Friday, October 31, 2014

སྔོན་འཇུག་གི་ཅི་ཕྱིར་འཇུག་པའི་སྐབས་ཀྱི་དཀའ་གནད།

༈ ཐུབ་པའི་གསུང་ཟབ་དག་བྱེད་གཙང་མའི་རྒྱུན།།
བརྡ་དག་ཡུར་བའི་ལམ་ནས་འདྲེན་ནས་ནི།།
བྱང་དུ་བསྟན་པའི་ཆུ་གཏེར་བཀྱིལ་མཛད་པ།།
ཐུ་མི་ཀུན་བཟང་གང་དེ་རྒྱལ་གྱུར་ཅིག།
ཅེས་བརྗོད་ནས་སྐབས་འདིར་སྔོན་འཇུག་གི་ཅིའི་ཕྱིར་འཇུག་པའི་གཞུང་གི་དཀའ་གནད་མདོར་བསྡུས་ཤིག་ཞུ་བ་ལ།
༡ བྱ་བྱེད་ལས་གསུམ། ༢ བདག་གཞན་དུས་གསུམ། ༣ བདག་གཞན་ངོས་འཛིན་རེའུ་མིག ༤ དངོས་པོ་བདག་གཞན་སྐབས་ཀྱི་དངོས་པོའི་དོན། ༥ བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ། ༦ བྱེད་པ་པོ་དང་བྱ་བའི་ཡུལ།    ༸ སྐབས་དོན་ཁོ་བོའི་ལུགས་ཀྱི་བདག་གཞན་ངོས་འཛིན་དཔེར་བརྗོད་དང་བཅས་བདུན་ནོ།།


དང་པོ་བྱ་བྱེད་ལས་གསུམ་ནི།
བྱ་ཞེས་པ་བྱ་བ་དུས་གསུམ་གང་ཡང་རུང་བ། བྱེད་ཅེས་པ་བྱེད་པ་པོ། ལས་ཞེས་པ་བྱ་བའི་ཡུལ་ཡིན། དེ་གསུམ་གྱི་ཐ་སྙད་ནི་ལེགས་སྦྱར་ནས་བྱུང་བ་ཞིག་སྟེ། དེ་དག་གི་སྐད་དོད་རིམ་པ་བཞིན། ཀྲིཡཱ། ཀརྟཱ། ཀརྨ། ཞེས་བྱ་བ་དེ་གསུམ་ཡིན། དཔེར་ན། འགའ་བྱེད་དེབ་ཀློག་གིན་འདུག  ༼རཱ་མཿ གྲནྠཾ པཋཏི།༽ ཅེས་པར་ལྟ་བུར་མཚོན་ན་འགའ་བྱེད་ནི་བྱེད་པ་པོ། དེབ་ནི་བྱ་བའི་ལསཀློག་པ་ནི་བྱ་བ་ཡིན། འགའ་བྱེད་དང་དེབ་གཉིས་མིང་རྐྱང་ཡིན་པས་དེ་གཉིས་ལ་དུས་ཀྱི་ཁྱད་པར་མི་འཇུག བཀླགས་ཟིན། བཀླག་འགྱུར། ཀློག་བཞིན་ལྟ་བུའི་དུས་ཀྱི་ཁྱད་པར་ནི་ཀློག་པའི་བྱ་བ་དེ་ལ་འཇུག་པ་ཡིན།
དེས་ན་མཁས་པ་དག་གིས་བྱ་བ་ཡུལ་ལ་ཡོད་པའི་ལས་དང་། བྱེད་པ་པོ་ལ་ཡོད་པའི་ལས་ཞེས་ ལས་ལ་གཉིས་སུ་དབྱེ་བ་དེ་ནི། ལས་ཞེས་པ་བྱ་བ་ལ་འཁྲུལ་ནས་ལས་ངོས་མ་ཟིན་པའི་དབང་གིས་བྱུང་བ་ཡིན། ནན་ཏན་དུ་ཞུ་རྒྱུ་ནི། ལས་ཀྱི་སྐད་དོད་ཀརྨ་ཞེས་ཡོད་ཅིང་། དེ་འདྲ་བའི་ཀརྨ་དེ་ལེགས་སྦྱར་གྱི་དབང་དུ་བྱས་ན། བྱེད་པ་པོའི་ཤིན་ཏུ་འདོད་པ། ༼ཀརྟུརིཔྶིཏ ཏམཾ ཀརྨ།༽ ཞེས་པའི་བྱ་ཡུལ་དེ་མ་གཏོགས་བྱ་བ་ལ་འཇུག་པའི་སྐབས་མི་སྲིད་དོ།།

གཉིས་པ་བདག་གཞན་དུས་གསུམ་ནི།
བདག་ནི་བྱེད་པ་པོ་དང་། གཞན་ནི་བྱ་བའི་ཡུལ། དུས་གསུམ་ནི་བྱ་བའོ། འདིའང་གོང་གི་དཔེར་བརྗོད་དེར་མཚོན་ན་འགའ་བྱེད་ནི་བདག དེབ་ནི་གཞན། ཀློག་པ་ནི་དུས་གསུམ་ལས་ད་ལྟ་བའོ།། སྐབས་འདིའི་བདག་གཞན་ཞེས་པའི་ཐ་སྙད་ནི་ལེགས་སྦྱར་གྱི་བདག་ཚིག ༼ཨཱཏྨནེཔད༽ དང་། གཞན་ ༼པརསྨཻཔད༽ ཞེས་པ་དེ་གཉིས་ལས་བྱུང་བ་ཡིན། འོན་ཀྱང་སྐབས་འདིའི་བདག་ཚིག་ཞེས་པ་བདག་དང་། གཞན་ཚིག་ཞེས་པ་གཞན་ཞེས་གོ་རྒྱུ་མིན། བདག་ཚིག་ཞེས་པའི་ཚིག་ནི་བྱ་ཚིག་ཡིན་ལ། དེ་སྦྱོར་ཡུལ་ཨཱཏྨ་ཞེས་པ་བདག་ཡིན་པ་དང་དེའང་བྱེད་པ་པོ་ལ་གོ་དགོས། དེ་བཞིན་གཞན་ཚིག་ཞེས་པའི་ཚིག་ཀྱང་བྱ་ཚིག་ཡིན་ལ། དེ་སྦྱོར་ཡུལ་པ་ར་ཞེས་པ་གཞན་ཡིན་པ་དང་དེའང་བྱ་བའི་ཡུལ་ལ་གོ་དགོས། དེའང་ལེགས་སྦྱར་སྐབས་སུ། འགའ་བྱེད་དེབ་ཀློག་གིན་འདུག ༼རཱ་མཿ གྲནྠཾ པཋཏི།༽ ཅེས་བརྗོད་པའི་ཚེ། འགའ་བྱེད་ལ་རྣམ་དབྱེ་དང་པོ། དེབ་ལ་རྣམ་དབྱེ་གཉིས་པ་འཇུག་པ་ཡིན། འགའ་བྱེད་ཀྱིས་དེབ་ཀློག་གིན་འདུག ༼རྰམེཎ གྲནྠཿ པཱཋཡཏེ།༽ ཅེས་བརྗོད་པ་དེའི་ཚེ། འགའ་བྱེད་ལ་རྣམ་དབྱེ་གསུམ་པ། དེབ་ལ་རྣམ་དབྱེ་དང་པོ་འཇུག་པའི་བྱ་ཚིག་མི་འདྲ་བ་གཉིས་ཡོད་པ་དེའི་དབང་གིས། བརྗོད་པ་དང་པོའི་ཚེ་ཀློག་པའི་བྱ་བ་དེ་དེབ་ལ་བབས་པས། པ་་ཏི་ཞེས་པའི་བྱ་ཚིག་དེ་ལ་གཞན་ཚིག་ཅེས་བྱ་བ་ཡིན་ལ། དེ་བཞིན་བརྗོད་པ་གཉིས་པའི་སྐབས་ཀློག་པའི་བྱ་བ་བྱེད་པ་པོ་ལ་བབས་པས། པཱ་་ཡ་ཏེ་ཞེས་པའི་བྱ་ཚིག་དེ་བདག་ཚིག་ཅེས་བྱ་བ་ཡིན། བོད་སྐད་ནང་ངག་སྦྱོར་འདི་གཉིས་ཀྱི་རྣམ་བཞག་གསལ་པོ་མེད་པས་ཅུང་ཟད་གོ་དཀའ།།
མཁས་པ་འགའ་ཞིག་གིས། ཀ་ལ་པར། གར་བྱེད་མཁན་དེ་བྱེད་པ་པོ། གར་བྱ་བ་དེ་ལས་སོ། ཞེས་པའི་གར་བྱ་བའི་དོན་བྱེད་པ་པོས་གང་བྱ་བ་ནི་ལས་སམ་བྱ་བ་ཡིན་ལ། དེ་ལ་དབྱེ་ན་བྱེད་པ་པོ་ལ་ཡོད་པའི་ལས་དང་། བྱ་བ་གཞི་ལ་ཡོད་པའི་ལས། ཞེས་གཉིས་སུ་ཕྱེ་ནས། དོན་ལ་དེ་གཉིས་ཀ་བྱ་བར་འདོད་ནས་ཕྱི་མ་ལ། ལས་སམ་གཞན་ཞེས་ཐ་སྙད་མཛད་པ་ནི་དོན་མ་གོ་བ་སྟེ། སྐབས་འདིའི་ལས་ཀྱི་སྐད་དོད་ ཀརྨ་ཞེས་ཡོད་ངེས་ཡིན་ལ། དེ་འདྲ་བའི་བྱ་ཚིག་གཉིས་པོ་དེ་ལས་༼ཀརྨ༽ཡིན། ཞེས་གསུངས་མི་སྲིད་པའི་ཕྱིར་རོ།།

གསུམ་པ་ངོས་འཛིན་རེའུ་མིག་ནི།

བདག
གཞན
ཞ་ལུ།
བདག་རང་ཉིད།
གཞན་བྱ་བ་ལ་འགོད་པ།
བྲ་ཏི།
བྱེད་པ་པོ།
བྱ་བའི་དངོས་པོ་༼ཤིང་གཅད་པའི་བྱ་བ་ལྟ་བུ།༽
རྣམ་གླིང་།
བྱེད་ལས་ད་ལྟ་བ།
བྱ་བ་ཞིག་ལ་ཡོད་པའི་ལས་དང་། བྱེད་ལས་མ་འོངས་ པ་གཉིས།
སི་ཏུ།
བྱེད་པ་པོ། བྱེད་པ་སྟེ་རེ། བྱེད་ལས་ད་ལྟ་བ།
བྱ་ཡུལ། བྱ་ཚིག་མ་འོངས་པ།

དེའི་རྗེས་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་ནི་ཕལ་ཆེར་སིཏུ་དང་མཐུན།

བཞི་པ་དངོས་པོ་བདག་གཞན་གྱི་སྐབས་ཀྱི་དངོས་པོའི་དོན་ནི།
བདག་དང་གཞན་ལ་དངོས་པོ་ཞེས་སྦྱོར་ཞིང་དུས་ལ་དངོས་པོ་ཞེས་མི་སྦྱོར། དེའང་གང་ཞིག་བརྗོད་པ་ན་དུས་ཀྱི་ཁྱད་པར་མི་མངོན་པར་དངོས་པོ་ཙམ་ཞིག་སྟོན་པ་དེ་ལ་དངོས་པོ་ཞེས་བྱ་ཞིང་། གང་ཞིག་བརྗོད་པ་ན་དུས་ཀྱི་ཁྱད་པར་སྟོན་པ་དེ་ལ་དུས་ཞེས་བྱ་བ་ཡིན། དེའང་གོང་གི་དཔེར་བརྗོད་དེར་མཚོན་ན་འགའ་བྱེད་དང་དེབ་གཉིས་དང།  དེ་བཞིན་བྱེད་པ་པོ་དང་བྱ་ཡུལ་ཞེས་པའི་ཚིག་དག་གིས་དུས་ཀྱི་ཁྱད་པར་མི་སྟོན་པར་དངོས་པོ་ཙམ་ཞིག་བརྗོད་པས་དངོས་པོ་ཞེས་བྱ་བ་ཡིན་ལ། ཀློག་གིན་འདུག་ཞེས་པས་དུས་ཀྱི་ཁྱད་པར་སྟོན་པ་ཙམ་ལས། དངོས་པོའི་རང་ལྡོག་མི་སྟོན་པས་དེ་ལ་དངོས་པོ་ཞེས་མ་སྦྱར་བ་ཡིན།
གཅོད་དོ་ལྟ་བུ་བདག་ཏུ་འདོད་པ་དང་། གཅད་པར་བྱ་ལྟ་བུ་གཞན་ཡིན་པར་འདོད་པ་ནི། བདག་གཞན་གཉིས་ལ་དངོས་པོ་ཞེས་པའི་ཚིག་དབུ་ཚུགས་ཀྱིས་སྦྱར་བ་མ་གཏོགས་དངོས་པོ་ཞེས་པའི་དོན་ཇི་བཞིན་མ་གོ་བའི་རྣམ་འགྱུར་དུ་གསལ། དེ་བཞིན་དུས་མ་འོངས་པ་དང་ད་ལྟ་བའི་དཔེར་བརྗོད་ལ་གཅད་བྱ། གཅོད་བྱེད། དགག་བྱ། འགོག་བྱེད། གཏང་བྱ། གཏོང་བྱེད། ཅེས་སོགས་བྲིས་པ་རྣམས་ཀྱང་བདག་གཞན་དུས་གསུམ་དང་དངོས་པོ་དང་དུས་ཀྱི་རྣམ་བཞག་ཇི་བཞིན་མ་ཤར་བ་ཡིན་ཏེ། དགག་བྱ། གཏང་བྱ། གཅད་བྱ། སོགས་ཀྱིས་དངོས་པོ་གཞན་བརྗོད་པ་ཙམ་ལས་དུས་བརྗོད་པ་མིན་པ་དང་། དེ་བཞིན་འགོག་བྱེད། གཏོང་བྱེད། གཅོད་བྱེད་སོགས་ཀྱིས་ཀྱང་དངོས་པོ་བདག་བརྗོད་པ་ཙམ་ལས་དུས་བརྗོད་པ་མིན་པས་སོ།།
མ་ཟད། གཅོད་དོ་ལྟ་བུའི་བྱ་ཚིག་ད་ལྟ་བ་དེ་དངོས་པོ་བདག་ཏུ་འདོད་པའི་འཁྲུལ་པ་འདིས། མ་ནིང་གཉིས་ཀ་ད་ལྟ་ཆེད།། ཅེས་པའི་སྐབས་ཀྱི་ད་ལྟ་བའི་འགྲེལ་བཤད་རྒྱབ་རྒྱུ་མ་བྱུང་བར་སྟོབས་མཚུངས་དང་ཤེད་མཚུངས་ལ་སོགས་པ་དང་། ཐུ་མི་གཉིས་པར་ཞལ་གྱིས་བཞེས་པ་གང་དེས་ཀྱང་ད་ལྟ་ཆེད་ཅེས་པ་བདག་ལ་འཇུག་པའི་སྒྲུབ་བྱེད་དུ་སྦྱར་དགོས་བྱུང་བ་ཡིན།
དངོས་པོ་དང་དུས་ཞེས་པའི་ཐ་སྙད་གང་ལས་བྱུང་བའི་ཁུངས་ནི་སུམ་ཅུ་པའི་དེ་སྒྲའི་སྐབས་སུ། དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ཞེས་པའི་གཞུང་དེ་ལས་བྱུང་བ་ཡིན་ལ། དེ་ལ་བརྟེན་ནས་པ་ཆེན་ཤཱཀ་མཆོག་པས་ཀྱང་། ཡང་ན་དུས་དང་དངོས་པོ་དང་། །མིང་དང་བྱ་བ་སོ་སོར་དབྱེ། །དངོས་པོ་ལ་ཡང་བདག་དང་གཞན།། ཞེས་གསུངས། དེས་ན་ཐ་སྙད་དབང་དུ་གསུམ་གྱི་དཔེར་བརྗོད་དུ་དུས་འདས་པའི་དཔེར་བརྗོད་བྱུང་བ་ནི་དཔྱད་གཞིའི་གནས་སོ།།

ལྔ་པ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ནི།
རྣམ་བཞག་འདི་ཐོག་མར་སི་ཏུས་སྲོལ་གཏོད་པ་ཞིག་ཡིན་ལ། འདི་ལ་བརྟེན་ནས་བདག་གཞན་དུས་གསུམ་གྱི་གོ་རྟོགས་ལ་ཕན་རླབས་ཆེན་པོ་བྱུང་ཡོད། དེའི་དོན་ནི་ཆུ་ཆད་ཅེས་པ་ལྟ་བུ་བྱེད་པ་པོ་མེད་པ་འམ། འཁོར་ལོ་དང་པོ་མིས་བསྐོར་བའི་རྗེས་ལ་འཁོར་ནས་སྡོད་པའི་སྐབས་ལྟ་བུ་བྱེད་པ་པོ་ཡོད་ཀྱང་དངོས་སུ་མི་སྣང་བ་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བ་དང། བྱ་བ་གང་ཞིག་ལ་བྱེད་པ་པོ་གཞན་དངོས་སུ་སྣང་བའི་ཚེ། བྱ་བ་དེ་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་ཞེས་པའི་ཐ་སྙད་འདོགས་པར་མཛད།
དེ་ལ་ཁོ་བའི་སེམས་ནང་ཐེ་ཚོམ་འདི་འདྲ་ཞིག་བྱུང་། དཔེར་ན་རྐུན་མས་ཤིང་བཅད་ནས་ཁྱེར་ཕྱིན་པའི་རྗེས་ལ་བཅད་ཤུལ་མཐོང་བ་ན། བྱེད་པ་པོ་དངོས་སུ་མི་སྣང་བས་བཅད་པའི་བྱ་བ་འདས་པ་དེ་ལ་ བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་ཚིག་ཆད་ཅེས་པ་དེ་སྦྱོར་རམ་ཅི།།

དྲུག་པ་བྱེད་པ་པོ་དང་བྱ་ཡུལ།
བཀྲ་ཤིས་ཀྱིས་ཤིང་གཅོད་པ་ལ་མཚོན་ན། བཀྲ་ཤིས་བྱེད་པ་པོ་དང་། ཤིང་བྱ་ཡུལ་ཡིན་པར་ཕལ་ཆེར་ཞལ་མཐུན་ཀྱང་། དཀར་ལེབ་སུམ་རྟགས་དཀའ་འགྲེལ་༼༦༦༽ དུ་“བཀན་བྱའི་ལག་པ་སོགས་ཁམས་ལུགས་ལྟར་བྱ་ཡུལ་དུ་ངོ་སྤྲོད་ན། ནམ་ཞིག་མཆོད་ཡུལ་དང་སྦྱིན་ཡུལ་སོགས་ཀྱང་མཆོད་རྫས་དང་། ཟས་ནོར་གོས་སོགས་སུ་ཁན་མི་ལེན་ཀ་མེད་བྱུང་།” ཞེས་འགོག་ཁུལ་བྱེད་ནས་དཀར་ལེབ་རང་ལུགས་སུ། “ཤིང་མཁན་གྱི་སྟ་རེས་ལྕང་ར་རུ་ ཤིང་བཅད།” ཅེས་དཔེར་བརྗོད་ནས། “ལྕང་ར་འདི་བྱ་བ་སྒྲུབ་སའི་ཡུལ་དེ་ཡིན། ཤིང་དེ་བྱ་བའི་དངོས་པོའམ་དོན་དུ་གཅོད་རྒྱུ་དེ་ཡིན།” ཞེས་དང་། ཡང ”བྱེད་པ་པོས་བྱ་བ་གང་བསྒྲུབ་པའི་ས་དམིགས་དེ་ལ་བྱ་ཡུལ་ཞེས་བྱ།” ཞེས་གསུངས།
ཁྱེད་ལ་འདི་བརྗོད་པར་བྱ་སྟེ། ཤེས་བྱ་ཆོས་ཅན། གཙུག་ལག་ཁང་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚེ་སྐྱབས་སུ་འགྲོ་ཡུལ་ནི་གཙུག་ལག་ཁང་འདི་ཡིན་པར་ཐལ། སྐྱབས་སུ་འགྲོ་ཡུལ་དང་སྐབས་འདིའི་བྱ་ཡུལ་གཉིས་གཅིག་ཏུ་ཁྱོད་ཀྱིས་ཁས་བླངས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་སི་ཏུ་ལ་ནམ་ཞིག་ན་ཁས་ལེན་དགོས་པར་ཐལ་བ་དེ་ཁྱོད་རང་གིས་ད་ལྟ་རང་ཁས་བླངས་དུ་འགྲོ་བ་དེའི་ཕྱིར།།
དེས་ན་འཁྲུལ་པ་འདི་ལྟ་བུ་ནི་ལ་དོན་གྱི་བྱ་ཡུལ་དང་། བདག་གཞན་སྐབས་ཀྱི་བྱ་ཡུལ་གཉིས་དབྱེ་འབྱེད་མ་ཐུབ་པའི་ནོངས་པ་ལས་བྱུང་བ་ཡིན་ཏེ། ཤིང་གཅོད་སའི་ཡུལ་ལྕང་ར་འམ་ཤིང་ནགས་ལྟ་བུ་དེ། རྣམ་དབྱེ་བདུན་པ་སྦྱོར་ཡུལ་རྟེན་གནས་ཞེས་བྱ་བ་དེ་ཡིན་ལ། སྐབས་འདིའི་བྱ་ཡུལ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ཡུལ་ལྡན་བྱ་ཚིག་གི་ཡུལ་དེ་ལ་གོ་དགོས་པའི་ཕྱིར་རོ།།
དེའང་ལེགས་སྦྱར་དུ། ཟ། ཐུང་། ཀློག གཅོད་ལྟ་བུའི་བྱ་ཚིག་རྣམས་ལ། བྱ་བའི་ཡུལ་ལམ་ལས་རིམ་པ་བཞིན་ཟས། ཇ། དེབ། ཤིང་སོགས་གཞག་རྒྱུ་ཡོད་པ་དེ་ལ་ཡུལ་ལྡན་བྱ་ཚིག ༼སཀརྨཀདྷཱ་ཏུ།༽ དང་། འགྲོ་བ། འཕུར་བ། ཁྲུས་རྒྱབ་པ། ཉལ་བ་སོགས་ལ་བྱ་ཡུལ་གཞག་རྒྱུ་མེད་པས་ཡུལ་མེད་བྱ་ཚིག་༼ཨཀརྨཀདྷཱཏུ།༽ཅེས་གསུངས་པ་དེ་དག་བོད་ཀྱི་སྐད་ཡིག་ནང་ཐ་སྙད་ཡོངས་སུ་མ་གྲགས་པ་མ་གཏོགས་དོན་ལ་ལེགས་སྦྱར་དང་གཅིག་མཚུངས་སུ་ཡོད། དེ་ལ་ཆད་ལྟ་བུ་ལ་ཡུལ་ཡོད་ཀྱང་བྱེད་པོ་གཞན་དང་མ་འབྲེལ། བཅད་ལྟ་བུ་ཡུལ་ལྡན་བྱ་ཚིག་དང་བྱེད་པོ་གཞན་དང་འབྲེལ་བ་གཉིས་ཀ་ཡིན་པས་བྱ་ཚིག་དེའི་ཡུལ་ཤིང་དེ་བདག་གཞན་གྱི་སྐབས་ཀྱི་བྱ་ཡུལ་ཡིན་ནོ།།
དེས་ན་བདག་གཞན་གྱི་སྐབས་ཀྱི་བྱ་ཡུལ་དང་། རྣམ་དབྱེ་བདུན་པ་སྦྱོར་ཡུལ་གཉིས་གཞི་མཐུན་མི་སྲིད་པའི་འགལ་བ་ཡིན་ལ། དེ་དང་རྣམ་དབྱེ་གཉིས་པའི་ཡུལ་ལ་མུ་བཞི་ཡོད། ཤར་དུ་འགྲོ་ཞེས་པའི་སྐབས་ཀྱི་ཤར་ནི། རྣམ་དབྱེ་གཉིས་པའི་ཡུལ་ཡིན་ཀྱང་བདག་གཞན་གྱི་བྱ་ཡུལ་མིན་ཏེ། བྱ་ཚིག་དེ་ཡུལ་ལྡན་བྱ་ཚིག་མིན་པའི་ཕྱིར་རོ། ཤིང་བཅད་ལྟ་བུའི་ཤིང་ནི་བདག་གཞན་གྱི་བྱ་ཡུལ་ཡིན་ཀྱང་རྣམ་དབྱེ་གཉིས་པའི་བྱ་ཡུལ་མིན། གཟུགས་ལ་ལྟ་ཞེས་པའི་སྐབས་ཀྱི་གཟུགས་ནི་གཉིས་ཀ་ཡིན། བཀྲ་ཤིས་ཀྱིས་ཤིང་བཅད་ལྟ་བུའི་སྐབས་ཀྱི་བཀྲ་ཤིས་ནི་གཉིས་ཀ་མིན་པའོ།།

བདུན་པ་སྐབས་དོན་ཁོ་བོའི་ལུགས་ཀྱི་བདག་གཞན་ངོས་འཛིན་ནི།
དེ་ལྟར་ཞར་ལ་འོངས་པས་ཐ་གཞན་བཀག་ཟིན་ནས། སྐབས་སུ་བབས་པའི་དོན་ལ་གཞུང་དུ། ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།། ཞེས་པའི་སྐབས་ཀྱི་ཐ་སྙད་ལྔ་ལས། བདག་ནི། བཀྲ་ཤིས་ཀྱི་སྟ་རེས་ཤིང་གཅོད་ལྟ་བུར་མཚོན་ན། བཀྲ་ཤིས་དང་སྟ་རེ་ལྟ་བུ་དངོས་མིང་གིས་གསལ་བའམ། མི་གསལ་བ་བྱེད་པ་པོ་དང་གཅོད་བྱེད་ལྟ་བུ་རྣམས་ཡིན། གཅོད་བྱེད་ཅེས་བྱ་བ་ནི་བྱེད་པ་པོ་དངོས་མིན་ཀྱང་དུས་དང་དངོས་པོ་གཉིས་ལས་དུས་མི་སྟོན་པར་དངོས་པོ་ཙམ་ཞིག་སྟོན་པས་ བདག་གཞན་གཉིས་གང་རུང་དུ་འདུས་ཤིང་། གཞན་མིན་པ་དང་བྱེད་པ་པོའི་གྲོགས་བྱེད་པའི་ཆ་་ནས་བདག་གི་ཁོངས་སུ་འདུས་སོ།། གཞན་ནི། དངོས་མིང་དངོས་སུ་གསལ་བ་ཤིང་དང་། མི་གསལ་བ་གཅད་བྱ་ཞེས་བྱ་བ་གཉིས་པོ་དག་གོ། དུས་གསུམ་ནི། བྱ་བ་ཡུལ་ལ་ཡོད་པ་དང་། བྱེད་པ་པ་ལ་ཡོད་པ་སོགས་ཀྱི་ཁྱད་པར་མེད་པར་སྤྱི་ལྡོག་ནས་བྱ་བ་བྱས་ཟིན་འདས་པ། བྱེད་འགྱུར་མ་འོངས། བྱེད་བཞིན་ད་ལྟ་བའོ།།
ཕོ་ཡིག་དུས་འདས་པ་ལ་འཇུག་པའི་དཔེར་བརྗོད་ནི། ལམ་བཀག མདོ་བཀླགས། སྲོག་བསྐྱབས་ལྟ་བུ།  གཞན་ལ་འཇུག་པ་ནི་བསྐྱབ་བྱ། བསྐྱབ་བྱའི་སྲོག བཀྱེ་བྱ། བཀྱེ་བྱའི་སྤྲུལ་པ་ལྟ་བུའོ།།

མ་ནིང་གཞན་ལ་འཇུག་པ་ནི། དགག་བྱ། དགག་བྱའི་ལམ། དགུམ་བྱ། དགུམ་བྱའི་སྲོག གཟར་བྱ། གཟར་བྱའི་གོས་ལྟ་བུ། བདག་ལ་འཇུག་པ་ནི། གཅོད་པ་པོ། གཅོད་བྱེད། ལོགས་སུ་དགར་བ་པོ། དགར་བྱེད་ལྟ་བུ། ད་ལྟ་བ་ལ་འཇུག་པ་ནི། གཅོད་པར་བྱེད། གཅད་དོ། ནོར་གསོག་པར་བྱེད། དགྲ་གསོད་པར་བྱེད། ལག་ཏུ་གཏོད་པར་བྱེད་ལྟ་བུ་རྣམས་ཏེ། དེ་རྣམས་ཀྱིས་དུས་ཀྱི་ཁྱད་པར་བརྗོད་པས་བདག་གཞན་དུས་གསུམ་ལས་དུས་དང་། བྱ་བྱེད་ལས་གསུམ་ལས་བྱ་བའི་ཁོངས་སུ་བསྡུས་པ་གོང་ཞུས་ལྟར་རོ།།

མོ་ཡིག་བདག་ལ་འཇུག་པ་ནི། དགྲ་དང་འཐབ་པ་པོ། འཐབ་བྱེད། གཞན་དུ་འཁྱེར་བ་པོ། འཁྱེར་བྱེད། འགོག་པ་པོ། འགོག་བྱེད་ལྟ་བུ།  ད་ལྟ་བ་ལ་འཇུག་པ་ནི། འཁྲིད་པར་བྱེད། འགུམས་པར་བྱེད་ལྟ་བུ། མ་འོངས་པ་ལ་འཇུག་པ་ནི། ཆུ་འཁྱིལ་བར་འགྱུར། དྲི་མ་འཁྲུ་བར་འགྱུར། ཁྲི་ལ་འཁོད་པར་འགྱུར་ལྟ་བུའོ།།

ཤིན་མོ་བདག་གཞན་དུས་གསུམ་མཉམ་པར་འཇུག་པ་ནི། མཁྱེན་བྱ། མཁྱེན་བྱེད། མཁྱེན་ཟིན། མཁྱེན་བཞིན། མཁྱེན་པར་འགྱུར་ལྟ་བུ་རྣམས་སོ།། །།

ཅེས་པ་འདིའང་བསམ་གཏན་ནམ་མིང་གཞན་ཤེས་རབ་སེང་གེར་འབོད་པས། དབྱུ་གུ་ཟླ་བའི་མར་ངོ་རྫོགས་པ་གཉིས་པ་སྤྱི་ལོ་༢༠༠༢སྤྱི་ཟླ་༡༠པའི་སྤྱི་ཚེས་༣༡ཉིན་རྫོགས་པར་བྲིས་པ་དགེའོ།།

No comments: