སྲིན་ཕུ་གུ་རུ་ལྷ་ཁང་གི་ལོ་རྒྱུས་མདོར་བསྡུས།
སྲིན་ཕུ་གུ་རུ་གི་ལྷ་ཁང་འདི་
སྤྱི་ལོ་༡༩༥༠ས་སྟག་གི་ལོ་ལུ་
འབྲུག་རྒྱལ་གཉིས་པ་འཇིག་མེད་དབང་ཕྱུག་གི་གཟིམ་དཔོན་དཔར་འབར་ཟེར་ཞུ་མི་འདི་གིས་བཞེངས་ཡོདཔ་ཨིན་མས།
དེ་སྒང་རྡོ་ལས་གྲུབ་པའི་ལྷ་ཁང་གཙོ་བོ་དེ་དང་། རབ་གསལ་ཆུང་ཀུ་གཅིག་ལས་མིན་འདུག
དེ་ལས་འོག་གི་བར་ཁང་འདི་དང་། འདི་གི་ཐོག་ཁར་ཡོད་པའི་རབ་གསལ་འཕར་མ༼གཉིས་པམ༽
འདི་དང་གསེར་ཐོག་འདི་ བསྲུང་འཁོར་ཀརྨ་དང་ཁོ་གི་སྤུན་ཆ་ཕུར་པ་གཉིས་དང་
གཡུས་ཁའི་དད་ཅན་མི་སེར་ཚུ་གིས་ སྤྱི་ལོ་༡༩༩༧དང་༡༩༩༨་
བར་ན་བཏགས་བཏགསཔ་ཨིནམ་དང་།
དེ་ལས་ལྷ་ཁང་ནང་ཁོངས་ཀྱི་ཐིངས་གཞི་ཨེན་ཏ་འདི་ཡང་མེདཔ་ཤོར་སོངམ་ལས་ སྤྱི་ལོ་༢༠༡༤གི་ལོ་འདི་ནང་
ཁོ་རང་སྤུན་ཆ་གཉིས་དང་མི་སེར་ཚུ་གིས་ཤུགས་པའི་ཨེན་ཏ་བསོར་ཚརཝ་ཅིག་ཨིན་མས།
ལྷ་ཁང་གི་གཡས་ཁ་ཐུག་གི་སྤང་ནང་རྡོ་གཅིག་གུར་
གུ་རུ་གི་ཞབས་རྗེས་ཨིན་ཟེར་བའི་ཞབས་རྗེ་གཅིག་ཡང་དོད་རིལ་རིལ་སྦེ་མཇལ་ནི་ཡོདཔ་དང་།
གདོང་ཕྱོགས་ཀྱི་ལུངམ་ནང་རྡོ་གཅིག་གུ་ གུ་རུའི་ཆིབས་ཀྱི་ཞབས་རྗེས་ཡང་ཡོད་ཟེར་ཨིན་མས།
ལྷ་ཁང་འདི་བཞེངས་དགོ་པའི་ཁུངས་དང་དགོས་པ།
བཤད་སྲོལ་ལས་འབད་བ་ཅིན་
ས་གནས་འདི་ཁར་བྱག་ཕུག་ཆུང་ཀུ་གཅིག་དང་ ཆུའི་གཟར་གཅིག་ཡོདཔ་དང་།
བྱག་ཕུག་འདི་གུ་རུ་རིན་པོ་ཆེ་བསྒྲུབ་པ་གནང་སྟེ་བཞུགས་སའི་ས་ཁོངས་གཅིག་ཨིན་ཟེར་ཨིན་མས།
ཨིན་རུ་བྱག་ཕུག་འདི་གུ་རུ་གི་གནས་ཨིནམ་ག་གིས་ཡང་མ་ཤེས་པར་སྡོད་ནུག
དེ་ལས་ཚར་གཅིག་འབདཝ་ད་ཨམ་གཅིག་ཆུའི་གཟར་དེ་ཁར་ཆུ་ལེན་པར་འོངམ་ད་
བྱག་ཕུག་དེ་ཁར་གུ་རུ་རིན་པོ་བཞུགས་སར་འཇལ་ཡོད་རུང་ ན་འཐེན་སྦེ་བལྟཝ་ད་
སྐར་མེ་གཅིག་མ་གཏོགས་མིན་འདུག་ཟེར་ཨིན་མས། དེ་ལས་ན་འཐེན་སྦེ་བལྟཝ་ད་
བྱག་ཕུག་དེ་ཁར་ གུ་རུ་གཙོ་འཁོར་གསུམ་གྱི་སྐུ་རྗེས་གསལ་ཏོག་ཏོ་སྦེ་ཡོདཔ་མཇལ་ཞིནམ་ལས་
བྱག་ཕུག་འདི་གུ་རུའི་བསྒྲུབ་གནས་ཨིནམ་སྦེ་ཧ་གོ་ཡོདཔ་དང་།
དེ་གི་ཤུལ་ལས་གཟིམ་དཔོན་དཔལ་འབར་གྱིས་ལྷ་ཁང་འདི་བཞེངས་ཡི་ཟེར་ཨིན་མས།
ལྷ་ཁང་གི་བཟོ་བཀོད།
བྱག་ཕུག་ནང་ལས་གུ་རུ་གི་སྐུ་རྗེས་ཡོད་སར་ཚུན་ཚོད་རྡོ་གི་རྩིགཔ་རྐྱབ་ཞིནམ་ལས་
དེ་ཁར་ལྷ་ཁང་ཐོག་ཚད་གཅིག་འབད་མི་གཅིག་བཞེངས་ཡོདཔ་དང་།
སྐུ་རྗེས་ཡོད་སའི་ཐད་ཀར་མཆོད་གཤམ་བཟོ་ཞིནམ་ལས་
འབྲུག་རྒྱལ་གཉིས་པའི་སྐུ་མཆེད་ཨ་ཞེ་དབང་མོ་གིས་གནང་མི་གུ་རུ་གཙོ་འཁོར་གཙོ་འཁོར་གསུམ་གྱི་སྐུ་འདྲ་འདི་བཞག་ཡོདཔ་ཨིན་མས།
དེ་ལས་ལྷ་ཁང་རྒྱ་བསྐྱེད་འབད་བའི་སྐབས་ལུ་
མཆོད་གཤམ་གྱི་གདོང་ཕྱོགས་ཆུང་ཀུ་གཅིག་བསྒྱུར་བ་ཡར་སོངམ་ལས་ མཆོད་གཤམ་གྱི་སྦྲུག་ཁར་
གུ་རུ་གི་སྐུ་གཞན་མི་གཅིག་བཞག་ཡོདཔ་དང་། སྐུ་རྗེས་དང་ཧེ་མ་གི་སྐུ་འདྲ་དེ་
མཆོད་གཤམ་གྱི་གཡས་ཕྱོགས་ལུ་ཕོག་མཆི་ནུག ག་ལས་སྒོར་རུང་ མཆོད་གཤམ་གྱི་མཐའ་འཁོར་ལུ་
གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་གསར་པ་རེ་བཞུགས་སུ་གསོལ་ནུག དེ་ལས་གཡས་ཕྱོགས་ཀྱི་ཟུར་ཁ་ལུ་ཆོས་ཀྱི་བཞུགས་ཁང་གཅིག་ཡོད་མི་ནང་།
འདལ་ཤོག་དང་འདྲ་བའི་རྒྱ་ཤོག་གུར་པར་བཏབ་བཏབ་གྱི་
ཡུམ་རྒྱས་འབྲིང་བསྡུས་གསུམ་མདའ་ཚད་མ་ཆ་ཚང་གཅིག་བཞུགས་ནུག
དེ་གི་རྒྱབ་ཁར་བྱང་གི་ལོགས་ལུ་སྟོན་པའི་ལྡེབ་རིས་དང་། དེ་ལས་བྱང་གསར་པའི་གུར་
ཞབས་དྲུང་དང་གྲུབ་ཆེན་ས་ར་ཧ་པ།
ཚེ་རིང་མ་དང་གཞི་བདག་དག་པ་གཅིག་གི་ལྡེབ་རིས་བཞུགས་ནུག
ལྷ་ཁང་བདག་གཉེར།
ལྷ་ཁང་འདི་གཟིམ་དཔོན་དཔར་འབར་ཁོ་རའི་མི་བརྒྱུད་ཀྱིས་བདག་འཛིན་འཐབ་ཏེ་རང་འབད་རུང་།
ཁོང་རང་སྒེར་གྱི་ལྷ་ཁང་མེན་པར་གཡུས་སྒོ་གི་གི་ལྷ་ཁང་སྦེ་ཨིན་པས།
ད་ལྟོ་གི་སྐབས་ལུ་འབད་བ་ཅིན། སྲུང་འཁོར་སྐར་མ་གི་ནུ་གཅུང་ཕུར་པ་ཟེར་མི་འདི་གིས་བདག་འཛིན་འཐབ་སྟེ་འདུག
དུས་མཆོད་འབུམ་སྡེ།
ལོ་ལྟར་གྱི་དུས་སྟོན་སྦོམ་གཅིག་ག་ནི་ཡང་བརྩི་སྲུང་ཞུ་ནི་མིན་འདུག
ཨིན་རུང་། ཟླཝ་དང་པའི་བསྙུང་གནས་ཆ་གཅིག བདུན་པའི་ནང་བསམ་པ་ལྷུན་གྲུབ་ཞག་གསུམ།
དེ་ལས་ཡོངས་གྲགས་ཡོད་པའི་ཟླཝ་བཞི་པའི་ནང་དུས་ཆེན་གསུམ་འཛོམས།
ལྔ་པའི་སྤྲེལ་ཟླ་ཚེས་བཅུ། དྲུག་པའི་ཚེས་བཞི། ལྷ་འབབ་དུས་ཆེན་དང་།
ཡར་མོ་མར་ངོའི་ཚེས་བཅུ་ཚུ་བཟུང་ནི་ཡོདཔ་ཨིན་པས།
ལྷ་ཁང་གི་སྐུ་གཉེར་ཕུར་པ་དང་དྲི་བ་དྲི་ལན།
དྲི་བ་དྲི་མི། བསམ་གཏན་ང་རང་།
དྲི་བ། ༡ ད་རེས་ང་བཅས་ན་ལུ་བཅར་དགོ་མི་འདི་ཡང་
སྲིན་ཕོ་གནས་ཀྱི་ལོ་རྒྱུས་གཅིག་ཞིབ་འཚོལ་འབད་ནི་སྦེ་འོང་ཡི། དེ་འབད་ནི་འདི་གིས་
ནཱ་དམངས་ཀྱི་ཨཔ་མཆོག་གིས། དང་པ་རང་ གནས་འདི་ག་ཅི་གི་གནས་ཨིན་ན་དང་།
གནས་ཀྱི་ངོས་འཛིན་འབད་མི། ལྷ་ཁང་འདི་ནམ་བཞེངས་ཡི་ག་གི་སྐོར་ལས་མདོར་སྐོར་ལས་ཁ་གསལ་སྦེ་གསུངས་གནང་།
སྲིན་ཕོ་གི་དག་ཆ་གི་དོགས་དཔྱོད།
ལན། ༡༽
དང་པ་རང་སྲིན་ཕོ་ཟེར་སླབ་དགོ་པའི་དོན་དག་ཆུང་ཀུ་ཅིག་ཞུ་བ་ཅིན།
ད་རེས་ནངས་པ་གི་མི་དེ་ཚུ་གིས་ སྲིན་ཕུ་ཟེར་འབྲིཝ་ཨིན་པས།
ཨིན་རུང་དེ་གི་དག་ཆ་འདི་སྲིན་ཕུ་མེན་པར་སྲིན་ཕོ་ཨིན། དེ་སྦེ་ཨིན་དགོ་མི་འདི་ཡང་། ཧེ་མ་གུ་རུ་རིན་པོ་ཆེ་བྱག་ཕུག་འདི་ནང་བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་པ་གནང་སྟེ་བཞུགས་པའི་སྐབས་ལུ་
ནུབ་ཕྱོགས་སྲིན་པོའི་གཡུས་ཁ་ལས་ སྲིན་པོ་ཕོ་མོ་འོང་གཉིས་འོངམ་ད་
གུ་རུ་རིན་པོ་ཆེ་གིས་སྲིན་པོ་ཕོ་འདི་ གནས་འདི་ནང་དམ་ལུ་བཏགས་ཏེ་ཡོད་ནི་འདི་གིས་
ས་གནས་འདི་གི་མིང་ལུ་ཡང་སྲིན་ཕུ་ཟེར་མེན་པར་སྲིན་ཕོ་ཟེར་སླབ་ཨིན་མས། དེ་ལས་ན་ལས་མོ་འདི་བྱོག་སོང་སྟེ་ཨ་ཕར་ཆུ་མ་བརྒལ་བར་གཅིག་ཁར་ཁྱིམ་གཅིག་ཁྱིམ་གཅིག་ཡོད་མི་འདི་ཁར་དམ་ལུ་བཏགས་ཏེ་ཡོདཔ་དང་།
ད་ལྟོ་འབད་བ་ཅིན་དེ་ཁར་ཁྱིམ་རྡོག་གཅིག་ཡོད་མི་དེ་གི་མིང་ལུ་སྲིན་མ་ཟེར་སླབ་ཨིན་མས།
གནས་ཀྱི་ངོས་འཛིན།
༢༽
དེ་ལས་ན་གི་ལྷ་ཁང་འདི་བཞེངས་ཏེ་ལོ་གངམ་མ་འགྱོཝ་བས་ལགས། དེ་ཡང་ཧེ་མ་འབད་བ་ཅིན་
ས་གནས་འདི་གནས་རྩ་ཆེ་ཏོག་ཏོ་གཅིག་ཨིནམ་ག་གི་ཡང་མ་ཤེས།
བླམ་སློབ་དཔོན་དང་གཡུས་ཁ་གི་མི་ཚུ་གིས་ཡང་ ཧ་མ་གོ་བར་
བྱག་ཕུག་འདི་ནང་གཡུས་ཁའི་ཕགཔ་འདི་ཚུ་ཡང་སྡོདཔ་ཨིན་ཟེར་ཨིན་མས།
དེ་ལས་ད་ལྟོའི་མཆོད་རྟེན་ཡོད་སའི་ས་ཁོངས་ནང་ཆུ་གི་གཟར་གཅིག་ཡོདཔ་ཨིན་མས།
དེ་ཡང་ད་རེས་ནངས་པ་བཟུམ་གྱི་ཆུའི་ཀ་ལི་སྒོ་ཁར་མེདཔ་ལས་བརྟེན་
གཡུས་ཁ་གི་མི་དེ་ཚུ་ཆུ་ལེན་པར་འདི་ནང་འོང་དོ་ཡོདཔ་ཨིན་མས། དེ་ལས་ཚར་གཅིག་འབདཝ་ད་
ཕར་ཟུར་ཁ་ཡོད་མི་ཨམ་དྲུང་སྟོད་དཔལམོ་ཟེར་མི་འདི་ དྲོ་པ་ནམ་མ་ལངས་གཅིག་ཁར་
གཟར་འདི་ནང་ཆུ་ལེན་པར་འོང་ནུག སླབ་སྲོལ་ལས་འབད་བ་ཅིན་ཟླཝ་དང་པའི་ཚེས་བཅུ་ཐམ་ཨིན་ན་བཅོ་ལྔ་ལུ་ཨིན་ན་གང་རུང་གཅིག་ཨིན་ཟེར་ཨིན་པས།
མ་གཞི་དུས་བཟང་གཅིག་ལུ་ཨིནམ་འོང་ནི་མས།
ག་ལས་སྒོར་རུང་དེ་ཚེ་དྲོ་པ་ནམ་མ་ལངམ་གཅིག་ལས་མོ་ཆུ་ལེན་པར་འོངམ་ད།
བྱག་ཕུག་འདི་ནང་གུ་རུ་རིན་པོ་ཆེ་ཡུདཔ་ཐེངས་གཅིག་རིང་ལུ་ཡུད་ཙམ་གཅིག་འཇལ་ཡི་ཟེར་ཨིན་མས།
དེ་ལས་མོ་གིས་ན་འཐན་སྦེ་བལྟཝ་ད་གུ་རུ་རིན་པོ་ཆེ་ཡལ་ཏེ་འགྱོ་ཞིནམ་ལས་
སྐར་མེ་འདི་རྐྱངམ་གཅིག་སྡོད་ནུག་ཟེར་ཨིན་མས། དེ་ལས་མོ་གིས་ གཡུས་ཁ་གི་མི་དེ་ཚུ་ལུ་
བྱག་ཕུག་འདི་གུ་རུ་གི་གནས་ཨིན་མས།
དེ་སྦེ་བཞག་པར་མི་བཏུབ་པས་ཟེར་སླབ་ཞིནམ་ལས་བསལ་ཏེ་བལྟཝ་ད།གུ་རུ་རིན་པོ་ཆེ་བསྒོམ་གནང་སྟེ་བཞུགས་པའི་ཤུལ་དེ་ཚུ་འཇལ་ཞིནམ་ལས་
ས་གནས་འདི་གུ་རུ་གི་གནས་ཨིནམ་ཤེས་ཚུགས་ནུག
ལྷ་ཁང་བཞེངས་ཚུལ།
༣༽
དེ་ལས་གནས་འདི་དེ་སྦེ་བཞག་པར་མི་བཏུབ་པས་
འདི་ནང་ལྷ་ཁང་གཅིག་བཞེངས་དགོ་པས་ཟེར་འབད་ཞིནམ་ལས་ལྷ་ཁང་བཞེངས་ནུགལྷ་ཁང་བཞེངས་ཏེ་
ད་ལྟོ་མི་ལོ་དྲུག་ཅུ་རེ་དྲུག་དེ་གཅིག་ལས་མ་སོང་པས།
དེ་ཡང་ལོ་འབད་བ་ཅིན་སྟག་གི་ལོ་ལུ་ཨིན་མས།༼༡༩༥༠ ལྕགས་སྟག་ལོ་ལུ་ཨིནམ་འོང་ནི་མས།
ལྕགས་སྟག་ལོ་ལས་དུས་ཅི་སྤྱི་ལོ་༢༠༡༤ལོ་ཚུན་ཚོད་ལོ་ངོ་༦༥ཏག་ཏ་སོང་ནུག༽ དེ་ཡང་དེ་སྒང་གཡུས་ཁ་གི་མི་དེ་ཚུ་འབྱོར་པ་ལྡན་ཏོག་ཏོ་མེདཔ་ལས།
གཟིམ་དཔོན་ནངམ་དཔལ་འབར་ཟེར་མི་འདི་གིས་ཆ་རོགས་མཛད་ནུགདཔལ་འབར་ཁོ་རང་གཡུས་སྲིན་ཕོ་ལས་ཨིནམ་དང་།
ཀྲོང་ས་གྲྭ་ཚང་གི་དགེ་སློང་གཅིག་ཨིན་རུང་།
འབྲུག་རྒྱལ་གཉིས་པའི་གཟིམ་དཔོན་ནངམ་གཅིག་འབདཝ་ལས་།
རྒྱུ་སྟོབས་ཀྱི་ཟ་འཐུང་དེ་ཚུ་ཁོ་གི་གནང་།
ལཱ་དེ་ཚུ་གཡུས་ཁ་གི་ཁྲལཔ་གུང་བདུན་ཡོད་མི་དེ་ཚུ་ལས་མི་རེ་འཐོན་ཏེ་
གླ་མེད་པའི་ཞབས་ཏོག་གི་ཐོག་ལས་ལྷ་ཁང་འདི་དེ་སྦེ་བཞེངས་ནུག
ལྷ་ཁང་རྒྱ་བསྐྱེད་དང་ཉམས་གསོ།
༤༽ སྦོམ་ཆུང་གི་ཐད་ལས་འབད་བ་ཅིན།
དེ་སྒང་བཞེངས་མི་འདི་འ་ནི་ཀཝ་འདི་ཡན་ཆད་རང་ཨིན་མས།
ཀཝ་མན་ཆད་ཀྱི་འཕྲོ་མཐུད་འདི་རྐྱབ་སྟེ་ལོ་ངོ་བཅུ་དྲུག་དེ་ཅིག་ལས་མ་སོང་། དེ་ཡང་ང་དང་ཨ་པ་གཅིག་གི་ཕོ་རྒེནམ་
ཀྲོང་ས་གྲྭ་ཚང་གི་སྲུང་འཁོར་ཀརྨ་གིས་འཕྲོ་མཐུད་ཀཝ་མན་ཆད་འདི་དང་།
གཡོན་ཁ་ཐུག་དེ་ཟུར་འདི་རྐྱབ་གནང་ཡི།
མ་གཞི་ཟུར་འདི་ཨ་ཙི་ཅིག་སྦོམ་སྦེ་བཏགས་ནི་ཨིན་མས།
དེ་འབདཝ་ད་ཟུར་དེ་གི་འོག་ལུ་སྲིན་ཕོ་དམ་བཏགས་ས་གི་རྡོ་དེ་ཡོད་ནི་དེ་གིས་ ཕར་ཁ་ཐུག་སྦོམ་སྦེ་བསྣར་མ་བཏུབ་པར་ཟུར་དེ་ཆུང་ཀུ་གཅིག་སྦེ་བཞག་བཞགཔ་ཨིན་མས།
ལྷ་ཁང་ནང་རྟེན་གུ་རུ་གཙོ་འཁོར་གསུམ།
༥༽
དེ་ལས་ལྷ་ཁང་བཞེངས་ཚར་རུང་ནང་རྟེན་མེད་པར་སྡོདཔ་ད་
འབྲུག་རྒྱལ་གཉིས་པའི་སྐུ་མཆེད་ཨ་ཞེ་དབང་མོ་གིས། གཟིམ་དཔོན་དཔལ་འབར་ལུ།
ཁྱོད་ཀྱི་ལྷ་ཁང་གི་ནང་རྟེན་བཅའ་སྒྲིག་རྐྱབ་ཅིག་གམ་རྐྱབ་བཟུམ་ཅིག་འབད་བ་ཅིན་ནང་རྟེན་གུ་རུ་གཙོ་འཁོར་གསུམ་འབད་མི་གཅིག་
སྐུར་སྟོད་བྱང་ཆུབ་ཆོས་གླིང་ལུ་ཡོད། ཕ་ལས་ལེན་མཆི་ཟེར་གསུངསམ་ལས་
གཡུས་ཁ་གི་ཕོ་རྒྱ་མི་བདུན་སྐུར་སྟོད་ལུ་བཏང་ནུགདེ་སྒང་གཱ་རི་ལམ་མེདཔ་ལས་
ཁོང་བདུན་གྱིས་ གུ་རུ་གཙོ་འཁོར་གསུམ་གྱི་སྐུ་འདྲ་འདི་སྐུར་སྟོད་ལས་རང་བཅའ་བཅིངས་ཏེ་ཕོ་རྒྱ་བཞི་བཞི་
བཞི་བཞི་སྦེ་སྐོར་རྐྱབ་སྟེ་གདན་འདྲེན་ཞུ་ནུགདེ་ལས་སྐུར་སྟོད་སྒྲ་མི་གི་མཇུག་ལུ་ལྷོདཔ་ད་
སྦུལ་མེན་གཅིག་ལམ་ཁར་འཐོན་ཏེ་སྡོད་ནུག་ཟེར་ཨིན་མས། དེ་ལས་ཁོང་དག་པ་གཅིག་འདྲོག་སྟེ་
སྦུལ་མེན་གྱིས་ཟ་ནི་མས་སླབ་ད་ གཅིག་གིས།དེ་སྦེ་མེན་འོང་།
སྦུལ་མེན་དེ་གུ་རུ་གི་ཞབས་སར་འོང་འོངམ་ཨིན་པས་ཟེར་སླབ་སྟེ་སྡོདཔ་ད་
སྦུལ་མེན་དེ་གོ་ལེ་སྦེ་ལམ་གྱི་ཟུར་ཁ་མར་ཡར་སོང་ཡི་ཟེར་ཨིན་མས།
དེ་ལས་རིམ་པ་བཞིན་དུ་འབག་སྟེ་འོང་ཞིནམ་ལས་ ལྷ་ཁང་འདི་ནང་གདན་འདྲེན་ཞུ་ནུག
སྲིན་པོ་མོ་གི་གནས།
༦༽ དེ་ལས་སྲིན་པོ་མོ་དམ་ལུ་བཏགས་སའི་ས་ཁོངས་འདི་
ད་ལྟོ་སློབ་གྲྭ་ཡོད་ས་འདི་གི་ཟུར་ཁ་ཡོདཔ་དང་།
དེ་ཁར་རྡོ་གཅིག་གུར་རྟ་མཆོག་བྷ་ལ་ཧ་གི་ཞབས་རྗེས་ཡོདཔ་ཨིན།
དེ་ཡང་སླབ་སྲོལ་ལས་འབད་བ་ཅིན།
རྟ་གི་ཞབས་རྗེས་གཅིག་སྐུར་སྟོད་སེངྒེ་རྫོང་ལུ་ཡོདཔ་དང་།
ཕར་ལས་འཕུར་ཏེ་ཞབས་རྗེས་གཅིག་ན་ལུ་ཡོད་མི་འདི་དང་།
ན་ལས་སྦེ་སྤ་རོ་སྟག་ཚང་ལུ་བྱོན་ཡི་ཟེར་སླབ་ཨིན་མས། དེ་འབདཝད་
སྐུར་སྟོད་དང་སྤ་རོ་ལུ་ཞབས་རྗེས་ཡོད་ག་མེད་ག་ང་གིས་ཞུ་མི་ཤེས།
ལྷ་ཁང་གི་བདག་འཛིན།
དྲི་བ། ༢ ལྷ་ཁང་གི་བདག་འཛིན་འདི་ག་དེ་སྦེ་འཐབ་སྟེ་ཡོདཔ་ཨིན་ན་ལགས།
དེ་གི་སྐོར་ལས་མདོར་བསྡུས་ཅིག་གསུངས་གནང་།
ལན།
བདག་འཛིན་འདི་ཡང་ང་བཅས་རའི་མི་བརྒྱུད་དེ་ཚུ་གིས་རང་འབད་དེ་ཡོདཔ་ཨིན།
དུས་ཚོད་དེ་ལས་འགོ་བཟུང་སྟེ་སྐར་མེ་མཆོད་མེ་དེ་ཚུ་མ་ཆད་པར་ཕུལ་དོ་ཡོདཔ་མ་ཚད་།
གཡུས་ཁའི་མི་དེ་ཚུ་གིས་སྦྱིན་བདག་ཐོན་ཐོག་ལས་
ཡར་ངོ་མར་ངོའི་ཚེས་བཅུ་ཚུ་ཡང་མ་ཆད་པར་གཏང་དོ་ཡོདཔ་ཨིན།
དུས་མཆོད་འབུམ་སྡེ།
དྲི་བ། ༣ སྐུ་མཆོད་འབུམ་སྡེ་བཟུང་ནི་གི་དོན་ལུ་གྲྭ་ཚང་ལས་མ་དངུལ་རེ་ཡོད་ག
ལན། མེད། མེད།
གྲྭ་ཚང་ལས་ག་ཅི་ཡང་མེད། སློབ་དཔོན་སྲུང་འཁོརཔ་ཁོ་རང་གིས་
གཏན་རྐྱང་ཕུལ་ནི་གི་མར་ཀྲི་ཀྲིན་ལྔ་ལྔ་རེ་གནང་ནི་ཡོད། དེ་ལས་ད་རེས་ནངས་པར་
སྲིན་ཕོ་ལུ་གུང་པ་ཁལ་གཅིག་ལྔ་དེ་ཅིག་ཡོད། གུང་པ་གཉིས་གཉིས་བསྡོམས་ཞིནམ་ལས་
གུང་པ་གཉིས་ཀྱིས་ཚེས་བཅུ་དང་། གཉིས་ཀྱིས་ཉེར་ལྔ་སྦེ་
མི་གཉིས་གཉིས་ཀྱིས་ཚེས་བཅུ་ཚར་རེ་བཟུངམ་ཨིན།
དེ་ལས་ཟླཝ་བདུན་པའི་ནང་བསམ་པ་ལྷུན་གྲུབ་ཀྱི་ཚོགས་སྐོར་ཞག་གསུམ།
ཟླཝ་དང་པའི་ནང་མ་ཎི་ཆ་གཅིགབསྙུང་གནས་སྦེ་རང་བཙུགསཔ་ཨིན། ལྷ་འབབ་དུས་ཆེན་ཉིནམ་གཅིག
དྲུག་པའི་ཚེས་བཞི་ལུ་ཉིནམ་གཅིག་བརྩི་སྲུང་ཞུ་ནི་ཡོད།
དེ་ཡང་ཧེ་མ་ང་ནང་མ་ལྷོད་པའི་སྐབས་ལུ་ དུས་མཆོད་དེ་ཚུ་
སྟབས་བདེ་བའི་སྐབས་ལུ་འབད། དེ་ལས་སྟབས་མ་བདེ་བའི་སྐབས་ལུ་བཞགཔ་ཨིན་མས།
ང་ནཱ་ལུ་ལྷོད་དེ་ལོ་ངོ་བཅུ་དྲུག་དེ་ཅིག་འགྱོ་དོ།
ངེད་ཀྱི་གཡུས་འདི་སྲིན་ཕུ་དགོན་པ་ལས་ཨིནམ་ད།
ང་རང་ཆོསཔ་གཅིག་འབདཝ་ལས་ཕྱག་ཕྱིས་གང་དྲག་ཞུ་དོ། དེ་ཡང་དང་པ་ང་རང་གིས་འགོ་བཙུགས་ཞིནམ་ལས་
ལོ་ངོ་གསུམ་གྱི་རིང་ལུ་སྦྱིན་བདག་སྦེ་ཕྱག་ཕྱིས་ཞུ་ཡོདཔ་དང་། དེ་གི་ཤུལ་ལས་
ཁོང་ཆ་ཁྱབ་སྐོར་རྐྱབ་འབད་དེ་ དུས་ཆེན་འདི་ཚུ་བརྩི་སྲུང་ཞུ་དོ།
དེ་ལས་ཕྲལ་ཕྲལ་སྐབས་སྦྱིན་བདག་འབད་ནི་ཨིན་ཟེར་ཁས་བླངས་འབད་མི་ཡང་ཐོནམ་ཨིན་མས།
དེ་འབདཝ་ལས་ ད་ལྟོ་ཚུན་ཚོད་དུས་མཆོད་འབུམ་སྡེ་དེ་ཚུ་མ་ཆད་པར་འབད་དོ།
ནང་སྲིད་བློན་པོ་འཇིགས་མེད་ཕྲིན་ལས་ཀྱིས་གཟིགས་ཞིབ་གནང་པའི་སྐོར།
དེ་ལས་ན་ཧིང་གཞེས་ཧིང་གཅིག་ཁར་ ལྷ་ཁང་འདི་ལུ་ཞབས་ཏོག་གཅིག་ཞུ་ནི་སྦེ་
ཤིང་ཆ་དེ་ཚུ་ག་ར་སྒོ་ཁ་བཀལ་ཚརཝ་ད་ལུ། བློན་ཆེན་བགྲེསཔ་འཇིག་མེད་འོད་ཟེར་ཕྲིན་ལས་མཆོག་སྲིན་ཕུ་དགོན་པར་བྱོན་པའི་ཞོ་ཁར་ན་ལ་ཚར་གཅིག་བྱོན་ཡི།
དེ་སྒང་ཁོ་རང་ནང་སྲིད་བློན་པོ་སྦེ་བཞུགས་པའི་སྒང་ཨིནམ་དང་།
ང་ཡ་དེ་སྒང་ན་གི་ཚོགས་པ་ཨིན།
དེ་འབདཝ་ལས་ང་གིས་གསོལ་ཇ་འབྲས་སེར་གཅིག་ཡང་བཅའ་སྒྲིག་རྐྱབ་སྦེ་བློན་ཆེན་མཆོག་ལྷ་ཁང་ནང་གདན་འདྲེན་ཞུ་ཡི།
དེ་སྒང་ལྷ་ཁང་འདི་རྒྱ་བསྐྱེད་མ་འབད་བར་ཧེ་མ་གི་ཆུང་ཀུ་དེ་རང་ཨིན།
དེ་ལས་བློན་པོ་གིས་གཟིགས་ཞིབ་གནང་ཞིནམ་ལས། ང་ལུ་དེ་སྦེ་གསུངས་དེས།
ང་གིས་གུ་རུ་གི་སྐུ་རྗེས་ག་ཏེ་ཡང་མཇལ་ཡི།
བུམ་ཐང་སྐུ་རྗེས་ལུ་ཡང་གུ་རུ་གཙོ་བོ་ཁོ་རང་གི་སྐུ་རྗེས་གཅིག་མ་གཏོགས་མེད།
དེ་འབདཝ་ད་གུ་རུ་གཙོ་འཁོར་གསུམ་ཆ་ར་གི་སྐུ་རྗེས་དོད་ཀག་ཀ་སྦེ་ཡོད་མི་འདི་ན་ལུ་རྐྱངམ་གཅིག་ཨིན་མས།
ལེགས་ཤོམ་སྦེ་བདག་འཛིན་འབད། དེ་ལས་ཡར་ངོ་མར་ངོའི་ཚེས་བཅུ་ཚུ་བཟུང་ཟེར་གསུངས་དེས།
དེ་ལས་མི་སེར་ཚུ་གིས་སྤྲོ་བ་ཐེབས་གཅིག་བསྐྱེདཔ་ཨིན་མས།
དེ་འབདཝ་ལས་ང་གིས་མི་སེར་ཚུ་ལུ་དེ་སྦེ་སླབ་ཨིན། རོགས་མཁན་པའི་བདག་པོ་ཚུ་གིས་དེ་འབད་གསུངསམ་ཨིན་པས།
ང་བཅས་ཀྱིས་སླབ་མི་འདི་བགོད་བྲོ་ཨིན་པས་ག
ཟེར་སླབ་སྟེ་ཁོང་ལུ་སླབ་རུང་སླབ་ཧོང་བདེ་བས།
མཁའ་འགྲོའི་གསང་ཆུ་དང་གུ་རུའི་ཞབས་རྗེས།
དེ་ལས་ནཱ་ལུ་ག་ར་ཚངམ་སྦེ་ཡོདཔ་ཨིན། དེ་ཡང་ག་དེ་སྦེ་ཟེར་བ་ཅིན།
ལྷ་ཁང་འོག་ལས་ཨ་ཙི་ཅིག་མར་འགྱོཝ་ད་ མཁའ་འགྲོའི་གསང་ཆུ་ཟེར་སྒྲུབ་ཆུ་གཅིག་ཡང་བཏོན་ཏེ་ཡོད།
དེ་ལས་ལྷ་ཁང་གི་གཡས་ཁ་ཐུག་ལུ་ གུ་རུ་གི་ཞབས་གཡས་པའི་ཞབས་རྗེས་གཅིག་ཡོད།
བློན་པོ་གིས་ཞབས་རྗེས་འདི་གཟིགས་པའི་སྐབས་ལུ་དེ་སྦེ་གསུངསམ་ཨིན་མས།
གུ་རུ་གི་ཞབས་རྗེས་ཡང་ག་ཏེ་ཡང་མཇལ་ཡི། མང་ཤོ་རང་ཞབས་ལྷམ་བཞེས་ཏེ་ཡོད་པའི་ཞབས་རྗེས་ཙང་ཙང་ཨིན་མས།
ནཱ་གི་འདི་ཞབས་ལྗེན་པའི་པར་ འདམ་ནང་རྐྱབ་རྐྱབ་བཟུམ་སྦེ་འདུག་ཟེར་གསུངསམ་ཨིན་མས།
དེ་ལས་གཡོན་ཕྱོགས་ལས་ཕར་ སློབ་གྲྭ་ཡོད་སའི་འོག་ལུ་
རྟ་མཆོག་བྷ་ལ་ཧ་གི་ཞབས་རྗེས་དེ་ཡང་
མཐོ་གང་དེ་ཅིག་ནང་ན་འཛུལ་ཏེ་ཡ་མཚན་ཆེ་ཏོག་ཏོ་ཡོདཔ་ཨིན།
དམངས་མི་ཕུར་པ་ཁོ་རང་གི་ལོ་རྒྱུས་དང་ཕུ་སྲིན་ཕུ་དགོན་པའི་སྐོར་མདོར་བསྡུས།
ང་རང་སྐྱེས་ས་དང་སྦོམ་ས་ག་ར་སྲིན་ཕུ་དགོན་པ་ལུ་ཨིན།
དེ་ལས་ཡར་གྱི་སྒོམ་ཆེན་པའི་གྲངས་སུ་ཞུགས་ཏེ་
བདག་རྐྱེན་དང་གོ་གནས་ཆེནམ་ཆུངམ་ཚུ་ཡང་ག་ར་འབག་ཅི།
དྲི་བ། ༤ སྲིན་ཕུ་དགོན་པ་ཟེར་མི་འདི་
ཡར་རི་ཁྲོད་ཡོད་མི་ཕུ་སྲིན་ཕུ་དགོན་པ་ཟེར་མི་འདི་ཨིན་ན།
ལན།
ཨིན། ཨིན། ནཱ་གིས་གསུངས་མི། ཕུ་སྲིན་ཕུ་བསྙུང་གནས་བསྲུང་ཡི་ག
ཟེར་སླབ་སྲོལ་ཡོད་པའི་དགོན་པ་དེ་ནང་ཨིན།
དེ་འབདཝ་ད་ཡ་གི་འདི་གནས་སྦེ་མེན་པར་བླ་མའི་གདན་ས་སྦེ་བཅར་བཅརཝ་ཨིན་མས།
ནཱ་གི་འདི་གུ་རུ་རིན་པོ་ཆེ་ཁོ་རང་སྐུ་དངོས་བྱོན་ཏེ་བཅར་བཅརཝ་གི་གནས་ངོ་མ་ཨིན་མས་སྦ་ལགས།
དྲི་བ། ༥
ཁྱོད་རང་ཧེ་མ་ཕུ་སྲིན་ཕུ་དགོན་པའི་དགེ་སློང་སྦེ་ཨིན་ན།
ལན། མེན།
ཡ་གི་འདི་དགེ་སློང་སྦེ་མེན་པར་སྒོམ་ཆེན་གྱི་སྡེ་སྦེ་ཨིན།
བླམ་གཅིག་ཡང་བཀལ་སྦེ་རང་ཨིན་ལགས། དེ་སྒང་ང་སྡོད་པའི་སྒང་། སྒོམ་ཆེན་ལྔ་བཅུ་ལྷགཔ་ཅིག་རང་ཡོད།
ད་རེས་ནངས་པར་ཨ་ཙི་ཉུང་སུ་གཅིག་ཡར་སོང་ཡི། ག་ཅི་སྦེ་ཟེར་བ་ཅིན།
ད་རེས་ནངས་པར་ག་ར་ཕྱི་ཁ་གི་ཆོས་ལུ་སྤྲོ་བ་བསྐྱེད་པའི་སྒང་ལསནི་བསྒོམ་ཆེན་བཙུགས་མི་འདི་ཉུང་སུ་གཅིག་སོང་སྟེ་
ད་རེས་ནངས་པ་ཧ་ལམ་བསྒོམ་ཆེན་ཁལ་གཅིག་ལྔ་དེ་ཅིག་རང་ཨིན། དེ་ཚུ་ག་ར་གཉེན་རྐྱབ་སྟེ་ཡོདཔ་ལས་
འབུམ་སྡེ་ཡོད་པའི་སྐབས་ལུ་འབུམ་སྡེ་དེ་རང་བཟུང།
དེ་མེན་པའི་སྐབས་ལུ་སྟ་རེས་ཏོག་ཙེ་འབག་སྟེ་ཁྱིམ་ནང་ལཱ་འབད་བར་འགྱོ་དགོ།
དེ་སྦེ་མ་འབད་བར། དགོན་པ་ལས་འཐོབ་ཁུངས་ག་ནི་ཡང་མེདཔ་ལས་
རང་གིས་འཚོ་སྐྱོང་རང་གིས་མ་འབད་བར་ཐབས་མིན་འདུག དེ་ལས་ང་ཡང་གཉེན་འདི་ན་ལས་རྐྱབ་ཞིནམ་ལས་ན་ལུ་འོང་ཡི།
ན་ལུ་ལྷོད་ཞིནམ་ལས་ གཡུས་ཁའི་མི་དེ་ཚུ་གིས། ཁྱོད་ཆོསཔ་འབདཝ་ལས་ཁྱེད་རང་དྲག་
ཟེར་སླབ་ཐོན་འོངམ་བརྟེན་ དགོན་པ་གི་བདག་འཛིན་འདི་ང་གིས་འཐབ་སྟེ་འབདཝ་ཨིན།
མཆོད་གཤམ་གསར་བཟོ་གི་ལཱ།
དེ་ལས་ནཱ་གི་ཞབས་ཏོག་ལཱ་དེ་ཚུ་ཡང་ང་རང་གིས་འབད་དོ། དེ་ཡང་ང་གིས་
ང་རང་གི་ཕོ་རྒེན་སྲུང་འཁོརཔ་ལུ། ཉོ་དགོཔ་བཅའ་དགོཔ་དེ་ཚུ་ཁྱོད་ཀྱིས་མཛད་གནང་།
ལཱ་འབད་དགོཔ་དེ་ཚུ་གཡུས་ཁ་གི་མི་དེ་ཚུ་ལུ་ཁ་བཀོད་ང་གིས་རྐྱབ་གེ། ཟེར་ཞུ་ཞིནམ་ལས།
ལྕགས་གཤོག་དང་ལྕགས་འཛེར་ལ་སོགས་པའི་ཉོ་དགོཔ་དེ་ཚུ་ཁོ་གིས་ཉོ།
ལཱ་དེ་ཚུ་གཡུས་ཁའི་མི་ཚུ་ལུ་བསྐུལ་ཞིནམ་ལས་ མཆོད་གཤམ་དེ་གསརཔ་བཟོ་བཟོཝ་ཨིན།
དེ་ཡང་ཧེ་མ་མཆོད་གཤམ་ཆུང་ཀུ་གཅིག་རང་ཨིན་མས།
ཆུང་ཀུ་གཅིག་ཡོད་མི་དེ་མི་དེ་ཡང་ལྷ་ཁང་གདོང་ཕྲང་ཏེ་མེན་པར་ཟུར་ཁ་མཚམས་ཅིག་ཁར་ཨིནམ་ལས་
ད་ལྟོ་གི་གསརཔ་འདི་བཟོ་བཟོཝ་ཨིན།
དེ་སྒང་ལཱ་འབད་མི་དེ་ཚུ་ལུ་ཟ་མཐུང་རྐྱངམ་ཅིག་མ་གཏོགས་གླ་ཟེར་ག་ནི་ཡང་མེད་པར་
ག་ར་ཞབས་ཏོག་བཟུམ་ཅིག་སྦེ་འབད་འབདཝ་ཨིན།
དྲི་བ། ༦ ད་གནས་ཀྱི་སྐོར་ལས་དེམ་ཅིག་སྦེ་བཞག་གེ།
ད་གཡུས་ཁ་གི་མདོར་བསྡུས་ཞུ་དགོ་པས།
ནུབ་རི་རྒེད་འོག་འདི་ནང་སྤྱི་འོག་ག་དེམ་ཅིག་ཡོདཔ་ཨིན་ན།
ལན།
ནུབ་རི་རྒེད་འོག་འདི་ནང་སྤྱི་འོག་ལྔ་ཡོད།
དྲི་བ། ༧ འདི་ནང་ལུ་གུང་པ་ག་དེམ་ཅིག་ཡོད་ག་སྨོ།
ལན། མ་གཞི་ག་ར་བསྡོམས་ད་ལྔ་བརྒྱ་བག་མེད་ཅིག་ཡོད།
དེ་ལས་གུང་བཞི་བཅུ་དེ་ཅིག་ཁྲོམ་ནང་དོགས་འགྱོཝ་ད་
ལྷག་མ་གུང་པ་བཞི་བརྒྱ་ལྔ་བཅུ་དེ་ཅིག་ཡོད།
དྲི་བ། ༨ གཡུས་སྒོ་འདི་ནང་
རང་རང་སོ་སོ་གི་ལག་རྩལ་ཁྱད་ཆོས་མ་འདྲཝ་ག་ཅི་ར་ཡོད་ག། དཔེ་འབད་བ་ཅིན།
སྐུར་སྟོད་བཟུམ་ཅིག་འབད་བ་ཅིན། འཐག་གི་ཁྱད་ཆོས་གཞན་དང་མ་འདྲཝ་ཅིག་ཡོད་དོ་བཟུམ།
ལན།
འཐག་ཟེར་རུང་ ལུག་གི་བལ་འཁེལ་ཏེ་འཐག་ནི་དང་།
ཟོར་ཆ་གི་སྐུདཔ་འཁེལ་ཏེ་འཐག་ནི་གཉིསཔ་དེ་རང་ཨིན།
དྲི་བ། ༩
ཟ་འཐུང་རིགས་ལས་འབད་བ་ཅིན་མ་འདྲཝ་ག་ཅི་རང་ཡོད་ག།
ལན། ཁག་སྐད་མ་འདྲཝ་གཉིས།
མང་སྡེ་ཆུ་ཕར་ཀ་ལས་སྤྱི་འོག་གཉིས་འདི་ཁེངས་ཀ་སླབ་མི།
ན་ལས་ཡར་སྤྱི་འོག་གསུམ་ལས་སྦྱི་ཟམ་གྱི་སྤྱི་འོག་འདི་ནང་སླ་བསྲེས་སྦེ་སླབ་མི་ཁག་གཉིས་ཡོད།
གཞན་སྤྱི་འོག་གཉིས་འདི་ ཨུ་ཏ་ཡི་ཟེར་མི་ མང་སྡེ་ཁ་སྐད་ངོ་མ་འདི་རང་ལག་ལེན་འཐབ་ཨིན།
དེ་ལས་ནུབ་རི་རྒེད་འོག་འདི་ན་ལུ་
ལོ་ཐོག་གི་རིགས་ལས་འབྲུ་སྣ་དགུ་ག་ཅི་ཡང་ཚོགས་ལགས། བྱཱ་ཟེར་ཡང་མི་འཚིག
དགུན་ཟེར་ཡང་མི་གྱང་པའི་ཚ་དྲོད་ལྡན་པའི་ས་གནས་གཅིག་ཨིན།
དེ་འབདཝ་ལས་འབྲུ་སྣ་གི་རིགས་མ་ཚད་ ཚོད་བསྲེས་ཀྱི་རིགས་ཡང་ག་ནི་ཡང་ཚོགས།
ཧེ་མ་འབད་ཚེ་གཱ་རི་ལམ་མེད་པར་ བཙོང་ས་མེད་ནི་འདི་གིས་
རང་དགོཔ་རྐྱངམ་ཅིག་བཏབ་ཨིན་མས། དེ་ལས་མར་ཐ་ས་གླང་ཐལ་བཟུམ་ནང་འབད་བ་ཅིན་
དྲོད་ས་འབད་ནི་དེ་གིས་ ཐོན་ཁུངས་སྦོམ་སྦེ་ཡོདཔ་ཨིན་རུང་།
ནུབ་རི་རྒེད་འོག་འདི་ནང་ཐོན་ཁུངས་དེ་ཅིག་རང་མི་འོང་། ཨིན་རུང་མ་པ་ལས་མེདཔ་ཡང་མེན།
ས་ཁར་ག་ཅི་བཏབ་མི་འདི་ མང་ཉུང་རན་ཏོག་ཏོ་ཅིག་ཐོན་ནི་ཡོད།
དྲི་བ། ༡༠ ཟ་མཐུང་གཙོ་བོ་འདི་ཆུམ་ལུ་བརྟེན་དོ་ག
གཞན་ག་ཅི་ལུ་རང་བརྟེན་དོ་ག
ལན། ཧེ་མ་འབད་བ་ཅིན་
ཙེ་རི་འཛམ་ཞིནམ་ལས་གྱོ་བོ་དང་རྒྱ་རས་དེ་ཚུ་ཡང་བཏབ་ནི་ཡོད།
ཨིན་རུང་འབྲུག་གཞུང་གི་སྲིད་བྱུས་
རང་བཞིན་གནས་སྟངས་༦༥ནགས་ཚལ་འབད་བཞག་དགོཔ་ཨིན་ཟེར་འབད་ཞིནམ་ལས་ཙེ་རི་འཛམ་མི་ཡང་དེ་སྦེ་མེད།
དེ་ལས་ཁྲམ་ནང་ཡོད་མི་ཙེ་རི་དེ་ཚུ་ལོ་གཉིས་བྱིག་པའི་སྒང་ལས་འཛམ་མི་ཆོག་ཟེར་ཞིནམ་ལས་
ད་འདི་ཙི་རི་འཛམ་མི་མིན་འདུག
ཨིན་རུང་ད་མི་དབང་མངའ་བདག་རིན་པོ་ཆེ་གི་སྐུ་དང་གྲིབ་ལས་
ཟ་མཐུང་ལུ་དཀའ་ངལ་མེད་པར་གོང་འཕེལ་འགྱོ་སྟེ་ཡོདཔ་མ་ཚད། གཡུས་ཁ་ལས་དར་ཚིལ་གོང་ཏོག་གཅིག་ཐོན་ཁྲོམ་ཁར་བཙོང་ཏེ་ཏི་རུ་འཐོབ་ལས་བརྟེན་ཏེ་ཟ་འཐུང་གི་དཀའ་ངལ་འདི་མེད།
དེ་ལས་སྲིན་ཕུ་གི་མི་དེ་ཚུ་ ཨེ་མ་དང་སྒོ་ནོར་གྱི་ཐོན་ཁུངས་ལུ་ཤུགས་བཏོནམ་ཨིན།
ད་གུང་པ་རེ་རེ་ལུ་སྒོ་ནོར་གཉིས་གཉིས་གསུམ་གསུམ་མེད་མི་ག་ཡང་མེད། དེ་འབདཝ་ལས་
གདང་ཞག་ཞལ་འཛོམས་ན་ལུ་ཞུ་ཞིནམ་ལས་
གཡུས་ཁ་ལུ་ཨོམ་གྱི་འཕྲུལ་ཁང་གཅིག་ཡང་བཙུགས་ནི་སྦེ་སླབ་ཅི། ཟ་ནི་འཐུང་ནི་གི་ཐད་ལས་
འབྲུག་རྒྱལ་ཁབ་ཁོ་རང་ལུ་སྟབས་མ་བདེཝ་ཅིག་བྱུངནི་མ་གཏོགས་
གཞན་ཟ་མཐུང་ལུ་དཀའ་ངལ་མི་འཐོན་མནོཝ་མས།
དེ་སྦེ་བྱུང་པའི་དབང་དུ་བཏང་རུང་གཡུས་ཁ་ལས་ཕར་འདི་དཀའ་ངལ་མི་འོང་ལགས།
ག་ཅི་སྦེ་ཟེར་བ་ཅིན། དཀར་དང་ནས། ཆུམ་དེ་ཚུ་བཏབ་པ་ཅིན་ག་ནི་ཡང་མ་སྐྱེཝ་མིན་འདུག
ཨིན་རུང་གཡུས་ཁ་གི་མི་དེ་ཚུ་གིས་ ཞིང་ལཱ་འདི་བ་
ནོར་གྱི་ལཱ་ལུ་གཙོ་བོར་བཏོན་མས། ག་ཅི་སྦེ་ཟེར་བ་ཅིན།
བདུན་ཕྲག་རེ་རེ་ལུ་མར་དར་ཚིག་འདི་ཚུ་འབག་སྟེ་ཁྲོམ་ཁར་བཙོང་པ་ཅིན་
དངུལ་ཀྲམ་སྟོང་ཕྲག་གཉིས་གཉིས་གསུམ་གསུམ་ཐོབ་པས། ཞིང་ལཱ་འབད་བ་ཅིན།
ཉིནམ་གཅིག་ལཱ་འབད།
ནུབམོ་གཅིག་ཕགཔ་བསྲུང་ཏེ་སྡོད་ས་བཅས་རུང་ཐོན་ཁུངས་སྦོམ་གཅིག་ག་ནི་ཡང་མེདཔ་ལས་
མི་དེ་ཚུ་གིས་ཞིང་ལཱ་ལུ་སྤྲོ་བ་གཅིག་མི་བསྐྱེད་པས།
དྲི་བ། ༡༡ ལོ་ལྟར་གི་དུས་ཆེན་བརྩི་བསྲུང་ཞུ་ནི།
དཔེ་འབད་བ་ཅིན་བོན་པོའི་ལྷ་གསོལ་ནི་ལ་སོགས་པ་དེ་ཚུ་ཡོད་ག
ལན། བོན་པོའི་ལུགས་སྲོལ་འདི་
ཧེ་མ་འབད་བ་ཅིན་འབད་ནུགས་ལག དཔེར་ན་ང་རང་ཆུང་ཀུ་སྦེ་སྡོད་པའི་སྐབས་ལུ་
ལོ་ཐོག་མ་ལེགསཔ་བཟུམ་བྱུང་པ་ཅིན། མན་གལ་གཏོརཝ་ཟེར་འབད་ནི་འདུག་པ་ལགས།
ད་དེ་གི་ཚབ་ལུ་རི་བོ་བསངས་མཆོད་གཏང་། དེ་ལས་སྟབས་བདེཝ་མ་བདེཝ་རེ་ཐོནམ་ད་
ན་ལུ་འོང་སྦེ་ལྷ་མོའི་ཚོགས་བརྒྱ་ཕུལཝ་ཨིན།
དྲི་བ། ༡༢ ལྷ་མོའི་ཚོགས་བརྒྱཔ་དེ་གཏངམ་ད་
བཀའ་བརྒྱུད་པའི་ལུགས་སྲོལ་སྦེ་གཏངམ་ཨིན་ན།
ལན།
མ་གཞི་ན་གི་འདི་རྡོར་གླིང་གི་ལུགས་ཨིན་ལགས། དེ་འབདཝ་ད་དཔེ་ཆ་མ་འདྲཝ་མམ།
གཏང་ཐངས་འདི་ཧ་ལམ་བཅོག་རང་འཐད་ནི་འདི་གིས་
པོ་གསར་བརྡུང་ཏེ་བཀའ་བརྒྱུད་བཟུམ་སྦེ་རང་གཏངམ་ཨིན་ལགས།
དྲི་བ། ༡༣
རྡོར་གླིང་གི་བསྲུང་མ་གཙོ་བོ་མགོན་པོ་མ་ནིང་ཨིན་མས་མེན་ན།
ལན། ཨིན་ལགས།
རྡོར་གླིང་གི་བཀའ་བསྲུང་མགོན་པོ་མ་ནིང་།
བཀའ་བརྒྱུད་ཀྱི་འབད་བ་ཅིན་ཡེ་ཤེས་མགོན་པོ་ཨིན་མས།
ལྷ་མོ་དུད་སོལ་མ་འདི་ང་བཅས་ཀྱིས་ཡང་བསྟེན་ཏེ་གསར་མ་བཟུམ་སྦེ་རང་ཨིན་ལགས།
དྲི་བ། ༡༤ ཡར་ངོ་མར་ངོ་གི་ཚེས་བཅུ་འདི་
ག་དེ་སྦེ་གཏང་དོ་ག
ལན། ཡར་ངོ་མར་ངོ་ཚེས་བཅུ་འདི་རྡོར་གླིང་གི་ལུགས་ལས་གནང་དོ།
འདི་ཡང་རྡོར་གླིང་གི་ལུགས་ལས་བླ་མ་བཀའ་འདུས། པད་གླིང་གི་ལུགས་ལུ་བླ་མ་ནོར་རྒྱམ།
གསར་མ་ཚུ་ལུ་དགོངས་འདུས་ཚེས་བཅུ་སྦེ་ཡོད་ས་ལས།
ན་གི་འདི་རྡོར་གླིང་ཨིན་ནི་དེ་གིས་བླ་མ་བཀའ་འདུས་ཟེར་མི་འདི་གནངམ་ཨིན།
དྲི་བ། ༡༥ ཁྱོད་རང་ཡར་ཕུ་སྲིན་ཕུ་ལས་བྱོན་མི་གཅིག་ཨིན་མས།
དེ་འབདཝ་ལས་ཡ་གི་དེ་ཡང་ རྡོར་གླིང་གི་ཆོས་བརྒྱུད་རང་ཨིན་ན།
ལན། ཡར་གི་འདི་ཡང་རྡོར་གླིང་རང་ཨིན།
དགོན་པ་གཙོ་བོ་ཡར་ཨིན་ནི་དེ་གིས་ ན་གི་ཡན་ལག་འདི་ཡང་རྡོར་གླིང་འབད་རང་ཨིན།
དེ་ཚུ་ཧེ་མ་ཕ་མའི་སྐབས་ལས་རང་དེ་སྦེ་ཨིན་པས།
དྲི་བ། ༡༦ ལྷ་མོ་དུད་སྲོལ་མ་འདི་བཀའ་བརྒྱུད་པ་གི་ཨིན་མས།
རྡོར་གླིང་གི་དུད་སོལ་མའི་དཔེ་ཆ་སོ་སོ་ཡོདཔ་ཨིན་ན།
ལན།
དུད་སོལ་མ་འདི་བཀའ་བརྒྱུད་པའི་དེ་རང་ཨིན་མས། མགོན་མ་ནིང་འདི་དཔེ་ཆ་སོ་སོ་སྦེ་འདུག
དྲི་བ། ༡༧ དུད་སོལ་མ་འདི་མར་པ་ལོ་ཙ་བ་གི་བསྲུང་མ་ཅིག་ཨིནམ་དང་།
དེ་ཡང་གཙོ་བོ་འདི་འབྲུག་པ་བཀའ་བརྒྱུད་པ་ཚུ་གིས་གཏངམ་ཨིན་མས་མེན་ན།
ལན།
ཨིན་པས་ལགས། ང་བཅས་ན་གི་འདི་ཡང་འ་ནི་རང་གཏངམ་ཨིན་ལགས།
དྲི་བ། ༡༨ ད་ནང་ནུབ་རི་རྒེད་འོག་འདི་ནང་།
སྲིན་ཕོ་གུ་རུ་ལྷ་ཁང་དང་། དེ་ལས་ཡར་ལུ་སྲིན་ཕུ་དགོན་པ་ཟེར་གཉིས་ཡོད་མི་དེ་རང་ཨིན་ན།
དེ་ལས་གཞན་གནས་དང་དགོན་སྡེ་ཡོད་ག
ལན། དེ་གཉིས་རང་ཨིན། ན་གི་འདི་གུ་རུ་གི་གནས།
ཡ་གི་འདི་གདན་ས་བཅའ་བཅརཝ་གཅིག་ཨིན་མས།
དེ་ལས་ཡ་གི་འདི་ཧ་ལམ་ལོ་ངོ་གསུམ་བརྒྱ་དེ་ཅིག་ཡར་སོང་ནུག
དྲི་བ། ༡༩ ཡར་གྱི་གདན་ས་འདི་ག་གིས་བཅའ་བཅརཝ་ཨིན་ན།
ལན། ཡར་གྱི་འདི་
ཧེ་མ་ཤར་རྩིབས་ལོགས་ལས་ཨིན་མི་རྗེ་ངག་དབང་པད་དཀར་ཟེར་ཞུ་མི་འདི་གིས་བཅའ་གནང་གནངམ་ཨིན་མས།
བླམ་ངག་དབང་པད་དཀར་མཆོག་ཕ་ལས་བྱོན་ཞིནམ་ལས་
ཧེ་མ་རང་མར་འོབ་སྦྱི་ཟེར་མི་དེ་ནང་ལོ་དག་པ་བཞུགས་ནུག དེ་ལས་ཡར་ལུ་བྱོན་ཞིནམ་ལས་
ད་ལྟོ་ལྷ་ཁང་ཡོད་སའི་ལྟག་ལུ་སྤང་གཅིག་ཡོད་མི་དེ་ནང་
ལུང་བསྟན་ཡོད་ག་མེད་ག་བལྟ་ནི་ཨིན་ཟེར་ སྤང་དེ་ནང་ས་ཅིག་བརྐོ།
ནངས་པར་འདི་ནང་ཆུ་ཐོན་པ་ཅིན་ལྷ་ཁང་འདི་ འདི་ནང་བཞེངས་ནི་ཨིན།
ཆུ་མ་ཐོན་པ་ཅན་གདན་ས་མི་བཅའ་ཟེར་ཐུགས་སྨོན་གནང་ཞིནམ་ལས་ ལོག་སྟེ་བྱོན།
དྲོ་པ་བལྟ་བར་སོངམ་ད་ དེ་ནང་ཆུ་ལྟེམ་ལྟེམ་གང་སྟེ་འདུག་ཟེར་ཨིན་མས།
དེ་ལས་མར་ལས་སྤོ་ཞིནམ་ལས་དེ་ཁར་ལྷ་ཁང་བཞེངས་བཞེངསམ་ཨིན་མས།
ལྷ་ཁང་རྙིངམ་འདི་དེ་སྒང་བཞེངས་ནུག དེ་ལས་ལྷ་ཁང་གསརཔ་འདི་
ང་བཅས་ཀྱི་ཕམོ་ཚུ་གི་ངོ་སྒང་བཞེངས་བཞེངསམ་ཨིན་མས།
དེ་ཡང་ཧ་ལམ་ལོ་ངོ་བརྒྱ་ལྷག་སོང་ནུག
དེ་སྒང་རྒྱ་བསྐྱེད་འདི་རྗེ་ཡེ་ཤེས་སེང་གེ་མཆོག་གིས་གནང་གནངམ་ཨིན་མས།
རྩིབས་ལོགས་ཟེར་སླབ་དགོ་མི་འདི་ ས་གནས་དེ་ཁར་ནོར་གཅིག་ཤི་མི་དེ་གི་ཤ་དྲཝ་ད་
རྩིབ་རུས་ལས་འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་ཐོན་ནི་དེ་གིས་རྩིབ་ལོགས་ཟེར་སླབ་ཨིནམ་དང་།
དེ་ལས་ཐོན་པའི་འཇམ་དཔལ་དབྱངས་ཀྱི་སྐུ་དེ་
སྲིན་ཕུ་དགོན་པའི་ནང་རྟེན་གྱི་ཡེ་ཤེས་སེསམ་དཔའ་སྦེ་ཡོད་ཟེར་ཨིན་མས། དེ་འབདཝ་ལས་
སྲིན་ཕུ་དགོན་པའི་བརྩི་བདག་ཕ་ལས་གཏང་ནི་ཡོདཔ་མ་ཚད་།
དེ་ནང་གི་བླམ་དེ་ནང་ད་ལྟོ་ཚུན་ཚོད་ཕ་ལས་རང་བཀལ་ཏེ་ཡོད།
དྲི་བ། ༢༠ གདན་ས་བཅའ་མི་འདི་རྗེ་ངག་དབང་པད་དཀར་དང་།
ལྷ་ཁང་གསརཔ་བཞེངས་མི་འདི་རྗེ་ཡེ་ཤེས་སེང་གེ་ཨིན་པ་ཅིན། རྗེ་རྣམ་གཉིས་འདི་སྤུང་ཐིམ་གྲྭ་ཚང་གི་དགེ་སློང་ཨིན་ནི་འདི་གིས་
གདན་ས་འདི་ཡང་འབྲུག་པ་བཀའ་བརྒྱུད་པའི་གདན་ས་འོང་དགོ་ནི་བཟུམ་ཅིག་འདུག
དེ་ག་དེ་སྦེ་ཨིན་ན།
ལན། ཨིན་པས་ལགས།
གདན་ས་བཅའ་མི་རྗེ་ངག་དབང་པད་དཀར། དེ་གི་ཤུལ་ལས་བླམ་འགྱུར་མེད་ཚེ་དབང་།
དེ་ལས་ཡེ་ཤེས་སེང་གེ། མཇུག་རང་སྤྱི་ལོ་༢༠༡༡དང་༢༠༡༢ནང་རྒེད་འོག་ཁ་ཐུག་ལས་ཤིང་ཆ་གསརཔ་བསོར་ཏེ་ཞབས་ཏོག་ཞུ་ཡི།
དེ་ལས་རྗེ་རྣམ་གཉིས་དེ་འབྲུག་པ་བཀའ་བརྒྱུད་ཨིན་རུང་།
ཁོང་གི་འཁྲུངས་ཡུལ་ངོ་མ་ཤར་རྩིབ་ལོགས་ཀྱི་གདན་ས་གི་ཆོས་བརྒྱུད་རྡོར་གླིང་ཨིན་དོ་མས།
དེ་འབདཝ་ལས་ན་གི་འདི་ཡང་རྡོར་གླིང་འབད་རང་བཞག་བཞགཔ་འོང་ནི་མས།
དྲི་བ། ༢༡ དེ་ལས་མཆོད་རྟེན་དང་གནས་གཞན་ཡང་ཡོད་ག
ལན། མཆོད་རྟེན་འདི་ལེ་ཤ་ཡོད།
ཨིན་རུང་དེ་ཚུ་ག་ར་ཤུལ་ལས་བཞེངས་བཞེངསམ་ཨིན་མས། དེ་ལས་བྱོན་ཚུགས་པ་ཅིན།
ཡར་རི་མགོ་ལུ་གུ་རུ་གི་གནས་ལེ་ཤ་ཡོད།
ཁ་ཙང་ཁ་ཉིནམ་རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ཞིབ་འཚོལ་འབད་མི་གཅིག་ཡང་འོང་ཡི།
ན་ལས་ཆུ་ཚོད་བཞི་དེ་ཅིག་རྐང་ཐང་སྦེ་འགྱོ་དགོ།
དྲི་བ། ༢༢ དེ་ལས་དཔོན་དང་བླ་ཆེན་དེ་ཚུ་གི་ཕོ་བྲང་དང་གཟིམ་ཅུ་བཟུམ་ག་ཅི་ཡང་མེད་ག
ལན། དེ་ཚུ་ག་ནི་ཡང་མེད་ལགས།
གི་ཁུག་ཨིན་ནི་གིས་དེ་བཟུམ་ག་ཅི་ཡང་མིན་འདུག
ཡོད་རུང་མེད་རུང་གཟིམ་དཔོན་དཔལ་འབར་ཁོང་རང་སྤུན་མཆེད་གཉིས་རང་འབད།
གཅིག་གིས་ཡར་དགོན་པ་དང། གཅིག་གིས་ན་སྦེ་ཨིན་མས།
དེ་ལས་འབྲུག་རྒྱལ་གསུམ་པ་གིས་གཟིམ་དཔོན་ལུ་གནང་མི་ཅ་ལ་ཚུ་ཡང་མང་ཤོ་རང་ཡར་དགོན་ལུ་བཞག་ཡོདཔ་ཨིན་མས།
དེ་ཡང་ཤུལ་ལས་བློན་ཆེན་བགྲེསཔ་ནང་སྲིད་བློན་པོ་སྦེ་བཞུགས་པའི་སྒང་།
ཅ་ལ་དེ་ཚུ་ལྟག་རྫོང་གི་འགྲེམ་སྟོན་ཁང་ནང་དགོ་པས་ཟེར་མར་ལུ་གནངམ་བྱོན་སོང་ནུག
འབག་བྱོན་པའི་སྒང་ལས་རིན་ངོ་ཡང་གནང་སྦེ་གཏན་རྐྱང་སྦེ་རང་འབག་འགྱོཝ་ཨིན་མས།
མ་གཞི་དེ་སྦེ་འབག་འགྱོ་མི་གྲལ་ཁར་སྐུ་རྟེན་གསུང་རྟེན་ཚུ་འདི་མིན་འདུག་ལགས།
དཔེར་ན་ལྕོགས་སྒྲོམ་བཟུམ། འབྲུག་རྒྱལ་གསུམ་པ་གིས་གནང་མི་བཞེས་ཆ།
བྱ་དོམ་བཟུམ་ལ་སོགས་པ་དང་ཕུགས་ཀྱི་ཅ་ལ་དེ་ཚུ་ཨིན་མས།
དྲི་བ། ༢༣ མི་ཤི་རྐྱེན་མཆེད་རེ་བྱུངམ་ད་གི་དུར་ཁྲོད་ཡོད་ག
ལན།
དུར་ཁྲོད་ཡང་དགོན་པ་ལུ་ཨིན་མས།
དེ་ཡང་དང་ཕུགས་ལས་ཡོདཔ་མེན་པར་གསརཔ་མཚམས་ཅིག་ཨིན་མས།
དྲི་བ། ༢༤ མཚོ་དང་བླ་ཤིང་སྲོག་ཤིང་བཟུམ་གྱི་རིགས་ཡོད་ག
ལན།
དེ་ཚུ་ག་ནི་ཡང་མེད།
དྲི་བ། ༢༥ བླམ་སློབ་དཔོན་དེ་ཚུ་གི་བསྒྲུབ་པ་གནང་སྟེ་བཞུགས་ས་གི་སྒྲུབ་ཕུགས་རེ་ཡོད་ག
ལན། ལོགས་སུ་གཅིག་ག་ནི་ཡང་མེད།
བླམ་འདིནི་ཕ་ལས་བཀལ་ནི་འདི་གིས་
ཁོང་ཆ་ཁྱབ་འདིནི་བསྒོམ་སྒྲུབ་གནང་ས་རྟ་མགོ་ལྕགས་རི་དེ་ཚུ་ལུ་ཨིན་མས།
དེ་ལས་གཡུས་ཁ་གི་བསྒོམ་ཆེན་ཐུན་གཏང་མི་དང་ལོ་གསུམ་བཅད་མི་རེ་ཐོན་མི་ཚུ་
ཁོང་ར་ཆ་ཁྱབ་ཀྱི་མཚམས་ཁང་རེ་བཟོ་སྟེ་སྡོདཔ་མ་གཏོགས། བསྒྲུབ་པའི་སྡེ་ལོགས་སུ་སྦེ་མེད།
དྲི་བ། ༢༦ ན་གི་གནས་དང་ལྷ་ཁང་ཚུ་གི་སྐོར་ལས་ལོ་རྒྱུ་བྲིས་བྲིཝ་རེ་ཡོད་ག
ལན། ན་གི་འདི་མེད།
དེ་འབདཝ་ད་མཁན་པོ་གཅིག་དང་འབྲེལ་བ་འཐབ་སྟེ་འབྲི་ནི་གི་དཔའ་བཅམ་དོ།
ཨིན་རུང་ད་ལྟོ་འབད་མ་ཚུགས། དེ་ལས་ཡར་དགོན་པ་གི་འདི་ད་ལྟོ་འབྲི་དོ་ཟེར་ཨིན་མས།
དྲི་བ། ༢༧ ན་གི་གུ་རུ་ལྷ་ཁང་འདི་བསྲུང་འཁོར་དཔལ་འབར་གྱིས་རྐྱབ་ཞིནམ་ལས་ཚུར་བདག་འཛིན་འབད་མི་བརྒྱུད་པ་གཅིག་ག་དེ་སྦེ་བྱུང་ཡི་ག
ད་ན་ལས་ཕར་ཡང་ག་དེ་སྦེ་མཛད་ནི་གི་ཐུགས་བཞེས་ཡོད་ག
ལན། བསྲུང་འཁོར་དཔལ་འཁོར་ལས་མར་བརྒྱུད་པ་ཡོད་ལགས།
ད་ན་ལས་ཕར་ཡང་ང་རང་གི་ཚབོ་གཅིག་དང་ནུ་གཅུང་གཅིག་ཡོད། ནུ་གཅུང་འདི་ཀྲོང་ས་གྲྭ་ཚང་ནང་ལས་ཐོན་ཞིནམ་ལས་ཚང་ཁ་བཤད་གྲྭ་ནང་།
དེ་ལས་རྟ་མགོ་ལས་ཚང་ཞིནམ་ལས་ལོ་གསུམ་ཚར་གཅིག་ཚར། ད་རུང་ཡང་ལོ་གསུམ་ནང་འཛུལ་ཏེ་ཡོད།
ཤུལ་ལས་ཁོ་གིས་བདག་འཛིན་འཐབ་འོང་མནོ་བའི་རེ་བ་ཡོད། ཁོ་ལུ་དེ་སྦེ་སླབ་ཡང་སླབ་ཅི།
ལྷ་ཁང་འདི་ཕ་མའི་ངོ་སྒང་ལས་ང་བཅས་རའི་མི་བརྒྱུད་ཀྱིས་བདག་འཛིན་འཐབ་སྟེ་ཨིན་མས།
ན་ལས་ཕར་ཡང་ཁྱོད་ཀྱིས་རང་བདག་འཛིན་འཐབ་དགོ་ཟེར་སླབ་ཅི།
ལགས་སོ་ལགས། བཀའ་དྲིན་ཆེ།
No comments:
Post a Comment