Monday, April 3, 2023

བོད་མཁས་པས་མཛད་པའི་ མཚུངས་གསལ་གྱི་དཔེར་བརྗོད། སྒྲ་ལྡན་ལྷའི་མཛུམ་ཟེར།

 

༄༅།  །སྙན་ངག་དཔེ་རྒྱན་གསལ་བྱེད་ཀྱི་དཔེར་བརྗོད་སྒྲ་ལྡན་ལྷའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།།

རྩ་བ། སློབ་དཔོན་དབྱུག་པ་ཅན།

དཔེར་བརྗོད། བོད་མཁས་དགེ་ལེགས་རྣམ་རྒྱལ།

ཕྱོགས་བསྒྲིགས་པ། བསམ་གཏན།

རྩ་འགྲེལ་དང་རྐང་གྲངས་རྣམས་དཎྜིའི་དགོངས་རྒྱན་ལས་བཤུས།

ན་མོ་ཝཱ་གིནྡྲ་བུདྡྷ་བཛྲཱ་ཡ།

དབྱངས་ཅན་བྱིན་རླབས་ཉི་ཟེར་ཁུ་བས་ཡོངས་སྨིན་བདག་བློ་ཨུཏྤལ་ལའི།།

གེ་སར་སྙིང་པོའི་ཆང་གིས་དགའ་ལྡན་ཁང་བཟང་སྦྲང་རྩིའི་ཁ་ཟས་ཅན།།

ལྷ་བསམ་མངར་བའི་དྲི་བསུང་གིས་བསུས་མགྲོན་དུ་གཉེར་ལ་མི་ངལ་བས།།

དཔེ་དོན་གསལ་བྱེད་ཚིག་གི་འཇུག་པ་མཐའ་དག་ངས་འདིར་རྣམ་པར་ཕྱེ།།

 

གང་ཞིག་གསལ་བྱེད་ནོར་བུའི་སྒྲོན།།

བསྟོད་ཚིག་ཡོལ་གོར་རབ་ཆགས་པ།།

འདི་ཉིད་བཟུང་རྣམས་དཔེ་རྒྱན་གཟུགས།།

མིག་གི་བདུད་རྩིར་འཐུང་ལ་དབང་།།

ཤོང་དཔང་སོགས་ལོ་ཙཱ་བ་སྔོན་མས་མཚུངས་པ་གསལ་བྱེད་ཀྱི་སྒྲ་འདི་རྣམས་སཾ་སྐྲི་ཏའི་སྐད་སོར་བཞག་པ་མང་དུ་ཡོད་ཅིང་གྲངས་དྲུག་ཅུ་རྩ་གསུམ་དུ་བཤད་པར་སྣང་། ཕྱིར་སོར་སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱཱིས་ཐམས་ཅད་རྫོགས་པར་བསྒྱུར་ཅིང་གྲངས་ཀྱང་དྲུག་ཅུ་རྩ་ལྔར་བཤད། དེ་ལའང་གྲངས་སྡེ་ཚན་བཞིར་ཕྱེ་སྟེ། དཔེ་དོན་གསལ་བར་བྱེད་པ་ཚིག་ཉི་ཤུ་རྩ་གཉིས། འདྲ་བའི་དོན་གསལ་བར་བྱེད་པ་བཅོ་བརྒྱད། དཔེ་རྒྱན་གསལ་བྱེད་བཅོ་ལྔ། དེ་ལྟ་བུ་སོགས་སྒྲ་བཅུ་པོ་རྣམས་བསྡོམས་པས་དྲུག་ཅུ་རེ་ལྔ་པོ་འདི་རྣམས་ཚིག་སྦྱོར་གང་དང་གང་དུ་བྱུང་ཡང་དཔེ་དང་དཔེར་བྱ་དག་མཚུངས་པ་གསལ་བར་བྱེད་པ་ཡིན་པས་དཔེ་རྒྱན་དུ་ཤེས་པར་བྱའོ།།

 

ཞེས་པའི་སྡེ་ཚན་དང་པ་དཔེ་དོན་གསལ་བྱེད་ཉེར་གཉིས་ནི།

བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ།།

ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་།།

གཉེན་པོ་དང་ནི་དགྲ་ཟླ་དང་། །སོ་སོར་རྟོགས་དང་འགལ་དང་འདྲ།།

བལྟ་བཅས་དང་ནི་བསླུ་བ་དང་། །རིགས་མཐུན་རྗེས་སུ་སྨྲ་བ་དང་།།

ཞེས་ཏེ། བཞིན་དང་། ལྟར་དང་། ལྟ་བུ་དང་། ཇི་ལྟར་དང་། མཐུན་དང་། མཚུངས་དང་། ཡང་དག་མཚུངས་དང་། མཉམ་དང་། ཡང་དག་གསལ་དང་། ངེས་པར་གསལ་དང་། རབ་ཏུ་གསལ་དང་། གཟུགས་ཀྱི་ཟླ་བོ་དང་། གཉེན་པོ་དང་། དགྲ་ཟླ་དང་། སོ་སོར་རྟོག་དང་། འགལ་དང་། འདྲ་དང་། བལྟ་དང་། བཅས་དང་། བསླུ་བ་དང་། རིགས་མཐུན་པ་དང་། རྗེས་སུ་སྨྲ་བ་རྣམས་སོ།།

འདི་རྣམས་རིམ་པ་བཞིན་དུ་དཔེར་བརྗོད་ན་འདི་ལྟ་སྟེ།།

རིགས་ཀྱི་བདག་པོ་འཕགས་པ་རྣམ་འདྲེན་རྗེའི། །གཟུགས་སྐུའི་ངོ་མཚར་འཆི་མེད་ལྗོན་ཤིང་བཞིན། །ཚངས་པའི་དབྱངས་ལྟར་སྙན་འཇེབས་རྡོ་རྗེའི་གསུངས། །མྱང་གིན་བཟང་བ་བདུ་རྩིའི་རོ་ལྟ་བུ། །ཀུན་ཁྱབ་ནམ་མཁའི་ཁྱོན་ཡངས་ཇི་ལྟ་བའི། །སྒྲིབ་བྲལ་ཐུགས་ཀྱི་ཕ་མཐའ་གཞལ་མི་ཕོད། །གང་གི་གྲགས་པ་ཕྱོགས་ཀྱི་མཐར་འགྲོ་བ། །ཇི་ལྟར་མཁའ་ལ་རྒྱུ་བའི་དྲི་གཞོན་གང་། །ཁྱོད་མཁྱེན་འཇམ་པའི་དཔལ་དང་ཆོས་མཐུན་ཅིང་། །ཕྱག་ན་པདྨོ་ཅན་མཚུངས་བརྩེ་བའི་ཐུགས། །རྡོ་རྗེ་འཛིན་དང་ཡང་དག་མཚུངས་ནུས་མཐུའི། །མཆོག་བརྙེས་ཁྱོད་དང་ཕྱོགས་བཅུའི་རྒྱལ་ཀུན་མཉམ། །ཁྱོད་ཐུགས་དཀར་བས་ཟླ་བ་ཡང་དག་གསལ། །འཇམ་པས་པདྨའི་འདབ་ཡངས་ངེས་པར་གསལ། །ཟབ་ཅིང་ཡངས་པས་རྒྱ་མཚོའི་དཔལ་རབ་གསལ། །ཆོས་ཀུན་འདོད་འཇོ་ནོར་བུའི་གཟུགས་ཀྱི་ཟླ། །བློ་གྲོས་ལྷ་ཡི་བླ་མའི་གཉེན་པོར་གྲུབ། །བརྟུལ་ཞུགས་ཚངས་པའི་དྲང་སྲོང་དགྲ་ཟླར་ཆས། །དྲི་བཟང་ཡོངས་འདུའི་དྲུང་དང་སོ་སོར་རྟོག། །ངུར་སྨྲིག་ཐུན་མཚམས་སྤྲིན་དང་ཕན་ཚུལ་འགལ། །ཟབ་དོན་འཆད་མཁས་སྒྲུ་འཕྲུལ་སྲས་འདྲ་ཞིང་། །རྩོད་ངག་དྷརྨ་ཀིརྟའི་ཚུལ་ལ་བལྟ། །མུ་མེད་མཛད་འཕྲིན་ནམ་མཁའི་མཐའ་ལ་བཅས། །དབྱངས་ཅན་རྒྱུད་མངས་བསླུ་བའི་ཚིག་རྒྱན་མཁན། །སྨྲ་མཁས་ཁྱོད་ནི་འཇམ་པའི་རྡོ་རྗེའི་རིགས། །སྙན་ཚིག་ཕུལ་བྱུང་དཔའ་བོའི་རྗེས་སུ་སྨྲ། །འདྲེན་མཆོག་བླ་མར་བསྔགས་པའི་དཔེ་དོན་ཚུལ། །གསལ་བྱེད་དང་པོའི་སྡེ་ཚན་དེ་ལྟ་བུ།།

 

སྡེ་ཚན་གཉིས་པ་འདྲ་བའི་དོན་གསལ་བ་བཅོ་བརྒྱདནི།

གཟུགས་བརྙན་དང་ནི་སོ་སོར་སྡེབ། །གཟུགས་མཚུངས་མཉམ་དང་ཡང་དག་གཞལ། །མཚན་ཉིད་མཐུན་འདྲ་མཚུངས་པ་དང་། །མཐུན་ཕྱོགས་དཔེར་བྱས་དཔེ་དང་རྟོག །དམན་དང་ཅུང་ཟད་དམན་སོགས་དང་། རབ་ཏུ་སྨྲ་དང་སོ་སོར་ཟློག །རིགས་མཐུན་མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག།

ཅེས་ཏེ། གཟུགས་བརྙན་དང་། སོ་སོར་སྡེབ་དང་། གཟུགས་མཚུངས་དང་། གཟུགས་མཉམ་དང་། ཡང་དག་གཞལ་དང་། མཚན་ཉིད་མཐུན་དང་། མཚན་ཉིད་འདྲ་དང་། མཚན་ཉིད་མཚུངས་དང་། མཐུན་ཕྱོགས་དང་། དཔེར་བྱས་དང་། དཔེ་དང་། རྟོག་དང་། དམན་དང་། ཅུང་ཟད་དམན་དང་། རབ་ཏུ་སྨྲ་དང་། སོ་སོར་བཟློག་དང་། རིགས་མཐུན་དང་། མཉམ་པར་བྱས་པ་སོགས་ཀྱི་ཁོངས་སུ་ཆོས་ཐུན་མོང་། གྲིབ་མ་ཐུན་མོང་སོགས་ཀྱང་བསྡུས་སོ།།

དེ་རྣམས་དཔེར་བརྗོད་པ་ནི།

བཅོམ་ལྡན་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །ཞི་བའི་ཞལ་གཅིག་སྟོན་ཟླའི་གཟུགས་བརྙན་ཅན། །ཆོས་ཀུན་གཟིགས་པའི་སྤྱན་ཡང་ཡིད་འཕྲོག་པ། །རི་དྭགས་མཚན་མའི་དཔལ་དང་སོ་སོར་སྡེབ། །མཆུ་སྒྲོས་པདྨའི་གཟུགས་མཚུངས་དམར་བའི་མདངས། །བིམྤའི་ཚལ་དང་མཉམ་པའི་མཛེས་སྡུག་ཅན། །དཀར་གསལ་ཡིད་འོང་ཚེམས་ཀྱི་ཨ་བ་ལིས། །རྣམ་མང་རྒྱུ་སྐར་ཚོགས་ཀུན་ཡང་དག་གཞལ། །སྲབ་ཡངས་ལྗགས་ཀྱི་མཛེས་པ་སུམ་རྩེན་གྱི། །པཉྕ་ལི་ཀའི་གོས་དང་མཚན་ཉིད་མཐུན། །མཁུར་ཚོས་ཡིད་འོང་དཀར་དམར་མདངས་གསལ་ཞིང་། མཉེན་འཇམ་པད་དཀར་གཞོན་ནུའི་མཚན་ཉིད་འདྲ། །ཆོས་ཀུན་ལོངས་ལ་སྤྱོད་པའི་མགྲིན་མཛེས་པ། །སྐྱེ་བ་ལྔ་པའི་དུང་དང་མཚན་ཉིད་མཚུངས། །ནོར་བུའི་རྒྱན་ཆ་མཛེས་བྱེད་གཡོ་ལྡན་གྱི། །མཐུན་ཕྱོགས་དཔག་བསམ་ལྗོན་པའི་ཡལ་འདབ་ཉིད། །བུང་བའི་མདངས་དང་མིག་སྨན་རི་བོ་ནི། །བརྗིད་ཆགས་རལ་པའི་ཐོར་ཅོག་དཔེར་རུ་བྱས། །འོད་ཀྱི་པ་ཏྲ་རབ་འབར་ཉི་མོའི་མགོན། །སྣ་ཚོགས་རིན་ཆེན་ཅོད་པན་བཟང་པོའི་དཔེ། །ལྷ་རྫས་ན་བཟའི་ལྷབ་ལྷུབ་རྣམ་མང་པོས། །དབང་པོའི་གཞུ་ཡི་ཕུན་ཚོགས་དག་ལ་རྟོག། །པུཎྜ་རི་ཀའི་འཁྲི་ཤིང་འདམ་རྫབ་ཁྲོད། །འཕྱན་པས་ཁྱོད་སྐུའི་དཔལ་ལས་ཤིན་ཏུ་དམན། །རི་བོང་མཚན་མས་རྙོག་མར་བྱས་གྱུར་པས། །ཟླ་བ་ཁྱོད་ཀྱི་ཞལ་ལས་ཅུང་ཟད་དམན། །ཆོས་ཀུན་ན་དའི་རང་སྒྲར་འཛོམས་པའི་གསུང་། །འགག་མེད་ཚངས་པའི་དབྱངས་སུ་རབ་ཏུ་སྨྲ། །ཐུགས་དང་ཆུ་མཚོ་རིན་ཆེན་གཟུགས་མང་དང་། །ཟག་མེད་ཡོན་ཏན་ཕུང་པོས་སོ་སོར་ཟློག། །མདོར་ན་གསོལ་བ་བཏབ་བཞིན་འདོད་པའི་འབྲས། །སྦྱིན་ནུས་ཁྱོད་ནི་ནོར་བུའི་རིགས་སུ་མཐུན། །ལྷ་མཆོག་ཁྱོད་དང་ཉི་མའི་དཀྱིལ་འཁོར་གཉིས། །མུན་པའི་སྨག་རུམ་གཞོམ་ལ་མཆོག་ཏུ་དཔའ། །ཆོས་དང་གྲིབ་མ་ཐུན་མོང་སོགས་ཀྱང་མཚོན། །འདྲ་བ་གསལ་བྱེད་སྡེ་ཚན་གཉིས་པའི་དཔེ།།

 

སྡེ་ཚན་གསུམ་པ་དཔེ་རྒྱན་གསལ་བྱེད་བཅོ་ལྔནི།

རི་བོང་མཚན་མའི་གདོང་ཅན་སོགས། །འབྲུ་མང་པོ་ཡི་ཚིག་སྡུད་དང་།།

འགྲན་དང་རྒྱལ་དང་སྡང་བ་དང་། །འཁུ་དང་མི་མཐུན་སྒྲོགས་པ་དང་།།

འཐབ་པ་དང་ནི་འཕྱ་བ་དང་། །སྨ་འབེབས་བྱེད་དང་སྨད་པ་དང་།།

ཅོ་འདྲི་བ་དང་འགོག་པ་དང་། །དགོད་དང་ཕྲག་དོག་མི་བཟོད་དང་།།

ཞེས་ཏེ། འབྲུ་མང་ཚིག་སྡུད་དང་། འགྲན་དང་། རྒྱལ་དང་། སྡང་བ་དང་། འཁུ་དང་། མི་མཐུན་སྒྲོགས་པ་དང་། འཐབ་པ་དང་། འཕྱ་བ་དང་། སྨ་འབེབས་བྱེད་དང་། སྨད་པ་དང་། ཅོ་འདྲི་བ་དང་། འགོག་པ་དང་། དགོད་དང་། ཕྲག་དོག་དང་། མི་བཟོད་ཅེས་པ་རྣམས་སོ།།

 

དེ་རྣམས་དཔེར་བརྗོད་པ་ནི།

ཟླ་བའི་བཞིན་ལེགས་བིམ་པའི་མཆུ་སྒྲོས་འཛུམ། །ཨུཏྤལ་སྤྱན་ཡངས་ཟུར་ཟླ་འཕེན་མཁས་མ། །འཁྲི་ཤིང་ཕྱག་གིས་རབ་བསྐུལ་ཏམྦུ་རའི། །སྒྲ་ལྡན་ལྷ་དེ་དྲན་པས་སྙིང་ནས་འབོད། །ཁྱོད་སྐུ་མཛེས་པས་བདེ་སོགས་ལྷ་མོར་འགྲན། །སྒེག་པའི་ཉམས་ཀྱིས་མེེ་ན་ཀ་ལས་རྒྱལ། །མཚར་སྡུག་ལང་ཚོ་ཡངས་སྨིན་སྐྱེད་མཆེད་འབྲས། །ཡིད་འོང་ཐིག་ལེ་མཆོག་མའི་དཔལ་ལ་སྡང་། །གངས་རིའི་དཀར་བ་ལ་འཁུ་ཁྱོད་ཞལ་དང་། །ཨུཏྤལ་དཀར་པོ་སུ་མཛེས་མི་མཐུན་སྒྲོག། །བྱུ་རུའི་དམར་བ་དང་འཐབ་མཆུ་སྒྲོས་ཁོངས། །ཚེམས་དཀར་འོད་ཀྱི་མུ་ཏིག་འབྲས་བུུར་འཕྱ། །ལྗགས་ཀྱིས་པདྨའི་འདབ་ཡངས་སྨ་འབེབས་བྱེད། །སྤྱན་རས་ཨུཏྤལ་མཐིང་གའི་དཔལ་ལ་སྨོད། །གདུབ་སྐོར་འོད་ཀྱིས་ཉི་ཟླར་ཅོ་འདྲི་བ། །ཁྱོད་སྐུའི་རེག་བྱས་ལྷ་གོས་མཉེན་འཇམ་འགོག། །རྒྱུད་མངས་དང་སྦྱར་ལེགས་བཤད་སྙན་པའི་གླུས། །དྲི་ཟའི་དབྱངས་དང་རྣམ་སད་རོལ་མོར་དགོད། །མཁྲང་ཞིང་རབ་ཏུ་གང་བའི་ནུ་འབུར་ཟུང་། །རབ་སྨིན་དཔལ་གྱི་འབྲས་བུར་ཕྲག་དོག་བྱེད། །ལང་ཚོས་སྙེམས་ལྡན་འཆི་མེད་བུ་མོའི་ཚོགས། །ཁྱོད་སྐུའི་མཚར་སྡུག་མི་བཟོད་རྣམ་འགྱུར་མང་། །དེ་ལྟར་ངག་དབང་ལྷ་མོར་དཔེ་ཡི་རྒྱན། །གསལ་བྱེད་ཕྲེང་བས་བསྟོད་ན་དེ་འདྲ་འོ།།

 

སྡེ་ཚན་བཞི་པ་དེ་ལྟ་བུ་ལ་སོགས་པའི་སྒྲ་བཅུནི།

དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །དེ་ཡི་མཛེས་པ་ཟུམ་བྱེད་དང་།།

དེ་དང་འགྲན་ལས་ཚར་གཅོད་དང་། །དེ་དང་མཚུངས་ལས་ལྷག་པར་མཛེས།།

དེ་ཡི་རྗེས་སུ་རྐང་འཇོག་དང་། །དེ་ཡི་ནུས་པ་ལ་འཇུག་དང་།།

དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །དེ་ཡི་ངང་ཚུལ་དེ་འགོག་དང་།།

དེ་ཡི་རྗེས་སུ་བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན།།

ཞེས་པ་དེའི་སྐལ་བཟང་འཕྲོག་བྱེད་དང་། མཛེས་པ་ཟུམ་བྱེད་དང་། འགྲན་ལས་ཚར་གཅོད་དང་། མཚུངས་ལས་ལྷག་པར་མཛེས་དང་། རྗེས་སུ་རྐང་འཇོག་དང་། ནུས་པ་ལ་འཇུག་དང་། དེའི་རྗེས་སུ་འགྲོ་དང་། རྗེས་སུ་འཆིང་དང་། ངང་ཚུལ་དེ་འགོག་དང་། དེའི་རྗེས་སུ་བྱེད་ཅེས་པ་རྣམས་ཏེ། སྦྱོར་ཚུལ་གྱི་རྣམ་གསལ་དཔེར་བརྗོད་པ་ནི་ལོགས་སུ་གསལ་ལོ།། འདིར་མ་བརྗོད་པ། ཆ་དང་། གྲོགས་དང་། སྤུན་ཟླ་དང་། མཐོང་དང་། ཐོས་དང་། དྲན་དང་། རེག་དང་། ཕམ་དང་། སྙེག་དང་། འཛེགས་དང་། སེམས་པ་སོགས་ཇི་སྙེད་ཅིག་འབྱུང་བའང་མཚོན་པར་ནུས་སོ།།

 

དེ་རྣམས་དཔེར་བརྗོད་པ་ནི།

མཚན་མའི་རྐྱེན་གྱིས་མི་གཡོ་ལྷུན་ཆགས་སྐུས། །གངས་ཅན་རི་བོའི་སྐལ་བཟང་འཕྲོག་བྱེད་ཅིང་། །ཞལ་གྱི་དཀྱིལ་འཁོར་ཁྱོན་ཡངས་གཟི་བྱིན་སྟོབས། །འབར་བས་ཉི་ཟླའི་མཛེས་པ་ཟུམ་པར་བྱེད། །མཆུ་སྒྲོས་གཡོ་ལྡན་དྲག་པོར་གདངས་པའི་ཁས། །གནམ་སའི་བར་ཁྱད་ལ་འགྲན་ཚར་བཅད་མཐར། །ཟླ་ཚེས་དང་མཚུངས་དཀར་ཟླུམ་མཆེ་བ་བཞི། །བདུད་བཞིའི་རྒྱུ་མས་དཀྲིས་པས་ལྷག་པར་མཛེས། །འབྱུང་པོའི་ཁྲག་བཅས་མྱུར་བའི་ལྗགས་བསྐྱོད་པ། །གློག་ཕྲན་འགྱུ་བའི་རྗེས་སུ་རྐང་པ་འཇོག། །ཧ་ཧར་རྒོད་པའི་དབྱངས་དང་ཧཱུྃ་ཧཱུྃ་སྒྲས། །འབྲུག་སྟོང་ལྡིར་བའི་ནུས་པ་ལ་རབ་འཇུག །འཇིག་དུས་ཉི་མའི་རྗེས་འགྲོ་སྤྱན་གསུམ་གྱི། །དམར་འོད་སྲེག་པ་བསྐལ་མེའི་རྗེས་སུ་འཆིང་། །ཨག་ཚོམ་དང་བཅས་སྨིན་འཁྱོག་དུས་ཀྱི་མཐའི། །མེ་ཕུང་དུ་རིས་ཅན་དེའི་ངང་ཚུལ་འཛིན། །གྱེན་བརྫེས་དམར་སེར་རལ་པ་གཤོར་པོས་ཀྱང་། །རྟ་གདོང་མེ་རི་འབར་བའི་ཁེངས་པ་འགོག །མེ་ཤེས་དུམ་བུར་གཅོད་པའི་རལ་གྲིའི་མཚོན། །ཨུཏྤལ་སྔོན་པོའི་འདབ་ཡངས་རྗེས་སུ་བྱེད། །དེ་ཙམ་འདིར་བསྟན་ཆ་གྲོགས་སྤུན་ཟླ་སོགས། །མཐའ་ཡས་ཕྱིར་ན་བརྗོད་ལ་ཤིན་ཏུ་ངལ། །བློ་གསལ་རྣམས་ཀྱིས་ཤུགས་ལས་རྟོགས་འགྱུར་སྙམ། །གཞུང་དོན་ཙམ་ཞིག་ཚུལ་འདིས་དཔེར་བརྗོད་དོ། །ཚིག་རྒྱན་ཤེལ་གྱི་རྒྱུད་མངས་ལས་འཐོན་པའི། །མཚུངས་པ་གསལ་བྱེད་དྲུག་ཅུ་རྩ་ལྔའི་སྒྲས། །ཡོན་གནས་རྣམ་བཞིར་བསྔགས་ལས་གང་ཐོབ་པའི། །དགེ་དེས་ངག་གི་དབང་ཕྱུག་འགྲུབ་ཏུ་གསོལ། །དེ་སྐད་རང་བྱུང་དབྱངས་ཀྱི་རྒྱལ་མོ་ཡི། །སྙིང་གིས་མཛའ་བོ་ཡོངས་གྲུབ་སྙན་ངག་མཁན། །ལེགས་བཤད་སྨྲ་བའི་ཟླ་བ་བོད་མཁས་པ། །མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བས་སྦྱར།།

 

 

No comments: