རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་བ་ལེགས་བཤད་ཟླ་བའི་ཟེགས་མ།
རྩ་བ། དབྱངས་ཅན་གྲུབ་པའི་རྡོ་རྗེ། འགྲེལ་པ། རྨེ་གྲྭ་ཚེ་རིང་བསམ་གྲུབ།
མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
༄༅། གངས་ཅན་བརྡ་སྤྲོད་རིན་ཆེན་ཚོང་བརྡལ་གྱི་གླིང་ན།
།དཔྱད་གསུམ་སྲང་ཁ་འཇལ་བའི་ཟླ་མེད་ཀྱི་སློབ་དཔོན། །ལེགས་བཤད་གདམས་པའི་རིན་ཆེན་གདུགས་དཀར་གྱི་གྲིབ་བསིལ།
།བདག་བློའི་ཚ་གདུང་སེལ་བའི་གཉེན་པོ་རུ་གནང་རོགས།
།མི་རྗེ་ལྷ་ཡི་སྲས་པོ་སྲོང་བཙན་གྱི་དུས་སུ།
།ལྷ་གཅིག་འཇམ་དཔལ་གཞོན་ནུ་མི་གཟུགས་སུ་བྱོན་པ།
།སེམས་ཀྱི་འགྱུར་ཁུགས་མཚོན་པའི་ངག་རིག་གི་བྱེད་པོ།
།ཁྱོད་ཉིད་གདོང་དམར་འགྲོ་བའི་ས་མཁན་དུ་འཁུམས་སོ།
།ཁ་བའི་མེ་ཏོག་འཛུམ་པའི་འཇིག་རྟེན་གྱི་ཁམས་འདིར།
།མཛའ་གཅུགས་ཞགས་པས་བཅིངས་པའི་རང་རིགས་ཀྱི་སྤུན་ཟླ།
།ཤེས་རིག་མཁའ་ཀློང་རིང་མོ་མྱུར་སྟབས་ཀྱིས་གཅོད་ན།
།བརྡ་སྐད་གཤོག་ཟུང་རྒྱས་པ་ཐོག་མ་ཡི་ལས་སྐལ།
།གཙུག་ལག་གཞུང་བརྒྱས་གཏམས་པའི་སྐྱེད་ཚལ་གྱི་ཐང་ཆེན། །སྣ་ཚོགས་ཤེས་བྱ་རིག་པའི་མེ་ཏོག་གི་ཚལ་ནས།
།རྟོགས་དཀའ་རྟགས་ཀྱི་འཇུག་པའི་སྦྲང་རྩི་ཡི་རོ་མངར།
།དོན་གཉེར་བུང་བ་དགྱེས་པའི་དགའ་སྟོན་དུ་སྩོལ་འདོད།།
ཅེས་ཤིས་པར་བརྗོད་པས་མདུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི།
བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཡོད་པར་བཤད་པ་ལས་གཙོ་བོ་ནི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གཉིས་གྲགས་ཆེ་བ་དང༌།
དེའང་བོད་འདིར་བརྡ་སྐད་ཀྱི་བརྗོད་པ་མཐའ་དག་སུམ་རྟགས་དག་གསུམ་དུ་འདུ་བ་ཡིན་ ལ།
ཕྲད་དང་རྣམ་དབྱེའི་ཚོགས་སུམ་ཅུ་པའི་གཞུང་དང༌།
མིང་རྐྱང་གི་ཚོགས་དག་ཡིག་གི་གཞུང་དང༌།
བྱ་ཚིག་གི་ཚོགས་རྟགས་ཀྱི་འཇུག་པའི་གཞུང་ལ་བརྟེན་དགོས་ལ། དེ་གསུམ་མ་ཚང་བར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཇི་བཞིན་ཤེས་པར་མི་འགྱུར་
བའང་རྟོགས་པར་བྱ་དགོས། འདིར་ཚོགས་གསུམ་ལས་བྱ་ཚིག་གི་ཚོགས་ལ་མི་རྨོངས་པའི་རྟགས་ཀྱི་འཇུག་པའི་གཞུང་གི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བའི་གཞུང་འདི་ཉིད་འཆད་པར་བྱེད་པ་ལ།
ཀླད་དོན།
གཞུང་དོན། མཇུག་དོན་གསུམ་ལས། དང་པོ།
རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
ཞེས་པས་བསྟན་ཏེ།
སྤྱིར་ཕོ་མོ་མ་ནིང་གི་ཡི་གེའི་རྟགས་ཀྱི་འཇུག་པའི་ཚུལ་བཤད་པའི་ཐོན་མིའི་གཞུང་གི་སྙིང་པོའི་དོན་རྣམས་འདིར་མདོ་ཙམ་ཞིག་བརྗོད་པ་དཀའ་གནད་མཐའ་དག་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ་ཞེས་
པའོ།།
གཉིས་པ་གཞུང་དོན་ལ།
བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་གཉིས་ལས།
དང་པོ་ལ། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བ། དང་པོ་བསྟན་བཤད་གཉིས་ལས། དང་པོ།
ན་མོ་མཉྫུ་ཤྲི་ཡེ།
ཞེས་གསུངས་པའི་དོན་ནི།
འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ཞེས་དང༌།
གཉིས་པ།
རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ།།
རྗེ་བཙུན་བརྟན་པའི་འཁོར་ལོ་དང༌།
།དབྱེར་མེད་བླ་མའི་ཞབས་བཏུད་ནས།།
ཞེས་པ་ལྟར།
དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་དཔྱིད་དམ།
དཔལ་དེ་ཉིད་མཚན་དཔེའི་མཛེས་སྐུ་བརྒྱད་གཉིས་ལོན་པ་གཞོན་ནུའི་གཟུགས་ཀྱིས་རྣམ་པར་རོལ་བ།
རྗེ་བཙུན་བརྟན་པའི་འཁོར་ལོའམ། འཕགས་པ་འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མེད་པའི་མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ།
སྒོ་གསུམ་གུས་པ་ཆེན་པོས་བཏུད་ནས་ཞེས་ ལྷག་བཅས་ཀྱི་སྒྲ་སྦྱར་བའོ།།
གཉིས་པ་རྩོམ་པར་དམ་བཅའ་བ།
མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག།
རྟགས་ཀྱི་འཇུག་པའི་སྙིང་པོའི་དོན།
།མདོར་བསྡུས་ཚིག་གིས་གསལ་བར་བྱ།།
ཞེས་གསུངས་ཏེ།
བོད་འདིར་ལོ་ཙཱ་བ་དང་པཎྜི་ཏ་ཐམས་ཅད་ཀྱི་ཐོག་མ་དང༌། མཁས་པ་ལས་ཀྱང་མཁས་པ་མཆོག་ཏུ་གྱུར་པའི་ཐོན་མི་སམ་བྷོ་ཊའི་ཐུགས་ཀྱི་འོ་མཚོ་ལས་ལེགས་པར་བྱུང་བའི།
བརྡ་སྤྲོད་པའི་བསྟན་བཅོས་ཐམས་ཅད་ཀྱི་ཕྱི་མོའམ་རྩ་བའི་གཞུང་མཆོག་ཏུ་གྱུར་པ་རྟགས་ཀྱི་འཇུག་པའི་བརྗོད་བྱའི་སྙིང་པོའི་དོན་རྣམས།
མདོར་བསྡུས་པའི་ཚིག་གིས་གསལ་བར་བྱ་ཞེས་ པ་ནི་རྩོམ་པར་དམ་བཅའ་བའོ།།
གཉིས་པ།
བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གསུམ་ལས།
མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ།
སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ།
།དང་པོ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་ལ། སྤྱིར་དབྱེ་བ་དང༌།
ནང་གསེས་དབྱེ་བ་གཉིས་ལས། དང་པོ།
སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ།།
ཞེས་པས་བསྟན་ཏེ།
སྤྱིར་ན་བོད་སྐད་ལ་ཉེ་བར་མཁོ་བའི་ཡི་གེ་ལ་དབྱངས་དང་གསལ་བྱེད་གཉིས་ཏེ།
ཨི་ཨུ་ཨེ་ཨོ་སྟེ་དབྱངས་བཞི་ཤེས་རབ་ཀྱི་རང་བཞིན་མོ་ཡིག་དང༌། གསལ་བྱེད་སུམ་ཅུ་ལ་ཐབས་ཀྱི་རང་བཞིན་ཕོ་ཡིག་
ཅེས་བརྗོད་པ་ཡིན་ནོ།།
གཉིས་པ།
ནང་གསེས་སྡེ་ཚན་ལྔར་དབྱེ་བ།
དེ་ཕྱིར་ཀ་ལི་སུམ་ཅུ་པོ།
།ཕོ་ཡི་ཡི་གེ་འབའ་ཞིག་ལ།།
ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ།
།ཀ་ཅ་ཏ་པ་ཙ་རྣམས་ཕོ།།
ཁ་ཆ་ཐ་ཕ་ཚ་མ་ནིང༌། །ག་ཇ་ད་བ་ཛ་ཝ་ཞ།།
ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ།།
ར་ལ་ཧ་ཨ་མོ་གཤམ་སྟེ།
།ཨ་ནི་མཚན་མེད་ཅེས་ཀྱང་བྱ།།
ཞེས་པས་བསྟན་ཏེ།
དབྱངས་མོ་དང་གསལ་བྱེད་ཕོ་ཡིན་ལ། དེ་ཕྱིར་ཀཱ་ལི་སྟེ་གསལ་བྱེད་སུམ་ཅུ་པོ་ཕོ་ཡིན་པས་ན་ཕོ་ཡི་ཡི་གེ་འབའ་ཞིག་ལའང་ནང་གསེས་སྡེ་ཚན་ལྔར་དབྱེ་བར་བྱ་སྟེ།
ཀ་ཅ་ཏ་པ་ཙ་ལྔ་རྣམས་ཕོ་དང༌། ཁ་ཆ་ཐ་ཕ་ཚ་ལྔ་མ་ནིང་དང༌། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅས་བཅུ་གཉིས་རྣམས་མོ་དང༌།
ང་ཉ་ན་མ་བཞི་ཤིན་ཏུ་མོ་དང༌། ར་ལ་ཧ་ཨ་བཞི་མོ་གཤམ་གྱི་ཡི་གེ་སྟེ།
ཨ་ཡིག་ནི་མོ་གཤམ་ཡིན་པར་མ་ཟད་བྱེད་རྩོལ་ཤིན་ཏུ་ཞན་པས་མཚན་མེད་ཅེས་ཀྱང་མིང་དུ་གདགས་པར་བྱའོ།
།འདིར་མཚན་མེད་ཅེས་པས་ཨ་ཡིག་མོ་གཤམ་ཡིན་ཡང༌། མོ་གཤམ་གྱི་ཡི་གེ་གཞན་ལས་བྱེད་རྩོལ་ཞན་པའམ་གསལ་བར་མཚོན་མི་ནུས་པའི་རྒྱུ་
མཚན་གྱིས་མཚན་མེད་ཅེས་དམན་པ་ལ་དགག་སྒྲ་སྦྱར་ནས་མིང་དུ་བཏགས་པར་བྱས་པ་ལས། མ་ནིང་མཚན་མེད་སོགས་སུ་གོ་བར་མི་བྱའོ།།
རྟགས་དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་ཡི་གེ་རྣམས་ངག་ནས་བརྗོད་པའི་ཚེ་སོ་སོའི་
སྐྱེ་གནས་དང་ཕྲད་པའི་བྱེད་རྩོལ་ཆེ་ཆུང་གིས་དབྱེ་བ་བྱས་པ་ཡིན་ལ།
དེས་ན་ཤུགས་ཆེ་བའམ་གྲིམས་པ་རྣམས་ཕོ་ཡིག་དང༌། རན་པ་རྣམས་མ་ནིང༌།
ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང༌། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ།
ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དང༌།
ཨ་ནི་མོ་གཤམ་ལས་ཀྱང་སྒྲ་ཞན་པས་མཚན་མེད་དུ་བཞག་གོ །
དེ་དག་ཤེས་པའི་ཆེད་དུ་ཡི་གེ་རྣམས་ཀྱི། གནས་དང༌། བྱེད་པ། རྩོལ་བ་གསུམ་ཡོད་པ་ལས།
དང་པོ་གནས་ནི་བརྒྱད་དེ། མགྲིན་པ། སྣ། སྤྱི་བོའམ་ལྕེ་རྩེ་དང་ཉེ་བ། རྐན། ལྕེ། སོ།
མཆུ། ཁོག་པ་བཅས་སོ།། གཉིས་པ་བྱེད་པ་ནི་མགྲིན་པ་དང་མཆུ་ལས་སྐྱེས་པ་རྣམས་རང་རང་གི་སྐྱེ་གནས་ཀྱི་
བྱེད་པ་ཅན་དང༌། རྐན་ལས་སྐྱེས་པ་རྣམས་ལྕེའི་དབུས་ཀྱིས་བྱེད་པ་ཅན།
སོ་ལྕེ་རྩེའི་བྱེད་ཅན། ར་ཡིག་ལྟ་བུ་ལྕེ་རྩེ་དང་ཉེ་བའི་བྱེད་ཅན་བཅས་སོ།། གསུམ་པ་རྩོལ་བ་ལ་ཕྱི་ནང་གཉིས་ཏེ།
ཕྱི་རོལ་ཏུ་སྒྲ་ཐོན་པའི་བྱེད་རྩོལ་ཆེ་ཆུང་གིས་ཡི་གེ་རྣམས་སྲོག་ཆེན་ཉེར་
དགུར་བཞག་པ་རྣམས་ཕྱིའི་རྩོལ་བ་ཅན་དང༌། ཨ་ཡིག་མགྲིན་པ་མ་ཕྱེ་བར་བརྗོད་པའི་ཕྱིར་བཙུམ་པའི་རྩོལ་བ་ཅན་ཡིན་པས་ནང་གི་རྩོལ་བ་ཅན་དུ་བཞག་པའོ།།
གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ།
སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། དེའི་འཇུག་ཚུལ་བཤད་པ་གཉིས་ལས། དང་པོ།
སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
སྔོན་འཇུག་ལྔ་ཡི་བ་ཡིག་ཕོ།
།ག་ད་མ་ནིང་འ་མོ་ཡིག།
མ་ནི་ཤིན་ཏུ་མོ་ཡིན་ནོ།
།ཞེས་པ་ལྟར་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་ཡི་ནང་ནས་བ་ཡིག་ཕོ་དང༌།
ག་ད་གཉིས་མ་ནིང༌། འ་མོ་ཡིག་དང༌། མ་ནི་ཤིན་ཏུ་མོ་ཡིན་པ་བཅས་ཀྱི་དབྱེ་བ་བཞི་བྱས་པ་ཡིན་ནོ།།
སྔོན་འཇུག་རྣམས་ལ་རྟགས་དེ་ལྟར་དབྱེ་བའི་རྒྱུ་མཚན་ནི།
དེ་རྣམས་རང་རང་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་
ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་ཕོ་སོགས་སུ་བཞག་པ་ཡིན་ནོ།།
གཉིས་པ་དེའི་འཇུག་ཚུལ་བཤད་པ་ལ།
གང་ལ་འཇུག་པར་བྱེད་པ། གང་གིས་འཇུག་པར་བྱེད་པ། ཇི་ལྟར་འཇུག་པར་བྱེད་པ། ཅི་ཕྱིར་འཇུག་པར་བྱེད་པ་བཞི་ལས།དང་པོ།
གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བསྟན་པ།
དེ་རྣམས་གང་ལ་གང་འཇུག་ན།
།ཕོ་ཡིག་བ་ནི་ཀ་ཅ་ཏ།།
ཙ་ག་ང་ཇ་ཉ་ད་ན། །ཛ་ཞ་ཟ་ར་ཤ་སར་འཇུག།
མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ཤ།
སར་འཇུག་མ་ནིང་ད་ཡིག་ནི།
།ཀ་པ་ག་བ་ང་མར་འཇུག།
མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར།།
ཤིན་ཏུ་མོ་ཡི་མ་ཡིག་ནི། །ཁ་ཆ་ཐ་ཚ་ག་ཇ་ད།།
ཛ་ང་ཉ་ན་རྣམས་ལ་འཇུག།
ཅེས་པས་བསྟན་ཏེ།
སྔོན་འཇུག་གི་ཡི་གེ་དེ་རྣམས་མིང་གཞི་གང་ལ་སྔོན་འཇུག་གང་འཇུག་པར་བྱེད་ཅེ་ན།
སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང༌།
མིང་གཞིའི་མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་བཅུ་གཉིས་ཏེ་ཡི་གེ་བཅུ་དྲུག་ལ་འཇུག
འདིར་མིང་གཞིའི་མོ་ཡིག་ནི་མོ་དང་ཤིན་ཏུ་མོ་མོ་གཤམ་བཅས་གསུམ་ག་འདུས་པ་ལ་ཟེར།
སྔོན་འཇུག་གི་མ་ནིང་ག་ད་གཉིས་ལས་ག་ཡིག་ནི། མིང་གཞིའི་ཕོ་ཅ་ཏ་ཙ་གསུམ་དང༌།
མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་སྟེ་བརྒྱད་བཅས་ཡི་གེ་བཅུ་གཅིག་ལ་འཇུག སྔོན་འཇུག་གི་མ་ནིང་ད་ཡིག་ནི།
ཕོ་ཡིག་ཀ་པ་གཉིས་དང་མོ་ཡིག་ག་བ་ང་མ་བཞི་བཅས་ཡི་གེ་དྲུག་ལ་འཇུག
སྔོན་འཇུག་གི་མོ་ཡིག་འ་ནི། མོ་ཡིག་ག་ཇ་ད་བ་ཛ་ལྔ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་བཅས་ཡི་གེ་བཅུ་ལ་འཇུག
སྔོན་འཇུག་གི་ཤིན་ཏུ་མོ་ཡི་མ་ཡིག་ནི། མ་ནིང་ཁ་ཆ་ཐ་ཚ་བཞི་དང༌།
མོ་ཡིག་ག་ཇ་ད་ཛ་ང་ཉ་ན་རྣམས་ཏེ་ཡི་གེ་བཅུ་གཅིག་ལ་འཇུག
སྔོན་འཇུག་དེ་དག་ཀྱང་མིང་གཞིའི་ཡི་གེ་རྣམས་ལ་འཇུག་པའི་ཚེ་རྐྱང་འདོགས་བརྩེགས་གསུམ་སོགས་གང་རུང་གི་སྒོ་ནས་འཇུག་པའང་ཤེས་པར་བྱའོ།།
ཞར་ལས་མི་འཇུག་པ་དག་ཀྱང་ཤེས་དགོས་ལ།
ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན།
།མ་ནིང་རང་ལ་རང་མི་འཇུག ། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར།
།མ་ནིང་མོ་ཡང་དེ་བཞིན་ནོ།། ཞེས་པ་ལྟར་ལ། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་རྣམས་ལ་མི་འཇུག
དེ་བཞིན་དུ་མོ་འ་ཡིག་དང་ཤིན་ཏུ་མོ་མ་ཡིག་གཉིས་ནི། མིང་གཞིའི་ཕོ་ལ་མི་འཇུག་པ་མིན།
མ་ནིང་ག་ད་གཉིས་མིང་གཞིའི་མ་ནིང་རང་ལ་རང་མི་འཇུག་པ་དང༌།
དེ་བཞིན་དུ་སྔོན་འཇུག་རྣམས་རང་རང་གི་སྡེ་དང་ཕྲད་པ་ན་ཕོ་ཡང་མོ་ལ་འཇུག་པར་མི་འགྱུར་ཏེ།
དཔེར་ན། ཕོ་བ་ཡིག་རང་གི་སྡེ་བའི་མིང་གཞིའི་མོ་ཡིག་བ་མ་དག་ལ་མི་འཇུག་ཅིང༌།
ཕོ་ཡིག་པ་ལའང་མི་འཇུག སྔོན་འཇུག་གི་མ་ནིང་མོ་ཡང་དེ་བཞིན་དུ་ཤེས་དགོས་པ་ཡིན་ནོ།
།ཞེས་པའོ།
།གཞན་དག་ལའང་རིགས་འགྲེ་སྦྱར་ནས་རྟོགས་དགོས་པ་ལས་འདིར་མདོ་ཙམ་བསྟན་པ་ཡིན་ལ་
རྒྱས་པར་གཞན་ལས་ཤེས་པར་བྱའོ།།
གསུམ་པ།
སྔོན་འཇུག་རྣམས་སྒྲའི་ཚུལ་ཇི་ལྟར་འཇུག་པར་བྱེད་པ།
ཇི་ལྟར་འཇུག་པར་བྱེད་ཅེ་ན།
།ཕོ་ནི་སྒྲ་རྩོལ་དྲག་པར་འཇུག།
མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ།།
ཤིན་ཏུ་མོ་ནི་མཉམ་པས་སོ།།
ཞེས་པ་ལྟར།
སྔོན་འཇུག་གི་ཡི་གེ་རྣམས་རང་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་ཚུལ་ཇི་ལྟར་འཇུག་པར་བྱེད་ཅེ་ན།
སྔོན་འཇུག་གི་ཕོ་ཡིག་བ་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་དྲག་པར་འཇུག་སྟེ།
དཔེར་ན། བཀད་དང་བཅད་ལྟ་བུའོ། །མ་ནིང་ག་ད་གཉིས་རང་གི་འཇུག་ཡུལ་མིང་གཞི་རྣམས་ལ་སྒྲ་རྩོལ་རན་པར་འཇུག་པ་ཡིན་ཏེ།
དཔེར་ན། གཅད་དང་དཀར་ལྟ་བུའོ། །མོ་ཡིག་འ་ནི་རང་གི་འཇུག་ཡུལ་མིང་གཞི་རྣམས་ལ་སྒྲ་རྩོལ་ཆུང་བ་སྟེ་ཞན་པའི་ཚུལ་གྱིས་ཏེ།
དཔེར་ན། འགལ་དང་འཆད་ལྟ་བུའོ། །ཤིན་ཏུ་མོ་མ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞི་རྣམས་ལ་སྒྲ་རྩོལ་ཧ་ཅང་ཆུང་བའམ་མཉམ་པའི་སྒོ་ནས་སོ།
།དཔེར་ན། མཁའ་དང་མཐའ་ལྟ་བུའོ།།
བཞི་པ།
སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་བསྟན་པ་ལ། བདག་གཞན་བཤད་པ།
དུས་གསུམ་བཤད་པ། བདག་གཞན་དང་དུས་གསུམ་གྱི་བསྡུ་ཚུལ་བཤད་པ།
སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ་བཞི་ལས། དང་པོ།
བདག་གཞན་གྱི་གོ་དོན་བཤད་པ།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན།
།ཐོག་མར་འདི་ལྟར་ཤེས་དགོས་ཏེ།།
ལས་གང་ཞིག་ལ་བྱེད་པ་པོ།
།གཞན་དང་དངོས་སུ་འབྲེལ་བ་ཡི།།
དབང་དུ་བྱས་ནས་བྱེད་པོ་དང༌།
།དེ་ཡི་བྱེད་པ་གཉིས་པོ་ནི།།
དངོས་པོ་བདག་ཡིན་བྱ་ཡུལ་དང༌། །བྱ་བ་གཉིས་པོ་དངོས་པོ་གཞན།།
ཞེས་པས་བསྟན་ཏེ།
སྔོན་འཇུག་གི་ཡི་གེ་རྣམས་དགོས་པ་ཅི་ཡི་ཕྱིར་དུ་འཇུག་པར་བྱེད་པ་ཡིན་ཅེ་ན།
དེ་ངེས་པར་བྱེད་པ་ལ། ཐོག་མར་འདི་ལྟར་ཤེས་དགོས་པ་གལ་ཆེ་བ་ཞིག་ཡིན་ཏེ།
བྱ་ཚིག་གམ་ལས་ཚིག་ལ་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་ཐ་མི་དད་པའི་བྱ་ཚིག་གཉིས་ ལས།
ཐ་དད་པ་ནི་བྱ་བ་གང་བྱེད་ཀྱང་བྱེད་པོ་དང༌།
ལས་གཉིས་དངོས་སུ་ཐ་དད་དུ་ཡོད་པར་སྟོན་པ་ཞིག་ལ་གོ་དགོས་ཏེ། དཔེར་ན།
བསྐོར་ལྟ་བུའི་བྱ་ཚིག་གིས། བསྐོར་བར་བྱ་རྒྱུའི་འཁོར་ལོ་དང༌།
སྐོར་བར་བྱེད་པ་པོ་གཉིས་དངོས་སུ་ཐ་དད་དུ་ཡོད་པ་ཞིག་སྟོན་པས།
འདི་རིགས་བྱ་བྱེད་ཐ་དད་པའི་བྱ་ཚིག་གམ་བྱེད་འབྲེལ་ལས་ཚིག་ཅེས་ཟེར་བ་ཡིན།
ཐ་མི་དད་པའི་བྱ་ཚིག་ནི། དཔེར་ན།
འཁོར་ལྟ་བུ་དོན་དུ་འཁོར་བའི་རྒྱུ་ཞིག་མེད་པ་མི་སྲིད་ཀྱང་འཁོར་ལྟ་བུའི་བྱ་
ཚིག་གིས་སྟོན་ཚུལ་ལ།
བསྐོར་བར་བྱ་རྒྱུའི་འཁོར་ལོ་དང་སྐོར་བར་བྱེད་པ་པོ་གཉིས་ཐ་དད་དུ་མི་གསལ་བས།
རང་ཉིད་འཁོར་བ་ལས་སྐབས་དེར་བྱེད་པོ་གཞན་ཞིག་ཡོད་པར་མི་སྟོན་པ་འདི་རིགས་ལ་
བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གམ་བྱེད་མེད་ལས་ཚིག་ཅེས་བརྗོད་པ་ཡིན།
དེ་ཕྱིར་རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ་རུ་བྱ་བྱེད་ཐ་དད་པ་ལ་དབྱེ་བ་དགུ་ལྡན་བདུན་ལྡན་སོགས་དང༌།
ཐ་མི་དད་པ་ལ་ལྔ་ལྡན་གསུམ་ལྡན་སོགས་གྱི་ལས་ཚིག་གིས་ངོས་འཛིན་གསལ་བོར་མཛད་
ཡོད་པས་རྒྱས་པར་དེར་བལྟ་བར་བྱའོ།།
འདིར་བདག་དང་གཞན་གྱི་གོ་དོན་ཡང་སྤྱིར་རང་དང་གཞན་ལྟ་བུ་ལ་གོ་རྒྱུ་མ་ཡིན་ལ།
དེས་ན་སྐབས་འདིར་ནི་བྱ་བྱེད་ཐ་དད་དུ་ཡོད་པའི་ལས་སམ་བྱ་བ་གང་ཞིག་ཡིན་རུང་དེ་ལ་བྱེད་པ་པོ་གཞན་ཞིག་ཐ་དད་དུ་ཡོད་པ་དང༌།
བྱ་བྱེད་གཉིས་དངོས་སུ་འབྲེལ་བ་ཡི་རིགས་སམ་བྱ་བྱེད་ཐ་དད་པ་ཞིག་ལ་བདག་གཞན་གྱི་རྣམ་བཞག་དབྱེར་ཡོད་ལ།
དེ་ཕྱིར་ཐ་དད་པའི་ལས་ཚིག་དག་གི་དབང་དུ་བྱས་ནས་བཤད་ན། དཔེར་ན།
ཤིང་མཁན་གྱིས་ནགས་ཚལ་དུ་སྟ་རེས་ཤིང་བཅད་ལྟ་བུར་མཚོན་ན། བྱེད་པ་པོ་ཤིང་མཁན་དང༌།
དེ་ཡི་བྱེད་པའམ་ལག་ཆ་སྟ་རེ་གཉིས་པོ་དང་ནི།
གཅོད་པའི་བྱེད་ལས་སམ་བྱེད་པ་པོའི་བྱ་བ་བྱེད་ཚེ་གཡོ་རྩོལ་གྱི་ཆ་བྱེད་པའི་ལས་ཏེ་གཅོད་པར་བྱེད་ལྟ་བུ་དང་གསུམ་ནི་དངོས་པོ་བདག་ཅེས་བརྗོད་པ་ཡིན།
དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་གཅད་བྱའི་ལས་ཤིང་ལྟ་བུ་དང༌།
དེ་ལ་འགྱུར་བའི་ཆ་བྱུང་བའི་བྱ་ལས་སམ་གཅད་པར་བྱ་ལྟ་བུའི་བྱ་བ་གཉིས་པོ་དང་ཡུལ་ནགས་ཚལ་བཅས་གསུམ་ལ་དངོས་པོ་གཞན་ཞེས་
བརྗོད། བྱེད་ལས་དང་བྱ་ལས་གཉིས་ལྡོག་ཆ་ནས་ཐ་དད་ཙམ་ལས་དོན་དུ་བྱ་བ་ལས་གཞན་མེད་པ་ཤེས་དགོས།
འདི་སྐབས་ནགས་ཚལ་ལྟ་བུ་ཡུལ་དང་ཤིང་ལས་ཞེས་བརྗོད་ན་ཤིན་ཏུ་བདེ་བ་ལས།
ཤིང་དང་ནགས་ཚལ་གཉིས་ཀ་ཡུལ་དུ་བྱས་ཚེ་དབྱེ་བ་འབྱེད་དཀའ་བར་སྣང་ངོ༌།།
གཉིས་པ་དུས་གསུམ་བཤད་པ།
དེ་བཞིན་བྱེད་པ་པོ་གཞན་དང༌།
།དངོས་སུ་འབྲེལ་མིན་ཇི་ལྟར་ཡང༌།།
བྱ་བ་བྱས་ཟིན་འདས་པ་དང༌།
།བྱ་བ་བྱེད་འགྱུར་མ་འོངས་དང༌།།
བྱེད་བཞིན་པ་ནི་ད་ལྟ་བ།།
ཞེས་པས་བསྟན།
གོང་དུ་བཤད་པ་དེ་བཞིན་དུ་བྱེད་པ་པོ་གཞན་ཞིག་དང་དངོས་སུ་འབྲེལ་བའི་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་དངོས་སུ་འབྲེལ་བ་མིན་པའི་ཐ་མི་དད་པའི་བྱ་ཚིག་ཇི་ལྟར་ཡིན་ཡང་དུས་གསུམ་གྱི་དབྱེ་བས་བསྡུས་པའི་ཕྱིར་ན།
དཔེར་ན། ཤིང་བཅ༷ད། བཅ༷ད་ཚར། བཅ༷ད་པར་བྱས། བཅ༷ད་དོ་ལྟ་བུ་བྱ་བ་བྱས་ཟིན་སྟོན་པའི་སྒྲ་རྣམས་ནི་དུས་འདས་པ་དང༌།
ཤིང་གཅ༷ད་རྒྱུ་ཡིན། གཅ༷ད་དགོས། གཅ༷ད་པར་བྱ་ལྟ་བུ་བྱ་བ་བྱེད་པར་འགྱུར་བ་སྟོན་པའི་སྒྲ་རྣམས་ནི་མ་འོངས་པ་དང༌།
གཅོ༷ད་བཞིན་པ། གཅོ༷ད་ཀྱིན་འདུག གཅོ༷ད་པར་བྱེད། གཅོ༷ད་སྒང་རེད་ལྟ་བུ་བྱ་བ་བྱེད་བཞིན་པ་སྟོན་པའི་སྒྲ་རྣམས་ནི་ད་ལྟ་བ་སྟེ་
དུས་གསུམ་དང༌། དེ་བཞིན་ཐ་མི་དད་པའི་རིགས་ལ། དཔེར་ན། ཤིང་ཆ༷ད་འདུག ཆ༷ད་སོང༌།
ཆ༷ད་དོ་ལྟ་བུ་དུས་འདས་པ་དང༌། ཤིང་འཆད་རྒྱུ་རེད། འཆད་ལ་ཉེ།
འཆད་པར་འགྱུར་ལྟ་བུ་དུས་མ་འོངས་པ་དང༌། ཤིང་འཆད་ཀྱིན་འདུག འཆད་བཞིན་པ།
འཆད་པར་བྱེད་ལྟ་བུ་དུས་ད་ལྟ་བ་བཅས་དུས་གསུམ་མོ།། ཤིང་ཆོད་ཅིག་ལྟ་བུའི་སྐུལ་ཚིག་རྣམས་ནི་བདག་གཞན་གཉིས་ལས་བདག་གི་ཁོངས་སུ་
གཏོགས། དུས་གསུམ་ལས་བྱེད་ལས་མ་འོངས་པར་བསྡུ་བར་གསུངས་སོ།། འདིར་དུས་གསུམ་ནི་དུས་ཀྱི་དུས་གསུམ་རྐྱང་བ་ལ་གོ་རྒྱུ་མ་ཡིན་པར་བྱ་ཚིག་གི་
དོན་སྟོན་ཚུལ་ལ། བྱེད་བཞིན་ད་ལྟ་བ། བྱ་འགྱུར་མ་འོངས་པ། བྱས་ཟིན་འདས་པ།
སོགས་སྟོན་བྱེད་ཀྱི་སྒྲ་རྣམས་ལ་དུས་གསུམ་གྱི་རྣམ་བཞག་བཞག་པ་ཡིན་པར་རྟོགས་པ་
གལ་ཆེའོ།།
གསུམ་པ།
དུས་གསུམ་དང་བདག་གཞན་གྱི་བསྡུ་ཚུལ།
དེ་ཕྱིར་དུས་གསུམ་དབྱེ་བས་ནི།
།བྱེད་ལས་དང་འབྲེལ་ངག་གི་ནི།།
སྦྱོར་བ་ཀུན་ལ་ཁྱབ་པ་ཡིན།
།བདག་གཞན་དབྱེ་བས་དེ་ཙམ་དུ།།
ཁྱབ་པ་མིན་ཡང་བྱེད་པོ་དང༌།
།བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ།།
མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས།།
དེས་ན་དུས་གསུམ་དུ་དབྱེ་བས།
།བདག་གཞན་དབྱེ་བས་མ་ཁྱབ་པ།།
བསྡུ་བའི་དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས།།
བྱེད་ལས་ཙམ་དང་འབྲེལ་བ་ཡི།
།དངོས་པོ་བདག་ལའང་འཇུག་པ་མཐོང༌།།
ཞེས་བསྟན་པ་ལྟར།
ལས་ཚིག་ཀུན་ལ་ཁྱབ་པའི་རྒྱུ་མཚན་དེ་ཡི་ཕྱིར་ན་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་སམ་བྱ་བ་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ནི་ཁྱབ་པ་སྟེ།
ཐ་དད་དང་མི་དད་པའི་ལས་ཚིག་གི་སྦྱོར་བ་ཀུན་ལ་ཁྱབ་བྱེད་དུ་འཇུག་པ་ཡིན།
དངོས་པོ་བདག་གཞན་གྱི་དབྱེ་བས་ཐ་དད་དང་འབྲེལ་བའི་ལས་ཚིག་མ་གཏོགས། དེ་ཙམ་དུ་ཁྱབ་པ་མིན་ཡང་བྱ་བྱེད་ཐ་དད་པའི་བྱེད་པ་པོ་དང༌།
བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་དེ་མཛད་པར་བྱས་ནས།
དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་སྟེ།
བྱེད་ལས་བྱ་ལས་སམ་གཅོད་པར་བྱེད་དང་གཅད་པར་བྱ་ལྟ་བུ་རྣམས་ཀྱང་བདག་གཞན་དེ་ཡི་ཁོངས་སུ་བསྡུས་པ་ཡིན་ནོ།
། དེས་ན་དུས་གསུམ་དུ་དབྱེ་བས་ནི་བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་ཐ་མི་དད་པའི་ལས་ཚིག་རྣམས་བསྡུ་བའི་དོན་དུ་ཡིན་པ་ཤེས་དགོས་པར་གསུངས་སོ།
།སྤྱིར་དེ་ལྟར་གསུངས་ཀྱང་ཞིབ་ཏུ་དཔྱད་ཚེ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་གང་ཞིག་དུས་གསུམ་གྱིས་མ་བསྡུས་པའི་དངོས་པོ་བདག་ཡོད་པར་གྲུབ་སྟེ།
སྔོན་འཇུག་འ་ཡིག་སོགས་ཀྱི་འཇུག་པའི་སྐབས་བྱ་བྱེད་ཐ་མི་དད་པའི་བྱེད་ལས་ཙམ་དང་འབྲེལ་བ་ཡི་དངོས་པོ་བདག་ལའང་འཇུག་པ་མཐོང་སྟེ།
དཔེར་ན། འགྲོ་བ་པོ་ལྟ་བུ་སོགས་ཐ་མི་དད་པའི་ལས་ཚིག་གང་ཞིག་ལྟོས་གྲུབ་ཀྱིས་བདག་དང་
གཞན་གྱི་དབྱེ་བ་མེད་ཀྱང༌། དུས་གསུམ་གྱིས་མ་བསྡུས་པའི་དངོས་པོ་བདག་ཡོད་པ་ཡིན་ནོ།། ཞེས་པའི་དོན་ལ་མཁས་པ་ལ་ལས་མི་འཐད་པའི་སྐྱོན་མང་དུ་བསྟན་པའང་ཞིབ་ཆ་མ་བྱས་པའི་སྐྱོན་རང་ཉིད་ལ་ཡོད་དེ།
འདིར་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དུས་གསུམ་གྱིས་མ་བསྡུས་པའི་དངོས་པོ་བདག་ཡོད་པའི་དཔེར་བརྗོད་ཙམ་བསྟན་པ་ལས།
སྔོན་འཇུག་འ་ཡིག་གི་སྐབས་མ་གཏོགས་བདག་ལ་འཇུག་པ་མེད་པའི་ཁྱབ་པ་སུ་ཞིག་གིས་ཁས་བླངས།
ཡང་ཐ་མི་དད་པའི་ལས་ཚིག་ལ་དངོས་པོ་བདག་ཡོད་པར་བཤད་པ་དང་དེ་ལ་བདག་དོན་ཕལ་བ་ཞེས་བརྗོད་པ་ལས།
འདིར་བསྟན་བདག་གཞན་གྱི་དབྱེ་བ་མཚན་ཉིད་པ་འབྱེད་རྒྱུ་ཡོད་པར་བསྟན་པའང་མ་ཡིན་ལ།
སྐབས་འདིར་ཐ་མི་དད་པའི་བདག་དོན་ཕལ་པ་དང་ཡུལ་བཏགས་པ་བ་དག་ཀྱང༌། བདག་གཞན་གྱི་ཁོངས་སུ་བསྡུ་དགོས་ཞེས་པའི་དོན་ནོ།།
དེ་ཕྱིར་འདི་འདྲའི་གནད་ལ་བྱང་བར་གྱུར་ཚེ་གཞན་གྱིས་ཚིག་དང་དོན་ལ་སྐྱོན་བསྟན་པ་དག་ཀྱང་རང་ཚུགས་མི་ཐུབ་པར་མི་འགྱུར་རམ།
བཞི་པ་སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ་དང༌།
དེ་དག་དམིགས་བསལ་དུ་འཇུག་པ་བཤད་པ་གཉིས་ལས། དང་པོ། ཕོ་ཡིག་བ་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ།
དེ་ལྟར་ངེས་ནས་ཕོ་ཡིག་བ། །བསྒྲུབས་སོ་ལྟ་བུ་འདས་པ་དང༌།།
བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །ཞེས་སོགས་དངོས་པོ་གཞན་ལ་འཇུག།
ཅེས་པ་ལྟར།
གོང་གི་བདག་གཞན་དང་དུས་གསུམ་སོགས་ཀྱི་ཁྱད་པར་དེ་ལྟར་ཡོད་པ་ངེས་པར་བྱས་ནས།
སྔོན་འཇུག་གི་ཕོ་ཡིག་བ་དགོས་པ་དུས་གསུམ་ལས།
བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་ལ་འཇུག་པ། དཔེར་ན། བྱ་བ་བསྒྲུབས་པར་བྱས་སོ།
།གོང་དུ་བཀུར། ཐུགས་དམ་བསྐངས། ལྟ་བུ་འདས་པ་ལ་འཇུག་པ་དང༌།
དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་ལམ་ལས་དང༌།
བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ། དཔེར་ན། བསྒྲུབ་བྱའི་ལྷ། བཀླག་བྱའི་ཡི་གེ
བསྐོར་བྱའི་འཁོར་ལོ། ལྟ་བུ་གཞན་བྱ་བའི་ཡུལ་ལམ་ལས་ལ་འཇུག་པ་དང༌། ཡང་དཔེར་ན། བསྒྲུབ་པར་བྱ།
བཀླག་པར་བྱ། བསྐོར་བར་བྱ། ཞེས་སོགས་དངོས་པོ་གཞན་ཏེ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་ལས་གསལ་བྱེད་ལ་འཇུག་པ་སོགས་མང་དུ་ཡོད་དོ།།
གཉིས་པ།
སྔོན་འཇུག་གི་མ་ནིང་ག་ད་གཉིས་དགོས་པ་གང་གི་ཕྱིར་འཇུག་པ།
མ་ནིང་ག་ད་གཉིས་པོ་ནི། །གཅོད་པ་པོ་དང་གཅོད་པར་བྱེད།།
གཅོད་པར་འགྱུར་དང་དཀྲི་བ་པོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར།།
ཞེས་སོགས་དངོས་པོ་བདག་དོན་དང༌།
།གཅད་བྱའི་ཤིང་དང་གཅད་པར་བྱ།།
དཀྲི་བྱའི་སྣལ་མ་དཀྲི་བར་བྱ།
།ཞེས་སོགས་དངོས་པོ་གཞན་དོན་དང༌།།
གཅོད་བཞིན་པ་དང་དཀྲི་བཞིན་པ།
།ཞེས་སོགས་ད་ལྟ་བསྒྲུབ་ཆེད་འཇུག།
ཅེས་པ་ལྟར་སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་དེ་ནི་དངོས་པོ་བདག་གཞན་གཉིས་ཀ་དང༌།
དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཕྱིར་འཇུག་གོ ། དེ་དག་དཔེར་བརྗོད་ན། གཅོད་པ་པོ།
དོན་གཉེར་བ་པོ། ནོར་གསོག་པ་པོ་སོགས་ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ་དང༌། གཅོད་པར་བྱེད་དང༌།
དོན་གཉེར་བར་བྱེད། གཅོག་པར་འགྱུར་སོགས་ག་ཡིག་བྱེད་པ་པོ་བདག་ལ་ཡོད་པའི་ལས་སམ་བྱེད་ལས་སོགས་ལ་འཇུག་པ་དང༌།
དེ་བཞིན། དཀྲི་བ་པོ། དགར་བ་པོ། དགོད་པ་པོ། དཀྲི་བར་བྱེད་དང༌། དཀྲི་བར་འགྱུར།
ཞེས་སོགས་ད་ཡིག་དངོས་པོ་བདག་བྱེད་པ་པོའི་དོན་དང་བྱེད་པ་སོགས་ལ་འཇུག་པ་མང་དུ་ཤེས་པར་བྱའོ།
།གཅད་བྱའི་ཤིང་དང༌། གཅོག་བྱའི་རྡོ།
གཉེར་བྱའི་དོན་སོགས་ག་ཡིག་གཞན་བྱ་བའི་ཡུལ་ལམ་ལས་སྟོན་པ་ལ་འཇུག་པ་དང༌། གཅད་པར་བྱ།
གཅོག་པར་བྱ། གཉེར་བར་བྱ་སོགས་ག་ཡིག་གཞན་བྱ་བའི་གཞི་དང་འབྲེལ་བའི་ལས་སམ་བྱ་ལས་ལ་འཇུག་པ་དང༌།
དེ་བཞིན་དཀྲི་བྱའི་སྣལ་མ། དགག་བྱའི་སྐྱོན། དཔྱད་བྱའི་གནད་སོགས་དང༌། དཀྲི་བར་བྱ།
དགག་པར་བྱ། དཔྱད་པར་བྱ། ཞེས་སོགས་ད་ཡིག་དངོས་པོ་གཞན་བྱ་བའི་ཡུལ་དང་བྱ་ལས་ཀྱི་དོན་ལ་འཇུག་པ་དང༌།
གཅོད་བཞིན་པ་དང༌། གནོན་བཞིན་པ། གཅིར་བཞིན་པ་ལྟ་བུ་དང༌། དཀྲི་བཞིན་པ།
དགྱེས་བཞིན་པ། དཀྲོལ་བཞིན་པ། ཞེས་སོགས་ག་ད་གཉིས་དུས་ཀྱི་ད་ལྟ་བ་བསྒྲུབ་པའི་ཆེད་དུ་འཇུག་པ་
ཡིན་ནོ།།
གསུམ་པ།
སྔོན་འཇུག་གི་མོ་འ་ཡིག་དགོས་པ་ཅི་ཕྱིར་འཇུག་པ།
མོ་ཡིག་འ་ནི་འཆད་པ་པོ།
།འཆད་པར་བྱེད་དང་འཆད་པར་འགྱུར།།
ཞེས་སོགས་དངོས་པོ་བདག་དངོས་དང༌། །འགྲོ་བ་པོ་དང་འགྲོ་བར་བྱེད།།
ཅེས་སོགས་བདག་དོན་ཕལ་བ་དང༌།
།འཁྱིལ་ལོ་ཞེས་སོགས་ད་ལྟ་དང༌།།
འཁྱིལ་བར་འགྱུར་སོགས་མ་འོངས་འཇུག།
ཅེས་པས་བསྟན་ཏེ།
སྔོན་འཇུག་གི་མོ་ཡིག་འ་ནི་དངོས་པོ་བདག་དང༌།
དུས་ད་ལྟ་བ་དང་མ་འོངས་པ་དག་བསྒྲུབ་པའི་ཕྱིར་འཇུག་གོ ། དཔེར་ན། འཆད་པ་པོ།
འཁྱེར་བ་པོ། འཁྲབ་པ་པོ་སོགས་བདག་བྱེད་པ་པོ་ལ་འཇུག་པ་དང༌། འཆད་པར་བྱེད་དང༌།
འཁུར་བར་བྱེད། འཁྱེར་བར་བྱེད། འཆད་པར་འགྱུར། ཞེས་སོགས་དངོས་པོ་བདག་དངོས་དང་འབྲེལ་བའི་བྱེད་ལས་ལ་འཇུག་པ་དང༌།
འགྲོ་བ་པོ་དང༌། བཞུགས་པ་པོ། མགོ་བོ་འཁོར་བ་པོ་སོགས་དང༌། འགྲོ་བར་བྱེད།
བཞུགས་པར་བྱེད། འཁྱམས་པར་བྱེད་ཅེས་སོགས་བྱ་བྱེད་ཐ་མི་དད་པའི་དངོས་པོ་བདག་ཙམ་སྟོན་པའི་དོན་ནམ་བདག་དོན་ཕལ་བ་ལའང་འཇུག་པ་དང༌།
འཁྱིལ་ལོ། །འཁྱམ་མོ། །འགྱུར་རོ་ཞེས་སོགས་དུས་ཀྱི་ད་ལྟ་བ་ལ་འཇུག་པ་དང༌།
འཁྱིལ་བར་འགྱུར། འཁྱམ་པར་འགྱུར། འཁྱར་བར་འགྱུར་སོགས་དུས་མ་འོངས་པ་ལའང་འཇུག་གོ།
བཞི་པ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ།
ཤིན་ཏུ་མོ་ཡི་མ་ཡིག་ནི།
།བདག་གཞན་དུས་གསུམ་མཉམ་པར་འཇུག།
ཅེས་པ་ལྟར།
སྔོན་འཇུག་གི་ཤིན་ཏུ་མོ་ཡི་མ་ཡིག་ནི། དངོས་པོ་བདག་གཞན་གཉིས་ཀ་དང་དུས་གསུམ་ཀུན་ལ་མཉམ་པ་སྟེ་མཚུངས་པར་འཇུག་གོ
། དཔེར་ན། མཁས་པ་པོ། མཆོད་པ་པོ། མཁས་བྱེད། མཆོད་བྱེད། སོགས་དངོས་པོ་བདག་དང༌།
མཆོད་བྱའི་དངོས་རྫས། མཁས་བྱ། མཁྱེན་བྱ། མཆོད་པར་བྱ། མཁས་པར་བྱ།
མཁྱེན་པར་བྱ་སོགས་དངོས་པོ་གཞན་ལ་འཇུག་པ་དང༌། མཆོད་ཟིན། མཆོད་པར་འགྱུར།
མཆོད་བཞིན་པ་ལྟ་བུ་དུས་གསུམ་ལ་འཇུག་པ་སོགས་རྒྱ་ཆེར་ཤེས་པར་བྱའོ།།
འདིར་དགོས་པ་ཅི་ཕྱིར་འཇུག་པ་བཤད་པའི་སྐབས་སུ་སྔོན་འཇུག་རྣམས་བདག་གཞན་དང་དུས་གསུམ་སོགས་ལ་འཇུག་མིན་གྱི་ཁྱད་པར་སྤྱིར་འཇུག་ཡུལ་རགས་ཙམ་བཤད་པ་ཡིན་ལ།
ཞིབ་པར་དུས་གསུམ་སྤྱི་བྱེ་བྲག་ཐོར་བུའི་རྣམ་བཞག་ཤེས་རིག་འོད་ཀྱི་ཐེམ་སྐས་ཞེས་པའི་དེབ་གཉིས་པར་གསལ་བས་ཅི་ཕྱིར་འཇུག་པའི་དཀའ་གནད་དེ་ལས་རྟོགས་པར་བྱ་བ་ལས་འདིར་མང་དོགས་པས་མ་བྲིས་སོ།།
གཉིས་པ།
དེ་དག་དམིགས་བསལ་དུ་འཇུག་པ་ཉུང་བར་བཤད་པ་དང༌།
དུས་གསུམ་ལ་བས་འཕུལ་རྟེན་འཇུག་མིན་གྱི་ཁྱད་པར་བཤད་པ་གཉིས་ལས། དང་པོ།
དེ་དག་དམིགས་བསལ་དུ་འཇུག་པ་ཉུང་བར་བཤད་པ།
འོན་ཀྱང་བྱེད་པོ་གཞན་དངོས་དང༌།
།འབྲེལ་བའི་འདས་ལ་འའི་སྔོན་འཇུག།
མེད་པར་ངེས་ཤིང་ག་ད་ཉུང༌།
།ད་ལྟ་བ་ལ་བའི་སྔོན་འཇུག།
ཉུང་ཞིང་མགོ་ཅན་ད་ལྟ་བར།
།བས་འཕུལ་མེད་པར་ངེས་པར་ཙམ།།
ཞེས་པ་ལྟར།
སྤྱིར་སྔོན་འཇུག་རྣམས་གོང་བཤད་ལྟར་འཇུག་ལ་འོན་ཀྱང་བྱེད་པ་པོ་གཞན་དངོས་དང་འབྲེལ་བའི་བྱ་བྱེད་ཐ་དད་པའི་དུས་འདས་པ་ལ་འའི་སྔོན་འཇུག་མེད་པར་ངེས་ཤིང༌།
སྔོན་འཇུག་ག་ད་གཉིས་ཀྱིས་འདས་ཚིག་སྟོན་པའང་ཉུང་ཤས་ལས་མེད་པར་གསུངས་པ་དང༌།
དུས་ད་ལྟ་བ་སྟོན་པ་ལ་བའི་སྔོན་འཇུག་ཤིན་ཏུ་ཉུང་ཞིང་དེ་ལས་ཀྱང་མགོ་ཅན་ད་ལྟ་བར་སྔོན་འཇུག་བའི་འཕུལ་ཅན་མེད་པར་ངེས་པ་ཙམ་མོ།།
ཞེས་གསུངས་པ་ནི་སྤྱིར་རགས་ཙམ་ལ་དགོངས་ཏེ་ངེས་པ་ཙམ་ཞེས་སོགས་གསུངས་པ་ལས།
མཐའ་གཅིག་ཏུ་མ་ངེས་ཏེ།
བྱེད་པོ་གཞན་འབྲེལ་གྱི་ལས་ཚིག་འདས་པ་ལའང་འའི་འཕུལ་འཇུག་པ་ཡོད་དེ། དཔེར་ན།
དགྲ་ལ་འཐབ་པར་བྱས་དང༌། ཐག་པ་འཐེན་ཟིན། རུས་པ་འཆོས་ཟིན།
སོགས་བྱ་བྱེད་ཐ་དད་པའི་འདས་པ་ལ་འའི་སྔོན་འཇུག་ཡོད་པ་དང༌། ཡང་དཔེར་ན།
གཅིག་ནས་གཅིག་ཏུ་བརྒྱུད། སྐུ་བལྟམ་བཞིན་པ། བརྩོན་བཞིན་པ། ཉམས་བརྟས་བཞིན་
པ་སོགས་མགོ་ཅན་ད་ལྟ་བར་བའི་འཕུལ་ཐོབ་པའང་ཡོད་པས་སྐབས་འདིར་སྤྱིར་རགས་ཙམ་ལ་
དགོངས་པ་གོར་མ་ཆག་པ་ཞིག་གོ།
གཉིས་པ།
དུས་གསུམ་ལ་བས་འཕུལ་ཅན་འཇུག་པ་བྱེ་བྲག་ཏུ་བཤད་པ།
གཞན་ཡང་བས་འཕུལ་ཅན་ཕལ་ཆེར།
།བྱེད་པ་པོ་ནི་ད་ལྟ་དང༌།།
བྱ་ཡུལ་མ་འོངས་པར་བསྡུས་ནས།
།འདས་ལ་བས་འཕུལ་ཡང་འཇུག་ཡོད།།
ད་ལྟ་བ་ལ་གཉིས་ཀ་མེད།
།མ་འོངས་འཕུལ་ཡོད་ཡང་འཇུག་མེད།།
བསྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།
།སྐབས་འགར་འདས་དང་བསྐུལ་ཚིག་ལ།།
ས་རྐྱང་སྦྱར་བས་འཐུས་པའང་ཡོད།།
ཅེས་པ་ལྟར།
གཞན་ཡང་བྱ་བྱེད་ཐ་དད་པའི་ལས་ཚིག་བས་འཕུལ་ཅན་ཕལ་ཆེར་དུས་གསུམ་གྱི་ནང་དུ་བསྡུས་ནས་རྗོད་སྐབས།
བྱེད་པ་པོའམ་བྱེད་པ་ནི་དུས་ད་ལྟ་བར་བསྡུ་བ་དང༌།
བྱ་བའི་ཡུལ་ལམ་ལས་དེ་དུས་མ་འོངས་པར་བསྡུས་ནས། འདས་པ་ལ་དཔེར་ན།
སྲོག་བསྐྱབས་པར་བྱས། བྱ་བ་བསྒྲུབས་པར་བྱས། གྲི་བརྡརད་བར་བྱས། དགྲ་བརླགས་པར་བྱས།
ལྟ་བུ་རྣམས་ལ་བས་འཕུལ་དང་ཡང་འཇུག་གཉིས་ཀ་ཡོད་པ་ཡིན་ལ། ད་ལྟ་བ་ལ་དཔེར་ན།
སྲོག་སྐྱོབ་བཞིན་པ། བྱ་བ་སྒྲུབ་བཞིན་པ། གྲི་རྡར་བཞིན་པ། དགྲ་རློག་བཞིན་པ།
ལྟ་བུ་རྣམས་ལ་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་མེད་པ་ཡིན། མ་འོངས་པ་དཔེར་ན།
སྲོག་བསྐྱབ་པར་བྱ། བྱ་བ་བསྒྲུབ་པར་བྱ། གྲི་བརྡར་བར་བྱ། ལྟ་བུ་རྣམས་ལ་བས་འཕུལ་ཡོད་ཅིང་ཡང་འཇུག་མེད།
ཡང་སྐུལ་ཚིག་ལ་དཔེར་ན། སྲོག་སྐྱོབས་ཤིག བྱ་བ་སྒྲུབས་ཤིག དགྲ་རློགས་ཤིག
ལྟ་བུ་རྣམས་ལ་འཕུལ་མེད་ཅིང་ཡང་འཇུག་ཡོད་པ་དང༌། སྐབས་འགར་འདས་པ་དང་སྐུལ་ཚིག་ལའང་དཔེར་
ན། ཤིང་གས། ཕྱོགས་གཉིས་སུ་གྱེས། ལོ་ན་རྒས། ཅ་ལག་ཉོས། བྱ་བ་བྱས། ལྟ་བུ། སྐུལ་ཚིག་ལ།
མེ་ཏོག་ཐུས་ཤིག སྐད་ཆ་དྲིས་ཤིག དབང་དུ་སྡུས་ཤིག ཟན་སྣོས་ཤིག ལྟ་བུ་རྣམས་ལ་ས་རྐྱང་སྦྱར་བས་འཐུས་པའམ་ཆོག་པའང་ཡོད་དོ།།
ཞེས་པ་ལྟར་ཐ་དད་པའི་ལས་ཚིག་ལ།
བྱེ་བྲག་བས་འཕུལ་གྱི་མགོ་ཅན་སྐབས་སམ་དུས་གསུམ་བྱེ་བྲག་པ་ཙམ་གྱི་དབང་དུ་བྱས་
ནས་བཤད་པ་ཡིན་པའི་ཁྱད་པར་ཤེས་དགོས་པ་ལས། སྤྱིར་ཐ་དད་པའི་ལས་ཚིག་རྣམས་ཀྱི་འཕུལ་རྟེན་འདི་བཞིན་སྦྱར་དགོས་པ་དང་འཐོབ་
པའི་ངེས་པ་མེད་པ་དེ་རྟོགས་པར་སླའོ།།
གཉིས་པ།
རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
དེའི་འཇུག་ཚུལ་བཤད་པ་གཉིས་ལས།དང་པོ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
རྗེས་འཇུག་ཡི་གེ་བཅུ་པོ་ཡི།
།ག་ད་བ་ས་བཞི་རྣམས་ཕོ།།
ང་མ་འ་གསུམ་མོ་ཡིན་ཅིང༌།
།ན་ར་ལ་གསུམ་མ་ནིང་སྟེ།།
ཞེས་པ་ལྟར།
རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་བཅས་བཅུ་པོ་ཡི་ནང་ནས་ནང་གསེས་དབྱེ་ན།
ག་ད་བ་ས་བཞི་རྣམས་ཕོ་ཡི་ཡི་གེ་དང༌། ང་མ་འ་གསུམ་པོ་མོ་ཡིན་ཞིང༌།
ན་ར་ལ་གསུམ་མ་ནིང་གི་ཡི་གེ་སྟེ། དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་ཡང་རྗེས་འཇུག་རྣམས་རང་རང་གི་འཇུག་ཡུལ་མིང་
གཞིའི་ཡི་གེ་རྣམས་ལ། སྦྱར་ནས་ཀློག་སྐབས་སྒྲ་ཤུགས་ཆེ་ཆུང་གི་དབང་གིས་དེ་ལྟར་བཞག་པར་བྱས་སོ།།
གཉིས་པ།
རྗེས་འཇུག་གི་ཡི་གེ་རྣམས་གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ།
ཅི་ཕྱིར་འཇུག་པ་བཞི་ལས། དང་པོ།
རྗེས་འཇུག་གི་ཡི་གེ་གང་གིས་འཇུག་པ་དང་མིང་གཞི་གང་ལ་འཇུག་པ་བཤད་པ།
མིང་གཞིའི་ཡི་གེ་ཀུན་ལ་འཇུག།
ཅེས་པ་ལྟར།
གང་གིས་འཇུག་ན་རྗེས་འཇུག་གི་ཡི་གེ་བཅུ་པོ་དེས་འཇུག་པ་དང༌།
གང་ལ་འཇུག་ན་མིང་གཞའི་ཡི་གེ་ཀུན་ལ་འཇུག་པའམ་གསལ་བྱེད་སུམ་ཅུ་ཐམས་ཅད་ལ་འཇུག་པའོ།།
གསུམ་པ།
རྗེས་འཇུག་རྣམས་སྒྲ་དྲག་ཞན་སོགས་ཇི་ལྟར་འཇུག་པར་བཤད་པ་ལ། སྒྲ་ཡི་འཇུག་ཚུལ་དང༌།
དོན་གྱི་འཇུག་ཚུལ་གཉིས་ལས། དང་པོ། སྒྲའི་འཇུག་ཚུལ།
ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ།
།དང་པོ་སྒྲ་ཡི་འཇུག་ཚུལ་ནི།།
ཕོ་ཡི་ག་ཡིག་ཡང་འཇུག་ཅན།
།སྐྱེས་བུ་རབ་དང་ཕོ་ཡིག་བ།།
ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང༌།
།ག་བ་ཡང་འཇུག་མེད་པ་དང༌།།
ད་སའི་མཐའ་ཅན་ཐ་མ་སྟེ།
།དྲག་པ་ཕོ་ལའང་ནང་གསེས་ཀྱིས།།
དྲག་ཞན་བར་མ་གསུམ་དུ་དབྱེ།
།དེ་བཞིན་ཞན་པ་མོ་ལ་ཡང༌།།
ནང་གསེས་དྲག་ཞན་གཉིས་དབྱེ་སྟེ།
།ང་མ་ཡང་འཇུག་ཅན་མོ་དང༌།།
ང་མ་ཡང་འཇུག་མེད་པ་དང༌།
།འ་མཐའ་ཅན་རྣམས་ཤིན་ཏུ་མོ།།
བར་མ་མ་ནིང་ན་ར་ལ། །ཡང་འཇུག་ཡོད་དམ་མེད་ཀྱང་རུང༌།།
མིང་གཞི་ཕོ་ཡིག་མཐར་ཡོད་དང༌།
།མིང་གཞི་མ་ནིང་རྗེས་སུ་ནི།།
ཡང་འཇུག་དང་བཅས་ཞུགས་པ་ན།
།དྲག་དང་ཕྲད་པས་དྲག་པར་འགྱུར།།
མིང་གཞི་མོ་ཡིག་རྗེས་སུ་ནི།
།ཡང་འཇུག་མེད་པར་ཞུགས་པ་ན།།
ཞན་དང་ཕྲད་པས་ཞན་པར་འགྱུར།
།དེ་གཉིས་འགྱུར་བ་མ་ནིང་ཡིན།།
མིང་གཞི་མོ་ཡིག་རྗེས་སུ་ནི།
།ཡང་འཇུག་དང་བཅས་ཞུགས་པ་ན།།
དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར།
།མཚན་གཉིས་མ་ནིང་ཞེས་སུ་གྲགས།།
མིང་གཞི་མ་ནིང་རྗེས་སུ་ནི།
།ཡང་འཇུག་མེད་པར་ཞུགས་པ་ན།།
དྲག་ཞན་གང་དུའང་མི་འགྱུར་བས།
།མཚན་མེད་མ་ནིང་ཞེས་སུ་འདོད།།
ཅེས་པ་ལྟར།
ཇི་ལྟར་འཇུག་པའི་ཚུལ་བཤད་པ་ལ་རྣམ་པ་གཉིས་ཡིན་ཏེ། དེ་ལ་དང་པོ་རྗེས་འཇུག་རྣམས་ཀྱི་སྒྲ་ཡི་འཇུག་ཚུལ་བཤད་པ་ནི།
རྗེས་འཇུག་རྣམས་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཚུལ་གོང་དུ་བསྟན་ཟིན་པ་ལྟར་ལ།
འདིར་ནང་གསེས་བརྒྱད་དུ་དབྱེ་བར་བྱེད་པ་ལ། རྗེས་འཇུག་ཕོ་ཡི་ག་ཡིག་ཡང་འཇུག་ཅན་ནམ་རྗེས་འཇུག་ག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི།
རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བ་སྐྱེས་བུ་རབ་སྟེ།
དཔེར་ན། གྲགས། རགས། བཀླགས། འགྲིགས། ལྟ་བུའོ།
།རྗེས་འཇུག་ག་ལ་ནང་ཕྲད་ཡོད་པ་སྐྱེས་བུ་རབ་དང༌། དེ་བཞིན་རྗེས་འཇུག་ཕོ་ཡིག་བ་ལ་ཡང་འཇུག་ས་ཡིག་ཞུགས་པ་ཅན་ནི།
སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་ཡིན་ཏེ། དཔེར་ན། བསྒྲུབས།
རྔུབས། ཆིབས། སྐྱོབས། ལྟ་བུའོ། །རྗེས་འཇུག་ག་བ་གཉིས་ཀྱི་མཐར་ཡང་འཇུག་མེད་པ་དང༌།
རྗེས་འཇུག་ད་ས་གཉིས་ཀྱི་མཐའ་ཅན་ནམ་རྗེས་འཇུག་ཅན་རྣམས་ནི།
སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མ་སྟེ། དཔེར་ན། བཀག གུག བྲག གཅོག
ལྕེབ། འཇབ། གཙབ། འཁྲབ། ལྟ་བུ་དང༌། འཁྲིད། བསྐྱེད། སྐྱིད། བགྲོད། མཁས། གུས། འགྲས།
བྱས། ལྟ་བུ་སོགས་དྲག་པ་ཕོ་ལའང་ནང་གསེས་རྗེས་འཇུག་ནང་ཕྲད་ཡོད་མེད་ཀྱིས།
སྒྲ་དྲག་པའི་དྲག་པ་དྲག་པའི་ཞན་པ་དྲག་པའི་བར་མ་སྟེ་རྣམ་པ་གསུམ་དུ་དབྱེ་བར་བྱས་པའོ།
།དེ་བཞིན་སྒྲ་ཞན་པ་མོ་ལའང་ནང་གསེས་ཀྱི་སྒྲ་དྲག་པ་དང་ཞན་པ་གཉིས་སུ་དབྱེ་སྟེ།
རྗེས་འཇུག་མོ་ཡིག་ང་མ་གཉིས་ལ་ཡང་འཇུག་ས་ཡིག་ཞུགས་པ་ཅན་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང༌།
རྗེས་འཇུག་ང་མ་གཉིས་ལ་ཡང་འཇུག་མེད་པ་དང༌། རྗེས་འཇུག་འ་ཡིག་གི་མཐའ་ཅན་རྣམས་ནི་སྒྲ་ཤིན་ཏུ་ཞན་པར་འགྱུར་བས་ཤིན་ཏུ་མོ་ཡིན་ཏེ།
དཔེར་ན། བསྐྱངས། བཏུངས། འཐུངས། བསྐྱམས། གཏམས། བལྟམས་ལྟ་བུ་མོ་དང༌། ཐུང་། གདང༌།
གནང༌། འཐུང༌། སྡོམ། སྣོམ། ལྟ་བུ་དང༌། དཔའ། མདའ། མཁའ། དཀའ། ལྟ་བུ་ཤིན་ཏུ་མོའོ།
།རྗེས་འཇུག་གི་ཡི་གེ་སྒྲ་བར་མ་མ་ནིང་ན་ར་ལ་གསུམ་ལ་ཡང་འཇུག་ད་ཡིག་ཞུགས་པ་ཡོད་དམ་མེད་ཀྱང་རུང་མིང་གཞི་ཕོ་ཡིག་གི་མཐར་ཞུགས་པ་ཡོད་པ་ཞིག་དང༌།
དེ་དཔེར་ན། བརྟནད། སྟོན། བསྐྲུནད། དཀོན། སྐོན། སྐོར། སྐོལ།
ལྟ་བུ་ཕོ་ཡིག་མཐར་ཡང་འཇུག་ཡོད་མེད་དུ་ཞུགས་པ་དང༌། མིང་གཞི་མ་ནིང་གི་རྗེས་སུ་ནི་ཡང་འཇུག་ད་ཡིག་དང་བཅས་ཞུགས་པ་ན།
སྒྲ་བར་མའི་དྲག་པའམ་ཞན་པར་འགྱུར་ཏེ། དཔེར་ན། ཕྱིནད། མཁྱེནད། ཐརད། འཚལད།
ལྟ་བུ་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཞུགས་པ་དེ་རྣམས་ནི་སྒྲ་དྲག་པའི་མིང་གཞི་དང་ཡང་འཇུག་ཕོ་ཡིག་རྣམས་དང་ཕྲད་པས་དྲག་པར་འགྱུར་བ་དང༌།
མིང་གཞི་མོ་ཡིག་གི་རྗེས་སུ་ནི་ཡང་འཇུག་ད་ཡིག་མེད་པར་ཞུགས་པ་ན།
དཔེར་ན། འགྲན། མངར། སྦྱོར། མཇལ། ལྟ་བུ་སྒྲ་ཞན་པ་མོ་ཡིག་དང་ཕྲད་པས་སྒྲ་ཞན་པར་འགྱུར་བ་སྟེ།
དྲག་པར་འགྱུར་བ་དང་ཞན་པར་འགྱུར་བ་དེ་གཉིས་ཀ་ལ་ནི་འགྱུར་བ་མ་ནིང་ཞེས་ཟེར་བ་ཡིན་ནོ།
།མིང་གཞི་མོ་ཡིག་གི་རྗེས་སུ་ནི་ཡང་འཇུག་ད་ཡིག་དང་བཅས་ཞུགས་པ་ན།
དཔེར་ན། འཛིནད། འབྱོརད། བསྒྲལད། ལྟ་བུ་དྲག་པ་ཕོ་དང་ཞན་པ་མོ་གཉིས་ཀའི་སྒྲའི་ཆ་ཤས་དང་ལྡན་པའི་ཕྱིར་ན་མཚན་གཉིས་མ་ནིང་ཞེས་སུ་གྲགས་པ་ཡིན་ནོ།
།མིང་གཞི་མ་ནིང་གི་རྗེས་སུ་ནི་ཡང་འཇུག་ད་ཡིག་མེད་པར་ཞུགས་པ་ན།
དཔེར་ན། མཁྱེན། འཐོར། འཚལ། ལྟ་བུ་རྣམས་ནི་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བས་མཚན་མེད་མ་ནིང་ཞེས་སུ་འདོད་པ་
ཡིན་ནོ།།
གཉིས་པ་དོན་གྱི་སྦྱོར་ཚུལ་བཤད་པ་ལ།
སྔ་མ་གང་ལྟར་འགྱུར་བ་དང༌། ཕྱི་མ་གང་ལྟར་འགྱུར་བ་གཉིས་ལས། དང་པོ།
སྔ་མ་གང་ལྟར་འགྱུར་བ།
གཉིས་པ་དོན་ལ་གཉིས་ཡོད་པའི།
།སྔ་མ་གང་ལྟར་འགྱུར་བ་ནི།།
རྗེས་འཇུག་གང་ལ་ཞུགས་པ་ཡི།
།མིང་དེས་བདག་གཞན་སོགས་གང་སྟོན།།
ཕལ་ཆེར་མིང་དེའི་སྔོན་འཇུག་གི །
ནུས་པར་སྦྱར་ནས་རྟོགས་པར་བྱ།།
ཞེས་པ་ལྟར།
གཉིས་པ་རྗེས་འཇུག་རྣམས་དོན་གྱི་སྦྱོར་ཚུལ་ལ་རྣམ་པ་གཉིས་ཡོད་པའི།
སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་ཤིང་གནས་པའི་མིང་དེ་མིང་མཐའ་ཚེག་བར་ཕྱི་མ་ལ་ལྟོས་ནས་སྔ་མར་གྲུབ་པས།
དེས་བདག་གཞན་སོགས་དོན་གང་ལྟར་ཏེ་ཇི་ལྟ་བུ་ཞིག་སྟོན་པར་འགྱུར་བ་ནི། རྗེས་འཇུག་གང་ལ་ཞུགས་ཡོད་པ་དེ་ཡི་མིང་དེས་བདག་གཞན་དུས་གསུམ་སོགས་དོན་གང་སྟོན་པ།
གཙོ་བོའམ་ཕལ་ཆེར་མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་གང་རུང་གི་ནུས་པས་དོན་ཇི་སྟོན་པ་དེ་བཞིན་དུ་རྗེས་འཇུག་རྣམས་ཀྱིས་ཀྱང་དེ་དང་མཚུངས་པར་སྦྱར་ནས་དོན་སྟོན་པ་རྟོགས་པར་བྱའོ།།
དཔེར་ན།
སྐོར་བ་པོ། སྐོར་བྱེད། བསྐོར་བར་བྱ། བསྐོར་བྱའི་འཁོར་ལོ། ལྟ་བུ་བདག་གཞན་སོགས་མང་ཆེ་བར་སྔོན་འཇུག་དང་སྦྱར་ནས་རྗེས་འཇུག་གིས་ཀྱང་དེ་
བཞིན་དོན་སྟོན་པ་ཡིན་ལ། སྔོན་འཇུག་མེད་ཀྱང་རྗེས་འཇུག་གི་དོན་སྟོན་པ་ཡོད་པའང་ཤེས་པར་བྱའོ།།
གཉིས་པ་ཕྱི་མ་ཇི་ལྟར་འགྱུར་བ་ལ།
མིང་མཐའ་དྲག་ཞན་འདྲེན་ཚུལ། རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ། ནང་གསེས་གང་ཞིག་འདྲེན་ཚུལ་གསུམ་ལས།
དང་པོ། མིང་མཐའ་དྲག་ཞན་འདྲེན་ཚུལ་བཤད་པ།
ཕྱི་མ་ཇི་ལྟར་འགྱུར་བ་ནི།
།རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི།
མིང་མཐའ་གཞན་དྲང་དེ་བཞིན་དུ།
།མོ་ཡིས་མོ་ཡི་མིང་མཐའ་དང༌།།
མ་ནིང་གིས་ནི་མ་ནིང་དྲང༌། །དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།།
བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌།།
ཞེས་པས་བསྟན་ཏེ།
རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དག་སྦྱར་བའི་མིང་ཚིག་དེས་མིང་མཐའ་ཚེག་བར་ཕྱི་མ་རྣམ་དབྱེའི་ཐོབ་ཐང་དང༌།
མིང་མཐའ་སོགས་ཇི་ལྟར་འཇུག་པར་འགྱུར་བ་ནི།
སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པ་ཡིན་ལ།
དེ་ཡང་མིང་སྔ་མའི་མཐའི་རྗེས་འཇུག་གི་ཡི་གེ་ཕོ་ཡིས་དེ་ཉིད་ཀྱི་ཚེག་བར་ཕྱི་མའི་མིང་མཐའ་སོགས་ཀྱི།
མིང་གཞིའི་ཕོ་ཡིག་གི་མིང་མཐའ་གཞན་དྲང་བ་ཡིན་པ། དཔེར་ན། རྒོད་པོ། དཔྱིད་ཀ
སྟོནད་ཀ ལྟ་བུར་སྦྱར་ནས་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་འཇུག་མོ་ཡིས་མིང་གཞིའི་མོ་ཡི་མིང་མཐའ་དྲང་དང་པ།
དཔེར་ན། མཐོང་བ། བསྐང་བ། མཐིང་ག ཐམ་ག དགའ་བ། ལྟ་བུའོ། །རྗེས་འཇུག་མ་ནིང་གིས་ནི་མིང་གཞིའི་མ་ནིང་ཡང་དྲང་སྟེ།
དཔེར་ན། དགུན་ཁ། དབྱར་ཁ། རྒྱལ་ཁ་བླངས་ལྟ་བུ་སོགས་སོ། །དེ་རྣམས་ནི་སྤྱིར་རྟགས་མཚུངས་འདྲེན་ཚུལ་ཡང་ཡིན་ལ་བརྗོད་བདེ་འདྲེན་པའང་ཡིན་ཏེ།
དེ་ལས་གཞན་མིང་མཐའ་སོགས་རྟགས་མཚུངས་ཀྱང་བརྗོད་པ་མི་བདེ་ན་བརྗོད་བདེ་འདྲེན་པ་གཙོ་ཆེ་བར་གསུངས་པས།
དེ་ཕྱིར་བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་བ་ ཡིན་ནོ།།
གཉིས་པ།
རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ་བཤད་པ།
གཞན་ཡང་མིང་མཐའ་དེ་ཉིད་ཀྱིས།
།རྟགས་མཚུངས་པའམ་སྒྲ་མཐུན་པར།།
རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས།
།སྔ་མའི་ཤུགས་དང་མཐུན་པའི་འདྲེན།།
དེ་དག་ནང་གསེས་གང་འཇུག་ནི། །རྣམ་དབྱེའམ་འཕྲད་བཅས་མིང་ཚིག་དེའི།།
མཐར་སྦྱར་མིང་དོན་ལས་ཤེས་བྱ།།
ཞེས་པ་ལྟར།
མིང་མཐའ་འདྲེན་ཚུལ་སོགས་གོང་ལྟར་ཤེས་པར་བྱ་ལ། གཞན་ཡང་མིང་མཐའ་འམ་རྗེས་འཇུག་དེ་དག་ཉིད་ཀྱིས་མིང་མཐའ་གཞན་རྟགས་མཚུངས་པའམ་སྒྲ་མཐུན་པར།
རྣམ་དབྱེ་བརྒྱད་དང་ཚིག་ཕྲད་སླར་བསྡུ་སོགས། མིང་ཚིག་སྔ་མའི་རྗེས་འཇུག་སོགས་ཀྱི་ནུས་པའམ་ཤུགས་དང་མཐུན་པར་འདྲེན་དགོས་པ་ཡིན་ལ།
རྣམ་དབྱེ་དང་ཕྲད་སོགས་དེ་དག་གི་ནང་གསེས་གང་ཞིག་འཇུག་པ་དང་མི་འཇུག་པ་ནི་གཙོ་བོ།
རྣམ་དབྱེ་འམ་ཕྲད་དང་བཅས་པའི་མིང་ཚིག་སྔ་མ་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱའོ།།
དཔེར་ན།
གོང་དུ་མིང་ཤར་ཕྱོགས་ལྟ་བུ་དང་འོག་ཏུ་མིང་དོན་འགྲོ་ལྟ་བུའི་བྱ་ཚིག་ཡོད་ན་བར་དུ་རྣམ་དབྱེ་གཉིས་པའི་རྐྱེན་བརྗོད་བདེ་འདྲེན་པ་སུ་ཡིག་སོགས་སྦྱར་ཏེ་ཤར་
ཕྱོགས་སུ་འགྲོ་ཞེས་པ་ལྟ་བུའོ།།
གསུམ་པ།
དེས་ནང་གསེས་གང་ཞིག་འདྲེན་ཚུལ་བཤད་པ་ལས། རྣམ་དབྱེ་དང་པོ་འདྲེན་ཚུལ།
དེ་ཡང་ཆོས་རྣམས་ངོ་བོ་ཙམ།
།བརྗོད་པ་རྣམ་དབྱེ་དང་པོ་སྟེ།།
དཔེར་ན་བུམ་པ་ཀ་བ་བཞིན།
།གསལ་བྱེད་བོད་ཀྱི་སྐད་ལ་ཉུང༌།།
ཞེས་པས་བསྟན་ཏེ།
དེ་ཡང་རྣམ་ དབྱེ་དང་པོ་ཞེས་པ་གང་འདྲ་ཞིག་ཡིན་ཟེར་ན།
བོད་འདིར་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་སོར་མཚོན་མི་ནུས་པས་མིང་རྐྱང་དེ་
གར་རྣམ་དབྱེ་དང་པོ་ཡིན་ལ། ཆོས་རང་རང་རྣམས་ཀྱི་ངོ་བོ་ཙམ་བརྗོད་པ་དེ་རྣམ་དབྱེ་དང་པོ་སྟེ།
དཔེར་ན། བུམ་པ། ཀ་བ། ཉི་མ།
ཟླ་བ་ལྟ་བུ་ཆོས་རང་གི་ངོ་བོ་ཙམ་ལས་གཞན་མི་སྟོན་པ་བཞིན་ནོ།
།རྒྱ་གར་གྱི་སྐད་ལ་རྣམ་དབྱེ་དང་པོ་མིང་གི་མཐར་རྐྱེན་ཞིག་གིས་གསལ་བར་བྱེད་དགོས་ཀྱང༌།
དེ་འདྲ་བོད་ཀྱི་སྐད་ལ་ཉུང་བའམ་
མེད་པར་དོན་གྱི་ངོ་བོ་ཙམ་སྟོན་པ་རྣམ་དབྱེ་དང་པོ་ཞེས་བརྗོད་པ་ལས་རྐྱེན་གཞན་
ལ་ལྟོས་དགོས་པ་མ་ཡིན་ནོ།།
རྣམ་དབྱེ་གཉིས་པ་སོགས་འདྲེན་ཚུལ་བཤད་པ།
ལས་དང་བྱ་ཡུལ་དོན་གཅིག་སྟེ།
།དེ་ལྟའི་བྱ་བའི་ཡུལ་ཞིག་ལ།།
བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང༌།།
གཉིས་པའི་ནང་ཚན་དེ་ཉིད་དང༌། །བཞི་པ་དགོས་ཆེད་གསུམ་འདྲ་ཡང༌།།
བྱ་བ་བྱས་པས་བྱ་བའི་ཡུལ།
།དེ་འམ་དེ་དང་འབྲེལ་བ་ལ།།
ཕན་ཐོགས་མེད་ན་གཉིས་པ་སྟེ།
།དཔེར་ན་ཤར་དུ་འགྲོ་ལྟ་བུ།།
ཕན་ཐོགས་ཡོད་ན་བཞི་པ་སྟེ།
།དཔེར་ན་སློང་ལ་སྦྱིན་ལྟ་བུ།།
ཕན་ཐོགས་མེད་ཀྱང་བྱ་ཡུལ་དང༌། །བྱ་བ་ངོ་བོ་གཅིག་ཡིན་ན།།
གཉིས་པའི་ནང་ཚན་དེ་ཉིད་དེ།
།དཔེར་ན་ལྷ་རུ་གསལ་ལྟ་བུ།།
གང་ཞིག་གང་ལ་བརྟེན་པ་འམ།
།གནས་དང་ཡོད་པའི་དོན་ཙམ་ལས།།
བྱ་བ་གཏན་ནས་མི་བྱེད་ན།
།རྣམ་དབྱེ་བདུན་པ་གནས་གཞི་སྟེ།།
དཔེར་ན་སྟེང་དུ་མི་ཡོད་ལྟར།
།ཚེ་སྐབས་གཉིས་དང་དོན་འདྲ་ན།།
བདུན་པའི་ནང་ཚན་ཚེ་སྐབས་ཏེ།
།དཔེར་ན་མཆུ་ཟླ་ཤར་བ་ན།།
ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ།
།རྣམ་དབྱེ་གཉིས་བཞི་བདུན་པ་དང༌།།
དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ།
།སུ་ར་རུ་དུ་ན་ལ་ཏུ།།
ཡིན་ཞིང་ཕལ་ཆེར་ལ་སྒྲ་དང༌།
།མཐུན་པས་ལ་དོན་རྣམ་དབྱེའང་ཟེར།།
འོན་ཀྱང་ན་ལ་དེ་ཉིད་ལ།
།མི་འཇུག་སྨྲ་བའི་སྒོ་ལས་གསུངས།།
ཞེས་པ་ལྟར།
སྐབས་འདིར་ལས་ཞེས་པ་དང་བྱ་བའི་ཡུལ་ཞེས་པ་གཉིས་དོན་གཅིག་པ་སྟེ།
དེའང་དཔེར་ན།
སྒྲ་ལ་ཉན་ལྟ་བུའི་སྒྲ་ནི་མཉན་པར་བྱ་བའི་ཡུལ་ལམ་ལས་ཀྱང་ཡིན་ལ་མཉན་བྱའམ་བྱ་
ཡུལ་ཡང་སྒྲ་ལས་གཞན་པ་མེད་པའི་ཕྱིར་དང༌། དེ་བཞིན། དྲི་ལ་སྣོམ།
ཟློས་གར་ལ་བལྟ་ལྟ་བུ་སོགས་ལས་དང་བྱ་ཡུལ་དོན་གཅིག་པའི་རིགས་འདི་ཉུང་ཤས་ལས་
མེད་པ་ཡིན་ནོ།
།ཡང་དཔེར་ན་ཤར་ཕྱོགས་སུ་འགྲོ་ལྟ་བུའི་རྣམ་དབྱེ་གཉིས་པའི་ལ་དོན་འཇུག་ཡུལ་ཤར་
ཕྱོགས་ལྟ་བུའི་ཡུལ་དང་འགྲོ་བ་གཉིས་དོན་གཅིག་པར་ནམ་ཡང་གོ་བར་མི་བྱའོ། །དེ་ལྟའི་བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པར་སྟོན་པའམ་བྱ་བ་བྱས་ཙམ་སྟོན་པ་ལ་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཞེས་བརྗོད་པ་དང༌།
རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་དེ།
ཡུལ་གང་ལ་བྱ་བ་བྱས་ཙམ་ལ་འདྲ་ནའང་བྱ་ལས་ངོ་བོ་གཅིག་པ་ལ་དེ་ཉིད་ཅེས་བརྗོད་པ་དེ་དང༌།
རྣམ་དབྱེ་བཞི་པ་དགོས་ཆེད་གསུམ་གར།
ལ་དོན་གྱི་ཕྲད་བདུན་པོས་འཇུག་ཚུལ་ཕལ་ཆེར་འདྲ་བ་དང༌། གང་ལ་བྱ་བ་བྱས་ཙམ་གྱི་ཆ་ནས་འདྲ་བ་ཡོད་ན་ཡང༌།
ཞིབ་པར་དཔྱད་ཚེ་ཐུན་མོང་མ་ཡིན་པའི་ཁྱད་པར་རེ་ཡོད་ལ། དེ་དག་དཔེར་ན།
བྱ་བའི་ཡུལ་གང་ལ་བྱ་བ་ཞིག་བྱས་པའི་ཚིག་དེས་བྱ་བ་བྱས་པ་ཙམ་སྟོན་པ་དང༌།
བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བ་ཡི་ལས་ལ་ཕན་ཐོགས་པ་མེད་པའམ་དེའི་ཆེད་དུ་སོང་བ་མེད་ན་གཉིས་པ་སྟེ།
དཔེར་ན། ཤར་དུ་འགྲོ་དང༌། རི་རྩེ་རུ་བསྐྱོད། སྡོད་ཁང་དུ་འགྲོ་ལྟ་བུ།
འགྲོ་བ་སོགས་ཀྱིས་རྣམ་དབྱེ་སྦྱར་ཡུལ་ཤར་ཕྱོགས་སོགས་ལ་ཕན་ཐོགས་གང་ཡང་མེད་པ་
ལྟ་བུའོ། །བྱ་བའི་ཡུལ་གང་ཞིག་ལ་བྱ་བ་ཞིག་བྱས་པ་དེས།
བྱ་བའི་ཡུལ་དེ་ལ་ཕན་ཐོགས་པ་དང་ཡུལ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་ཞིག་ཡོད་ན་རྣམ་དབྱེ་བཞི་པ་སྟེ།
དཔེར་ན་སློང་ལ་སྦྱིན་ལྟ་བུ། ཡུལ་དེ་ལ་ཕན་ཐོགས་པ་དང༌།
ཟས་བཟའ་བར་དཀར་ཡོལ་འཁྱེར་ལྟ་བུ།
དཀར་ཡོལ་འཁྱེར་བ་དེས་ཟས་བཟའ་བའི་བྱ་བ་ལ་ཕན་ཐོགས་པ་ལྟ་བུ།
ཟས་དེ་དང་འབྲེལ་བའི་བཟའ་བའི་བྱ་བ་ལ་ཕན་ཐོགས་པ་སྟེ་དེ་དང་འབྲེལ་བའི་ལས་ལ་ཕན་
ཐོགས་པའོ། །ཡུལ་དང་དེ་འབྲེལ་ལས་ལ་ཕན་ཐོགས་གང་ཡང་མེད་ཀྱང༌།
རྣམ་དབྱེ་སྦྱོར་ཡུལ་བྱ་བའི་ཡུལ་དེ་དང་བྱ་བ་གཉིས་ཐ་དད་དབྱེ་རྒྱུ་མེད་པར་ངོ་བོ་གཅིག་ཏུ་གྱུར་པ་ཞིག་ཡིན་ན།
དེ་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་དེ། དཔེར་ན། ལྷ་རུ་གསལ་དང་འོད་དུ་འཚེར་ལྟ་བུ།
དེའང་ལྷ་རུ་གསལ་བར་བྱེད་པ་པོ་རང་ཉིད་དང་གསལ་བར་བྱ་རྒྱུའང་རང་ཉིད་ལྷ་ཡིན་པར་
གསལ་བ་ལས་གཞན་མེད་ལ།
དེ་ཕྱིར་གསལ་བྱ་གསལ་བྱེད་རང་ཉིད་ལས་ཐ་དད་དུ་མེད་པའི་ཕྱིར་དེ་ཉིད་ཅེས་བརྗོད་
པ་ཡིན་ནོ། །བྱ་བ་དང་དངོས་པོ་གང་ཞིག་ཡིན་རུང༌། བརྟེན་ཆོས་གང་ཞིག་རྟེན་གང་ལ་བརྟེན་པའམ།
དེར་གནས་པ་དང་ཡོད་པ་སྟོན་པའི་དོན་ཙམ་ལས་བྱ་བ་གཏན་ནས་མི་བྱེད་པའམ།
བྱ་བ་བྱས་པ་གཙོ་བོར་མི་སྟོན་པ་ཞིག་ཡིན་ན། དེ་ནི་རྣམ་དབྱེ་བདུན་པ་གནས་གཞི་སྟེ།
དཔེར་ན། སྟེང་དུ་མི་ཡོད་ལྟར་དང༌། ལྷ་ས་རུ་པོ་
ཏཱ་ལ་ཡོད་ལྟ་བུའོ།
།བྱ་བ་གཏན་ནས་མི་བྱེད་ཅེས་པས་ལ་དོན་གྱི་འོག་ཏུ་བྱ་ཚིག་ཙམ་ཡང་ཡོད་མི་འོས་པ་
ག་ལ་ཡིན་ཏེ། དཔེར་ན། སི་ཏུས། གཡུལ་དུ་བསད་དང༌། པྲ་ཏིས། རབ་གསལ་དུ་དཔོན་པོ་བཞུགས།
ལྟ་བུ་བྱ་ཚིག་ཅན་གྱི་བདུན་པ་མང་དུ་ཡོད་དོ།
།དེས་ན་བྱ་བ་བྱས་པ་གཙོ་བོར་མི་སྟོན་པར་གནས་དང་ཡོད་པའི་དོན་གཙོ་བོར་སྟོན་པ་
ཞིག་ལ་གོ་དགོས། །ལ་དོན་གང་རུང་ཞུགས་པའི་ཚིག་དེས་ཚེ་ཞེས་པ་དང་སྐབས་ཞེས་པ་གཉིས་དང་དོན་འདྲ་བ་ཞིག་སྟོན་ན།
རྣམ་དབྱེ་བདུན་པའི་ནང་ཚན་ནམ་བདུན་པ་ཉིད་དུས་སྟོན་པ་ལ་གཙོ་བོར་འཇུག་པ་ཚེ་སྐབས་ཞེས་བརྗོད་པ་ཡིན་ཏེ།
དཔེར་ན། མཆུ་ཟླ་ཤར་བ་ན་ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ་དང༌།
ཞག་བདུན་ན་ཆར་འབབ། ལྟ་བུ་དེ་འདྲའི་ལ་དོན་གྱི་རྐྱེན་ན་སྒྲ་དེས་མཆུ་ཟླ་ཤར་བའི་ཚེ་ཞེས་པ་དང་མཆུ་ཟླ་ཤར་སྐབས་ཞེས་པ་དང༌།
དོན་མཚུངས་པར་སྟོན་པས་དེ་ལ་ཚེ་སྐབས་ཞེས་བརྗོད་པ་ཡིན་ནོ། །རྣམ་དབྱེ་གཉིས་པ་དང༌།
བཞི་པ། བདུན་པ་དང་། དེ་ཉིད་ཚེ་སྐབས་དག་གསལ་བར་བྱེད་པའི་རྐྱེན་ནམ་སྒྲ།
སུ་ར་རུ་དུ་ན་ལ་ཏུ་བཅས་ཡིན་ཞིང༌། དེ་དག་ཕལ་ཆེར་ལ་སྒྲ་དང་འཇུག་པ་མཐུན་པས་ན་དེ་དག་ལ།
ལ་དོན་གྱི་རྣམ་དབྱེའང་ཟེར་བ་སྟེ་མིང་དེ་ལྟར་བརྗོད། འོན་ཀྱང་དམིགས་བསལ་དུ་ན་དང་ལ་གཉིས་དེ་ཉིད་ལ་མི་འཇུག་པར་སྨྲ་བའི་སྒོ་ལས་ཞེས་
པ་སྟེ། པཎྜི་ཏ་སྨྲྀ་ཏིས་མཛད་པའི། སྨྲ་སྒོ་མཚོན་ཆ་ཞེས་པའི་གཞུང་ལས།
དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་པ་ཡིན།། ཞེས་དུ་ལ་སོགས་པ་དེ་ཉིད་ལ་ལྷག་པར་འཇུག་པ་ལས་ན་དང་ལ་མི་འཇུག་པར་གསུངས་པའི་
ཕྱིར་རོ།།
དེའང་དཔེར་ན་ལྷ་རུ་གསལ་དང་འོད་དུ་འཚེར་ལྷ་བུ་ལ།
ལྷ་ལ་གསལ་འོད་ན་འཚེར་ལྟ་བུ་སྦྱར་ཚེ།
ལྷ་དེ་ལ་གསལ་བའི་བྱ་བ་ཞིག་བྱེད་པོ་གཞན་ཞིག་གིས་བྱས་པ་ལྟ་བུའི།
བརྗོད་ཚུལ་ཙམ་ལ་བྱ་བྱེད་ཐ་དད་དུ་གསལ་བའམ་སྟོན་པའི་སྒྲ་ཡིན་པའི་ཕྱིར།
ན་ལ་གཉིས་དེ་ཉིད་དུ་བརྗོད་མི་བདེ་བ་དང་འཇུག་པར་དཀའ་བའི་རྒྱུ་མཚན་གྱིས།
སྨྲ་སྒོ་དང་སི་ཏུའི་འགྲེལ་ཆེན་སོགས་གཞུང་ཚད་ལྡན་དག་ལས་ཀྱང་མི་འཇུག་པར་ གསུངས་པའང་དོན་དེ་ལ་དགོངས་པར་སྣང་ངོ༌།།
ཨི་ལྡན་གྱི་རྣམ་དབྱེ་འདྲེན་ཚུལ་བཤད་པ།
རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས།
།ཉེ་འགྱངས་གང་དུ་བྱ་བ་ཞིག།
བྱས་ན་གསུམ་པ་བྱེད་སྒྲ་སྟེ།
།དཔེར་ན་བདག་གིས་བཤད་ལྟ་བུ།།
བྱ་བ་གཏན་ནས་མི་བྱེད་པར།
།སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན།།
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ།
།དཔེར་ན་བདག་གི་མིག་ལྟ་བུ།།
རྣམ་དབྱེ་གསུམ་དྲུག་གསལ་བྱེད་སྒྲ། །ས་མཐའ་ཡོད་དང་མེད་པ་ཡི།།
གི་ཀྱི་གྱི་འི་ཡི་ལྔ་ཡིན།།
ཞེས་པས་བསྟན་ལ།
རྣམ་དབྱེའི་རྐྱེན་ནམ་ཕྲད་གིས་ཀྱིས་གྱིས་འིས་ཡིས་རྣམས་གང་ལ་སྦྱོར་ཡུལ་མིང་ཚིག་གང་དེས།
ཉེ་འགྱངས་གང་རུང་དུ་བྱ་བ་ཞིག་བྱས་པའམ་བྱེད་པ་ཞིག་སྟོན་ན་དེ་ནི་རྣམ་དབྱེ་གསུམ་པ་བྱེད་པའི་སྒྲ་སྟེ།
དཔེར་ན། བདག་གིས་བཤད། ཁྱེད་ཀྱིས་གསོན། མིག་གིས་བལྟས། ལྟ་བུ་ཉེ་
བའི་བྱ་བ་སྟེ་ཚིག་གཞན་གྱིས་བར་མ་ཆོད་པ་དང༌།
སློབ་དཔོན་གྱིས་མདོ་སྨད་གསེར་ལྗོངས་བླ་རུང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་
ཉེ་འདབས་ཤིག་ནས་སློབ་མའི་ཚོགས་ལ་རྒྱུན་དུ་དཔེ་ཁྲིད་གནང༌།
ལྟ་བུ་ཅུང་འགྱངས་སར་བྱ་བ་བྱས་པ་དང༌། ཡང་རྣམ་དབྱེའི་རྐྱེན་དེ་དག་སྦྱར་ཡུལ་དེས་བྱ་བ་གཏན་ནས་མི་བྱེད་པར།
འབྲེལ་གཞི་དང་འབྲེལ་ཆོས་སོགས་ཀྱི་མིང་ཚིག་སྔ་ཕྱི་འབྲེལ་བར་བྱེད་པ་ཙམ་སྟོན་པ་ན།
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། དཔེར་ན་བདག་གི་མིག ཤིང་གི་ཡལ་ག
བྲག་སྟེང་གི་བྱ། བདག་གི་དཔེ་ཆ། ཁྱེད་ཀྱི་བུམ་པ། ལྟ་བུའོ། །རྣམ་དབྱེ་གསུམ་པ་དང་རྣམ་དབྱེ་དྲུག་པ་གསལ་བྱེད་ཀྱི་སྒྲའམ།
རྣམ་དབྱེའི་རྐྱེན་ནི་ཀྱིས་སོགས་ས་མཐའ་ཡོད་པ་རྣམས་རྣམ་དབྱེ་གསུམ་པའི་རྐྱེན་དང༌།
མེད་པ་ཡི་རྣམ་དབྱེ་དྲུག་པའི་རྐྱེན་རྣམས་ནི། གི་ཀྱི་གྱི་འི་ཡི་ལྔ་པོ་དེ་ཡིན་ནོ།།
རྣམ་དབྱེ་ལྔ་བ་འདྲེན་ཚུལ།
གང་ཞིག་གང་ལས་བྱུང་བ་འམ།
།བྱེ་དང་ལྷུང་བའི་དོན་ལྡན་ན།།
རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། །དཔེར་ན་ཞལ་ནས་ཐོས་ལྟ་བུ།།
གསལ་བྱེད་སྒྲ་ནི་ནས་ལས་ཏེ།
།དགར་དང་སྡུད་པའང་ལྔ་པར་གཏོགས།།
ཞེས་པས་བསྟན་ལ།
ནས་ལས་ཀྱི་ཕྲད་གཉིས་ནི། བྱ་བ་དང་དངོས་པོ་སོགས་ཀྱི་བྲལ་ཆོས་གང་ཞིག་འབྱུང་ཁུངས་སམ་བྲལ་གཞི་གང་ལས་བྱུང་བའམ།
སོ་སོར་བྱེ་བ་དང་ལྷུང་པའི་དོན་ལྡན་པ་ཞིག་སྟོན་ན། དེ་ནི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཡིན་ཏེ།
དཔེར་ན། ཞལ་ནས་ཐོས། བ་ལས་འོ་མ། ས་འོག་ནས་གཏེར་རྡོ། ལྟ་བུ་འབྱུང་ཁུངས་དངོས་ཏེ་དེ་གསལ་བར་བྱེད་པའི་སྒྲ་ནི་ནས་དང་ལས་གཉིས་ཅི་བདེར་སྦྱར་བས་འཐུས་ཏེ།
ཡང་གང་ཞིག་གང་ལས་བྱུང་བ་དང་བྱེ་བའི་དོན་གཉིས་ཀ་དང་མི་ལྡན་པ་འབྱུང་ཁུངས་ཆ་ འདྲ་སྟེ།
དཔེར་ན། གཡང་ལས་ལྷུང༌།
ལྟ་བུ་ལ་བྱེ་བའི་དོན་ལྡན་ཡང་བྱུང་བའི་དོན་ལྡན་པ་མ་ཡིན་པ་དང༌།
ས་བོན་ལས་མྱུ་གུ་ལྟ་བུ་ལ་བྱུང་བའི་དོན་ཙམ་ལྡན་ཡང་བྱེ་བའི་དོན་མི་ལྡན་པས་ཆ་འདྲ་བའོ།།
དེ་བཞིན་ཕྲད་དེ་གཉིས་འཇུག་ཡུལ་དགར་བ་སྟེ། དཔེར་ན། བྱ་ཡི་ནང་ནས་ཁྱུང་ཆེན།
དངུལ་ལས་གསེར་ལྕི་ལྟ་བུ་དང༵༌། སྡུད་པ་སྟེ། མདོ་སྨད་ནས་ལྷ་སའི་བར།
གསུམ་ནས་ལྔའི་བར། ལྟ་བུ་སྡུད་པའང་རྣམ་དབྱེ་ལྔ་པར་གཏོགས་སོ།།
ཚིག་ཕྲད་སོགས་འདྲེན་ཚུལ།
གཞན་ཡང་ཚིག་དོན་གོང་འོག་ཏུ།
།བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ།།
དང་དང་ཀྱང་ཡང་འང་སོགས་སྦྱོར།
།རྣམ་གྲངས་དུ་མས་དོན་བསྐྱར་ན།།
འབྱེད་སྡུད་སྒྲ་འཇུག་དགག་པ་དང༌། །བདག་དོན་ཡོད་ན་ཐོག་མཐའ་རུ།།
པ་སྡེའི་རྟགས་རྣམས་ཅི་རིགས་འཇུག །
རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང༌།།
དོན་ལ་བསྙེགས་པ་ཡོད་ན་སྦྱོར།
།དེ་བཞིན་བསྟན་བྱ་ལྷག་ཡོད་ན།།
ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི།
།རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར།།
ཞེས་པ་ལྟར།
གཞན་ཡང་ཚིག་དོན་གོང་འོག་ཀུན་ཏུ་བསྡུ་རྒྱུ་ཡོད་པ་ཞིག་ཡིན་ན་སྡུད་པའི་སྒྲ་དང་དང༌།
ཀྱང་ཡང་འང་དང་གམ་སོགས་ཕྲད་བཅུ་གཅིག་རྣམས་སྦྱོར་དགོས་ ཏེ།
དཔེར་ན། སྒྲ་དང༌། ཚད་མ་དང༌། བཟོ་དང༌། གསོ་བ་དང༌།
ནང་དོན་རིག་པ་བཅས་ནི་རིག་གནས་ལྔའོ། །ལྟ་བུ་དང༌། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ།
རེག་བྱ་རྣམས་ནི་ལྟ་བུ་གམ་སོགས་ཀྱིས་སྡུད་པ་དང༌། ཡོན་ཏན་མེད་ཀྱང་ཕན་སེམས་ཆེ།
དཔོན་པོ་མིན་ཡང་སེམས་སྟོབས་ཆེ། ལྟ་བུ་སོགས་སོ། །ཚིག་དོན་སོགས་རྣམ་གྲངས་དུ་མས་དོན་གཅིག་ཡང་བསྐྱར་དུ་བརྗོད་ན་འབྱེད་སྡུད་ཀྱི་སྒྲ་སོགས་འཇུག་ལ།
དཔེར་ན། རྟ་བདུན་དབང་པོ་འམ། རྟ་ལྗང་ཅན་ནམ། སྣང་བྱེད་དམ། འོད་ཟེར་བརྒྱ་པ་རྣམས་ནི་ཉི་མའི་མིང་ངོ་ལྟ་བུ་དང༌།
ཡང་གསུངས་པ། ཡང་ནས་ཡང༌། སླར་ཡང་། ལྟ་བུའོ། །དེ་བཞིན་དགག་པའི་དོན་ཅན་དང་བདག་པོའི་དོན་སྟོན་པ་ཅན་ཡོད་ན།
མིང་ཚིག་དེ་དག་གི་ཐོག་མ་དང་མཐའ་མ་རུ་པ་སྡེའི་རྟགས་ཅན་ནམ་སྡེ་བ་བཞི་པ་པ་སྡེའི་ཡི་གེ་ཅི་རིགས་པ་འཇུག་སྟེ།
དཔེར་ན། མ་ཡིན་ནོ། །མི་མཛའ། གཟུགས་མེད། ཡོད་པ་མིན་ལྟ་བུ་དགག་སྒྲ་དང༌། གསེར་པ།
རྟ་པ། སྒྲུབ་པ་པོ། ཁ་ལོ་བ། གཏོང་བ་བོ། ཇ་མ། བཙུན་མོ། རིག་པ་ཅན།
ཤེས་ལྡན་ལྟ་བུ་བདག་སྒྲའི་དོན་ཅན་སོགས་ལ་སྦྱར་བར་བྱའོ།
།མཐུན་མི་མཐུན་སོགས་ཀྱི་ཚིག་གི་རྒྱན་དུ་གྱུར་པའི་ཚིག་ཕྲད་ཀྱང་ཡང་འང་གསུམ་སོགས་ཀྱང་ངེས་པར་དོན་ལ་བསྙེགས་པ་ཡོད་ན་སྟེ།
ཕན་པ་དང་དགོས་པ་ཡོད་ན་སྦྱོར་དགོས་པ་ཡིན་ཏེ། དཔེར་ན། མཐུན་ཡང་མཐུན།
སོན་བཏབ་ཀྱང་མ་སྐྱེ་ལྟ་བུ་སྔ་ཕྱི་ཚིག་གི་རྒྱན་དུ་འཇུག་པའོ། །དེ་བཞིན་དུ་ད་དུང་དེ་མ་ཐག་ཏུ་བསྟན་པར་བྱ་རྒྱུའི་ཚིག་དོན་ལྷག་མ་ཡོད་ན།
སྔ་མ་ལ་ལྷག་བཅས་ཀྱི་སྒྲ་ཏེ་དེ་སྟེ་གསུམ་སོགས་སྦྱོར་དགོས་ཏེ།
དཔེར་ན། མནན་ཏེ་བཞག བློ་གཏད་དེ་ཕྱིན། བཅག་སྟེ་དོར་ལྟ་བུ་ལྷག་བཅས་ལ་འཇུག་པའོ།
།མིང་དང་ཚིག་གི་དོན་ནི་དེ་ཉིད་ཀྱི་འཕྲོ་དེ་མ་ཐག་ཏུ་རང་གི་བསྟན་བྱ་མེད་པར་རྫོགས་པ་ཡིན་ན།
སླར་བསྡུའི་སྒྲ་གོ་སོགས་མིང་ཚིག་གི་མཐའ་རྣམས་སུ་སྦྱོར་དགོས་
ཏེ། དཔེར་ན། མཆོག་གོ ། བདག་སོང་ངོ༌། །དེ་ཡོད་དོ། །ལྟ་བུ་རྫོགས་ཚིག་ལ་འཇུག་པའོ།།
བཞི་པ།
རྗེས་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ།
དགོས་པ་ཅི་ཕྱིར་འཇུག་ཅེ་ན།
།མོ་ཡིག་དབྱངས་དང་མི་ལྡན་ན།།
ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།
།དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ།།
ཕོ་ཡིག་དབྱངས་ལྡན་དེ་དག་ལའང༌།
།རྗེས་འཇུག་བཅུ་པོ་མ་ཞུགས་ན།།
དོན་གྱི་ངོ་བོ་ཙམ་སྟོན་པའི།
།མིང་དང་དོན་གྱི་ཁྱད་པར་རྣམས།།
སྟོན་པའི་ཚིག་དང་དོན་ལྡན་པའི།
།ངག་གི་བརྗོད་པ་ཡོད་མིན་ཏེ།།
ཡི་གེའི་ཁོངས་ནས་མིང་དབྱུང་ཞིང༌།
།མིང་གི་ཁོངས་ནས་ཚིག་ཕྱུང་ནས།།
ཚིག་གིས་དོན་རྣམས་སྟོན་པས་སོ།།
ཞེས་པས་བསྟན་ཏེ།
རྗེས་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་ཅེ་ན།
སྤྱིར་དབྱངས་མོ་དང་གསལ་བྱེད་ཕོ་ཡིན་པའི་ཕྱིར་ན། མོ་ཡིག་གི་དབྱངས་དང་མི་ལྡན་པའམ་མེད་པར་གྱུར་ན།
ཕོ་ཡིག་ཁོ་ནའི་བརྗོད་དོན་མཐའ་དག་སྟོན་མི་ནུས་པ་དང༌། ཕོ་ཡིག་གི་གསལ་བྱེད་སུམ་ཅུ་པོ་རྣམས་ཀྱང་ཨའི་སྒྲ་དང་མི་ལྡན་པར་བརྗོད་ཙམ་ཡང་མི་ནུས་ལ།
དེའི་ཕྱིར་བོད་རང་ལའང་ཨ་དང་བཅས་དབྱངས་ལྔར་བཞེད་པའང་བདེ་བ་ལས་འགལ་བ་ཅུང་ཟད་ཙམ་ཡང་མེད་པར་སྣང་ངོ་ཞེས་གསུངས་པའོ།
།ཕོ་ཡིག་རྣམས་དབྱངས་གང་རུང་རེ་དང་ལྡན་པར་གྱུར་པ་དེ་དག་ལའང༌།
རྗེས་འཇུག་བཅུ་པོ་གང་རུང་ཞིག་མ་ཞུགས་ན་ཕོ་ཡིག་དབྱངས་ལྡན་རྐྱང་པས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌།
དོན་གྱི་ཁྱད་པར་རྣམས་སྟོན་པའི་ཚིག་དང༌། དོན་དང་ལྡན་པའི་བརྗོད་པ་བཅས་ངག་གི་བརྗོད་པ་མཐའ་དག་ལས་གཅིག་ཀྱང་ཡོང་བའམ་ཡོད་པ་མིན་ཏེ།
དཔེར་ན། ཀ སྒོ། ཅི། འདྲ།
ལྟ་བུ་རྣམས་ཀྱང་རྗེས་འཇུག་འ་ཡིག་རེ་མ་ཞུགས་པར་དོན་གང་ཡང་མི་སྟོན་པ་ལྟ་བུའོ།
།དེ་ཕྱིར་ཡི་གེ་གཉིས་ཡན་ཆད་ཅིག་འདུས་པ་དེའི་ཁོངས་ནས་དོན་གྱི་ངོ་བོ་སྟོན་པའི་མིང་གྲུབ་པའམ་མིང་དབྱུང་བར་བྱ་ཞིང༌།
དཔེར་ན། བརྡ། སྐད། རང༌། གཞན། ལྟ་བུ་དང༌། མིང་གི་ཡི་གེ་གཉིས་ཡན་ཆད་ཅིག་འདུས་པ་དེའི་ཁོངས་ནས།
དོན་གྱི་ཁྱད་པར་སྟོན་པའི་ཚིག་ཕྱུང་ནས་ཞེས་མིང་ལས་ཚིག་གྲུབ་པ་ཡིན་ཏེ།
དཔེར་ན། ཀ་བ་ཟུར་བརྒྱད་པ་ཅན། གསེར་གྱི་བུམ་པ་སྐེ་རིང༌། ལྟ་བུའོ། །ཚིག་དེ་དག་གིས་དོན་རྣམས་སྟོན་པ་ཡིན་ཏེ།
ཚིག་གཉིས་ཡན་ཆད་ཅིག་འདུས་པའི་བརྗོད་པ་དེས་སྐབས་བབ་བསྟན་བྱའི་དོན་དེ།
རྒྱས་བསྡུས་ཅི་རིགས་པར་བསྟན་ནས་དོན་རྣམས་གསལ་བར་བྱེད་པའམ་སྟོན་པར་བྱེད་པས་སོ།།
གསུམ་པ།
མཇུག་གི་དོན། ཡི་གེའི་འཇུག་པ་སྤྱིའི་དགོས་པ་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་དགོས་པ་གཉིས་ལས།
དང་པོ། ཡི་གེའི་འཇུག་པ་སྤྱིའི་དགོས་པ་སོགས་བཤད་པ།
མིང་ཚིག་བརྗོད་པ་མེད་ན་ནི།
།མཐུན་མོང་མཐུན་མོང་མ་ཡིན་པའི།།
ཤེས་བྱ་སྟོན་པའང་མེད་པར་འགྱུར། །དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།
རྗེས་སུ་འབྲངས་ནས་གསུངས་པ་འདི། །སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག།
དེ་ལྟར་མིང་དང་ཚིག་བརྗོད་པ་མཐའ་དག་མེད་ན་ནི་འཇིག་རྟེན་འདིར་དོན་མཚོན་པའི་བརྗོད་པ་སྟེ།
ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས། དེ་ལ་ལྟོས་པའི་འཇིག་རྟེན་པ་དང་མཐུན་མོང་བའི་བཟོ་རྩིས་དང་སྙན་ངག་སོགས་རིག་བྱེད་སྨྲ་བ་རྣམས་ཀྱང་ཡོད་པར་མི་འགྱུར་ཞིང༌།
མཐུན་མོང་མ་ཡིན་པ་འཇིག་རྟེན་ལས་འདས་པར་འཇུག་པའི་ཤེས་བྱ་ཉན་ཐོས་རང་རྒྱལ་དང༌།
རྫོགས་པའི་སངས་རྒྱས་ཀྱི་བསླབ་པ་རྣམས་ཀྱི་དོན་སྨྲ་ཞིང་སྟོན་པའང་མེད་པར་འགྱུར་བ་དེའི་ཕྱིར།
ཐུ་མི་སམ་བྷོ་ཊས་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་དབང་པཎྜི་ཏ་ལྷ་རིག་པའི་སེངྒེ་དང་བྲམ་ཟེ་ལི་བི་ཀ་ར།
ཡིག་མཁན་བདེ་བྱེད་དགའ་བ་སོགས་མཁས་པ་རྣམས་དང༌།
སྒྲ་ཀ་ཙན་དབྱངས་སོགས་སྒྲ་རིག་པའི་བསྟན་བཅོས་རྣམས་ཀྱི་རྗེས་སུ་འབྲང་ནས་བོད་འདིར་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་སོགས་མཛད་པ་དེ་དག་ལས་སུམ་ཅུ་པ་དང་རྟགས་འཇུག་གི་གཞུང་དེ་དག་ལ་བརྟེན་ནས་གསུངས་པའི་རྟགས་འཇུག་གི་སྙིང་དོན་གསལ་བོར་བྱེད་པའི་བསྟན་བཅོས་འདི་སྐྱེ་བོ་མཆོག་དམན་ཀུན་ཀྱིས་འདིས་དོན་ཚུལ་བཞིན་དུ་རྟོགས་པར་གྱུར་ཅིག
གཉིས་
པ། བརྡ་སྤྲོད་པའི་བསྟན་བཅོས་ཀྱི་དགོས་པ་སོགས་བཤད་པ།
ཚིག་གི་སྒྲ་ཙམ་འདྲ་ན་ཡང༌།
།དོན་ལ་ཁྱད་པར་ཤིན་ཏུ་ཆེ།།
དེ་ཕྱིར་བརྡ་དག་ལ་བརྟེན་ནས།
།མ་ནོར་དོན་རྣམས་འཚོལ་བ་གཅེས།།
དོན་ལ་མི་རྨོངས་རྨོངས་པ་ཡང༌།
།ལུགས་འདིར་མཁས་མིན་གྱིས་བྱེད་དེ།།
སྒྲ་ཤེས་དོན་ལ་མི་རྨོངས་ཞེས།
།མཁས་པའི་གསུང་ལ་ཡོངས་སུ་གྲགས།།
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས།
།འཆད་རྩོད་རྩོམ་པའི་གྲལ་འཇུག་ན།།
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན།
།ནམ་ཞིག་རྗེས་ངན་གསལ་བར་འགྱུར།།
དེ་ཕྱིར་བློ་གསལ་དོན་གཉེར་རྣམས། །རྟགས་འཇུག་དཀའ་གནད་གཟུགས་བརྙན་ཀུན།།
གསལ་བར་འཆར་བའི་མེ་ལོང་འདི།
།ལ་འུར་གཟིགས་མོར་སྤྱོན་དང་ཀྱེ།།
འདི་ལ་ནོངས་པའི་ཚོགས་མཆིས་ན། །གཟུར་གནས་མཁས་པའི་སྤྱན་སྔར་འཆགས།།
ཅུང་ཟད་འབད་ལས་ཐོབ་པའི་དགེས།
།ཀུན་གྱིས་འདི་དོན་རྟོགས་པར་ཤོག།
ཅེས་པས་བསྟན་ཏེ།
དེའང་དཔེར་ན། རྟགས་མཚན་དང༌། རྟག་པ གཉིས་ཀྱི་རྟག་ཞེས་པའི་སྒྲ་འདྲ་བ་ཙམ་དང༌།
སྤྱན་གྱིས་གཟིགས་དང་སྟག་གཟིག་དང༌། ཁོངས་གཏོགས་དང་དོན་རྟོགས་སོགས་ཚིག་གི་སྒྲ་ཙམ་ཞིག་འདྲ་བ་ཡོད་ནའང༌།
དོན་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན།
སྡང་བའི་སྒྲ་ཞེས་བྲིས་ན་མཉན་བྱའི་སྒྲ་སྡང་བ་ལྟ་བུ་ལས། སྡང་དགྲ་ལ་གོ་བར་མི་འགྱུར་བས།
མཉན་བྱའི་སྒྲ་དང་སྡང་བའི་དགྲ་ཞེས་སོ་སོར་མ་ནོར་བར་འབྲི་དགོས་པ་ཡིན་ཏེ་དོན་
གྱི་ཁྱད་པར་ཚིག་གི་ནུས་པ་ལ་བརྟེན་པའི་ཕྱིར། ཁྱད་པར་མང་དུ་ཡོད་པས་དེ་ཕྱིར་སུམ་རྟགས་དག་གསུམ་སོགས་བརྡ་དག་རྣམས་ལ་ལེགས་པར་བརྟེན་པའམ་སྦྱངས་བར་བྱས་ནས།
བརྡ་སྐད་ཐམས་ཅད་ཀྱི་སྦྱོར་བ་མ་ནོར་བའི་དོན་ཡང་དག་པ་རྣམས་ལེགས་པར་འཚོལ་བ་ནི་ཤིན་ཏུ་གཅེས་སོ་ཞེས་གསུངས།
སྒྲ་ཤེས་པའམ་བརྡ་སྤྲོད་པའི་བསྟན་བཅོས་ཤེས་ན་དོན་ལ་མི་རྨོངས་བར་འགྱུར་བ་དང༌།
དོན་ལ་རྨོངས་པའི་སྐྱེ་བོ་ཡང་བརྡ་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་ལུགས་འདིར་མཁས་པ་མིན་པའི་རྐྱེན་གྱིས་བྱེད་པ་དེའམ།
བརྡ་དག་པར་སྦྱོར་བའི་ལུགས་འདིར་མཁས་དང་མི་མཁས་པས་སྐྱེ་བོ་ཀུན་ཀྱང་རྨོངས་དང་
མི་རྨོངས་པའི་ཁྱད་པར་འབྱེད་པའང་སུམ་རྟགས་མ་ཤེས་པས་ལན་པ་ཡིན་ནོ། །སྤྱིར་སྒྲ་རིག་པའི་བསྟན་བཅོས་འདི་ཤེས་ན་དོན་གང་དང་གང་ལ་མི་རྨོངས་པའམ་རྨོངས་པར་མི་འགྱུར་ཞེས།
སྔོན་བྱོན་མཁས་པའི་གསུང་ལ་ཡོངས་སུ་གྲགས་པའི་ཕྱིར་རོ།
།གལ་ཏེ་སྒྲ་རིག་པའི་བསྟན་བཅོས་འདི་དག་ལ་ཐོག་མར་མ་སྦྱངས་བར་རྨོངས་པ་རྣམས་ཀྱི་བློས་དཔག་ཚོད་ཀྱིས།
གཞུང་འཆད་པ་དང་རྩོད་པ་རྩོམ་པའི་ཚོགས་གྲལ་དུ་འཇུག་པ་ན།
དེ་ནི། དཔེར་ན། ཝ་སྐྱེས་དེ་སྔོན་ཝ་རྒན་པོ་ཞིག་གིས་སེང་གེའི་པགས་པ་གྱོན་པའམ་
ཚོན་གྱིས་བསྒྱུར་བའི་ཝ་མོ་དེས་རྫུན་གྱིས།
སྐབས་ཞིག་རི་དྭགས་རྣམས་ཀྱིས་རྒྱལ་པོར་བཀུར་ཀྱང༌།
ནམ་ཞིག་ཝ་ཡིན་པར་ཤེས་ནས་རང་གི་སྲོག་ཀྱང་འདོར་དགོས་བྱུང་བ་བཞིན་དུ།
རེ་ཞིག་འཆད་རྩོད་རྩོམ་པའི་གྲལ་དུ་ཞུགས་ཀྱང་ནམ་ཞིག་བརྡ་དག་པའི་བསྟན་བཅོས་མི་ཤེས་པའི་རྗེས་ངན་ནམ་སྐྱོན་དེ་གསལ་བར་འགྱུར་བ་ཡིན་ནོ།
།དེ་ཕྱིར་བློ་གསལ་ལ་བརྡ་སྤྲོད་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས་རྟགས་འཇུག་གི་དཀའ་གནད་ཀྱི་གཟུགས་བརྙན་ཀུན་གསལ་བར་འཆར་བའི་གཞུང་མེ་ལོང་ལྟ་བུ་འདིར།
མྱུར་མོར་ཏེ་ལ་འུར་གཟིགས་མོར་བྱོན་པར་གྱིས་དང་ཀྱེ་བློ་གསལ་དོན་གཉེར་དང་ལྡན་པ་རྣམས།
ཞེས་སློབ་གཉེར་ནན་ཏན་བྱེད་པར་བསྐུལ་མ་གནང་བའོ། །རྟགས་ཀྱི་འཇུག་པའི་གཞུང་འདི་ལ་ནོངས་པའམ་ནོར་འཁྲུལ་ཉེས་པའི་ཚོགས་ཅི་ཞིག་མཆིས་ནའམ་ཡོད་པ་རྣམས་ཀྱང༌།
བློ་གཟུར་གནས་མཁས་པའི་སྤྱན་སྔར་འཆགས་པའམ་བཤག་པར་བྱེད་དོ། །གཞུང་འདི་ལ་ཅུང་ཟད་འབད་པ་ལས་ཐོབ་པའི་དགེས་སམ་དགེ་བ་དེས།
གངས་ཅན་ཀྱི་སྐྱེ་བོ་ཀུན་གྱིས་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདིའི་དོན་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་ཐོབ་པར་ཤོག་ཅིག
ཅེས་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་
ལོང་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་རྗེས་དྲུང་སངས་རྒྱས་རྒྱ་མཚོ་དང་དོན་གྲུབ་ཕུན་ཚོགས་གཉིས་ཀྱིས་དགོས་ཚུལ་ལྟར།
མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དངུལ་ཆུ་ཆོས་བཟང་དཔལ་
བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྦྱར་བའོ།།
ཞེས་པའོ།།
དེ་ལྟར་རྟགས་འཇུག་གི་དོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་གི་ཚིག་དོན་གྱི་ཆ་རྣམས་རང་བློས་གང་དཔོག་ཙམ་རེ་ཞིག་བཤད་ཟིན་ཏོ།།
།།
སླར་སྨྲས་པ།
མཐའ་བྲལ་ཆོས་དབྱིངས་ཀུན་ཁྱབ་ལྷ་ལམ་གྱི་དབྱིངས་སུ།
།སྒྱུ་འཕྲུལ་སྟངས་སྟབས་རྩེན་པའི་ངེས་དོན་གྱི་ཟླ་གཞོན། །མིང་ཚིག་ཡི་གེའི་སྦྱོར་བའི་གཤོག་ཟུང་ལ་བརྟེན་དང༌།།འོད་དཀར་ཟེགས་མ་སྙིང་གི་གདུང་སེལ་དུ་ལེན་ཆོག
།རིག་གཞུང་རླབས་ཕྲེང་འཛུམ་པའི་ཆུ་གཏེར་གྱི་ཀློང་ནས། །བཅུ་ཕྲག་རིན་ཆེན་ཁུར་བའི་མཁས་དབང་གི་གྲལ་དུ།
།རྣམ་དཔྱོད་གོམ་སྟབས་སྒྱུར་བའི་དཔའ་ཉམས་ཞིག་ལྡན་ན།།བརྡ་དག་གྲུ་ལ་མ་བརྟེན་བགྲོད་ཐབས་ནི་མི་འདུག
།གྲགས་པ་བླ་ན་འབར་པའི་ཁང་བཟང་གི་དབུས་སུ། །ཡོན་ཏན་བྱེ་བའི་མཛོད་ཅིག་རྒྱང་རིང་ན་བཀྲ་ཡང༌།
།ཐ་སྙད་སྦྱོར་བའི་ཐེམ་སྐས་རང་ལག་ཏུ་མེད་ན། །མཁས་པའི་ཁང་བཟང་རྩེ་མོར་འཛེག་འདོད་ཅིག་མ་སྐྱེ།
།ངག་རིག་སྨྲ་བའི་ཡིད་དབང་ཀུ་མུད་ཀྱི་འདབ་བརྒྱ། །ཅིག་ཅར་བཞད་པའི་སྙན་ངག་དཔག་བསམ་གྱི་ལྗོན་པ།
།བརྡ་སྤྲོད་རིག་པའི་རྒྱ་མཚོ་བསྲུབས་པ་ཞིག་མེད་ན། །སྐྱིད་ཉལ་ལོ་ཟླའི་ཀློང་ནས་འཆར་བ་ནི་མ་ལགས། །མཁས་རློམ་སྙེམས་པའི་ཁྲི་ལ་བག་ཕེབས་སུ་འགྱིངས་ནས། །ཐ་སྙད་ཡིག་སྡེབ་ཙམ་ལ་བློ་མིག་དང་བྲལ་བཞིན། །འཆད་ཉན་བྱིས་པའི་ཟློས་གར་སྒྱུར་བ་ལ་བལྟས་ན། །ལུང་ལ་མ་བརྟེན་རྟོགས་པའི་བསྟན་པ་ཞིག་རྙེད་སྐད། །བློ་གསལ་བློ་ཡི་ལང་ཚོ་དབྱར་གསུམ་གྱི་མེ་ཏོག །མི་བཟད་ལེ་ལོའི་སད་ཀྱིས་འཇོམས་པ་ལ་ཉེ་བས། །གུས་རྟག་བརྩོན་པ་གཉིས་ཀྱི་ར་བ་རུ་ཕེབས་དང༌། །ལེགས་བཤད་ཉི་མའི་འོད་འདིས་ལ་འུར་དུ་སྲུང་ཆོག །གཏིང་ཟབ་རྟོགས་དཀའ་བརྡ་སྤྲོད་རིག་པ་ཡི་གཞུང་ལུགས། །གང་འདིར་བློ་དམན་བདག་གིས་མ་རྟོགས་པའི་འཁྲུལ་བ། །མཁྱེན་ལྡན་མཁས་དབང་རྣམས་ཀྱིས་སྤྱན་སྔར་དུ་བཤགས་ན། །ལབ་བརྡོལ་སྨྲ་བ་བདག་ལ་བཟོད་སྒོམ་ཞིག་གནང་རོགས།།
ཞེས་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བ་གསལ་བྱེད་ཉི་མའི་འོད་སྣང་དང༌། རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་བ་ལེགས་བཤད་ཟླ་བའི་ཟེགས་མ། འདི་ཉིད་རང་དང་སྐལ་བ་མཉམ་པའི་གསར་སློབ་འགའ་ཞིག་ལ་སྤྱི་ལོ ༢༠༠༥ ལོའི་རིག་གནས་འཛིན་གྲྭར་དཔེ་ཁྲིད་བྱེད་སྐབས། ཆོས་ཀྱི་གྲོགས་པོ་འགའ་ཞིག་གིས་ཡང་ཡང་བསྐུལ་ངོར་མ་བཟློགས་ཙམ་དང༌། རང་བློ་རིག་པའི་གནས་ལ་གོམ་ཕྱིར་དུ་དཔལ་སྔ་འགྱུར་རྙིང་མའི་གདན་ས་གངས་ལྗོངས་ མཁས་དབང་འདུས་པའི་ཆོས་གྲྭ། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲལ་མཐར་སྙེག་པའི་སྙོམ་ལས་པ། རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཏུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཤིང་བྱ་ལོའི་ཆུ་ སྟོད་ཟླ་བའི་དཀར་ཕྱོགས་ལ། ས་སྙིང་དུང་སྒྲུབ་ཆེན་མོའི་སྐབས་ཐུན་མཚམས་རྣམས་སུ་གང་དྲན་ཞིག་ཡི་གེར་བཀོད་ ནས་གྲུབ་བར་བྱས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག། །།
No comments:
Post a Comment