦོབ་སྒྲིལ་ནི་གི་ཉེན་ཁ་ཡོད་ ལཱ་ག་ཅི་རང་འབད་རུང་དྲན་པ་བཏོན་སྟེ་འབད་དགོ ཁྱིམ་རྙིངམ་བརྡལ་ས་དང་ ཁྱིམ་ཐོག་སྤུབ་ས་གི་ས་སྒོ་ནང་ལུ་འགྱོ་མི་བཏུབ།  ཆོས་ ཉི་ཁྲི་དང་ གསེར་འོད་གཡང་སྐྱབས་ ཕལ་ཆེན་ བགྲེས་ཞུས་ ལང་ཀར་གཤེགས་པ་ རྒྱལ་པོ་མདོ་ལྔ་བཅས་ལྷག། བཟང་པོ་བཞི། ལྷོ་ནུབ་གནམ་སྨན། ནུབ་ཏུ་སྲོག་འཚོ། ནུབ་བྱང་ཕྱྭ་ལོན། བྱང་ཤར་དཔལ་བསྐྱེད། ངན་པ་བཞི་ནི། ཤར་དུ་འདྲེ་ལྔ་། ཤར་ལྷོར་གནོད་པ། ལྷོར་བདུད་གཅོད། བྱང་དུ་ལུས་ཆད། ཟླ་དོག་ཟླཝ་ ༥ པའི་ནང་ཕོགཔ་ཨིན།། བབས་སྤར་ཁམ་ཆུ་ཕོག་པ་ཅིན། ཆུ་ནང་ལུ་འཐིམ་ནི་དང་ ཆུ་གིས་འཕྱག་འབག་ནི་གི་ཉེན་ཁ་ཡོད། བགོ་ལ་ནགཔ་གི་རིགས་གྱོན་མི་བཏུབ། ཆུ་ལས་སྤང་དགོ མཚོ་སྨན་དགུ་མདོས་བཏང་ ཆོས་ འཕགས་པ་སྤྲིན་ཆེན་དང་ རྣམ་འཇོམས་ པད་དཀར་ གསེར་འོད་དམ་པ་ ཀླུ་འབུམ་ གནམ་ལྕགས་མཆུ་བཅས་བཀླག། 
བཟང་པོ་བཞི། ཤར་དུ་དཔལ་བསྐྱེད། ཤར་ལྷོར་སྲོག་འཚོ། ལྷོར་གནམ་སྨན། བྱང་དུ་ཕྱྭ་ལོན། ངན་པ་བཞི་ནི། ལྷོ་ནུབ་བདུད་གཅོད།  ནུབ་ཏུ་གནོད་པ། ནུབ་བྱང་ལུས་ཆད། བྱང་ཤར་འདྲེ་ལྔ་། ཟླ་དོག་ཟླཝ་ ༦ པའི་ནང་ཕོགཔ་ཨིན།། བབས་སྤར་གིན་རི་ཕོག་པ་ཅིན། འཐབ་འཛིང་འབད་སའི་ས་སྒོ་ནང་ལུ་འགྱོ་མི་བཏུབ་ རི་མཐོ་སར་འཛེག་མི་བཏུབ། ཁྱིམ་རྐྱབ་ས་ལུ་འགྱོ་ནི་མི་འོང་ ཐབ་གཞོབ་དང་གྲིབ་ཟས་ཟ་མི་
བཏུབ་ མ་མོའི་སྤྱི་མདོས་བཏང་།  ཆོས་གླང་རུ་ལུང་བསྟན་དང་ བརྒྱད་སྟོང་པ་ སྟོབས་པོ་ཆེ་ གནམ་ལྕགས་མཆུ་ རྨ་བྱ་ཆེན་མོའི་གཟུངས་དེ་ཚུ་ལྷག། བཟང་པོ་བཞི། ལྷོ་ནུབ་སྲོག་འཚོ།  ནུབ་ཏུ་གནམ་སྨན། ནུབ་བྱང་དཔལ་བསྐྱེད། བྱང་ཤར་ཕྱྭ་ལོན། ངན་པ་བཞི་ནི། ཤར་ལུས་ཆད། ཤར་ལྷོར་བདུད་གཅོད།  ལྷོར་གནོད་པ། བྱང་འདྲེ་ལྔ་། ཟླ་དོག་ཟླཝ་ ༡༡ པའི་ནང་ཕོགཔ་ཨིན།། བབས་སྤར་ཟིན་ཤིང་ཕོག་པ་ཅིན། ཡུགས་སའི་ཟས་དང་ གཉེན་སྟོན་གྱི་ཟས་ཟ་མི་བཏུབ་ ཤིང་གཉན་གཅོད་ས་དང་ རྡོ་གཉན་སློག་སར་མི་འགྲོ། ཆོས་ སྡོང་རྒྱན་དང་ དཀོན་བརྩེགས་ བློ་གྲོས་མི་ཟད་པའི་མདོ་ ཉི་ཁྲི་ སྟགཞུས་ མཚན་བརྗོད་བཅས་ལྷག། བཟང་པོ་བཞི། ཤར་ཕྱྭ་ལོན།  ཤར་ལྷོར་གནམ་སྨན། ལྷོར་སྲོག་འཚོ། བྱང་དུ་དཔལ་བསྐྱེད།  ངན་པ་བཞི་ནི། ལྷོ་ནུབ་གནོད་པ། ནུབ་ཏུབདུད་གཅོད། ནུབ་བྱང་འདྲེ་ལྔ། བྱང་ཤར་ལུས་ཆད། ཟླ་དོག་ཟླཝ་ ༢ པའི་ནང་ཕོགཔ་ཨིན།། བབས་སྤར་ཟོན་རླུང་ཕོག་པ་ཅིན། གཉེན་སྟོན་ནང་ལུ་འགྱོ་མི་བཏུབ་ མི་འཆོལ་ལོང་གི་ཟས་ཟ་མི་བཏུབ། བྱིས་སྟོན་བྱ། ཆུ་གཏོར་གཏང་། ཆོས་ བརྒྱད་སྟོང་པ་དང་ སྟོབས་པོ་ཆེ་ མཆོད་རྟེན་བསྐོར་བའི་ཕན་ཡོན་ཚུ་ལྷག། བཟང་པོ་བཞི། ཤར་གནམ་སྨན། ཤར་ལྷོར་ཕྱྭ་ལོན། ལྷོར་དཔལ་བསྐྱེད། བྱང་དུ་སྲོག་འཚོ། ངན་པ་བཞི་ནི། ལྷོ་ནུབ་འདྲེ་ལྔ། ནུབ་ཏུ་ལུས་ཆད།  ནུབ་བྱང་གནོད་པ། བྱང་ཤར་བདུད་གཅོད། ཟླ་དོག་ཟླཝ་ ༧ པའི་ནང་ཕོགཔ་ཨིན།།
བབས་སྨེ་གཅིག་དཀར་ཕོག་པ་ཅིན། གྲིབ་ནང་ལུ་འགྱོ་ནི་མི་འོང་ རྒྱལ་པོའི་སྲུང་མ་བཏགས་དགོ་ རང་གི་ལྷ་སྲུང་ལུ་གསོལ་ཁ་ཕུལ་དགོ་ རྒྱལ་མདོས་བཏང་།།  ༢ བབས་གཉིས་ནག་ཕོག་པ་ཅིན། སེམས་ལུ་སྡུག་བསྔལ་དང་ གཟུགས་ལུ་ན་ཚ་ལ་སོགས་པ་སྟབས་མ་བདེཝ་འཐོན་ནི་གི་ཉེན་ཁ་ཡོད། སྐྱབས་འགྲོ་ག་དེ་མང་མང་བསགས་དགོ་ ས་བརྐོ་རྡོ་སློག་འབད་ས་དང་ གྲིབ་ནང་ལུ་འགྱོ་ནི་མི་འོང་ གློ་བུར་དུ་མ་ཉེས་ཁ་གཡོགས་འབྱུང་འོང་། གཟབ་གཟབ་འབད་དགོ། རིམ་གྲོ་མི་ཁ་དགྲ་བཟློག་དང་ བདུད་ཀྱི་ཞལ་བསྒྱུར་ བརྒྱ་བཞི་རྐྱབ། ཆོས་ གཙུག་ཏོར་དཀར་ནག་དང་ ཏོག་གཟུངས་ རྒྱ་ནག་སྐག་བཟློག་ ཚེ་མདོ་ཚུ་ག་དེ་མང་མང་ལྷག་དགོ། བབས་སྨེ་གསུམ་མཐིང་ཕོག་པ་ཅིན། གློ་བུར་དུ་ཁ་སྨྲས་དང་ འཐབ་འཛིང་ཚུ་འབྱུང་ནི་གི་ཉེན་ཁ་ཡོད་ ཁྱིམ་རྐྱབ་ས་དང་ ཆུ་སྦོམ་བརྒལ་མི་བཏུབ་ བརྒྱ་བཞི་རྐྱབ། མཚོ་སྨན་དགུ་མདོས་བཏང་ ཚྭ་ཚྭ་བཏབ། མཆོད་རྟེན་སྐུ་དཀར་གསོལ།།བབས་སྨེ་བཞི་ལྗང་ཕོག་པ་ཅིན། གཟུགས་ལུ་ན་ཚ་ལ་སོགས་པ་ཐོབ་འོང་ གྲིབ་ནང་ལུ་འགྱོ་ནི་ཚུ་ལུ་འཛེམ་དགོ། ས་བརྐོ་རྡོ་སློག་འབད་ས་ལུ་འགྱོ་མི་བཏུབ་ ཆུ་གཏོར་བཏང་ ཀླུ་འབུམ་ལྷག།བབས་སྨེ་ལྔ་སེར་ཕོག་པ་ཅིན། སེམས་འཚབ་འཚུབས་དང་ རྩིགཔ་ཟ་ནི་ལ་སོགས་པ་འཐོན་འོང་། བརྒྱ་བཞི་དང་ རྒྱལ་མདོས་བཏང་། འཇམ་དཔལ་མཚན་བརྗོད་དང་ གྲྭ་ལྔ་ལྷག།བབས་སྨེ་དྲུག་དཀར་ཕོག་པ་ཅིན། གྲིབ་ནང་ལུ་འགྱོ་མི་བཏུབ་ ཉི་ཁྲི་དང་ ཕལ་ཆེན་ སྤང་སྐོང་
ལྷག། བརྒྱ་བཞི་བཏང་ བྱིས་སྟོན་བྱ།། བབས་སྨེ་བདུན་དམར་ཕོག་པ་ཅིན། སེམས་ཅན་ཚེ་ཐར་གནང་ བཙན་མདོས་བཏང་ གཟུགས་ཁ་ལས་ཁྲག་བཙག་མི་བཏུབ། རི་མཐོ་ས་ལུ་འཛེག་མི་བཏུབ་ ཉ་ཆུང་ཀུ་ཚེ་ཐར་གཏོང་ འབུམ་ལྷག།

བབས་སྨེ་བརྒྱད་དཀར་ཕོག་པ་ཅིན། གྲིབ་དང་ མི་གཙང་བ་དེ་ཚུ་ལུ་འཛེམ་དགོ། ཡུགས་སའི་ཟས་མི་ཟ་ ལྷ་ཡིས་ཞུས་པའི་མདོ་འདོན་། ལྷ་སྲུང་གསོལ།། བབས་སྨེ་དགུ་དམར་ཕོག་པ་ཅིན། གོད་ཁ་ལྡང་ རང་གི་གོས་རྙིང་པ་དང་ལྷྭམ་དེ་ཚུ་གཞན་ལུ་བྱིན་མི་བཏུབ། སྲི་བཟློག་བསགས་ གསེར་འོད་གཡང་སྐྱབས་དང་ ནོར་རྒྱུན་མ་ལྷག ཚེ་འགུགས་དང་ ཕྱྭ་འགུགས་གཡང་ལོན་བྱ།།   ཞེས་པ་འདི་ཡང་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ འབྲུག་དང་ཧི་མ་ལ་ཡཱ་གི་ སློབ་སྦྱོང་པ་ན་གཞོན་ཕོ་མོ་ཚུ་ལུ་ཕན་ཆེད་རྩིས་འབྲས་རྙིང་པ་ཚུ་ནང་ལས་བཏོན་ཏེ་ རིག་གཞུང་རྩིས་ཀྱི་སློབ་སྟོན་པ་རིན་ཆེན་མིང་པས་སྤྱི་ལོ་ ༢༠༡༣ གྱི་ལོ་ལུ་འདྲ་བཤུས་བགྱིས་པའོ།། །།

༆      གཉེན་གྱི་ཁམས་འཕྲོད་ནང་ལས་ཕོ་མོ་གཉིས་པོའི་སྤར་ཁ་དང་ སྨེ་བའི་མཐུན་ལམ་ཡོད་མེད་བརྟག་པ་ལས། དང་པོ་སྤར་ཁའི་མཐུན་སྦྱོར་བརྟག་པ་ནི།
༆      ཁྱོ་ཤུགས་གཉིས་པོའི་སྤར་ཁ་   ལི་མེ་དང་ཁམ་ཆུ་ ཁེན་གནམ་དང་ཁོན་ས་ དྭ་ལྕགས་དང་གིན་རི་ ཟོན་རླུང་དང་ཟིན་ཤིང་ཚུ་ཕོག་པ་ཅིན་བཟང་པོ་བཞིའི་ནང་ལས་ གནམ་སྨན་ཕོགཔ་ལས་ལེགས་ཤོམ་ཨིན།  ༢ དེ་ལས་སྤར་ཁ་ ཟིན་ཤིང་དང་ལི་མེ་ ཟོན་རླུང་དང་ཁམ་ཆུ་ ཁེན་གནམ་དང་དྭ་ལྕགས་ ཁོན་ས་དང་གིན་རི་ ཚུ་ཕོག་པ་ཅིན་བཟང་པོ་བཞིའི་ནང་ལས་ སྲོག་འཚོ་ཕོགཔ་ལས་ལེགས་ཤོམ་ཨིན།  ༢ དེ་ལས་སྤར་ཁ་ ཟོན་རླུང་དང་ལི་མེ་ ཁོན་ས་དང་དྭ་ལྕགས་ གིན་རི་དང་ཁེན་གནམ་ ཁམ་ཆུ་དང་ཟིན་ཤིང་ ཚུ་ཕོག་པ་ཅིན་བཟང་པོ་བཞིའི་ནང་ལས་ དཔལ་བསྐྱེད་ཕོགཔ་ལས་ལེགས་ཤོམ་ཨིན།  ༢          དེ་ལས་ཕོ་མོ་གཉིས་པོའི་སྤར་ཁ་ནང་འཕྲད་ཕོག་པ་ཅིན་བཟང་པོ་བཞིའི་ནང་ལས་ཕྱྭ་ལོན་ཕོགཔ་ལས་བཟངམ་ཨིན།།  
༉ དེ་ལས་སྤར་ཁ།   ལི་མེ་དང་དྭ་ལྕགས་  ཁོན་ས་དང་ཟོན་རླུང་ གིན་རི་དང་ཁམ་ཆུ་ ཁེན་གནམ་དང་ཟིན་ཤིང་ཚུ་ ངན་པ་བཞིའི་ནང་ལས་འདྲེ་ལྔ་ཕོགཔ་ལས་དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་རེ་རེ་བཞིན་དུ་རྩ་བ་ནང་ལས།   ལི་དྭ་གྲྭ་ལྔ་ནོར་རྒྱུན་བཀླག །ཁོན་ཟོན་གྲྭ་ལྔ་ཚེ་མདོ་བསྒྲགས། །གིན་ཁམ་གཤིན་རྗེའི་བཟློག་པ་དང་། །དགྲ་སྲི་མནན་པ་མར་མེ་འབུལ། །ཁེན་ཟིན་མདོ་སྡེ་བསྐལ་བཟང་དང་། །སྟོབས་པོ་ཆེ་འདོན་སཱ་ཙྪ་འདེབས།།
༢        དེ་ལས་སྤར་ཁ། ལི་མེ་དང་ཁེན་གནམ་ དྭ་ལྕགས་དང་ཟིན་ཤིང་ ཁོན་ས་དང་ཁམ་ཆུ་ གིན་རི་དང་ཟོན་རླུང་ཚུ་ ངན་པ་བཞིའི་ནང་ལས་བདུད་གཅོད་ཕོགཔ་ལས་དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་རེ་རེ་བཞིན་དུ་རྩ་བ་ནང་ལས།   ལི་ཁེན་བདུད་བཟློག་དམ་སྲིད་དཀར། །དྭ་ཟིན་མཚན་བརྗོད་སྡོང་བརྒྱན་འདོན། །ཁོན་ཁམ་ཏོག་གཟུངས་སྤྱི་མདོས་བྱ། །གིན་ཟོན་ཕལ་ཆེན་ཏོག་གཟུངས་བཀླག །གནམ་ཁྱི་ནག་པོའི་མདོས་ཀྱང་བྱ།།
༢        དེ་ལས་སྤར་ཁ། ལི་མེ་དང་ཁོན་ས་ དྭ་ལྕགས་དང་ཟིན་ཤིང་ ཁེན་གནམ་དང་ཁམ་ཆུ་ གིན་རི་དང་ཟོན་རླུང་ཚུ་ ངན་པ་བཞིའི་ནང་ལས་ལུས་ཆད་ཕོགཔ་ལས་དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་རེ་རེ་བཞིན་དུ་རྩ་བ་ནང་ལས།   ལུས་ཆད་ལི་ཁོན་ཤེར་ཕྱིན་བཀློག །དྭ་ཟིན་ས་བདག་གཏེར་མདོས་དང་། །ཚེ་ཆོག་ལེན་མེད་སྟོན་མོ་གཏོང་། །གིན་ཟོན་བསྐོར་བའི་ཕན་ཡོན་འདོན། །ཁེན་ཁམ་དགྲ་བཟློག་དགྲ་སྲི་མནན།།
༢        དེ་ལས་སྤར་ཁ། ལི་མེ་དང་གིན་རི་ ཟོན་རླུང་དང་ཁེན་གནམ་ དྭ་ལྕགས་དང་ཁམ་ཆུ་ ་ཟིན་ཤིང་དང་ཁོན་ས་ཚུ་ ངན་པ་བཞིའི་ནང་ལས་གནོད་པ་ཕོགཔ་ལས་དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་རེ་རེ་བཞིན་དུ་རྩ་བ་ནང་ལས།   གནོད་པ་ཞེས་བྱ་ལི་གིན་གཉིས། །ལེན་མེད་སྟོན་མོ་ནོར་གཡང་ལེན། །ཁོན་ཟོན་གྲྭ་ཏོག་ཕལ་ཆེན་བཀླག །དྭ་ཁམ་བྱེ་བྲལ་གཏོ་བཅོས་དང་། །འཕགས་པ་དཀོན་མཆོག་བརྩེགས་པ་བསྒྲགས།།
༆      གཉིས་པ་སྨེ་བའི་མཐུན་ལམ་ཡོད་མེད་ནི།   ཕོ་མོ་གཉིས་པོའི་སྐྱེས་སྨེ་ ༩༡ ༢༦ ༧༨ ༣༤ ཚུ་གཅིག་ཁར་ཕོག་པ་ཅིན་གནམ་སྨན་ཕོགཔ་ལས་བཟངམ་ཨིན།  སྨེ་བ་ ༩༣ ༢༨ ༧༦ ༤༡ ཚུ་གཅིག་ཁར་ཕོག་པ་ཅིན་སྲོག་འཚོ་ཕོགཔ་ལས་བཟངམ་ཨིན། སྨེ་བ་ ༩༤ ༧༢ ༦༨ ༣༡ ཚུ་ གཅིག་ཁར་ཕོག་པ་ཅིན་དཔལ་བསྐྱེད་ཕོགཔ་ལས་བཟངམ་ཨིན། སྨེ་བ་ ༩༩ ༨༨ ༧༧ ༦༦ ཚུ་ གཅིག་ཁར་ཕོག་པ་ཅིན་ཕྱྭ་ལོན་ཕོགཔ་ལས་བཟངམ་ཨིན།
སྨེ་བ་འ་ནི་འདི་ཚུ་དང་ཅིག་ཁར་ཕོག་མི་བཟའ་ཚང་ཚུ་མི་ཚེ་ནང་ལུ་རང་གི་མནོ་དོན་ཚུ་ལེགས་ཤོམ་སྦེ་འགྲུབ་ཚུགསཔ་མ་ཚད་ རྒྱུ་ནོར་ལོངས་སྤྱོད་ཚུ་ཡང་ངམ་ངམ་ཤུགས་ཀྱིས་སྦེ་གོང་ནས་གོང་དུ་འཕེལ་ནི་ཨིན་པས། དེ་ལས་རང་གི་བུ་གཞི་ཚུ་ཡང་ན་ཚ་དང་ཤི་རྐྱེན་ཚུ་ མེད་པའི་ཁར་གཉེན་འདི་ཡང་བརྟན་ཏོག་ཏོ་འོང་ནི་ཨིན་པས།   དེ་ལས་སྨེ་བ་ ༡༡ ༢༢ ༣༣ ༤༤ ཕོག་མི་ཚུ་བཟང་ངན་འབྲིང་སྦེ་འཐོནམ་ཨིན་པས། ག་དེམ་ཅི་སྦེ་སྨེ་བ་འ་ནི་ཕོག་ཚུ་གཉེན་རྐྱབ་ཡ་སོང་པ་ཅིན་ དེ་གི་བཟློག་ཐབས་ཚུ་ཡང་ སྲི་བཟློག་བསགས་ནི་དང་ ཕྱྭ་འགུགས་ཚུ་རྐྱབ་དགོཔ་ཨིན་པས།  དེ་ལས་ སྨེ་བ་ ༩༨ ༤༦ ༧༡ ༢༣ ཚུ་ངན་པ་བཞིའི་ནང་ལས་གནོད་པ་ཕོགཔ་ལས་འབྲིང་སྦེ་བཤདཔ་ཨིན་པས། དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་ ཕྱྭ་འགུགས་རྐྱབ་ནི་དང་ ལྷ་མོ་ནོར་རྒྱུན་མ་དང་ གདུགས་དཀར་ཚུ་ལྷག་དགོཔ་ཨིན་པས།     དེ་ལས་ སྨེ་བ་ ༩༧ ༦༣ ༨༡ ༢༤ ཚུ་ངན་པ་བཞིའི་ནང་ལས་འདྲེ་ལྔ་ཕོགཔ་ལས་ངནམ་སྦེ་བཤདཔ་ཨིན་པས། དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་ འབུམ་ཆུང་སྡེ་ལྔ་དང་ ལྕགས་མཆུ་ ཚུ་ག་དེ་མང་མང་ལྷག་དགོཔ་ མ་ཚད་ལོ་ལྟར་བཞིན་ དཀར་མེ་སྟོང་མཆོད་ཚར་རེ་ཕུལ་དགོཔ་ཨིན་པས།    དེ་ལས་ སྨེ་བ་ ༩༦ ༢༡ ༣༧ ༨༤ ཚུ་ངན་པ་བཞིའི་ནང་ལས་བདུད་གཅོད་ཟེར་མི་འདི་ཕོགཔ་ལས་ངནམ་སྦེ་བཤདཔ་ཨིན་པས། དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་ རྒྱ་ཆེར་རོལ་པའི་མདོ་ལྷག་ནི་དང་ སྲི་བཟློག་བསག་དགོ་ ཚྭ་ཚྭ་བཏབ་ནི་ བདུད་མདོས་དང་མི་ཁ་དགྲ་བཟློག་བཏང་ དགོཔ་ཨིན་པས།  དེ་ལས་ སྨེ་བ་ ༩༢ ༧༤ ༦༡ ༨༣ ཚུ་ངན་པ་བཞིའི་ནང་ལས་ལུས་ཆད་ཕོགཔ་ལས་ངནམ་སྦེ་བཤདཔ་ཨིན་པས། དེ་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་ མདོ་མང་ལྷག་ནི་དང་ སྲི་ཟློག་བསག་ནི་ རྒྱལ་མདོས་བཏང་ནི་ ཡར་དཀོན་མཆོག་ལུ་མཆོད་པ་དང་ ངན་སློང་ལུ་སྦྱིན་པ་ཚུ་ག་དེ་དྲག་དྲག་བརྩོན་དགོཔ་ ཨིན་པས། གོང་གི་བཟློག་ཐབས་འབད་དགོཔ་ཚུ་ཡང་ ལོ་རེ་ལུ་ཚར་རེ་འབད་ཚུགས་པ་ཅིན་ལེགས་ཤོམ་འོང་ནི་ཨིན་པས།།     གོང་གི་སྤར་སྨེའི་མཐུན་སྦྱོར་བརྟག་ཐབས་འདི་རྩིས་གཞུང་བག་རྩིས་ནམ་མཁའི་འགྲེལ་པ་ནང་ལས་བཏོན་ཏེ་བྲིས་པ་དགེ་ལེགས་འཕེལ།།

རིན་ཆེན་དབང་འདུས། རྩིས་ཀྱི་སློབ་སྟོན་པ། ཀྲོང་གསར་ སྟག་རྩེ། རིག་གཞུང་མཐོ་རིམ་སློབ་གྲྭ།  སྤྱི་ལོ་ ༢༠༡༤ ལོ་ལུ་འབྲུག་དང་ཧི་མ་ལ་ཡ་གི་སློབ་སྦྱོང་འབད་མི་ རྩིས་ཀྱི་སློབ་ཕྲུག་ཚུ་ལུ་གནས་སྐབས་ཤིག་དགོས་མཁོ་མཐོང་སྟེ་ཕན་སེམས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།   08/06/2014

No comments: