Monday, April 3, 2023

མིང་གཅིག་དོན་མང་ལ་འཇུག་པ།

 

༄༅།  །མིང་གཅིག་དོན་མང་ལ་འཇུག་ཚུལ་བཤད་པ་

བློ་གསལ་མགྲིན་རྒྱན་ཞེས་བྱ་བ་

བཞུགས་སོ།།

 

མཛད་པ་པོ།   དབྱངས་ཅན་གྲུབ་པའི་རྡོ་རྗེ།

དགོས་མཁོ།   སྦྱར་རྒྱན་གྱི་སྐབས།

མཛུབ་བསྣོན་དང་ཕྱོགས་བསྒྲིགས་པ། བསམ་གཏན།

སྤྱི་ལོ། ༢༠༢༣

 

༄༅།  །ན་མོ་མཉྫུ་ཤྲཱི་ཡེ།

ཟག་མེད་མཁྱེན་པའི་ཟེགས་མ་རེར། །ཤེས་བྱའི་དངོས་པོ་ཀུན་གནས་པ།།

འཇམ་དབྱངས་བླ་མའི་ཐུགས་རྗེ་ཡིས། །བླ་ལ་བློ་བཟང་གྲུབ་པར་མཛོད།།

འདི་ན་མིང་གཅིག་དོན་མང་པོར། །འཇུག་པའི་རྣམ་གྲངས་འགའ་ཞིག་ནི།།

རྐྱང་པ་འཕུལ་དང་བརྩེགས་པའི་རིམ། །མ་འཁྲུལ་ཀ་ལིའི་རིམ་པར་སྤེལ།།

 

ཀ་སྡེ།

ཀ་ཀོ་ལ་ནི་སྨན་དེ་དང་། །དུག་རིགས་བྱེ་བྲག་གཅིག་ལའང་བཤད།།

ཀུན་ཁྱབ་ནམ་མཁའ་ཕྱོགས་ཀྱི་མིང་།

ཀུན་གསལ་ཞེས་པ་ནམ་མཁའ་དང་། །ཉི་མའི་མིང་ལའང་བཤད་དུ་རུང་།།

ཀེ་ས་ར་ནི་མགོའི་སྐྲ་དང་། །པདྨའི་གེ་སར་དག་ལ་འོ།།

ཀཽ་ཤི་ཀ་ནི་སྨན་གུ་གུལ། །མཛད་ལྡན་དང་ནི་རྒྱ་བྱིན་དང་།།

མཁས་པ་རྣམས་ཀྱི་མིང་ལ་འཇུག།

དཀའ་ཐུབ་ཅན་ནི་སྤང་སྤོས་དང་། །ལྷ་ཆེན་དབང་ཕྱུག་དག་ལ་འཇུག།

སྐྱེད་བྱེད་ཕ་དང་ས་གཞི་ལའོ།།

སྐྱེས་བུ་མཆོག་ནི་བླ་མ་དང་། །ཁྱབ་འཇུག་ལ་ཡང་བཤད་པར་སྣང་།།

 

ཁ་སྡེ།

ཁྱུ་མཆོག་ཅེས་པ་གླང་པོ་རྟ། །ཁྲག་སྨན་བ་ཤ་ཀ་ཡི་མིང་།།

མཁར་ཉལ་ལྷ་དང་བྱ་སྤྱིའི་མིང་།།

མཁའ་ལ་འགྲོ་ནི་ལྷ་རྣམས་དང་། །འདབ་ཆགས་བྱ་དང་མདའ་ཡི་མིང་།།

མཁའ་འགྲོའི་དབང་ཕྱུག་བྱ་ཁྱུང་དང་། །ཌ་ཀིའི་གཙོ་མོར་རུང་བར་གསུངས།།

འཁྱོག་འགྲོ་མེ་དང་སྦྲུལ་གྱི་མིང་།།

 

ག་སྡེ།

གངས་ལྡན་བོད་དང་གངས་རི་དང། །ཤུ་དག་དཀར་པོ་རྣམས་ཀྱི་མིང།།

གོས་སྔོན་ཅན་ནི་ཕྱག་རྡོར་དང། །སྟོབས་བཟང་དང་ནི་གཟའ་སྤེན་པ།།

གྱ་གྱུར་འགྲོ་ནི་དུ་བ་དང། །སྦྲུལ་དང་ཆུ་ཡི་མིང་ལ་འཇུག།

གྱེན་རྒྱུ་ཞེས་པ་མེ་དང་ནི། །རྩ་བའི་རླུང་ལྔའི་བྱེ་བྲག་མིང།།

གྲོལ་བ་ཅན་ནི་མུ་ཏིག་དང།། ན་ལེ་ཤམ་གྱི་མིང་ཡང་ཡིན།།

གླལ་ནི་ངུ་དང་ཁ་གདངས་མིང།།

དགའ་བ་འཁྱིལ་བ་གཡུང་དྲུང་དང། །རྒྱལ་པོའི་ཕོ་བྲང་དག་གི་མིང།།

དགུང་ནི་མཁའ་དང་མཚན་དུས་མིང། །བགྲང་བྱ་ལོ་དང་དུས་ཀྱི་མིང།།

བགྲོད་བྱ་ཞེས་པ་བུད་མེད་དང། །ལམ་སྤྱིའི་མིང་ལའང་དེ་ལྟར་བཤད།།

བགྲོད་ལམ་ལམ་དང་མོ་མཚན་མིང། །མགྱོགས་འགྲོ་ཞེས་པ་རྟ་དང་རླུང།། 

མགྲིན་སྔོན་ཞེས་པ་དབང་ཕྱུག་དང། །རྨ་བྱའི་མིང་ལ་འཇུག་པ་ཡིན།།

རྒྱ་མཚོ་སྐྱེས་ནི་ཟླ་བ་དང། །ལྷ་ཡི་ཤིང་དང་བརྒྱ་བྱིན་གྱི།།

བཞོན་པ་གསུམ་གྱི་མིང་ལ་བཤད།།

སྒྲ་འབྱིན་ཞེས་པ་ངང་པ་དང། །སྤྲིན་དང་འབྲུག་དང་བརྒྱ་བྱིན་གྱི།།

བཞོན་པ་གླང་པོ་རྣམས་ཀྱི་མིང།།

སྒྲ་སྒྲོག་ཅེས་པ་ནམ་མཁའ་དང། །སྤྲིན་དང་བྱ་རོག་ངང་པ་དཀར་།།

འབྲུག་དང་ཁྱིམ་བྱ་བརྒྱ་བྱིན་མཚན།།

སྒྲོ་ལྡན་མདའ་དང་བྱ་སྤྱིའི་མིང།།

 

ང་སྡེ།

ངན་སེལ་ཞེས་པ་རྩྭ་ཀུ་ཤ། །ངུར་པ་དང་ནི་ཆུ་ཡི་མིང་།།

སྔོ་སངས་མ་ནི་ནམ་མཁའ་དང་། །བུད་མེད་དང་ནི་མཚན་མོའི་མིང་།།

 

 

ཅ་སྡེ།

ཅ་སྡེ་ཆ་སྡེ།

གཅོད་བྱེད་སོ་དང་ལག་པ་ལའོ། །ཆར་ལྡན་སྤྲིན་དང་དབྱར་དུས་ལའོ།།

ཆུ་སྐྱེས་ཞེས་པ་ཟླ་བ་དང་། །གཟའ་ལྷག་དང་ནི་པ་སངས་དང་།།

ལྷ་ཡི་དྲང་སྲོང་པདྨའི་མིང་། །ཆུ་འཛིན་སྤྲིན་དང་བྷ་གའི་མིང་།།

ཆུ་སྲིན་རྒྱལ་མཚན་ཞེས་བྱ་བ། །འདོད་པའི་ལྷ་དང་ཆུ་གཏེར་མིང་།།

མཆེ་བ་ཅན་ནི་གླང་པོ་དང་། །ཕག་དང་སེང་གེ་ལ་ཡང་བཤད།།

ཆོས་ཀྱི་རྒྱལ་པོ་སངས་རྒྱས་དང་། །གཤིན་རྗེའི་རྒྱལ་པོ་མི་ཡི་རྒྱལ།།

མཆོག་ཏུ་གྱུར་ལ་བཤད་དུ་རུང་།།

 

ཇ་སྡེ།

འཇིག་བྱེད་ཅེས་པ་སྲིན་པོ་དང་། །ལྷ་ཆེན་སྤྱི་དང་ཡི་དམ་ནི།།

གཤིན་རྗེ་གཤེད་ཀྱི་མཚན་ཡང་ཡིན།།

འཇུག་བྱེད་ཅེས་པ་ལག་པ་དང་། །སྒོ་དང་ཕོ་དབང་གསུམ་ལ་བཤད།།

རྗེས་སྐྱེས་སྤེན་པ་ནུ་བོའི་མིང་།།

 

 

ཉ་སྡེ།

ཉི་མའི་བུ་ནི་གཟའ་སྤེན་པ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོར་བཤད།།

ཉེ་བར་ཞི་ནི་སྡོམ་བརྩོན་དང་། །མེ་དང་བཟོད་པ་གསུམ་ལ་འཇུག།།

གཉིས་སྐྱེས་དབང་པོ་ཟླ་བ་དང་། །ཚངས་པ་མཁའ་ལྡིང་མིང་ལ་བཤད།།

གཉིས་སྐྱེས་བྲམ་ཟེ་བྱ་སྤྱི་དང་། །སོ་དང་ན་ལེ་ཤམ་དཀར་རོ།།

ཏ་སྡེ།

རྟ་ལྗང་ཅན་ནི་བརྒྱ་བྱིན་དང་། །ཉི་མའི་མིང་དུ་མཁས་པས་བཤད།།

རྟོགས་ལྡན་ཞེས་པ་མཁས་པ་དང་། །སངས་རྒྱས་སྤྱི་ཡི་མཚན་ལ་བཤད།།

སྟོབས་ནི་རྒྱ་ཁྱོན་སྟོབས་དང་ནི། །ཁུ་བའི་མིང་ལའང་དེ་ལྟར་བཤད།།

 

ཐ་སྡེ།

ཐིག་ལེའི་ལུས་ནི་སྦྲུལ་དང་གཟིག།

མཐའ་ཡས་ཞེས་པ་ས་གཞི་དང་། །ཀླུ་རྒྱལ་བྱེ་བྲག་པ་ཡི་མིང་།།

 

ད་སྡེ།

དག་བྱེད་ཅེས་པ་རྩྭ་ཀུ་ཤ། །རླུང་དང་རླུང་ལྷ་ཆུ་དང་མེ།།

ཁ་དོག་དཀར་པོ་དྲུག་གི་མིང་།།

དལ་འགྲོ་ཆུ་དང་གཟའ་སྤེན་པ། །ངང་པ་དཀར་པོ་རུས་སྦལ་མིང་།།

གདུང་བྱེད་ཉི་འོད་ཐན་པའི་མིང་། །གདེངས་ཅན་ཀླུ་དང་སྦྲུལ་གྱི་མིང་།།

བདུད་རྩིའི་ཟས་ཅན་ལྷ་རྣམས་དང་། །སྒྲ་གཅན་འཛིན་གྱི་མིང་ལ་ཡང་།།

བདེ་བྱེད་ཅེས་པ་གུར་ཀུམ་དང་།།

འདབ་བཟང་ཞེས་པ་བྱ་སྤྱི་དང་། །སོ་མ་ར་ཛའི་མིང་ལ་བཤད།།

འདབ་མ་ལོ་མ་སྒྲོ་གཤོག་མིང་།།

རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་། །ཕྱག་རྡོར་བརྒྱ་བྱིན་གསང་སྔགས་ཀྱི།།

སྒྲུབ་པ་པོ་ཡི་ཆེ་མིང་ཡིན།།

རྡོ་རྗེའི་མཆུ་ཅན་ཚོགས་བདག་དང་། །ཁྱབ་འཇུག་བཞོན་པ་བྱ་ཁྱུང་མིང་།།

 

ན་སྡེ།

ནེ་ཙོ་ཞེས་པ་བྱ་དེ་དང་། །སྲིན་རྒྱལ་བློན་པོ་བྱེ་བྲག་མིང་།།

ནོར་སྦྱིན་མ་ནི་ནོར་རྒྱུན་དང་། །བརྒྱ་བྱིན་ཆུང་མའི་མིང་ལ་འོ།།

གནམ་བསྐོས་ཞེས་པ་བསོད་ནམས་དང་། །རྒྱལ་པོའི་མིང་གི་ཆེ་ཁྱད་ཡིན།།

གནམ་ལྕགས་ཞེས་པ་ཐོག་དང་ནི། །བརྒྱ་བྱིན་མཚོན་ཆའི་མིང་དུ་བཤད།།

རྣམ་པར་སྣང་མཛད་ཟླ་བ་དང་། །བདེ་གཤེགས་རིགས་ལྔའི་གཙོ་ལ་བཤད།།

སྣང་བྱེད་མིག་དང་ཉི་མ་དང་། །འོད་ཟེར་སྤྱི་ཡི་མིང་དུ་འདོད།།

པ་སྡེ།

པདྨ་ཅན་ནི་སྤྱན་རས་གཟིགས། །ཁྱབ་འཇུག་ཆུང་མ་བུད་མེད་མིང་།།

དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་དང་། །ལྗོན་པ་ཁྱད་པར་བ་ཡི་མིང་།།

སྤྲིན་བྱུང་ཞེས་པ་དབྱར་ཁ་དང་། །ཆར་གྱི་མིང་ལའང་འཐད་པར་བཤད།།

 

ཕ་སྡེ།

འཕྲོག་བྱེད་ཅེས་པ་དབང་ཕྱུག་དང་། །རི་དྭགས་ཉི་མ་ཙན་དན་དཀར།།

རླུང་དང་རླུང་ལྷ་གཤིན་རྗེ་དང་། །ཨ་རུ་ར་དང་བརྒྱ་བྱིན་དང་།།

ལོ་མའི་འཁྲི་ཤིང་སེང་གེ་དང་། །ན་ལེ་ཤམ་དཀར་མི་དཔའ་བོ།།

ནམ་མཁའ་དང་ནི་བཅུ་བཞིའི་མིང་།།

 

བ་སྡེ།

བེ་ཅོན་འཆང་ནི་ཁྱབ་འཇུག་དང་། །གཤིན་རྗེའི་རྒྱལ་པོའི་མཚན་དུ་བཞེད།།

བྱ་བྲལ་ཞེས་པ་མཚན་མོ་དང་། །འདུ་འཛི་བྲལ་བའི་མིང་ལ་འོ།།

བློ་བཟང་ཞེས་པ་མཁས་པ་དང་། །འདོད་ལྷའི་བུ་ཡི་མིང་ལ་བཤད།།

དབྱངས་སྙན་ཞེས་པ་ཁུ་བྱུག་དང་། །ལྷ་ཡི་གླུ་མཁན་དྲི་ཟའི་མིང་།།

དབྱུག་པ་ཅན་ནི་ཕ་ཁོལ་དང་། །མེ་ལོང་མཛད་པོ་གཤིན་རྗེའི་རྒྱལ།།

ཉི་མའི་འཁོར་གྱི་མིང་ལའང་གྲགས།།

འབིགས་བྱེད་ཅེས་པ་མདའ་དང་ཐོག །རི་བོ་བྱེ་བྲག་ཅིག་གི་མིང་།།

སྦྲང་རྩི་འཛིན་ནི་པདྨ་དང་། །བུང་བའི་མིང་དུ་རུང་བར་བཤད།།

སྦྲང་རྩིའི་བུ་ནི་བུང་བ་དང་། །ཁྱབ་འཇུག་ལ་ཡང་དེ་སྐད་ཟེར།།

 

མ་སྡེ།

མི་ཡི་སེང་གེ་སངས་རྒྱས་དང་། །ཁྱབ་འཇུག་མིང་ལ་མཁས་པས་བཤད།།

མི་གཡོ་བ་ནི་ས་དང་རི། །ཁྲོ་བཅུའི་བྱེ་བྲག་ཅིག་གི་མིང་།།

མིག་མི་འཛུམ་ནི་སྤྱན་རས་གཟིགས། །ཉ་དང་ལྷ་སྤྱིའི་མིང་ལ་བཤད།།

མིག་མི་བཟང་ནི་དབང་ཕྱུག་དང་། །ནུབ་ཕྱོགས་རྒྱལ་པོ་ཆེན་པོའི་མཚན།།

མིག་དམར་ཞེས་པ་སྲིན་པོ་དང་། །རེས་གཟའི་མིང་ལ་ཡོངས་སུ་གྲགས།།

མི་སྦྱིན་སྐྱེས་ནི་ལྷ་སྤྱི་དང་། །དྲི་ཟའི་མིང་ལའང་མཁས་རྣམས་བཞེད།།

མེ་ཏོག་ལྡན་ནི་དཔྱིད་ཀ་དང་། །ཉི་ཟླ་གཟའ་ཡིས་བཟུང་བའི་མིང་།།

མྱོས་བྱེད་ཅེས་པ་འདོད་ལྷ་དང་། །སྤྲིན་དང་ཆང་དང་ནག་ཟླའི་མིང་།།

 

 

 

ཙ་སྡེ།

གཙང་བྱེད་ཅེས་པ་མེ་དང་ནི། །རྩྭ་རིགས་ཀུ་ཤ་དག་གི་མིང་།།

གཙུག་ཕུད་ཅན་ན་རྨ་བྱ་དང་། །ཁྲོན་པ་དང་ནི་མེ་ལྕེ་དང་།།

དྲང་སྲོང་བྱེ་བྲག་པ་ཡི་མིང་།།

 

ཚ་སྡེ།

ཚ་གདུང་ཅན་ནི་དཔྱིད་ཀ་དང་། །མེ་ཡི་མིང་ལ་གྲགས་པ་ཡིན།།

ཚངས་པའི་བུ་ནི་བྲམ་ཟེ་དང་། །དུག་གི་མིང་ལ་དེ་སྐད་ཟེར།།

ཚངས་སྤྱོད་ལྡན་ནི་སྡོམ་བརྩོན་དང་། །གཞོན་ནུ་ཀརྟི་ཀ་ཡི་མིང་།།

མཚོ་ལྡན་མ་ནི་དབྱངས་ཅན་མ། །ལྗོན་ཤིང་ཛཱི་བ་ཀ་ཡི་མིང་།།

མཚོ་བྱེད་ཅེས་པ་ཟླ་བ་དང་། །མེ་དང་ཆུ་དང་མེ་ལྷ་དང་།།

གཟའ་ལྷག་ཕུར་བུ་སྨན་པ་དང་། །སྨན་ཏེ་དོན་ཚན་བརྒྱད་ཀྱི་མིང་།།

 

ཛ་སྡེ།

འཛིན་མ་ཞེས་པ་ཆུང་མ་དང་། །ས་གཞི་དང་ནི་མ་མའི་མིང་།།

 

ཝ་སྡེ།

ཝཱ་རུ་ཎ་ནི་ཀླུ་དེ་དང་། །ཆུ་ལྷའི་ཤིང་ལའང་དེ་སྐད་བརྗོད།།

ཞ་སྡེ།

ཞ་ཟའི་སྡེ།

ཟ་བྱེད་ཅེས་པ་སྲིན་པོ་དང་། །ཁ་དང་མེ་དང་བརྒྱ་བྱིན་གྱི།།

ཕྱག་མཚན་རྡོ་རྗེའི་མིང་ལ་འཇུག།

ཟླ་མཛེས་ཞེས་པ་དབྱངས་ཅན་མ། །མེ་ཏོག་ཀུན་དའི་མིང་དུ་གླེང་།།

 

འ་སྡེ།

འོ་མ་འཛིན་པ་བུར་ཤིང་དང་། །བུད་མེད་རྣམས་ཀྱི་ནུ་འབུར་མིང་།།

འོད་སྲུང་ཞེས་པ་སྔོན་བྱོན་གྱི། །རྒྱལ་དང་ཉན་ཐོས་འོད་སྲུང་དང་།།

དྲང་སྲོང་བྱེ་བྲག་པ་ཞིག་དང་། །ཉི་མའི་ཁ་ལོ་པ་ཡི་མིང་།།

འོད་དཀར་ཅན་ནི་ག་བུར་དང་། །ཟླ་བའི་མིང་ལ་དེ་ལྟར་གྲགས།།

 

ཡ་སྡེ།

ཡིད་སྲུབས་ཞེས་པ་འདོད་ལྷ་དང་། །ཧོར་ཟླ་གསུམ་པའི་མིང་དུ་བཤད།།

ཡིད་སྐྱེས་ཞེས་པ་མི་དང་ནི། །ཁྱབ་འཇུག་བུ་ནི་འདོད་ལྷའི་མིང་།།

གཡོན་ཅན་བདུད་དང་བྱི་ལིའི་མིང་།།

གཡོ་ལྡན་ཞེས་པ་འབབ་ཆུ་དང་། །གཡོ་སྒྱུ་ཅན་དང་བུད་མེད་མིང་།།

ར་སྡེ།

རལ་ཁུར་ཅན་ནི་དབང་ཕྱུག་དང་། །སེང་གེའི་མིང་ལའང་བཤད་དུ་རུང་།།

རི་འཇོམས་ཐོག་དང་བརྒྱ་བྱིན་མཚན།།

རི་བོང་འཛིན་ནི་ཟླ་བ་དང་། །ཐིག་ལེའི་མིང་ལ་བཤད་པར་གསུངས།།

རིན་ཆེན་མང་ནི་བརྒྱ་བྱིན་དང་། །བདེ་གཤེགས་བྱེ་བྲག་ཅིག་གི་མཚན།།

རིན་ཆེན་འབྱུང་གནས་རྒྱ་མཚོ་དང་། །ས་གཞིའི་མིང་ལའང་འཐད་པར་བཤད།།

རོལ་གནས་ཞེས་པ་སྐྱེད་ཚལ་དང་། །ནམ་མཁའི་མིང་ལ་གྲགས་སོ་ཀྱེ།།

 

ལ་སྡེ།

ལུས་ཕྲ་གློག་དང་བུད་མེད་མིང་།།

ལེགས་བྱས་ཞེས་པ་བསོད་ནམས་དང་། །དགེ་ལེགས་མཐོ་རིས་གནས་དང་ནི།།

བདེ་ལེགས་ཞི་བ་མྱ་འདས་དང་། །རེ་སྐོང་གནམ་བསྐོས་སྔོན་བསགས་མཐུ།།

འཁར་རྗེ་རབ་བསྔགས་སྐལ་པའི་ཕུལ།།བསྔགས་འོས་བགོ་སྐལ་ཡིད་བཞིན་འགྲུབ།།

བདེ་བའི་འབྱུང་གནས་རབ་ཞི་དང་། །ལེགས་ལྡན་ཕུན་ཚོགས་རྣམས་ཀྱི་མིང་།།

 

ཤ་སྡེ།

ཤེས་ལྡན་ཞེས་པ་མི་དང་ནི། །སེམས་ཅན་སྤྱི་དང་མཁས་པའི་མིང་།།

ས་སྡེ།

ས་ཡི་སྙིང་པོ་རིན་ཆེན་གསེར། །བྱང་སེམས་བྱེ་བྲག་པ་ཡི་མཚན།།

ས་སྲུང་ཞེས་པ་རྒྱལ་པོ་དང་། །གླང་ཆེན་བྱེ་བྲག་ཅིག་གི་མིང་།།

ས་འཇོ་གློག་དང་ཕག་པའི་མིང་།།

ས་སྐྱེས་ཞེས་པ་ཤིང་སྤྱི་དང་། །ལྷ་ཡི་ཀླུ་མཁན་གཟའ་མིག་དམར།།

ས་འཛིན་རི་དང་རྒྱལ་པོ་ལའོ།།

སཱི་ཏཱ་ཞེས་པ་དཀར་པོ་དང་། །མེ་ཏོག་ཀུ་མུད་ཏ་ཡི་མིང་།།

གསང་བའི་བདག་པོ་ཕྱག་རྡོར་དང་། །རྣམ་ཐོས་སྲས་ཀྱི་མཚན་དུ་འདོད།།

གསེར་མིག་ཅན་ནི་ཉ་རྣམས་དང་། །འདབ་ཆགས་འུག་པའི་མིང་དུ་འདོད།།

གསེར་ལྡན་མ་ནི་འབབ་ཆུ་དང་། །ས་གཞི་དང་ནི་སྟོན་གྱི་དུས།།

ལྷ་མོ་ཨུ་མ་གཟའ་ལྷག་པ། །ཆུ་བོ་གང་གཱ་དྲུག་གི་མིང་།།

བསིལ་བྱེད་ཅེས་པ་ཟླ་བ་དང་། །རླུང་དང་སྤྲིན་དང་ལྷའི་ལྗོན་པ།།

ཙན་དན་རྣམས་ཀྱི་མིང་ལ་བཤད།།

 

 

ཧ་སྡེ།

ལྷ་ཡི་ལྷ་མཆོག་ཐུབ་དབང་དང་། །བརྒྱ་བྱིན་གྱི་ནི་མཚན་ཡང་ཡིན།།

ལྷ་ཡི་བླ་མ་སངས་རྒྱས་དང་། །ཕུར་བུའི་མིང་ལའང་དེ་ལྟར་གྲགས།།

ཨ་སྡེ།

ཨཤྦ་ཐ་ནི་ཁྱབ་འཇུག་དང་། མྱ་ངན་མེད་པའི་ཤིང་ལ་འོ།།

 

མཇུག་སྨོན།

མིང་གི་བྱེ་བྲག་གཅིག་ཉིད་ཀྱང་། །དོན་གྱི་རྣམས་གྲངས་མང་པོ་ལ།།

འཇུག་པའི་མངོན་བརྗོད་ཐིགས་འཕྲེང་འདི། །བློ་གྲོས་ཀུ་ཤའི་རྩེ་མོས་བླངས།།

འདི་ནི་མཁས་གཞུང་འོ་མའི་མཚོ། །ཕྲ་ཞིབ་བློ་གྲོས་སྲུབ་ཤིང་གིས།།

བསྲུབས་སྐྱེས་དག་པའི་རྩི་བཅུད་དུ། །རློམ་མོ་ནོངས་པ་ཡོད་ན་ཆགས།།

དེར་འབད་ལས་བྱེད་ཟླ་ཞུན་རྒྱུན། །ཕན་བདེའི་འཛུམ་འོད་འགོད་པ་དེས།།

མ་རིག་མུན་པའི་འཁོར་ས་ཆེ། །ཀུན་མཁྱེན་སྣང་བས་གསལ་གྱུར་ཅིག།

ཅེས་མིང་གཅིག་དོན་མང་པོ་ལ་འཇུག་ཚུལ་བཤད་པ་བློ་གསར་མགྲིན་རྒྱན་ཞེས་བྱ་བ་འདི་ནི། སྙན་ངག་གི་སྦྱར་རྒྱན་སོགས་བྱེད་པའི་ཚེ་ མཁོ་བར་བསམ་སྟེ་མཁས་པའི་གསུང་ལ་འཕྲི་བསྣན་ཕྲན་བུ་དང་། འཚོལ་སླ་ཆེད་ཀཱ་ལིའི་རིམ་པར་བསྒྲིགས་ཏེ་དབྱངས་ཅན་གྲུབ་པའི་རྡོ་རྗེས་བཀོད་པ་འོ།།  བཀྲ་ཤིས།།

No comments: