བཀའི་བསྡུ་བ་རྣམ་པ་གསུམ།༼བཀའ་བསྡུ་རྣམ་གསུམ༽
བཀའི་བསྡུ་བཟེར་མི་འདི་ སངས་རྒྱས་ཀྱི་གསུང་ཆོས་དེ་ཚུ་ཡུན་དུ་གནས་ནི་གི་དོན་ལུ་
དགེ་སློང་དང་དགྲ་བཅོམ་པ་ཚུ་ག་ར་འཛོམས་ས་ སངས་རྒྱས་ཀྱི་ཆོས་ག་ཅི་གསུངས་མི་འདི་ ལོག་སྟེ་སྐྱོར་ནི་ལུ་གོ་ནི་ཨིན།
བཀའ་བསྡུ་དང་པ།
བཀའ་བསྡུ་རིམ་པ་གསུམ་ལས་དང་པ་འདི་ སངས་རྒྱས་གཤགས་པའི་ལོ་གཅིག་གི་ཤུལ་མ་མཛད་ནུགདེ་སྦེ་མཛད་དགོ་མི་འདི་ཡང་
སངས་རྒྱས་གཤགས་པའི་ལོ་འདི་ལུ་མཆོག་ཟུང་གཉིས་དང་དགྲ་བཅོམ་པ་ལེ་ཤ་གཅིག་རང་གཤགས་སོངམ་ལས་
ལྷ་དང་བྲམ་ཟེའི་ཆོས་ལུགས་ཚུ་གིས་སངས་རྒྱས་གཤགས་སོངམ་མ་ཚད་ འབྲས་བུ་ཐོབ་པའི་དགྲ་བཅོམ་པ་ཚུ་ཡང་གཤགས་སོངམ་ལས་
ད་སངས་རྒྱས་ཀྱི་བསྟན་པ་ཉམས་སོང་ཡི། ཟེར་བའི་འཕྱར་ཁ་བཏང་མི་འདི་བསལ་ནི་གི་དོན་ལུ་དང་།
བསྟན་པ་ཡུན་དུ་གནས་ནི་གི་དོན་ལུ་ཨིན་མས།
བཀའ་བསྡུ་མཛད་ཐངས་འདི་ཡང་ མ་གྷ་དྷའི་རྒྱལཔོ་མ་སྐྱེས་དགྲ༼དགྲ་མེད།
ཨ་ཇཱ་ཏ་ཤ་ཏྲུ།༽ སྦྱིན་བདག་མཛད། སྟོན་པའི་སྐུ་ཚབ་འོད་སྲུང་མཆོག་གི་གཙོས་པའི་དགྲ་བཅོམ་པ་ལྔ་བརྒྱ་དེ་ཅིག་
ནྱ་གྲོ་དྷའི་ཕུག་ལུ་འཛོམས་ཞིནམ་ལས་དབྱར་གནས་ཚོགས། དགེ་འདུན་འདུས་པའི་སྦུག་ལུ་ཁྲི་རྐྱབ་ཞིནམ་ལས་
དེ་གུ་དང་པ་རང་ཀུན་དགའ་བོ་བཞུགས་ཏེ་མདོ་སྡེའི་སྡེ་སྣོད་དེ་ཚུ་སྐྱོར། དེ་ལས་ཉེ་བར་འཁོར་བཞུགས་ཞིནམ་ལས་འདུལ་བའི་སྡེ་སྣོད་དེ་ཚུ་གསུངས།
དེ་ལས་འོད་སྲུང་བཞུགས་ཞིནམ་ལས་མངོན་པའི་སྡེ་སྣོད་གསུངས་ཡོདཔ་དང་། ཁོང་གསུམ་གྱིས་སྐྱོར་མི་བཀའ་དེ་ཚུ་དགྲ་བཅོམ་པ་མི་བརྗེད་པའི་གཟུང་དང་ལྡན་མི་ཚུ་གིས་བློ་ལུ་བཟུང་ཡོདཔ་ཨིན་མས།
བཀའ་བསྡུ་གཉིས་པ།
བཀའ་བསྡུ་གཉིས་པ་འདི་སངས་རྒྱས་གཤགས་ཞིནམ་ལས་ལོ་བརྒྱ་དང་བཅུ་ལུ་མཛད་ཅི་ཟེར་ཨིན་མས།
དེ་མཛད་དགོ་མི་འདི་ སངས་རྒྱས་གཤགས་ཏེ་ལོ་ཡང་ལེ་ཤ་ཡར་སོངམ་ལས་ འདུལ་བའི་ཉམས་ལེན་ནང་ལུ་སྟབས་མ་བདེཝ་ལེ་ཤ་ཐོན་ཐོནམ་ཨིན་མས།
དཔེ་འབད་བ་ཅིན་ དགེ་སློང་དེ་ཚུ་ཉིན་མའི་གུང་ཚིགས་རྐྱངམ་གཅིག་ལས་ཕྱི་རུ་གི་ཚོགས་བཞེས་མ་ཆོགཔ་ཨིན་རུང་།
དགེ་སློང་སྡེ་ཚན་དག་པ་ཅིག་གིས་ག་དེ་སྦེ་འབད་ནུག་ཟེར་བའི་ཅིན། ལྟོ་ནང་ཚྭ་བླུགས་པ་ཅིན།
བཞེས་སྒོ་གི་བྲོཝ་བསྒྱུར་ཏེ་ཡར་སོངམ་ལས་ ཕྱི་རུ་ལྟོ་ཟ་བ་ཁྱད་མེད། ཟེར་བ་ལ་སོགས་པའི་སྟབས་མ་བདེཝ་བཅུ་ཐམ་དེ་ཅིག་བྱུང་ཡོད་མི་འདི་ཚུ་བསལ་ནི་གི་དོན་ལུ།
ད་རུང་ཡང་སངས་རྒྱས་ཀྱི་བཀའ་དེ་ཚུ་ཆ་ཚང་སྐྱོར་དགོཔ་ཐོན་ཐོནམ་ཨིན་མས།
དེ་ཡང་ལིཅྖ་བིའི་རྒྱལཔོ་དགའ་བྱེད་ཟེར་མི་འདི་གིས་སྦྱིན་བདག་མཛད་ཞིནམ་ལས་
གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱ་དེ་ཅིག་ ཀུསྨ་པཱུ་རིའི་གཙུག་ལག་ཁང་༼གྲོང་ཁྱེར་པཊ་ན༽ནང་འཛོམས་ཞིནམ་ལས་དབྱར་གནས་ཚོགས་ཏེ་བཀའ་དེ་ཚུ་སྐྱོར་ནུག
དེ་ལས་བཀའ་བསྡུ་གཉིས་པ་འགོ་འདྲེན་འཐབ་མི་དགྲ་བཅོམ་པ་གྲགས་པ་ཟེར་མི་འདི་
ཀུན་མཁྱེན་གྱིས་འབད་བ་ཅིན། ཤ་ནའི་གོས་ཅན་ཨིནམ་དང་། བུ་སྟོན་རིན་པོ་ཆེ་ལ་སོགས་པ་གིས་འབད་བ་ཅིན།
ཉེར་སྦས་ཨིནམ་སྦེ་བཤད་ཡོད་རུང་། གནས་བརྟན་སྡེ་པ་ཚུ་གིས་འབད་ཅིན། གཏད་རབས་ལྔ་པ་མཽ་གལ་གྱི་བུ་སྐར་རྒྱལ་ཟེར་ཞུ་མི་འདི་ཨིནམ་དང་།
དེ་གི་སྦྱིན་བདག་ཡང་ནག་པོ་མྱ་ངན་མེད་ཟེར་མི་འདི་ཨིན་ཟེར་ཨིན་མས།
དགྲ་བཅོམ་པ་དེ་ག་ཨིན་རུང་། སྦྱིན་བདག་འདི་ཆོས་རྒྱལ་མྱ་ངན་མེད་ཨིནམ་ཐག་ཆོད་ཨིན་མས།[1]
བཀའ་བསྡུ་གསུམ་པ།
བཀའ་བསྡུ་གསུམ་པ་འདི་ སྤྱི་ལོའི་དུས་རབས་དང་པོ་རྒྱལ་པོ་ཀ་ནིཥྐའི་དུས་ལུ་མཛད་ནུགདེ་མཛད་དགོ་མི་འདི་ཡང་
བཀའ་བསྡུ་གཉིས་པའི་མཇུག་ཙམ་ཅིག་ལས་རང་ དགེ་སློང་དེ་ཚུ་ ལྟ་གྲུབ་དང་ཉམས་ལེན་ཆུང་ཀུ་རེ་མ་མཐུནམ་སོང་ཞིནམ་ལས་
སྡེ་ཚན་སོ་སོ་སྦེ་གྱེས་ནི་འགོ་བཙུགས། དེ་ཡང་དང་པ་རང་༡གནས་བརྟན་པ། ༢ཕལ་ཆེན་པ། ༣གཞི་ཐམས་ཅད་ཡོད་པར་སྨྲ་བ།
༤མང་བཀུར་བ་ཟེར་བའི་རྩ་བའི་སྡེ་ཚན་བཞི་སྦེ་གྱེས། དེ་ལས་རིམ་པ་བཞིན་དུ་ སྡེ་ཚན་རེ་རེ་ལུ་ཡང་ནང་གསེས་སྡེ་ཚན་སོ་སོ་གྱེས་ཏེ་སྡེ་ཚན་བཅོ་བརྒྱད་དེ་ཅིག་ཡར་སོངམ་མ་ཚད།
སྡེ་པ་ནང་ཕན་ཚུན་མི་མཐུན་པའི་རྩོད་རྙོགས་ཡང་ལེ་ཤ་ཐོན་དོ་ཡོདཔ་ལས་ གཙོ་བོ་རང་དེ་ཚུ་བསལ་ནི་གི་དོན་ལུ་བཀའ་བསྡུ་གསུམ་པ་འདི་མཛད་མཛདཔ་ཨིན་མས།
དེ་ཡང་རྒྱལ་པོ་ཀ་ནིཥྐ་གིས་སྦྱིན་བདག་མཛད།
རྩིབས་ལོགས་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱད་དེ་ཅིག་ཁ་ཆེའི་གཡུས་ཁའི་ རྣ་རྒྱན་གྱི་གཙུག་ལག་ཁང་ནང་འཛོམས་ཞིནམ་ལས་
བཀའ་བསྡུ་གསུམ་པ་དེ་མཛད་ནུག[2]
དཀའ་རྙོགས་བསལ་ཐབས་དེ་ཡང་ རྒྱལ་པོ་ཀྲྀ་ཀྲྀའི་གཉིད་ལམ་ལུང་བསྟན་འདི་གསལ་བསྒྲགས་འབད་ཞིནམ་ལས་དཀའ་རྙོགས་བསལ་ཡི་ཟེར་ཨིན་མས།
རྒྱལ་པོ་ཀྲྀ་ཀྲྀ་ཟེར་མི་འདི་འདས་པའི་སངས་རྒྱས་འོད་སྲུང་སྐབས་ལུ་བྱུང་བའི་ལོ་རྒྱུས་གཅིག་ཨིནམ་དང།
ཁོ་གི་གཉིད་ལམ་མ་འདྲཝ་བཅུ་ཐམ་མཐོང་ཡོདཔ་ཨིན་མས། དེ་ལས་ད་ལྟོ་གི་རྩོད་རྙོགས་དང་འབྲེལ་བའི་གཉིད་ལམ་འདི།
བཀབ་ནེ་བཟུམ་གྱི་ཁ་ཤ་ཡུག་གཅིག་འབད་མི་གཅིག་ མི་བཅོ་བརྒྱད་ལུ་བགོ་བཤའ་རྐྱབ་སར་མཐོང་ཡོདཔ་ད།
མི་བཅོ་བརྒྱད་ཀྱིས་བཀབ་ནེ་བཟུམ་རེ་རེ་འབག་འགྱོ་རུང་། རྩ་བའི་ཁ་ཤ་དེ་ལུ་ཆུང་ཀུ་མ་འགྱོ་བར་ཧེ་མ་ག་ཨིནམ་སྦེ་མཐོང་ཡོད་མི་འདི་གི་རྟགས་མཚན་ག་ཅི་ཨིན་ན་ཟེར། སངས་རྒྱས་འོད་སྲུང་ལུ་ཞུཝ་ད། སངས་རྒྱས་ཀྱིས། ཤཱ་ཀྱ་ཐུབ་པའི་བསྟན་པ་ལུ་ནང་གསེས་སྡེ་ཚན་བཅོ་བརྒྱད་སྦེ་གྱེས་ནི་ཨིན་པས།
དེ་འབདཝ་ད་སྡེ་པ་བཅོ་བརྒྱད་རེ་རེ་ལུ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་རེ་ཡོདཔ་དང་། དེ་ལས་བརྟེན་ཏེ་རྩ་བ་སངས་རྒྱས་ཀྱི་བསྟན་པ་འདི་མ་ཉམས་པར་གནས་ནི་གི་རྟགས་མཚན་ཨིན་མས་ཟེར་གསུངས་ནུག
ལུང་བསྟན་གྱི་གཉིད་ལམ་འདི་གསལ་བསྒྲགས་འབད་ཞིནམ་ལས་
གཅིག་གིས་གཅིག་ལུ་ སངས་རྒྱས་བསྟན་པ་ཨིན་དང་མེན་ཟེར་བའི་རྩོད་རྙོག་མེད་པར་ག་ར་མཐུན་ལམ་གྱི་སྒོ་ལས་གནསཔ་མ་ཚད།
སངས་རྒྱས་བཀའ་སྡེ་སྣོད་གསུམ་སྐྱོར་མི་དེ་ཚུ་ཡང་ཉན་ཏེ་འཛིན་སྐྱོང་སྤེལ་གསུམ་མཛད་ནུག[3]
དོགས་དཔྱོད། བཀའ་བསྡུ་རིམ་པ་གསུམ་འདི་ལུ་
ཉན་ཐོས་སྡེ་པ་སོ་སོ་གི་འདོད་ཚུལ་མ་འདྲཝ་ལོགས་སུ་ཡོདཔ་མ་ཚད། ཐེག་ཆེན་གྱི་བཀའ་བསྡུ་ལོགས་སུ་བཤད་ནི་ཡོད།
[1]ཁང་དཀར་སྐལ་བཟང་ཚུལ་ཁྲིམས།
དེབ་སྔོན་གསར་མ། ཤོག་གྲངས། ༡༥༨
རྒྱ་པཱན་གངས་ལྗོངས་ནང་རིགས་མཐུན་ཚོགས་དཔར་སྐྲུན། ༢༠༠༧
[2]བོད་ཀྱི་ལོ་རྒྱུས་ལྟར་དུ་འབད་བ་ཅིན།
ཉན་ཐོས་རྩ་བའི་སྡེ་པ་བཞི་ཨིནམ་སྦེ་བཤད་ཡོད་རུང་།
གནས་བརྟན་སྡེ་པའི་ལོ་རྒྱུས་ལས་འབད་བ་ཅིན།
མྱ་ངན་མེད་ཀྱིས་བཀའ་བསྡུ་གཉིས་པ་མཛད་པའི་སྐབས་ལུ།
ཚུལ་དང་མི་མཐུན་པའི་དགེ་སློང་ལེ་ཤ་བཏོན་བཏངམ་ལས་ ལོགས་སུ་གྱེས་མི་ཚུ་གིས་སྡེ་ཚན་བཟོ་ཡོད་མི་འདི་
དགེ་འདུན་ཕལ་ཆེན་པའི་སྡེ་པ་དང་།
ཚུལ་མཐུན་གྱི་སྡེ་ཚན་འདི་གནས་བརྟན་པའི་སྡེ་པ་འདི་ཨིནམ་དང་།
མང་པོ་བཀུར་བའི་སྡེ་པ་དང་།
གཞི་ཐམས་ཅད་ཡོད་པར་སྨྲ་བ་གཉིས་ཡང་གནས་བརྟན་པ་ལས་གྱེས་ཅིག་ཟེར་ཨིན་མས།
ཁང་དཀར། ཤོག་གྲངས། ༡༨༡
[3]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ཤེས་བྱ་ཀུན་ཁྱབ་མཛོད། དེབ་དང་པོ།
ཤོག་གྲངས། ༣༧༢
བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢
No comments:
Post a Comment