ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།
༈ བསྟན་བཅོས་རྩོམ་པ་ལུ་བར་ཆད་མི་འབྱུང་གི་དོན་ལུ་རྫོགས་པའི་སངས་རྒྱས་མཆོད་པར་བརྗོད་པ།
མཁྱེན་པའི་གཏིང་མཐའ་མི་མངོན་ཞིང་།
།ཐུགས་རྗེའི་ཡིད་བཞིན་ནོར་གྱིས་གཏམས།།
མཛད་པའི་རླབས་ཕྲེང་གཡོ་བ་ཅན།
།ཐུབ་དབང་ཆོས་ཀྱི་རྒྱ་མཚོ་རྒྱལ།།༡།།
ཚིག་གནད་མཆན་འགྲེལ། མི་མངོན། མཐོང་མི་ཚུགས་ནི། གཏམས། གང་ཏེ་ཡོད་ནི། རླབས་ཕྲེང་།
ཆུའི་རྦ་རླབས། ཐུབ་དབང་།
སངས་རྒྱས།
དེ་ཡང་དཔྱེ་འབད་བ་ཅིན་
རྒྱ་མཚོ་དེ་ལུ་ ཕ་མཐའ་སྦོམ་ཆུང་དེམ་ཅིག་ཨིན་ཟེར་མི་ཤེས་ནི་དང་།
དེ་ནང་ལུ་ནོར་བུའི་རིགས་མ་འདྲཝ་ལེ་ཤ་ཚང་སྟེ་ཡོད་ནི།
ཆུའི་རྦ་རླབས་རྒྱུན་ཆད་མེད་པར་ཡོད་དོ་བཟུམ་སྦེ་
ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ལུ་ཡང་
མཁྱེན་པའི་མཐའ་དེམ་ཅིག་ཨིན་ཟེར་ཤེས་མི་ཚུགས་ནི་དང་།
གཞན་དོན་དེ་ཚུ་འབད་རྩོལ་ག་ནི་ཡང་མི་དགོ་པར་སྒྲུབ་ཚུགས་པའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སྙིང་རྗེ་ཆེན་པོ་གིས་ཐུགས་རྒྱུད་གང་སྟེ་ཡོད་ནི་དང་།
ཆུའི་རྦ་རླབས་ཀྱི་རིམ་པ་གཡོ་འགུལ་འབད་དོ་བཟུམ་སྦེ་
གཞན་དོན་གྱི་སྤྱོད་པ་རྒྱུ་ཆད་མེད་པར་མཛད་དེ་བཞུགས་པའི་ཁྱད་ཆོས་གསུམ་ཀ་ཚངམ་ལས་
རྒྱ་མཚོ་ཆེན་པོ་དང་འདྲ་བའི་སངས་རྒྱས་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པ་མཆོག་དེ་
དུས་དང་རྣམ་པ་ཀུན་ཏུ་རྒྱལ་བར་གྱུར་ཅིག། ཟེར་བའི་དོན་ཨིན་མས།།
རྩོམ་པར་དམ་བཅའ།
རྙོག་བྲལ་དྭངས་པའི་ཆུ་རྒྱུན་གྱིས།
།ལུས་ཅན་གདུང་བ་ཞི་བྱེད་ལྟར།།
ལེགས་བཤད་གསར་པའི་བདུད་རྩི་ཡིས།
།བློ་ལྡན་སྐྱེ་བོ་དབུགས་དབྱུང་བྱ།།༢།།
ཚིག་གནད་མཆན་འགྲེལ། རྙོག་བྲལ། ཧོག་མ་མེད་མི། དྭངས་པ། ཧིང་སངས་ས། ལུས་ཅན། སེམས་དང་ལྡན་པའི་སྐྱེ་བོ།
ཧོག་མ་མེད་པའི་ཆུ་
དྭངས་འཕྲོས་འཕྲོས་དེ་གིས། ལུས་ཅན་སེམས་ཅན་ཚུ་གི་ ཁ་སྐོམ་པའི་
སྡུག་བསྔལ་བསལ་ཚུགས་དོ་བཟུམ་སྦེ། ན་ལས་མར་བརྩམ་ནི་ཨིན་མི་ལེགས་བཤད་གསརཔ་བདུད་རྩི་དང་འདྲཝ་འདི་གིས་ཡང་།
བླང་བྱ་དང་དོར་བྱའི་སྐོར་ལས་ལེགས་ཤོམ་སྦེ་སྟོན་ཏེ་བྱིན་ནི་དེ་གིས་
ལེགས་ཉེས་ཀྱི་དབྱེ་བ་ཕྱེ་དགོ་མནོ་བའི་བློ་དང་ལྡན་པའི་སྐྱེ་བོ་ཚུ་གི་སེམས་ལུ་བདེ་སྐྱིད་ཀྱི་ངལ་འཚོ་བྱིན་ནི་ཨིན།།
ལེགས་བཤད་འདི་གི་དགོས་པ་བཤད་པ།
དྲི་བཟང་བསྒོས་པའི་ཆུ་གཙང་དེ།
།མཆོད་ཡོན་ཞབས་བསིལ་བསང་གཏོར་སོགས།།
གང་དུ་བྱས་ཀྱང་ལེགས་པ་ལྟར། །ལེགས་བཤད་གཏམ་ནི་ཀུན་ལ་མཛེས།།༣།།
ཚིག་གནད་མཆན་འགྲེལ། མཆོད་ཡོན། ཞལ་ལུ་ཕུལ་ནི་གི་ཆུ། ཞབས་བསིལ། ཞབས་འཕྱུ་ནི་གི་ཆུ། བསང་། གཙོ་གྲིབ་བསང་ནི། གཏོར།
ཐལཝ་མི་ལང་ནི་དང་དྲིམ་ཞིམ་ཏོང་ཏོ་འོང་ནི་གི་དོན་གཏོར་ནི་གི་ཆུ།
དྲི་བཟང་བླུགས་ཏེ་ཡོད་པའི་ཆུ་གཙང་ཏོག་ཏོ་དེ།
ཡར་དཀོན་མཆོག་གི་ཞལ་ལུ་ཕུལ་ནི། ཞབས་འཕྱུ་ནི། གཙོག་གྲིབ་བསང་ནི།
གནས་ཁང་ལུ་གཏོར་ནི་ལ་སོགས་པ་
ལཱ་ག་ཅི་ལུ་ལག་ལེན་འཐབ་སྟེ་འབད་རུང་ལེགས་ཤོམ་ཨིན་དོ་བཟུམ་སྦེ།
ལེགས་བཤད་ཀྱི་གཏམ་དཔེ་འདི་ཡང་རང་གཞན་ག་ར་ཕན་ཐོགས་འབྱུང་ཚུགས་པའི་མཛེས་ཤིང་ཡིད་དུ་འོང་བ་ཅིག་ཨིནམ་ལས་
བླང་དོར་ཤེས་དགོ་མནོ་མི་ཚུ་གིས་ལྷག་གནང་ཟེར་སྐུལ་མ་འབདཝ་ཨིན་མས།།
ལེགས་བཤད་འདི་གི་མཐར་ཐུག་གི་ཉིང་དགོས་བཤད་པ།
ལུགས་གཉིས་བླང་དོར་ཤེས་པ་ཡིས།
།གནས་སྐབས་མཐར་ཐུག་དོན་འགྲུབ་སྟེ།།
བརྟག་པ་ཀུན་ལ་མཁས་པ་ཡི། །དེད་དཔོན་རྒྱ་མཚོར་ཞུགས་པ་བཞིན།།༤།།
ཚིག་གནད་མཆན་འགྲེལ། དེད་དཔོན། གྲུ་བཏང་མི་གྲུ་དཔོན། བརྟག་པ། བརྟག་དཔྱད་འབད་ནི།
འཇིག་རྟེན་པའི་ཆབ་སྲིད་ཀྱི་ལུགས་དང་
དམ་པའི་ཆོས་ཀྱི་ལུགས་གཉིས་ཀྱི་བླང་དོར་ཚུལ་བཞིན་དུ་ཤེས་མི་དེ་ཚུ་གིས།
གནས་སྐབས་འཇིག་རྟེན་གྱི་བདེ་བ་དང་ མཐར་ཐུག་གི་དོན་
ཐར་པ་དང་ཐམས་བཅད་མཁྱེན་པའི་གོ་འཕང་ཡང་རང་བཞིན་གྱིས་འགྲུབ་སྟེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན། འགྲོ་ལམ་བརྟག་དཔྱད་འབད་ནི།
ནོར་བུ་བརྟག་དཔྱད་འབད་ནི་ལ་སོགས་པའི་བརྟག་དཔྱད་འབད་ནི་གི་ལཱ་ལུ་མཁས་པའི་གྲུ་དཔོན་དེ་ཚུ་རྒྱ་མཚོ་ལུ་ནོར་བུ་ལེན་པར་འགྱོཝ་ད་
གནས་སྐབས་འགྱོ་བའི་ལམ་ལུ་ བར་ཆད་ག་ནི་ཡང་མེད་པ་དང་། མཐར་ཐུག་འདོད་དོན་འགྲུབ་ཞིནམ་ལས་རང་གི་གནས་ལུ་ལོག་དོ་བཟུམ་ཅིག་ཨིན།
འཇིག་རྟེན་པའི་ཡ་རབས་ལུགས་སྲོལ་མ་ཤེས་པའི་སྐྱོན།
ཆུ་ཕྲན་བརྒལ་བར་མི་ནུས་དེ།
།རྒྱ་མཚོ་རྐྱལ་གྱིས་ག་ལ་ཆོད།།
ཡ་རབས་ལུགས་ཀྱང་མ་ཤེས་ན།
།ཆོས་ཀྱི་དེ་ཉིད་ཇི་ལྟར་རྟོགས།།༥།།
ཚིག་གནད་མཆན་འགྲེལ། རྐྱལ། ཆུ་ནང་རྩལ་རྐྱབ་ནི། ཆོས་ཀྱི་དེ་ཉིད། ཆོས་ཀྱི་གནས་ལུགས།
ཆུ་ཆུང་ཀུ་ཅིག་ཡང་
བརྒལ་ཏེ་འགྱོ་མ་ཚུགས་མི་དེ་གིས།
རྒྱ་མཚོ་སྦོམ་དེ་ཚུ་རྩལ་རྐྱབ་སྟེ་ག་སྟེ་ཆོད་ཚུགས་ནི་? མི་ཚུགས། དཔྱེ་དེ་བཟུམ་སྦེ།
འཇིག་རྟེན་པའི་ཡ་རབས་ལུགས་སྲོལ་ཙམ་ཡང་མ་ཤེས་པ་ཅིན། དམ་པའི་ཆོས་ཀྱི་གནས་ལུགས་དེ་ཚུ་ག་དེ་སྦེ་ཤེས་ཚུགས་ནི་?
མི་ཚུགས།
ཡ་རབས་ཀྱི་ཡོན་ཏན།
གཟུར་གནས་རིག་པ་ལྡན་པ་དེས།
།གཞན་གྱི་་ཡོན་ཏན་ལེན་པར་བྱེད།།
སྤང་ལྗོངས་གཙང་མའི་དལ་འགྲོ་མ།
།ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ།།༦།།
ཚིག་གནད་མཆན་འགྲེལ།
གཟུར་གནས། ཕྱོགས་རིས་མེད་པའི་དྲང་པོ། དལ་འགྲོ་མ། གཙང་ཆུ།
ཆགས་སྡང་ཕྱོགས་རིས་མེད་པའི་ཁར་
བརྟག་ཤིང་དཔྱད་ནི་གི་རིག་པ་ཡོད་པའི་མི་དེ་གིས། གཞན་གྱི་ཡོན་ཏན་དེ་ཚུ་ཡང་དགའ་ཞིང་སྤྲོ་བའི་སྒོ་ལས་རང་ལུ་ལེནམ་ཨིན།
དཔྱེ་འབད་བ་ཅིན། སྤང་ལྗོངས་ཧིང་སངས་ས་ན་ལས་མར་འགྱོ་མི་གཙང་ཆུ་དེ་གིས།
གསུང་སྐད་ལྷུང་ལྷུང་ཟེར་རྐྱབ་ཅི་ར་
སྤང་ལྗོངས་ནང་བུལ་བའི་མེ་ཏོག་དེ་ཚུ་ཡང་འཐུ་སྟེ་འབག་འགྱོ་དོ་བཟུམ་ཅིག་ཨིན།
མ་རབས་ཀྱི་སྐྱོན།
ངན་པས་ས་ཕྱོགས་བསྐོར་ན་་ཡང་།
།སྐྱོན་གྱི་རིགས་རྣམས་སྡུད་པར་བྱེད།།
ངམ་གྲོག་རལ་པ་ཅན་གྱི་ཆུས།
།འདམ་གྱི་སྙིགས་མ་འདྲེན་དང་མཚུངས།།༧།།
ཚིག་གནད་མཆན་འགྲེལ། ངམ་གྲོག ས་ཆ་རོང་དོག་དྲག རལ་པ་ཅན། སྐད་ཚ་དྲག སྙིགས་མ། ལྷག་ལུས་དང་རག་རོག འདྲེན་པ། འབག་སྟེ་འགྱོ་ནི།
རང་བཞིན་ངན་པ་དེ་ཚུ་ ཕྱོགས་མཚམས་མཐའ་དབུས་མེད་པར་བསྐོར་ཏེ་འགྱོ་རུང་།
དགོ་པའི་ཡོན་ཏན་འདི་མི་ལེན་པར་
མ་དགོ་པའི་སྐྱོན་གྱི་རིགས་དེ་ཚུ་ག་ར་བསྡུ་སྟེ་འབག་འོངམ་ཨིན། དཔྱེ་འབད་བ་ཅིན། རོང་དོག་དྲགས་ན་ལས་འབབ་པའི་ཆུ་
ཆུང་ཀུ་ཚུ་གིས་ འདམ་ལ་སོགས་པའི་ཕྱགས་སྙིགས་རག་རོག་ཚུ་ཕྱགས་ཏེ་ འབག་འགྱོ་དོ་བཟུམ་ཅིག་ཨིན།།
དྲན་པ་དང་ཤེས་བཞིན་བསྟེན་དགོ་པའི་སྐོར།
ཡོན་ཏན་དང་པོ་སློབ་དཀའ་ལ། །ཤེས་བཞིན་མེད་ན་ཉམས་པར་སླ།།
ཆུ་ཐིགས་བསགས་པས་འགེངས་དཀའ་ཡང་།
།བོ་ན་ཅིག་ཅར་ཉིད་དུ་འཛད།།༨།།
ཚིག་གནད་མཆན་འགྲེལ། སློབ་པ། ལྷཔ་ནི། ཤེས་བཞིན། རང་སེམས་སྲུང་ནི། ཅིག་ཅར། ཚར་གཅིག་གུར།
ཕྱི་ནང་གི་ཡོན་ཏན་དེ་ཚུ་ དང་པ་ལྷཔ་པའི་སྐབས་ལུ་ཤེསཔ་དཀའ་དྲག་ཨིན་རུང་
ལྷཔ་ཚར་བའི་ཤུལ་ལུ་དྲན་ཤེས་ཀྱི་སྒོ་ལས་ སེམས་ཁར་བཀལ་ཏེ་མ་བཞག་པ་ཅིན་ བརྗེད་དེ་མར་ཉམས་འགྱོ་ནི་དེ་
ག་ནི་བ་འཇམ་ཏོང་ཏོ་ཅིག་ཨིན་མས། དཔྱེ་འབད་བ་ཅིན། ཆུ་གི་ཐིགས་པ་རེ་སྦེ་བསགས་བསག་པ་གིས་ ཧོད་བཀང་ནི་དེ་ ག་ནི་བ་དཀའ་བའི་ལཱ་ཅིག་ཨིན་རུང་།
ལཱ་ཁག་བཅུ་གསུམ་གྱི་སྒོ་ལས་བཀང་ཚར་མ་འདི་ མར་བོར་བ་ཅིན་
དཀཝ་ག་ནི་ཡང་སྤྱད་མ་དགོ་པར་ཚར་གཅིག་གུ་མེད་པར་ཟད་དེ་འགྱོ་དོ་བཟུམ་ཅིག་ཨིན།
ལཱ་ག་ཅི་འབད་རུང་ སྙིང་རུས་བསྐྱེད་དགོ།
དཀའ་སྤྱད་ཁུར་དུ་ཁྱེར་ནུས་པའི།
།བྱ་བ་གང་ཡང་དཀའ་བ་མེད།།
ཆུ་ཡི་ནང་དུ་ཞུགས་པ་དེར།
།ཆར་གྱིས་ལྷག་པར་གནོད་མི་ནུས།།༩།།
ཚིག་གནད་མཆན་འགྲེལ། ཁུར་དུ་ཁྱེར་བ། དང་ལེན་འབད་ནི། ལྷག་པར། ཐེབས་སྦེ་རང་།
སེམས་དཔའ་ཞུམ་སྟེ་མ་སྡོད་པར་ སྙིང་རུས་བསྐྱེད་དེ་དཀའ་སྤྱད་དང་ལེན་འབད་ཚུགས་མི་དེ་ཚུ་ལུ།
ཆོས་དང་འཇིག་རྟེན་གྱི་ལཱ་ ག་ཅི་འབད་རུང་ ལཱ་ཁག་དྲག་ཅིག་ག་ནི་ཡང་མེད། དཔྱེ་འབད་བ་ཅིན།
ཆུ་ནང་འཛུལ་སོང་མི་དེ་ལུ་ ཆརཔ་རྐྱབ་སྟེ་འབད་རུང་
ཁོ་ལུ་ཐེབས་སྦེ་གནོད་ནི་ཅིག་ག་ནི་ཡང་མེད་དོ་བཟུམ་ཅིག་ཨིན།།
ལཱ་ག་ཅི་རང་འབད་རུང་བགྲོད་ཀྱིས་སྦེ་འབད་་དགོཔ།
རྒྱུན་ཆགས་བརྩོན་པ་མ་བཏང་ན།
།བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ།།
ཆུ་བོ་དལ་གྱིས་འབབ་པ་ཡིས།
།ཡངས་པའི་ས་ཆེན་བསྐོར་ནས་འགྲོ།།༡༠།།
ཚིག་གནད་མཆན་འགྲེལ། བགས་ཀྱིས། བགྲོད་ཀྱིས་སྦེ།
ལཱ་དེ་ཚུ་
དུས་ཡུན་ཐུང་ཀུ་ཅིག་ལུ་འགྲུབ་ནི་གི་རེ་བ་མ་བསྐྱེད་པར་ དུས་རྒྱུན་དུ་ བརྩོན་འགྲུས་ལྷོད་ཡངས་མ་བཏང་པ་སྦེ་ཞིནམ་ལས་
བགྲོད་ཀྱིས་སྦེ་འབད་བ་ཅིན་ ག་ཅི་ཨིན་རུང་འགྲུབ་ཚུགསཔ་ཨིན། དཔྱེ་འབད་བ་ཅིན།
ཆུ་ཆེན་དེ་ཚུ་འགྲོད་ཀྱིས་སྦེ་ འབབ་སྟེ་འགྱོཝ་ད་ལུ་
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་འདི་ཡང་བསྐོར་ཏེ་འགྱོ་ཚུགས་དོ་བཟུམ་ཅིག་ཨིན།།
གལ་ཅན་གྱི་ལཱ་ཚུ་ ཡུན་རིང་སོ་ཅིག་སྦེ་འབད་དགོཔ།
བྱ་བ་ཆེན་པོ་ཡུན་གྱིས་འགྲུབ།
།ངང་ཐུང་འབད་པས་མཐར་མི་ཕྱིན།།
ཀླུང་ཆེན་དལ་ཡང་རིང་འགྲོ་ལ།
།རྦ་རླབས་དྲག་ཀྱང་ཆེར་མི་འགྲོ།།༡༡།།
ཚིག་གནད་མཆན་འགྲེལ། ཡུན་གྱིས། དུས་ཡུན་རིངམ་གྱི་ཐོག་ལས། ངང་མཐུང་། ཤེས་རྒྱུད་མཐུང་ཀུ་དང་།
འཚབ་ཚོབ་འབད་མི། ཀླུང་ཆེན།
གཙང་ཆུ་སྦོམ། ཆེར།
མནམ་མེད་ས་མེད།
གལ་ཅན་གྱི་ལཱ་སྦོམ་དེ་ཚུ་
ཡུན་རིང་སོ་ཅིག་སྦེ་འབད་བ་ཅིན་འགྲུབ་ཚུགསཔ་མ་གཏོགས།
འཚབ་འཚབ་རིལ་རིལ་སྦེ་འབད་བརྩོན་བསྐྱེད་དེ་བསྒྲུབ་གེ་མནོ་བ་ཅིན་
ལཱ་དེ་མཐར་ཕྱིན་མི་ཚུགས་ནི་ཨིན་མས། དཔྱེ་འབད་བ་ཅིན། གཙང་ཆུ་སྦོམ་དེ་ཚུ་དལ་དལ་ལྷོད་ལྷོད་སྦེ་འགྱོ་རུང་
ས་ཐག་རིང་སར་འགྱོ་ཚུགས་ནི་དང་། རྦ་རླབས་མཐོ་བའི་རོང་ཆུ་དེ་ཚུ་གིས་ ས་ཐག་རིང་སར་མནམ་མེད་ས་མེད་ཅིག་འགྱོ་མི་ཚུགས་དོ་བཟུམ་ཅིག་ཨིན།།
ལྕོགས་གྲུབ་མེད་པའི་ལཱ་ཚུ་འབད་ནི་མེདཔ།
བྱ་བ་ཉམས་གྱིས་མི་ལྕོགས་ན།
།གཞན་གྱིས་རྦད་ཀྱང་བྱར་མི་རུང་།།
རྐྱལ་མི་ཤེས་ན་གཞན་དག་གིས། །སྐུལ་ཡང་ཆུ་ནང་ཅི་ཕྱིར་མཆོང་།།༡༢།།
ཚིག་གནད་མཆན་འགྲེལ། ཉམས། ཉམས་སྟོབས། རྦད་པ། ཨུ་ཚུགས་བསྐྱེད་དེ་སྐུལ་མ་འབད་ནི།
ལཱ་དང་བྱ་བ་གང་རང་འབད་རུང་ རང་གི་ཉམས་སྟོབས་ཀྱིས་འབད་མ་ཚུགས་མི་ཅིག་ཨིན་པ་ཅིན།
མི་གཞན་གྱིས་ཨུ་ཚུགས་བསྐྱེད་དེ་སྐུལ་མ་འབད་རུང་
ལཱ་དེ་རང་གིས་རྩ་ལས་འབད་ནི་མི་འོང་། དཔྱེ་འབད་བ་ཅིན།
རྩལ་རྐྱབ་མ་ཤེས་པ་ཅིན་གཞན་གྱིས་སྐུལ་མ་འབད་རུང་ཆུ་ནང་ག་ཅི་སྦེ་མཆོང་ནི། ?
མི་མཆོང་དོ་བཟུམ་ཅིག་ཨིན།།
མཐུན་མོང་གི་རྒྱན།
ཆུ་བོ་མཐུན་མོང་མཆོད་ཡོན་ཏེ།
།ཉི་ཟླ་མཐུན་མོང་སྒྲོན་མེ་གསལ།།
དམ་པ་མཐུན་མོང་གཙུག་རྒྱན་དང།
།དམ་ཆོས་མཐུན་མོང་བདུད་རྩི་ཡིན།།༡༣།།
ཚིག་གནད་མཆན་འགྲེལ།
ཆུ་བོ། ཆུ་སྦོམ། མཐུན་མོང་། ག་ར་གི། གཙུག་རྒྱན། མགོའི་རྒྱན་ཆ། གསལ། ཨིན་ཟེར་བའི་དོན།
གཙང་ཆུ་སྦོམ་དེ་ཚུ་ལྷ་དང་མི་ལ་སོགས་པ་ག་ར་གི་མཐུང་ནི་དང་།
ཉི་ཟླ་གཉིས་པོ་འགྲོ་བ་སེམས་ཅན་ག་ར་གི་མུན་པ་བསལ་བའི་སྒྲོན་མེ་ཨིན་དོ་བཟུམ་སྦེ། སྐྱེས་བུ་དམ་པ་དེ་ཚུ་མི་ག་ར་གི་མགོའི་རྒྱན་ཆ་བཟུམ་ཅིག་ཨིན་ནི་དང་།
དམ་པའི་ཆོས་དེ་ཡང་མི་ག་ར་གི་འཆི་སྲོག་ལས་ལྷོང་བའི་བདུད་རྩི་བཟུམ་ཅིག་ཨིན།།
འཇིག་རྟེན་ལུ་ཕན་པའི་རྒྱན།
དར་ཆེན་གྲུ་གཟིངས་རྒྱ་མཚོའི་རྒྱན།
།སྤྲིན་བྲལ་ཟླ་བ་ནམ་མཁའི་རྒྱན།།
མཁས་པའི་སྐྱེ་བོ་བསྟན་པའི་རྒྱན།
།རུ་འདྲེན་དཔལ་བོ་དཔུང་གི་རྒྱན།།༡༤།།
ཚིག་གནད་མཆན་འགྲེལ། དར་ཆེན། གྲུ་གཟིངས་འཐེན་ནི་གི་དར་ཤིང་སྦོམ། གྲུ་གཟིངས། འགྲུལ་པ་སྐྱེལ་འདྲེན་འབད་མི་གི་གྲུ། སྤྲིན་བྲལ། ས་སྨུག་མེད་པ། རུ་འདྲེན།
རུ་ཁག་འཁྱིད་མི་མགོ་དཔོན། དཔའ་བོ།
སྙིང་སྟོབས་སྦོམ་ཡོད་མི། དཔུང་།
དམག
དར་ཆེན་འཕྱར་ཏེ་ཡོད་མི་གྲུ་གཟིངས་འདི་ རྒྱ་མཚོ་ཆེན་མོའི་རྒྱན་ཨིན་ནི་དང་། ས་སྨུག་མེད་པའི་དྭངས་ཤིང་གསལ་བའི་ཟླ་བ་འདི་ནམ་མཁའི་རྒྱན་ཆ་ཨིན་དོ་བཟུམ་སྦེ།
ཡོན་ཏན་མཁས་པའི་སྐྱེས་བུ་དམ་པ་དེ་ཚུ་སངས་རྒྱས་བསྟན་པའི་རྒྱན་ཆ་ཨིན་ནི་དང་།
རུ་ཁག་འཁྱིད་དེ་ཡོད་པའི་སྙིང་སྟོབས་ཅན་གྱི་དཔའ་བོ་དེ་ཚུ་དམག་གི་རྒྱན་ཆ་ཨིན།།
དཔོན་འབངས་མཐུན་པའི་ཁེ་ཕན།
ཡ་རབས་མཛངས་སྤྱོད་དཔོན་དང་འབངས། །ཕན་ཚུན་ལེགས་ཚོགས་གོང་དུ་སྤེལ།།
རྒྱ་མཚོ་ཆེ་དང་ཆུ་བོ་རྣམས།
།རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར།།༡༥།།
ཚིག་གནད་མཆན་འགྲེལ།
མཛངས་སྤྱོད། དྲང་པོ་དང་བཟང་པོའི་སྤྱོད་ལམ། ཕན་ཚུན།
ཕར་དང་ཚུར། ལེགས་ཚོགས། ལེགས་པའི་ཡོན་ཏན། རེས་མོས། སྐབས་རེ་ཕར་དང་། སྐབས་རེ་ཚུར།
ཡ་རབས་སྤྱོད་བཟང་དང་ལྡན་པའི་དཔོན་དང་འབངས་འཁོར་མི་སེར་གཉིས་པོ།
ཕར་དང་ཚུར་གཅིག་གིས་གཅིག་ལུ་ལེགས་པའི་བྱ་བ་དེ་ཚུ་གོང་འཕེལ་གཏངམ་ཨིན།
དཔྱེ་འབད་བ་ཅིན།
རྒྱ་མཚོ་ཆེན་པོའི་རླངས་པ་གྱེན་ལུ་སོང་སྟེ་ཆུ་ཆེན་དྲེགས་ནི་ལུ་ཕན་ནི་དང་།
ཆུ་ཆེན་དེ་ཚུ་ལས་བརྟེན་ཏེ་རྒྱ་མཚོ་རྒྱས་ཏེ་དེ་གཉིས་ཕར་དང་ཚུར་གཅིག་གིས་གཅིག་ལུ་ཕན་ཐོགས་འབྱུང་དོ་བཟུམ་ཅིག་ཨིན།།
དཔོན་འབངས་མ་མཐུན་པའི་སྐྱོན།
རྗེ་བོ་ངན་དང་གཡོག་ངན་པ།
།གཉིས་ཀས་གཉིས་ཀ་རྒུད་བྱེད་དེ།།
རྫ་གསར་ནང་དུ་ཆུ་བླུགས་ན།
།གཉིས་ཀ་ཆུས་ཟོས་བརླག་པར་འགྱར།།༡༦།།
ཚིག་གནད་མཆན་འགྲེལ། རྗེ་བོ། དཔོན། རྒུད་པ། མར་ཉམས་འགྱོ་ནི། རྫ་གསར། སའི་རྫམ་གསརཔ། ཆུས་ཟོས། མེདཔ་ཐལ་ནི། བརླག འཕྲོ་བརླག་འགྱོ་ནི།
མགོ་ལུ་བཞུགས་མི་དཔོན་ངན་གཅིག་ལུ་བྱཱ་རོགས་དེ་ཡང་ངན་པ་གཅིག་ཨིན་པ་ཅིན།
དཔོན་གྱིས་བྱཱ་རོགས་དེ་མེདཔ་གཏངམ་མཚད།
བྱཱ་རོགས་དེ་གིས་ཡང་རང་གི་དཔོན་དེ་མེདཔ་གཏངམ་ཨིན། དཔྱེ་འབད་བ་ཅིན།
སའི་རྫམ་གསརཔ་གཅིག་ནང་ཆུ་བླུགས་པ་ཅིན། ཆུ་གིས་རྫམ་དེ་འཕྲོ་བརླག་བཏང་།
དེ་བཟུམ་སྦེ་རྫམ་དེ་གིས་ཡང་ཆུ་དེ་བདག་འཛིན་འབད་མ་ཚུགས་པར་ས་ཁར་བོར་ཏེ་གཏངམ་དོ་བཟུམ་ཅིག་ཨིན།།
ཡོན་ཏན་མེདཔ་མང་བའི་སྐྱོན།
ཤེས་རློམས་དབང་ཅན་མང་བ་ཡིས། །ཡུལ་ཁམས་མདུན་གྲོས་འཇིག་གྱུར་ཏེ།།
གཡས་གཡོན་ཀུན་ནས་ཆུས་འབུར་བའི། །ས་ལ་མཁར་ཁྱིམ་བརྟན་མི་སྲིད།།༡༧།།
ཚིག་གནད་མཆན་འགྲེལ། ཤེས་རློམས། མ་ཤེས་རུང་ཤེས་རྫུ་བཏབ་མི། མདུན་གྲོས། མ་འོངས་པའི་མདུན་ལམ། འཇིག མེདཔ་འགྱོ་ནི། ཆུས་འབུར་བ། གྲུབ་ཆུ་འཐོན་ནི།
མ་ཤེས་རུང་ཤེས་རྫུ་བཏབ་མི་དབང་ཆེ་བའི་དཔོན་རིགས་མང་པ་ཅིན།
གཡུས་ཚན་དེ་ནང་གི་ མ་འོངས་པའི་མདུན་ལམ་ག་ར་མེདཔ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
གཡས་དང་གཡོན་ཕྱོགས་ཚུ་ལས་གྲུབ་ཆུ་འབུར་ཏེ་འཐོན་པའི་ས་ཆ་དེ་ན་
སྡོད་ཁྱིམ་བརྟན་ཏོག་ཏོ་མི་འོང་དོ་བཟུམ་ཅིག་ཨིན།།
གོང་ལུ་ཞུ་མི་རྒྱུ་མཚན་དེ་ལས་བརྟེན་ཏེ་
དཔོན་འབངས་ཁ་མཐུན་དགོ།
གཞུང་དམང་མཐུན་ན་དགྲ་སྡེ་ཡིས། །ཐུབ་དཀའ་སོ་སོར་གྱེས་ན་མིན།།
རྟ་ཡིས་བརྒལ་དཀའི་ཆུ་བོ་ཡང་། །མང་དུ་གྱེས་ན་ལུག་ཀྱང་བགྲོད།།༡༨།།
ཚིག་གནད་མཆན་འགྲེལ།
བགྲོད། འགྱོ་ནི།
གཞུང་དང་མི་དམང་གཉིས་ཀྱི་ སེམས་དང་མནོ་བསམ་མཐུན་པ་ཅིན་ ཕ་ལོགས་མའི་དགྲ་བྱང་ཕྱད་ཀྱིས་ རང་ལུ་ཐུབ་ཚུགས་པར་ལཱ་ཁག་ཨིན། དེ་གཉིས་ཀྱི་སེམས་དང་མནོ་བསམ་མ་མཐུན་པར་ རང་རང་སོ་སོའི་ བློ་འདོད་བཞིན་དུ་འབད་དེ་ ཁ་གྱེས་ཡར་སོང་པ་ཅིན།
དེ་སྦེ་མིན་པར་དགྲ་བྱང་ཕྱད་ཀྱིས་རང་ཐུབ་ཚུགས་ཏེ་རང་ལས་རྒྱལ་ཁ་ཐོབ་འོང་། དཔྱེ་འབད་བཅིན།
རྟ་གིས་ཡང་བརྒལ་མ་ཚུགས་པའི་ ཆུ་ཆེན་སྦོམ་ཅིག་ཨིན་རུང་ ཆུ་གི་རབས་ལུ་ཁག་སོ་སོ་སྦེ་གྱེས་སོང་པ་ཅིན། ལུག་གིས་ཡང་འཇམ་ཏོང་ཏོ་སྦེ་བརྒལ་ཏེ་འགྱོ་ཚུགས་དོ་བཟུམ་ཅིག་ཨིན།།
ཆོས་ལྡན་རྒྱལ་པོས་འབངས་འཁོར་སྐྱོང་ཚུལ།
ཆོས་ལྡན་རྒྱལ་པོས་ཁྲལ་བསྡུས་ཀྱང་།
།དེ་ཉིད་ཀྱིས་ནི་འབངས་རྣམས་སྐྱོང་།།
སྤྲིན་ཆེན་རྒྱ་མཚོའི་ཆུ་དྲངས་ཏེ།
།དལ་གྱིས་འབེབས་པས་འཛིན་མ་སྐྱོང་།།༡༩།།
ཚིག་གནད་མཆན་འགྲེལ། འཛིན་མ།
ས་གཞི། དལ་གྱིས་འབེབས། གོ་ལེ་སྦེ་གཏང་ནི།
ཆོས་དང་ལྡན་པའི་རྒྱལཔོ་འདི་གིས་
འབངས་མི་སེར་ཚུ་ལས་དཔྱ་ཁྲལ་བསྡུས་ཏེ་འབད་ས་བཅས་རུང་།
དཔྱ་ཁྲལ་བསྡུ་བའི་ལཱ་འགན་དེ་གིས་འབངས་མི་སེར་དེ་ཚུ་སྐྱོངམ་ཨིན། དཔྱེ་འབད་བ་ཅིན། ཆར་སྤྲིན་དེ་ཚུ་གིས་རྒྱ་མཚོའི་ཆུ་འཐེན་ཏེ་འབག་ཞིནམ་ལས་
གནམ་ལས་མར་འགྲོད་ཀྱིས་སྦེ་གཏང་སྟེ་ས་གཞི་སྐྱོང་དོ་བཟུམ་ཅིག་ཨིན།།
རྒྱལཔོ་འདོད་རྔམ་ཅན་གྱི་ཕྱག་ལཱ་མཛད་ཐང་།
རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན།
།ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན།།
རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ། །འཐུང་གྱིན་རྟག་ཏུ་འབར་དང་མཚུངས།།༢༠།།
ཚིག་གནད་མཆན་འགྲེལ།
བཀྲེན། ལྟོཝ་བསྐྱེད་ནི། རྒོད་མ་ཁ། ལྷོ་ཕྱོགས་རྒྱ་མཚོ་ནང་ཡོད་པའི་མེ་རི་འབར་ཏེ་ཡོད་མི་ཅིག
མི་སེར་གྱི་མཐའ་དོན་ལུ་མ་ཕན་པའི་ རྒྱལཔོ་ངན་འདི་གིས་
རང་གི་འབངས་མི་སེར་ཚུ་གི་ཟས་ནོར་ལོངས་སྤྱོད་ག་ར་འཕྱོག་སྟེ་ བཞེས་ས་བཅས་རུང་ བགྲང་ནི་མེད་པར་ལྟོགསཔ་བཟུམ་སྦེ་
ད་རུང་ག་དེམ་ཅིག་ཡོད་རུང་འཕྱོག་དགོ་མནོ་སྟེ་སྡོདཔ་ཨིན། དཔྱེ་འབད་བ་ཅིན།
ལྷོ་ཕྱོགས་རྒྱ་མཚོ་ནང་ཡོད་པའི་མེ་རི་དེ་གིས་
རྒྱ་མཚོའི་ཆུ་མཐུང་ཡི་མཐུང་ཡི་རང་སྡོད་རུང་
དུས་ཨ་རྟག་རང་མེ་འབར་ཏེ་སྡོད་དོ་བཟུམ་ཅིག་ཨིན།།
དཔོན་ངན་གྱི་བྱ་སྤྱོད།
གཙོ་བོ་ངན་པ་རྟག་བཀུར་ཡང་།
།གསུག་དང་བྲལ་བ་ཙམ་གྱིས་སྡང་།།
ཆུ་བོ་ཉིན་ཞག་མང་བསྐོལ་ཡང་།
།མེ་དང་བྲལ་བའི་མོད་ལ་གྲང་།།༢༡།།
ཚིག་གནད་མཆན་འགྲེལ། གཙོ་བོ། རང་གི་གོངམ། རྟག་བཀུར། དུས་རྒྱུན་དུ་གུས་ཞབས་བསྐྱེད་ནི། གསུག་དང་བྲལ་བ། ཡུདཔ་ཐེངས་གཅིག་འབད་མ་ཚུགསཔ། མོད་ལ། དེའི་འཕྲོ་ལས།
གོངམ་ངན་པ་དེ་ཚུ་ལུ་
དུས་ཨ་རྟག་རང་གུས་ཞབས་བསྐྱེད་ཞིནམ་ལས་ཕྱག་ཕྱིས་ཞུ་སྟེ་སྡོད་རུང་།
ཡུདཔ་ཐེངས་གཅིག་ཕྱག་ཕྱིས་འབྱོར་མ་ཚུགས་པ་ཅིན།
དེའི་འཕྲོ་ལས་དགོངསམ་ཁྲེལ་ཏེ་སྡོདཔ་ཨིན། དཔྱེ་འབད་བ་ཅིན།
ཆུ་དེ་ཚུ་ཉིན་ཞག་ལེ་ཤ་གི་བར་ན་བསྐོལ་ཏེ་འབད་རུང་།
ཡུདཔ་ཐེངས་ཅིག་མེ་དང་ཁ་བྱལ་སོང་པ་ཅིན་ དེའི་འཕྲོ་ལས་འཁོལམ་འགྱོ་དོ་བཟུམ་ཅིག་ཨིན།།
དཔོན་ངན་ལུ་ག་གིས་ཡང་འཁོར་མ་ཚུགསཔ།
ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི།
།དཔོན་ལ་སུ་ཡང་བརྟེན་མི་སྤྲོ།།
ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ།
།ཉ་ལ་སོགས་ཀྱང་སྡོད་མི་སྲིད།།༢༢།།
ཚིག་གནད་མཆན་འགྲེལ། ཁེངས་དྲེགས། ང་རྒྱལ་ཅན།
ང་རྒྱལ་ཆེཝ་མ་ཚད་
གཡོག་འཁོར་ཚུ་ལུ་གདུག་རྩུབ་ཆེ་བའི་དཔོན་ངན་དེ་ལུ་ མི་ག་གིས་ཡང་ཡིད་སེམས་སྤྲོ་བའི་སྒོ་ལས་བརྟེན་དགོ་མནོཝ་ཅིག་མེད།
དཔྱེ་འབད་བ་ཅིན། ཆུའི་རྦ་ཀློང་གནམ་མེད་ས་མེད་འཁྲུགས་ཏེ་ཡོད་མི་དེ་ནང་
ཉ་དང་སྦལཔ་ལ་སོགས་པའི་ཆུའི་སྲོག་ཆགས་སྡོད་མི་ཚུགས་དོ་བཟུམ་ཅིག་ཨིན།།
བྱམས་བརྩེ་ཅན་གྱི་གོངམ་ལུ་གཡོག་འཁོར་རང་བཞིན་གྱིས་འཁོར་ཚུལ།
བརྩེ་ཞིང་ཕན་གདགས་ནུས་པ་དེར།
།སྐྱེ་བོ་ཐམས་ཅད་ངང་གིས་འདུ།།
ཡིད་བཞིན་གྱི་ནི་རྒྱ་མཚོའི་ངོགས།
།འགྲོ་བ་ཀུན་གྱིས་བསྟེན་པར་བྱེད།།༢༣།།
ཚིག་གནད་མཆན་འགྲེལ། ནུས་པ། འབད་ཚུགས་ནི། ངང་གིས་འདུ་བ། གཞན་གྱི་སྐུལ་མ་མེད་པར་རང་བཞིན་གྱིས་ཅིག་ཁར་འཛོམས་ནི། ངོགས། མཐའ་མར། ཡང་ན་གདོང་ཁར།
ཐུགས་རྒྱུད་བྱམས་པ་དང་བརྩེ་བ་དང་ལྡན་པའི་ཁར་
གཞན་ལུ་ཕན་པ་སྒྲུབ་ཚུགས་པའི་གོངམ་དེ་ལུ། སྐྱེ་བོ་ག་ར་བོ་མི་མེད་རུང་
རང་གི་ངང་གིས་འདུ་འཛོམས་འབད་དེ་འཁོརཝ་ཨིན། དཔྱེ་འབད་བ་ཅིན། ཡིད་བཞིན་གྱི་ནོར་བུ་དང་ལྡན་པའི་རྒྱ་མཚོའི་མཐའ་དེ་འགྲོ་བ་སེམས་ཅན་ག་ར་གིས་བསྟེན་ཏེ་སྡོད་དོ་བཟུམ་ཅིག་ཨིན།།
ཁེ་ཕན་དང་ཅིག་ཁར་ཉེན་ཁ་ཡང་ཡོདཔ།
ཆེ་མཐོ་བསྟེན་པས་དཔལ་ཐོབ་ཀྱང་།
།དེ་ལས་ལྷག་པའི་འཇིགས་པ་བྱུང་།།
རྒྱ་མཚོ་རིན་ཆེན་འབྱུང་གནས་དེ། །གདུག་ཅན་ན་ཀྲའི་གྲོང་ཡང་ཡིན།།༢༤།།
ཚིག་གནད་མཆན་འགྲེལ། ཆེ་མཐོ། གོང་མའི་གོང་མ། དཔལ། ཕུན་སུམ་ཚོགས་པ་དང་ཁེ་ཕན། གདུག་ཅན་ན་ཀྲ། ༼ན་ཀུ་ཊམ་གྱི་ཟུར་ཆག༽ ཀླུ་གདུག་པ་ཅན་དང་ཆུ་སྲིན།
གོང་མའི་གོངམ་དེ་ཚུ་ལུ་བསྟེན་ཏེ་འབད་བ་ཅིན་
རང་ལུ་ཁེ་ཕན་ཕུན་སུམ་ཚོགསཔ་སྦེ་འཐོབ་ནི་ཡོད།
ཨིན་རུང་ཁེ་ཕན་དེ་ལས་ལྷག་པའི་འཇིགས་པ་ཡང་འབྱུང་ནི་གི་ཉེན་ཁ་ཡོད། དཔྱེ་འབད་བ་ཅིན།
རྒྱ་མཚོ་དེ་ནོར་བུའི་འབྱུང་ཁུངས་ཅིག་ཨིན་རུང་ དེ་གདུག་ཅན་ཀླུའི་གཡུས་ཨིན་ནི་དེ་གིས་
དེ་ལུ་བསྟེན་པ་ཅིན་ རང་ལུ་སྲོག་གི་ཉེན་ཁ་ཡང་འབྱུང་དོ་བཟུམ་ཅིག་ཨིན།།
རྒྱུས་མེད་མི་ལུ་བློ་གཏད་མི་བཏུབ་པའི་སྐོར།
རྒྱུས་མེད་མི་ལ་གསར་འགྲོགས་ཀྱིས།
།ཡིད་རྟོན་བྱེད་པ་ཉམས་པའི་རྒྱུ།།
རྒྱལ་སྲས་ངང་པའི་སྡེ་དཔོན་ཡང་།
།མཚོ་གསར་བསྟེན་པས་རྙི་ཡིས་ཟིན།།༢༥།།
ཚིག་གནད་མཆན་འགྲེལ། གསར་འགྲོགས། གསརཔ་ཕྱད་ནི། ཡིད་རྟོན་བྱེད་པ། བློ་གཏད་འབད་ནི། སྡེ་དཔོན། མགོ་དཔོན། རྙི། ཧིང་།
ཆ་རྒྱུས་མེད་པའི་མི་ལུ་
གསརཔ་ཕྱད་ཚརཝ་ཅིག་བློ་གཏད་འབད་ནི་འདི་ རང་ལུ་ཉམས་རྒུད་འོང་ནི་གི་རྒྱུ་ཅིག་ཨིན།
དཔྱེ་འབད་བ་ཅིན། བྱ་ངང་པའི་གཟུགས་ལུ་བྱོན་ཏེ་ཡོད་མི་ ངང་པའི་མགོ་དཔོན་དེ་གིས་
ངང་པའི་སྡེ་ཚན་གསརཔ་ཅིག་ཕྱད་མི་དེ་གི་ཁ་ལུ་ཉན་ཏེ་ མཚོ་གསརཔ་ཅིག་ནང་འགྱོཝ་ད་
ཧིང་ནང་ཚུད་པའི་གཏམ་རྒྱུད་བཟུམ་ཅིག་ཨིན།།
གཞན་གྱི་དཀྲོགས་གཏམ་ལུ་ཉན་ནི་མེདཔ།
རྣ་བ་སྲབ་པའི་མཛའ་གཅུགས་དེ།
།རིང་མིན་དབྱེན་གྱིས་སོ་སོར་གཏོར།།
ཆུ་དང་འོ་མ་རོ་གཅིག་ཏུ།
།འདྲེས་པ་ངང་པའི་མཆུ་ཡིས་འབྱེད།།༢༦།།
ཚིག་གནད་མཆན་འགྲེལ། རྣ་བ་སྲབ་པ། གཞན་གྱིས་སླབ་ཚེ་ཉན་མི། མཛའ་བཅུགས། སེམས་མཐུན་པའི་ཆ་རོགས། དབྱེན། དཀྲུགས་ཤིང་། གཏོར། ཁ་ཕྱལ་ནི། འདྲེས་པ། སླ་བསྲེས་ནི། མཆུ། མཆུ་ཏོ།
གཞན་གྱིས་སླབ་ཚེ་ཉན་མི་སེམས་མཐུན་ཆ་རོགས་དེ་ཚུ།
དུས་ཡུན་མ་རིངམ་ཅིག་ལས་གཞན་གྱི་དཀྲུགས་ཤིང་གིས་ སོ་སོར་ཁ་ཕྱལ་ཏེ་གཏང་འོང་།
དཔྱེ་འབད་བ་ཅིན། ཆུ་དང་ཨོམ་ཅིག་ཁར་སླ་བསྲེས་ཏེ་ཡོད་རུང་
བྱ་ངང་པའི་མཆུ་ཏོ་གིས་སོ་སོར་ཕྱེ་དོ་བཟུམ་ཅིག་ཨིན།།
ལཱ་ག་ཅི་འབད་རུང་བརྟགས་ཤིང་དཔྱད་དེ་འབད་དགོཔ།
མཁས་པས་བདེན་རྫུན་བརྟགས་ནས་བྱེད།
།བླུན་པོ་གྲགས་པའི་རྗེས་སུ་འཇུག།
ཆུ་ནང་ཅལ་གྱི་སྒྲ་གྲགས་པས།
།གཅན་གཟན་རི་དྭགས་ཕལ་ཆེར་བྲོས།།༢༧།།
ཚིག་གནད་མཆན་འགྲེལ། བླུན་པོ། མནོ་བསམ་གཏང་མ་ཤེསཔ། གྲགས་པ། གཞན་གྱིས་སླབ་པའི་གཏམ། རྗེས་སུ་འཇུག་པ།
དེའི་མཐུན་ཕྱོགས་འབད་ནི།
མཁས་པ་ཅིག་ཨིན་པ་ཅིན་ ལཱ་ག་ཅི་འབད་རུང་རང་གིས་བརྟགས་ཤིང་དཔྱད་དེ་འབད་དགོཔ་ཨིན།
མནོ་བསམ་གཏང་མ་ཤེས་པའི་བླུན་པོ་དེ་ཚུ་བཟུམ་སྦེ་ གཞན་གྱིས་སླབ་པའི་ཁ་ལུ་ཉན་ཏེ་འབད་བ་ཅིན་ལེགས་ཤོམ་མེན།
དཔྱེ་འབད་བ་ཅིན། ཆུ་ནང་ཤིང་འབྲས་བུལ་བའི་སྒྲ་སྐད་ཅལ་ཟེར་མི་ཅིག་ལུ་བརྟེན་ཏེ་
རི་བོང་ཅིག་འབྲོག་བྱལ་འཐབ་ཞིནམ་ལས་ རི་དྭགས་གཞན་ལུ་སླབ་ད་
དེ་ཚུ་ཡང་འབྲོག་བྱལ་འཐབ་ལས་བརྟེན་ཏེ་ བྱོ་སྟེ་འགྱོ་བའི་གཏམ་རྒྱུད་བཟུམ་ཅིག་ཨིན།།
གྲོགས་བཟང་པོ་ལུ་བསྟེན་པའི་ཡོན་ཏན་དང་ ངན་པ་ལུ་བསྟེན་པའི་སྐྱོན།
འགྲོགས་ན་ལེགས་སྤྱོད་འཕེལ་འགྲིབ་ལས།
།དགེ་དང་སྡིག་པའི་གྲོགས་འགྱུར་ཏེ།།
དྭངས་བསིལ་འདྲ་ཡང་ཕན་གནོད་ལས། །སྨན་གྱི་ཆུ་དང་དུག་ཆུར་འཇོག།༢༨།།
ཚིག་གནད་མཆན་འགྲེལ། འགྲོགས། ཅིག་ཁར་འབྲེལ་བ་འཐབ་ནི། ལེགས་སྤྱོད། སྤྱོད་ལམ་བཟངམ།
ཆ་རོགས་ཚུ་དང་ཅིག་ཁར་འབྲེལ་བ་འཐབ་སྟེ་སྡོདཔ་ད་
ཆ་རོགས་དེ་གི་ལེགས་སྤྱོད་གོང་དུ་འཕེལ་བ་ཅིན་
དེ་ལས་བརྟེན་ཏེ་རང་གི་སྤྱོད་ལམ་ཡང་གོང་འཕེལ་འགྱོ་ནི་དེ་གིས་ ཆ་རོགས་དེ་
རང་གི་དགེ་བའི་གྲོགས་ལུ་འགྱུར་ནི་དང་། ཁོ་གི་སྤྱོད་བཟང་དེ་མར་འགྲིབ་ཏེ་འགྱོ་བ་ཅིན་
རང་ལུ་གནོད་ནི་དེ་གིས་ སྡིག་པའི་གྲོགས་ལུ་འགྱུརཝ་ཨིན། དཔྱེ་འབད་བ་ཅིན། ཆུ་གཉིས་དྭངས་ཁྲོལ་ཁྲོལ་དང་བསིལ་ཏོང་ཏོ་ཨིནམ་འདྲ་རུང་།
གཞན་ལུ་ཕན་པའི་རྐྱེན་གྱིས་གཅིག་དེ་སྨན་ཆུ་འགྱུར་ནི་དང་།
གཞན་ལུ་གནོད་པའི་རྐྱེན་གྱིས་གཞན་མི་དེ་དུག་ཆུ་ལུ་འགྱུར་དོ་བཟུམ་ཅིག་ཨིན།།
རང་བཞིན་བཟང་པོ་དེ་ཚུ་ལུ་ག་གིས་ཡང་དགའ་བའི་ཚུལ།
བློ་ལྡན་རང་བཞིན་བཟང་པོ་དེ།
།མཆོག་དམན་བར་མ་ཀུན་གྱིས་བསྟེན།།
འཇུག་ངོགས་བདེ་བའི་རྫིང་བུ་ལ།
།སྐྱེ་བོ་ཐམས་ཅན་དགའ་ཞིང་འཇུག།༢༩།།
ཚིག་གནད་མཆན་འགྲེལ། བློ་ལྡན། ལེགས་ཉེས་ཤེས་པའི་བློ་གྲོས་དང་ལྡན་པ། མཆོག་དམན་བར་མ། དྲག་ཞན་བར་མ། འཇུག་ངོགས་བདེ་བ། འཛུལ་ཧོང་བདེ་ཏོག་ཏོ་ཡོད་མི།
རྫིང་བུ། ཆུའི་རྫིང་།
རང་བཞིན་ངན་པ་ལུ་ག་གིས་ཡང་མི་དགའ་བའི་ཚུལ།
ཁེངས་དྲེགས་གདུག་རྩུབ་རྩིང་བ་ལ།
།དོན་མེད་རྣམས་ཀྱང་དགྲ་རུ་སྡང་།།
རྒྱགས་ཤིང་འཕྱར་བའི་གངྒ་མ།
།ཛ་ཧུ་ཁྲོས་པས་ཧུབ་ཀྱིས་འཐུང་།།༣༠།།
ཚིག་གནད་མཆན་འགྲེལ། ཁེངས་དྲེགས། ཁམས་མཐོ་དྲག གདུག་རྩུབ། གཞན་ལུ་གནོད་པའི་སྤྱོད་ལམ། རྩིང་བ། མནོ་བསམ་མ་གཏང་བར་རང་གིས་གང་དྲན་འབད་མི།
རྒྱགས་པ། ང་རྒྱལ། འཕྱར་བ། གཞན་ལུ་འཕྱ་སྨོད་འབད་ནི། ཛ་ཧུ་ནུ། ཧིན་དུའི་གཏམ་རྒྱུད་ནང་གི་དྲང་སྲོང་ཅིག
ཁྲོས་པ། རྩིགཔ་ཟ་ནི།
རླུང་ཁམས་མཐོ་དྲག་གི་སྒོ་ལས་
གདུག་རྩུབ་ཅན་གྱི་སྤྱོད་ལམ་གང་དྲན་འབད་བ་ཅིན་
རང་དང་འབྲེལ་བ་མེད་པའི་མི་དེ་ཚུ་གིས་ཡང་ དོན་དག་ག་ནི་ཡང་མེད་རུང་
རང་ལུ་དགྲ་སྦེ་འོངམ་ཨིན། དཔྱེ་འབད་བ་ཅིན། ང་རྒྱལ་གྱི་སྒོ་ལས་ གཞན་ལུ་འཕྱ་སྨོད་འབད་དེ་འོངས་པའི་ཆུ་མོ་གངྒཱ་དེ་
དྲང་སྲོང་ཛ་ཧུ་ནུ་ རྩིགཔ་ཟ་ཡི་སྒོ་ལས་འཐུང་དོ་བཟུམ་ཅིག་ཨིན།
འབྲེལ་ཡོད་གཏམ་རྒྱུད། ཧེ་མ་རྒྱལ་པོ་དུག་ཅན་ཟེར་མི་གཅིག་གིས་
ས་འོག་དང་ས་སྟེང་གི་སྡིག་པ་དག་ནི་གི་དོན་ལུ་
ཆུ་མོ་གངྒཱ་དེ་མི་ཡུལ་ལུ་གཏང་གནང་ཟེར་ཞུཝ་ད་ ལྷ་ཆེན་ཚངས་པ་གི་ལྷ་མོ་གངྒཱ་ལུ་
མོ་མི་ཡུལ་དུ་འགྱོ་དགོཔ་སྦེ་བཀའ་གནང་ནུག ཨིན་རུང་མོ་གི་སེམས་ཁར་
མི་ཡུལ་ལུ་འགྱོ་བ་ཅིན་ མི་ག་གིས་ཡང་ལོངས་སུ་སྤྱོད་ནི་འདི་གིས་
ང་ཁམས་ལོག་སི་སི་འགྱོ་འོང་མནོ་སྟེ་ འགྱོ་དགོ་མ་མནོ་རུང་
ལྷ་ཆེན་ཚངས་པའི་བཀའ་ལས་བརྒལ་མ་ཚུགས་པར་ རྩིགཔ་ཟ་སྟེ་ མ་རེ་མུ་རེ་བགྱང་ཡི་ར་ ་གནམ་མེད་ས་མེད་སྐད་རྐྱབ་སྟེ་
རི་རབ་ཀྱི་རྩེ་ལུ་འབབ་ད་ ལྷ་ཆེན་དབང་ཕྱུག་དེ་ན་ བསྒོམ་རྐྱབ་སྟེ་བཞུགས་ཡོདཔ་ལས་
ཁོ་གི་བསྒོམ་སྒྲུབ་ལུ་བར་ཆད་རྐྱབ་མས་ཟེར་ ཁོ་རྩིགཔ་ཟ་སྟེ་ ལྷ་མོ་གངྒཱ་ཁོ་གི་སྐྱའི་རལ་པའི་ནང་བཙུགས་ཏེ་བཞག་བཏངམ་ལས་
ལོ་ངོ་སྟོང་ཕྲག་ལེ་ཤ་ཅིག་སོང་རུང་ རལ་པའི་མཐའ་འཚོལ་མ་འཐོབ་པར་དེ་ནང་ལུས་སོངམ་ཨིན་མས།
དེ་ལས་རྒྱལཔོ་དུག་ཅན་པའི་སྲས་བརྒྱུད་ཚུ་གིས་ལྷ་ཆེན་དབང་ཕྱུག་ལུ་ གསོལཝ་བཏབ་ལས་
རལཔ་བཙིར་ཏེ་ བཏོན་བཏང་ནུག ད་རུང་མོ་རང་རྩིགཔ་ཟཝ་མ་བསང་པར་སྐད་རྐྱབ་སྟེ་ར་འགྱོཝ་ད་
ཧི་མ་ལ་ཡའི་རི་གཤམ་ལུ་ དྲང་སྲོང་ཛ་ཧུ་ནུ་ཟེར་མི་ཅིག་ བསྒོམ་སྒྲུབ་འབད་དེ་བཞུགས་ཡོདཔ་ལས་
ཁོ་ཡང་རྩིགཔ་ཟ་སྟེ་ ཁོ་གིས་འཐུང་བཏང་ནུག
དེ་ལས་རྒྱལཔོ་དུག་ཅན་པའི་སྲས་བརྒྱུད་ཨིན་མི་
རྒྱལ་པོ་སྐལ་ལྡན་ཤིང་རྟ་ཟེར་མི་འདི་གིས་ གསོལཝ་བཏབ་ལས་ དྲང་སྲོང་གིས་ཁ་ལས་སྐྱུགས་ཏེ་མོ་ཕྱི་ཁར་བཏོན་བཏང་ནུག དེ་ལས་འབདན་ང་རྒྱལ་ཞི་སྟེ་ ཞི་ཞིང་དུལ་བའི་སྒོ་ལས་
འཛམ་གླིང་མི་ཡུལ་ལུ་བྱོན་ནུག་ཟེར་ཨིན་མས།།
ཞནམ་མཐོ་སར་བཀལ་བའི་སྐྱོན།
ཉམ་ཆུང་སྟེང་དུ་དཔའ་ཐལ་ན། །ཉམ་ངའི་གཡང་དུ་ལྷུངགྱུར་ཏེ།།
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།
།སྐམ་ལ་ཡར་ན་འཆི་བར་འགྱུར།།༣༡།།
ཚིག་གནད་མཆན་འགྲེལ།
ཉམ་ཆུང་། ཞནམ། དཔའ་ཐལ། དཔའ་རྟགས་གོང་འཕེལ་འགྱོ་ནི། ཉམ་ང་། འདྲོག་སི་སི། གཡང། ཉེན་ཁ་ཅན་གྱི་ས་གོ། ལྷུང་། བུལ་ནི། དྲེགས་པ། ང་རྒྱལ།
ཞནམ་མཐོ་སར་ལྷོདཔ་ད་ དཔའ་རྟགས་གབ་ཕྱད་བསྒྱུར་བ་ཅིན།
ནམ་ཅིག་གི་ཚེ་ ག་ནི་བ་འདྲོག་པའི་ཉེན་ཁ་ཅན་གྱི་གནས་ལུ་བུལ་ཏེ་འགྱོ་འོང་།
དཔྱེ་འབད་བ་ཅིན། ཆུ་ནང་ལུ་རྩལ་རྐྱབ་ཤེས་པའི་ང་རྒྱལ་གྱིས་དཔའ་རྟགས་བསྒྱུར་མི་ཉ་དེ། ཡར་འཕར་རྐྱབ་སྟེ་སྐམ་སར་ལྷོད་པ་ཅིན་
ཤི་ནི་གི་ཉེན་ཁ་ལུ་འགྱུར་དོ་བཟུམ་ཅིག་ཨིན།།
ཞནམ་འབྱོར་ལྡན་ཆགས་པའི་སྐབས་ཀྱི་འབད་གཞག
རིགས་ངན་ཅུང་ཟད་འབྱོར་ན་ཡང་།
།རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན།།
གཅོང་རོང་དོགས་མོའི་ཆུ་ཕྲན་དེ།
།འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ།།༣༢།།
ཚིག་གནད་མཆན་འགྲེལ། རིགས་ངན། མི་རིགས་ཞནམ། འབྱོར། འབྱོར་པ་ལོངས་སྤྱོད་དང་ལྡནམ་འགྱོ་ནི། གཅོང་རོང་དོགས་མོ། རིའི་ཁོངས་དོག་དྲག
ཞན་པའི་མི་རིགས་དེ་ཚུ་
འབྱོར་པ་ལོངས་སྤྱོད་ཨ་ཙི་ཅིག་ཐོབ་ཅིག་ རྒྱལ་པོའི་གོ་ས་ཐོབ་མཆིཝ་བཟུམ་གྱི་
ང་རྒྱལ་བསྐྱེདཔ་ཨིན། དཔྱེ་འབད་བ་ཅིན། རིའི་ཁོངས་དོག་དྲག་ཚུ་ལས་མར་བབས་མི་ཆུ་ཆུང་ཀུ་དེ་ཚུ་
རྒྱ་མཚོའི་རྦ་རླབས་འཁྲུགས་དོ་བཟུམ་གྱི་འུར་སྒྲ་ལྡིར་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
མཐོང་རྒྱ་ཆུང་བའི་སྐྱོན།
ཡངས་པའི་རྒྱལ་ཁམས་མ་བསྐོར་བའི།
།སྐྱེ་བོ་བླུན་པོ་རང་མཐོང་ཆེ།།
ཁྲོན་པའི་ཆུ་ལ་འགྱིང་བ་ཡི། །རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི།།༣༢།།
ཚིག་གནད་མཆན་འགྲེལ། རང་མཐོང་ཆེ་བ། རང་ར་ཨིན་མནོ་ནི། ཁྲོན་པ། ཆུང་རྫིང་། འགྱིང་བ། དཔའ་ཉམས་སྟོན་ཏེ་སྡོད་ནི།
ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁམས་བསྐོར་ཏེ་མ་འགྱོ་བའི་སྐྱེ་བོ་བླུན་པོ་དེ་ཚུ་
རང་ར་ཨིན་མནོ་སྟེ་སྡོདཔ་ཨིན། དཔྱེ་འབད་བ་ཅིན། ཆུ་རྫིང་ཆུང་ཀུ་ནང་སྡོད་མི་རུས་སྦལཔ་དེ་ཚུ་
རང་གི་སྡོད་གནས་དེ་རང་སྦོམ་མནོ་སྟེ་སྡོད་པའི་སྐབས་ལུ་
རྒྱ་མཚོ་སྦོམ་གྱི་ལོ་རྒྱུས་གོ་ཏེ་བལྟ་བར་སོངམ་ད་ དོན་ཧིང་གག་ཏེ་ཤི་དོ་བཟུམ་ཅིག་ཨིན།།
འབྲེལ་ཡོད་གཏམ་རྒྱུད། ཧེ་མ་ ཆུའི་རྫིང་ཆུང་ཀུ་ཅིག་ནང་ རུས་སྦལ་ཅིག་སྡོད་དོ་ཡོདཔ་ཨིན་མས།
ཁོ་ག་ཏེ་ཡང་མ་ལྷོདཔ་ལས་ ཁོ་གི་རྫིང་འདི་ལས་སྦོམ་ཅིག་ག་ཏེ་ཡང་མི་འོང་ཟེར་མནོ་སྟེ་ དཔའ་རྔམ་བཙོང་སྟེ་སྡོད་པའི་བར་ན་ར་
རྒྱ་མཚོ་ཆེན་མོའི་ནང་ལས་འོང་མི་ རུས་སྦལ་ཅིག་དང་ཕྱད་དེ་ ཁོང་གཉིས་བློ་བོ་རྐྱབ་སྟེ་སྡོད་ནུག
དེ་ལས་རྒྱ་མཚོའི་རུས་སྦལ་གྱིས་ ཁོ་རའི་སྡོད་གནས་རྒྱ་མཚོ་དེ་གི་ལོ་རྒྱུས་སླབ་ད་
རྫིང་གི་རུས་སྦལ་ཡིད་མ་ཆེས་པར། རྒྱ་མཚོ་སྦོམ་ཟེར་རུང་
ངེ་གི་རྫིང་དེ་གི་དཔྱ་གཅིག་འབད་རུང་
ཡང་ན་དཔྱ་གཉིས་དེ་ཅིག་ལས་བརྒལ་ཏེ་མི་འོང་ཟེར་སླབ་ནུག་
དེ་ལས་ཁོང་གཉིས་མཁྱེན་མ་འཆམ་པར་ མཐའ་མར་རྒྱ་མཚོ་བལྟ་བར་སོངམ་ད།
རྒྱ་མཚོའི་སྦོམ་ཆུང་ལུ་བལྟ་སྟེ་ ཁྲོན་པའི་རུས་དེ་དོན་ཧིང་གག་སྟེ་ཤི་སོངམ་ཨིན་མས།།
མི་མ་རབས་ཀྱི་སེམས་རྒྱུད།
ཐ་ཤལ་རྣམས་ནི་མགུ་སླ་ཞིང་།
།མགུ་བའི་མོད་ལ་ཁྲེལ་ཡང་སླ།།
ཕུ་ཐག་ཐུང་བའི་ཆུ་ཕྲན་དེ། །བྲུབས་དང་བྲི་བ་ཡུད་ཙམ་ཡིན།།༣༣།
ཚིག་གནད་མཆན་འགྲེལ། ཐ་ཤལ། མ་རབས། མགུ་སླ་བ། ཡིད་ཆེས་བསྐྱེདཔ་འཇམ་ཏོང་ཏོ། མོད་ལ། དེའི་འཕྲོ་ལས། ཁྲེལ། རྩིགཔ་ཟ་ནི། བྲུབས། ཡར་འཕེལ་ནི། བྲི་བ། མར་ཉམས་ནི།
སྐྱེ་བོ་མ་རབས་དེ་ཚུ་
ཧན་པའི་གཏམ་དང་ལཱ་ཆུང་ཀུ་ཅིག་ལུ་བརྟེན་ཏེ་ ཡིད་ཆེས་བསྐྱེདཔ་འཇམ་ཏོང་ཏོ་དང་།
ཡིད་ཆེས་བསྐྱེད་ཚར་བའི་ཤུལ་ལུ་ མ་ཧན་པའི་གཏམ་དང་ལཱ་ཆུ་ཀུ་ཅིག་ལུ་བརྟེན་ཏེ་
དེའི་འཕྲོ་ལས་རྩིགཔ་ཟ་ནི་ཡང་ འཇམ་ཏོང་ཏོ་ཨིན། དཔྱེ་འབད་བ་ཅིན།
ཆུའི་རྐ་ཐག་རིངམ་མེད་པའི་ཕུ་ཐག་ཐུང་བའི་ཆུ་ཕྲན་དེ་ཚུ་
ཆརཔ་ཆུང་ཀུ་ཅིག་ལུ་བརྟེན་ཏེ་ཡར་འཕེལ་ནི་དང་།
ཆརཔ་ཆདཔ་ཅིག་མར་ཉམས་པ་ཡང་འཇམ་ཏོང་ཏོ་ཨིན་དོ་བཟུམ་ཅིག་ཨིན།།
མ་རབས་ངན་པའི་དྲིན་ལན་ལོག་འཇལ།
མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུགས་པར་བྱེད།།
བསིལ་བའི་ཆུ་ཡིས་བྲན་ན་ཡང་།
།རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ།།༣༤།།
ཚིག་གནད་མཆན་འགྲེལ། མི་ཚོར། མི་ཤེས་ནི། འཁྲུགས་པ། འཐབ་འཛིང་འབད་ནི། བྲན། ཆུ་གཏོར་ནི། རྡོ་ཞུན། རྡོ་བཞུ་བཞུའི་ཁུ་བ། ལྷག་པར། ཤུགས་སྦེ་ར།
མ་རབས་སྤྱོད་ངན་དེ་ཚུ་ལུ་ག་དེམ་ཅིག་གཅེས་གཅེས་ཕངས་ཕངས་སྦེ་བཀའ་དྲིན་བསྐྱངས་ཏེ་བཞག་རུང་།
བཀའ་དྲིན་མི་ཚོར་བར་ ལོག་སྟེ་རང་ལུ་འཐབ་འཛིང་འབདཝ་ཨིན། དཔྱེ་འབད་བ་ཅིན།
བྲག་རྡོ་བཞུ་བཞུའི་ཁུ་བ་དེ་ལུ་ ཆུ་བསིལམ་གཏོར་རུང་ ཁོལམ་འགྱོ་ནི་ཕར་རང་བཞག་
ད་རུང་ཤུགས་སྦེ་རང་ཁོལ་ཏེ་ཚ་ཏོམ་འགྱོ་དོ་བཟུམ་ཅིག་ཨིན།།
སྐྱེས་བུ་དམ་པའི་གནོད་ལན་ཕན་ཐོགས།
དམ་པ་རྣམས་ལ་གནོད་བྱས་ཀྱང་། །ཁྲོ་མེད་བཟོད་པས་བདེ་བར་གནས།།
བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ། །འཁོལ་བཞིནཔ་ཡིས་བྲན་ཡང་བསིལ།།༣༥།།
ཚིག་གནད་མཆན་འགྲེལ། བཙོ་བའི་སྔགས། ཆུ་ཚན་འཁོལ་འཁོལཝ་ནང་རྐྱབ་ནི་གི་སྔགས། བཏབ། རྐྱབ་ནི།
སྐྱེས་བུ་དམ་པ་དེ་ཚུ་གནོད་པ་བསྐྱལ་ཏེ་འབད་ས་བཅས་རུང་
དམ་པ་དེ་ཚུ་ཁོང་ཁྲོ་མེད་པར་བཟོད་པ་བསྒོམ་པའི་སྒོ་ལས་བདེ་ཏོག་ཏོ་སྦེ་བཞུགསཔ་མ་ཚད་
ད་རུང་རང་ལུ་ཕན་ཡང་བཏགས་ཏེ་གནངམ་ཨིན། དཔྱེ་འབད་བ་ཅིན།
བཙོ་སྔགས་རྐྱབ་རྐྱབ་པའི་ཆུ་ཚན་འཁོལ་ཏེ་ཡོད་མི་འདི་གིས་ ནདཔ་ཚུ་ལུ་གཏོར་ཏེ་འབད་རུང་
ཚ་ནི་ཕར་རང་བཞག་བསིལ་ཏོང་ཏོ་འོང་དོ་བཟུམ་ཅིག་ཨིན།།
ངོ་ཚ་ཁྲེལ་མེད་ཚུ་གིས་བཀའ་དྲིན་དྲན་མ་ཤེསཔ།
ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་།
།བྱ་བ་ཟིན་ན་བརྗེད་པར་འགྱུར།།
ཆུ་ཡི་ཕ་རོལ་བརྒལ་བ་ན།
།གྲུ་གཟིངས་ལྟོས་པ་མེད་པ་དོར།།༣༥།།
ཚིག་གནད་མཆན་འགྲེལ། བྱ་བ་ཟིན་པ། ལཱ་རྫོགས་ནི། ལྟོས་པ་མེད་པ། བརྟེན་མ་དགོཔ།
ངོ་ཚ་དང་ཁྲེལ་མེད་ཀྱི་མི་ལུ་ཕན་པ་བཏགས་རུང་
ལཱ་དེ་རྫོགས་པའི་མཐའ་མར་ཕནམ་འབད་མི་དེ་བརྗེད་དེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
ཆུའི་ཕར་ཀ་བརྒལ་ནི་ལུ་ གྲུ་དེ་མེད་ཐབས་མེདཔ་ཅིག་ཨིན་རུང་ ཆུ་བརྒལ་ཚརཝ་ད་
གྲུ་དེ་ལུ་ལྟོས་དགོཔ་ག་ནི་ཡང་མེདཔ་ལས་ སེམས་ཁ་ལས་བརྗེད་དེ་འགྱོ་དོ་བཟུམ་ཅིག་ཨིན།།
མི་ངན་གྱིས་གཡུས་དཀྲུགས།
མི་ངན་རེ་རེས་བྱེད་པས་ཀྱང་། །ཡུལ་ཁམས་ཆེན་པོ་འཕུང་བར་བྱེད།།
དྲང་སྲོང་གདུག་པ་མཆོངས་པ་ཡིས།
།སི་ཏཱ་ཚལ་བརྒྱར་གྱེས་ཞེས་གྲགས།།༣༦།།
ཚིག་གནད་མཆན་འགྲེལ། བྱེད་པ། འབད་མི་གི་ལཱ། ཡུལ་ཁམས་ཆེན་པོ། རང་གི་གཡུས་དང་རྒྱལ་ཁབ། འཕུང་། འཕུང་སློང་མི་ལུ་བརྟེན་ཏེ་ཉེན་ཁ་ཅན་ལུ་འགྱུར་ནི། དྲང་སྲོང་གདུག་པ། བསམ་སྦྱོར་ངན་པའི་དྲང་སྲོང་། ཚལ་བརྒྱར་གྱེས་པ། ནགས་ཚལ་ནང་ཁ་ཐོར་འགྱོ་ནི།
བསམ་སྦྱོར་ངན་པའི་མི་རེ་རེས་ཀྱིས་འབད་མི་ལཱ་དེ་གིས་ཡང་
རང་གི་རྒྱལ་ཁབ་ཆ་ཚང་འཕུང་ནི་གི་ཉེན་ཁ་ཡོད། དཔྱེ་འབད་བ་ཅིན།
ཕྱི་རོལ་པའི་དྲང་སྲོང་ངན་པ་གཅིག་གིས་ ཆུ་བོ་སི་ཏཱ་ནང་མཆོངས་པ་ལུ་བརྟེན་ཏེ་
ཆུ་དེ་ནགས་ཚལ་ལེ་ཤ་ནང་ཁ་ཐོར་བཏང་པའི་ལོ་རྒྱུས་བཟུམ་ཅིག་ཨིན།།
མི་ངན་ལུ་བརྟེན་པའི་སྐྱོན།
དམུ་རྒོད་སྐྱེ་བོས་སུན་ཕྱུངས་རྣམས།
།དམ་པ་ལ་ཡང་ཡིད་མི་རྟོན།།
ཆུ་ཟླས་བསླུས་བྱས་ངང་མོ་ཡིས།
།ཉིན་མོའང་པད་རྩ་ཟ་མི་བྱེད།།༣༧།།
ཚིག་གནད་མཆན་འགྲེལ། དམུ་རྒོད།
རང་རྒྱུད་དུལ་མ་ཚུགས་མི། སུན་ཕྱུངས། ཡིད་སེམས་སུན་ཏེ་འགྱོ་ནི། ཡིད་མི་རྟོན་པ། ཡིད་ཆེས་མི་འབད་ནི།
བསླུས་པ། མགོ་སྐོར་གི་འོག་ལུ་ཚུད་ནི། པད་རྩ། མེ་ཏོག་པདྨའི་རྩ་བ།
རང་སེམས་དུལ་མ་ཚུགས་པའི་ཁར་
སྐྱེ་བོ་གཞན་གྱིས་ཡིད་སེམས་སུན་ཏེ་སྡོད་མི་དེ་ཚུ་ སྐྱེས་བུ་དམ་པ་ཚུ་ལུ་ཡང་ཡིད་ཆེས་བསྐྱེད་མ་ཚུགས་པར་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ཆུ་ནང་གི་ཟླཝ་དཀརཔ་སྦེ་མཐོངམ་ད་ ཨོམ་ཨིན་མས་མནོ་སྟེ་
འཐུང་པར་འགྱོཝ་ད་ ཐོབ་མ་ཚུགས་པར་ ཆུ་ཟླའི་མགོ་སྐོར་འོག་ལུ་ཚུད་མི་བྱ་ངངམོ་དེ་གིས་
ཉིན་མ་གི་དུས་ལུ་མེ་ཏོག་པདྨའི་ར་ཏོག་དཀརཔ་མཐོང་རུང་ དེ་ཡང་མགོ་སྐོར་ཅིག་ཨིནམ་འོང་མནོ་སྟེ་
མི་ཟ་བར་སྡོད་དོ་བཟུམ་ཅིག་ཨིན།།
མི་ངན་ལུ་བཅོ་ཐབས་མེདཔ།
སྐྱེ་བོ་ངན་པ་བཅོས་ན་ཡང་།
།རྐྱེན་དང་ཕྲད་ཚེ་རང་མདོག་སྟོན།།
ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ།
།བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ།།༣༨།།
ཚིག་གནད་མཆན་འགྲེལ། རྐྱེན་དང་ཕྲད་པ། རྒྱུ་རྐྱེན་འཛོམས་ནི། རང་མདོག་སྟོན་པ། རང་གི་རང་བཞིན་ངོ་མ་དེ་སྟོན་ནི། འོལ་ཁ་བསྒྱུར་བ། ཆུ་འགྱོ་སའི་ཁ་ཕྱོགས་བསྒྱུར་ནི། བྲུབས། ཡར་འཕེལ་ནི།
སྐྱེ་བོ་གཤིས་རྒྱུད་ངན་པ་དེ་ཚུ་ལུ་བཅོ་ཁ་རྐྱབ་སྟེ་ལེགས་ཤོམ་འགྱོ་རུང་
ནམ་ཅིག་ངན་པའི་རྒྱུ་རྐྱེན་འཛོམས་པའི་སྐབས་ལུ་ ཧེ་མ་གི་རང་བཞིན་ག་ཨིན་མི་འདི་ཐོནམ་ཨིན།
དཔྱེ་འབད་བ་ཅིན། གཙང་ཆུ་འགྱོ་སའི་ཁ་ཕྱོགས་གཞན་ཁར་བསྒྱུར་ཏེ་བཞག་མི་འདི་
ནམ་ཅིག་གཙང་ཆུ་ཁོ་རང་དྲེགས་པའི་ཚེ་ ཧེ་མ་གི་ལམ་བདའ་སྟེ་རང་འགྱོ་དོ་བཟུམ་ཅིག་ཨིན།།
སྐྱེས་བུ་དམ་པ་ལུ་འགྱུར་ལྡོག་མེདཔ།
དམ་པ་མཐོ་དམན་འབྱོར་རྒུད་སོགས།
།ཅིས་ཀྱང་རང་བཞིན་མི་འགྱུར་ཏེ།།
ཆུ་བོ་བསིལ་ལམ་ཚ་ན་ཡང་།
།རླན་གྱི་རང་བཞིན་ག་ལ་འདོར།།༣༩།།
ཚིག་གནད་མཆན་འགྲེལ། འབྱོར་རྒུད། ཡར་འཕེལ་ནི་དང་མར་ཉམས་ནི། ཅིས་ཀྱང་། ག་དེ་སྦེ་འབད་རུང་། རླན། རློནམ།
སྐྱེས་བུ་དམ་པ་དེ་ཚུ་
གོ་ས་མཐོ་དམན་ག་ཏེ་བཞུགས་རུང་ འབྱོར་པ་དང་ལྡན་པ་དང་ འབྱོར་པ་ཉམས་ནི་ལ་སོགས་པའི་གནས་སྟངས་ག་ཅི་བཟུམ་ཅིག་བྱུང་སྟེ་འབད་རུང་
རང་གི་རང་བཞིན་དེ་ ནམ་ཡང་འགྱུར་བ་མེདཔ་སྦེ་བཞུགསཔ་ཨིན། དཔྱེ་འབད་བ་ཅིན།
ཆུ་དེ་ཚུ་བསིལ་ཏོང་ཏོ་ཨིན་རུང་འདྲ་ ཚ་ཏོམ་ཡར་སོང་རུང་འདྲ་
རང་གི་བཞིན་དེ་རློནམ་ཅིག་ཨིནམ་ལས་ དེ་ནམ་ཡང་འགྱུར་བ་མེད་པ་སྡོད་དོ་བཟུམ་ཅིག་ཨིན།།
མི་ངན་བཏུལ་ནི་ལུ་ བསླབ་བྱ་ལས་ཉེས་ཁྲིམས་རྩུབ་དྲགཔ།
མི་བསྲུན་སྐྱེ་བོ་གདམས་པ་ལས།
།ནན་ཏུར་ལས་ཀྱིས་གདུལ་བར་སླ།།
གོས་ཀྱི་དྲི་མ་འཁྲུད་པ་ལ།
།གཙང་མའི་ཆུ་ལས་འགྱུར་བྱེད་བཟང་།།༤༠།།
ཚིག་གནད་མཆན་འགྲེལ། མི་བསྲུན་སྐྱེ་བོ། གཤིས་རྒྱུད་སྲ་དྲག་བཏུལ་མ་ཚུགས་མི། གདམས་པ། བསླབ་བྱ། ནན་ཏུར། དྲག་པོའི་ཉེས་ཁྲིམས། གདུལ། བཏུལ་ནི། འགྱུར་བྱེད། བུལ་ཏོ་དང་གླང་ལེབ།
གཤིས་རྒྱུད་སྲ་དྲག་དེ་ཚུ་བཏུལ་དགོ་པ་ཅིན་
ཕན་པའི་བསླབ་བྱ་བྱིནམ་ལས་ དྲག་པོའི་ཉེས་ཁྲིམས་བསྐྱེལ་ཏེ་བཏུལ་བ་ཅིན་འཇམ་ཨིན།
དཔྱེ་འབད་བ་ཅིན། གོ་ལ་གི་དྲེག་པ་འཁྱུ་ནི་ལུ་ གཙང་མའི་ཆུ་བ་འདི་
གླང་ལེབ་དབུར་བ་ཅིན་དྲག་དོ་བཟུམ་ཅིག་ཨིན།།
ནང་གི་སྐྱོན་དང་ཡོན་ཏན་ཚུ་
ཕྱི་ཁ་གི་འབད་གཞག་ལས་ཤེས་ཚུགས་ནི།
ལུས་ཅན་ནང་གི་སྐྱོན་ཡོན་རྣམས།
།ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ།།
ཆུ་སྐྱར་ལྡིང་བས་ཆུ་བོ་དང་།
།དུ་བ་ལས་ནི་མེར་ཤེས་བཞིན།།༤༡།།
ཚིག་གནད་མཆན་འགྲེལ། ལུས་ཅན། ལུས་དང་ལྡན་པའི་མི་དང་སེམས་ཅན། ཕྱི་རོལ། ཕྱི་ཁ། མཚོན། ཤེས་ཚུགས་ནི། ཆུ་སྐྱར། ཆུ་བྱ།
མགོ་ནག་མི་གི་ནང་ན་ཡོད་པའི་སྐྱོན་དང་ཡོན་ཏན་དེ་ཚུ་
ཕྱི་ཁའི་སྤྱོད་ལམ་ལས་བརྟེན་ཏེ་ཤེས་ཚུགསཔ་ཨིན། དཔྱེ་འབད་བ་ཅིན།
ཆུ་བྱ་གནམ་ཁར་ལྡིང་སྟེ་ཡོདཔ་ལས་ དེ་གི་འོག་ལུ་ཆུ་ཡོདཔ་ཤེས་ཚུགས་ནི་དང་། དུ་པ་འཐོནམ་ལས་
ས་ཕྱོགས་དེ་ན་མེ་ཡོདཔ་ཤེས་ཚུགསཔ་བཟུམ་ཅིག་ཨིན།།
རང་སྐྱོན་མཐོང་པར་ལཱ་ཁགཔ།
གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་།
།རང་གི་སྤྱོད་ཚུལ་མཐོང་བར་དཀའ།།
མཚོ་ནང་ནམ་མཁའི་ཟླ་སྐར་ཀུན།
།གསལ་ཡང་རང་གི་གཏིང་མི་མཐོང་།།༤༢།།
ཚིག་གནད་མཆན་འགྲེལ། སྤྱོད་ཚུལ། འབད་གཞག གསལ། མཐོང་ནི།
གཞན་གྱི་སྐྱོན་དང་ཡོན་ཏན་ཚུ་ ག་དེ་སྦེཡོདཔ་མཐོངམ་འཇམ་ཏོང་ཏོ་ཨིན་རུང་ རང་གི་འབད་གཞག་འདི་
ག་དེ་སྦེ་འབད་དོ་ག་མཐོང་པར་ལཱ་ཁག་ཡོད། དཔྱེ་འབད་བ་ཅིན། མཚོ་ནང་ལུ་ གནམ་གྱི་ཟླ་བ་དང་སྐརམ་ཚུ་ཁྲ་ལམ་ལམ་སྦེ་མཐོང་རུང་
མཚོ་ཁོ་རང་གི་གཏིང་ ག་དེ་སྦེ་ཡོད་ག་ མཐོང་མི་ཚུགས་དོ་བཟུམ་ཅིག་ཨིན།།
ལཱ་ངནམ་གྱིས་ཕུགས་མ་བརྟནམ།
བསམ་ངན་གཡོ་སྒྱུ་ཆེ་དྲགས་ན།
།ལམ་རྒྱུགས་འདྲ་ཡང་ཕུགས་སུ་འཕུང་།།
ཆུ་ཀླུང་གྱ་གྱུར་བགྲོད་པ་ཡང་། །བབས་ཀྱིན་ཐུར་ནས་ཐུར་དུ་འགྲོ།།༤༣།།
ཚིག་གནད་མཆན་འགྲེལ། ལམ་རྒྱུགས། ལམ་ལྷོང་བྱུང་ནི། ཆུ་ཀླུང་། གཙང་ཆུ། གྱ་གྱུ། གཡག་གཡོག བགྲོད་པ། འགྱོ་ནི། ཐུར་ནས་ཐུར། མ་ལས་མར།
བསམ་པ་ངན་པའི་སྒོ་ལས་གཡོ་སྒྱུ་གི་ལཱ་དེ་ཚུ་ཆེ་རང་ཆེ་དྲག་པ་ཅིན་
གནས་སྐབས་ཅིག་ལམ་ལྷོང་ཡོད་དོ་བཟུམ་ཅིག་འབད་རུང་
ཕུགས་ལུ་རང་ཉིད་འཕུང་བའི་གཞི་ཅིག་རང་ཨིན། དཔྱེ་འབད་བ་ཅིན། གཙང་ཆུ་དེ་ཚུ་ཕར་དང་ཚུར་
གཡག་གཡོག་སྦེ་འགྱོ་འགྱོ་ཡི་རང་ མཐའ་མར་གྱེན་ལུ་ལོག་མི་ཚུགས་པར་ མ་ལས་མར་རང་འགྱོ་དོ་བཟུམ་ཅིག་ཨིན།།
འགྲོ་ལམ་བུབ་པའི་རྟགས།
རིགས་རྒྱུད་ཟད་འདོད་བུ་ངན་སྐྱེ།
།བསོད་ནམས་ཟད་འདོད་བསམ་ངན་འཆར།།
རང་ཉིད་བརླག་འདོད་རིག་པ་རྒོད།
།ཆུ་མིག་སྐམ་འདོད་སྙིགས་མ་མང་།།༤༤།།
ཚིག་གནད་མཆན་འགྲེལ། འདོད། འགྱོ་རནམ་ད། བརླག མེདཔ་བཏང་ནི། རིག་པ་རྒོད་པ། མི་དྲན་དགུ་དྲན་དྲན་ནི། ཆུ་མིག གྲུབ་ཆུ། ས་ནང་ནས་རང་བཞིན་གྱིས་འཐོན་པའི་ཆུ།
སྙིགས་མ། ཕྱགས་སྙིགས་རག་རོག
རིགས་རྒྱུད་ཟད་དེ་འགྱོ་རནམ་ད་
བུ་ངན་པ་སྐྱེ་ནི་དང་། བསོད་ནམས་ཟད་རནམ་ད་ རང་ལུ་བསམ་ངན་ཤར་ནི། རང་མེདཔ་འགྱོ་ནི་གི་དུས་ཚོད་རནམ་ད་
མི་དྲན་དགུ་དྲན་དྲན་ཚུ་དྲནམ་ཨིན། དཔྱེ་འབད་བ་ཅིན། གྲུབ་ཆུ་དེ་ཚུ་སྐམ་རནམ་ད་
ཕྱགས་སྙིགས་རག་རོག་ལེ་ཤ་འཐོན་དོ་བཟུམ་ཅིག་ཨིན།།
བླུན་པོ་དང་མཁས་པའི་ཁྱད་པར།
བླུན་པོས་ངལ་བརྒྱས་བསྒྲུབས་ན་ཡང་།
།གྲགས་པ་བློ་ལྡན་གཞན་གྱིས་ཁྱེར།།
རི་ལས་སྐྱེས་པའི་པདྨ་ཡང་།
།བསྐྱེད་པའི་གྲགས་པ་ཆུ་ཡིས་འཐོབ།།༤༥།།
ཚིག་གནད་མཆན་འགྲེལ། ངལ་བརྒྱས། དཀའ་ལས་བརྒྱ་ཕྲག་གི་སྒོ་ལས། གྲགས་པ། གཏམ་སྙན་གྲགས།
མནོ་བསམ་རྒྱ་ཆེ་དྲག་སྦེ་གཏང་མ་ཤེས་པའི་བླུན་པོ་དེ་ཚུ་གིས་
དཀའ་ལས་བརྒྱ་ཕྲག་གི་སྒོ་ལས་བསྒྲུབས་པའི་གྲུབ་འབྲས་ལཱ་གི་གཏམ་དང་སྙན་གྲགས་དེ་ཚུ་
བློ་གྲོས་དང་ལྡན་པའི་མཁས་པ་གཞན་གྱིས་འབག་སྟེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན། རི་ལས་སྐྱེས་པའི་མེ་ཏོག་པདྨ་དེ་
སྐྱེ་ས་རི་ཁར་ཨིན་རུང་ ཁོ་ལུ་རི་སྐྱེས་ཟེར་མི་སླབ་པར་ ཆུ་སྐྱེས་ཟེར་སླབ་ནི་དེ་གིས་
བསྐྱེད་པའི་ལཱ་གི་མིང་གཏམ་དེ་ཆུ་དེ་ལུ་འཐོབ་དོ་བཟུམ་ཅིག་ཨིན།།
ཆོསཔ་རྫུན་མ་ལུ་དོགས་ཟོན་འབད་དགོཔ།
ལུང་རྟོགས་ཡོན་ཏན་མི་ལྡན་ཡང་།
།དམ་པ་སྒྲོག་པས་སྐྱེ་བོ་བསླུ།།
སྦྲང་ཆར་བཅུད་དང་བྲལ་བ་ཡི།
།ཐན་ཁྱེར་སྤྲིན་གྱི་འབྲུག་སྒྲ་བཞིན།།༤༦།།
ཚིག་གནད་མཆན་འགྲེལ། ལུང་རྟོགས་ཀྱི་ཡོན་ཏན། དམ་པའི་ཆོས་ཀྱི་བཤད་པ་རྐྱབ་ནི་དང་ཉམས་ལེན་གྱི་ཡོན་ཏན། དམ་པ་སྒྲོག་པ། སྐྱེས་བུ་དམ་པ་ཨིན་ཟེར་སླབ་ནི། སྐྱེ་བོ་བསླུ་བ། གཞན་མགོ་སྐོར་གཏང་ནི། སྦྲང་ཆར་བཅུད་དང་བྲལ་བ། ཆརཔ་མེད་པ། ཐན་ཁྱེར། སྐམ།
མི་ལ་ལུ་གཅིག་གིས་
རང་གི་རྒྱུད་ལུ་ལུང་དང་རྟོགས་པའི་ཡོན་ཏན་ག་ནི་ཡང་མེད་རུང་ རང་གིས་རང་ སྐྱེས་བུ་དམ་པ་ཨིནམ་བཟོཝ་མ་ཚད་
ཁ་ལས་ཡང་དེ་སྦེ་སླབ་སྟེ་ གཞན་མགོ་སྐོར་གཏང་མི་ལེ་ཤ་ཡོད། དཔྱེ་འབད་བ་ཅིན།
ཆརཔ་ག་ནི་བབས་ནི་མེད་པའི་སྤྲིན་སྐམ་དེ་གིས་འབྲུག་སྒྲ་ལྡིར་དོ་བཟུམ་ཅིན་ཨིན།།
ད་རེས་ནངས་པ་གི་ཐམས་ཅད་མཁྱེན་པ་ཚུ་གི་སློབ་སྦྱོང་མཛད་ཚུལ།
སྙིགས་དུས་རང་བྱུང་ཀུན་མཁྱེན་རྣམས།
།སྦྱངས་ཚེ་ཕལ་པ་ལས་ཀྱང་རྟུལ།།
རང་བྱུང་ཆུ་ཚན་སྔར་ཚ་ཡང་།
།བསྐོལ་ན་ཆུ་གྲང་རྗེས་སུ་ཁོལ།།༤༧།།
ཚིག་གནད་མཆན་འགྲེལ། སྙིགས་དུས། དུས་ཀྱི་ལྷག་མ།
ད་རེས་ནངས་པ་གི་དུས། རང་བྱུང་ཀུན་མཁྱེན།
ལྷཔ་མ་དགོ་པར་ག་ར་ཤེས་མི། སྦྱངས་ཚེ།
སློབ་སྦྱོང་འབད་བའི་ཚེ། རྟུལ། རིག་པ་རྡུག་དྲག
རང་བྱུང་ཆུ་ཚན། ཚ་ཆུ། ཆུ་གྲང་། ཆུ་ཁོལམ་བསིལ་ཏོང་ཏོ།
ད་རེས་ནངས་པ་གི་དུས་ཚོད་ནང་བྱོན་མི་
ཐམས་ཅད་མཁྱེན་པའི་སྐྱེས་བུ་དམ་པ་འདི་ཚུ་ ནང་ཁོང་ནང་ལས་ག་ར་ཤེསས་ཨིན་རུང་
སློབ་སྦྱོང་འབད་བའི་ཚེ་ མི་ཕལ་པ་དེ་ཚུ་བས་ རིག་པ་རྡུག་སོ་ཅིག་སྦེ་མཇལཝ་ཨིན།
དཔྱེ་འབད་བ་ཅིན། ཚ་ཆུ་དེ་ཚུ་མ་པ་ལས་ཚ་ཏོམ་ཨིན་རུང་
ཆུ་ཁོལམ་ཅིག་དང་འདྲན་འདྲ་བསྐོལ་བ་ཅིན་ ཚ་ཆུ་དེ་
ཆུ་ཁོལམ་གྱི་ཤུལ་ལས་ཁོལ་དོ་བཟུམ་ཅིན་ཨིན།།
ཁ་དང་ལག་ལེན་རྟགས་མ་མཐུནམ།
དྲེད་པོ་ཁ་ཡིས་ཆོས་ཤོད་མཁན།
།ཤེས་རྒྱུད་གདོལ་པ་ལས་ཀྱང་ཐུ།།
དགུན་དུས་རླངས་པ་ན་བུན་བཞིན།
།འཐིབས་པའི་ཀློང་དེ་ལྷག་པར་གྲང་།།༤༨།།
ཚིག་གནད་མཆན་འགྲེལ། དྲེད་པོ། ཆོས་ཀྱི་སྐོར་ལས་རག་རོག་ཅིག་ཤེསཔ་ལས་བརྟེན་ཏེ་ཤེས་རྒྱུད་རྩུབ་དྲག་ཡར་སོང་མི། གདོལ་པ། གཤན་པ། ཐུ། གདུག་དྲག ན་བུན། དུ་པ་དང་རླངས་པ་འདྲེས་པའི་ས་སྨུག ཀློང་། སྦུག་ལུ།
ཆོས་ཀྱི་སྐོར་ལས་རག་རོག་ཅིག་ཤེསཔ་ལས་བརྟེན་ཏེ་ཤེས་རྒྱུད་རྩུབ་དྲག་ཡར་སོང་མི་དེ་ཚུ་
ཁ་ལས་ཆོས་བཤད་དེ་འབད་རུང་
ནང་གི་ཤེས་རྒྱུད་ལུ་བལྟ་བ་ཅིན་ཤན་པ་བས་རྡུག་སོ་ཅིག་སྦེ་འོངམ་ཨིན། དཔྱེ་འབད་བ་ཅིན།
གནམ་དགུན་གྱི་དུས་ལུ་ སའི་རླངས་པ་ས་སྨུག་བཟུམ་སྦེ་འཐིབས་ཏེ་ཡོད་པའི་སྦུག་ལུ་
ཤུགས་སྦེ་རང་གྱང་དོ་བཟུམ་ཅིག་ཨིན།།
སྐྱེས་བུ་དམ་པའི་སྤྱོད་ཚུལ།
དམ་པའི་སྐྱེ་བོ་ཉམ་ཐག་ཀྱང་། །ཆོས་དང་འགལ་བའི་ལས་མི་བྱེད།།
ཆར་འདོད་བྱི་འུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་།།༤༩།།
ཚིག་གནད་མཆན་འགྲེལ། ཆར་འདོད་བྱིའུ། ཆར་པའི་ཆུ་རྐྱངམ་ཅིག་འཐུང་མི་བྱིའུ་ཅུ།
སྐྱེས་བུ་དམ་པ་དེ་ཚུ་ ཉམ་ཐག་འོ་བརྒྱལ་བྱུང་རུང་
ཆོས་དང་འགལ་བའི་ལཱ་དེ་ཚུ་ རྩ་ལས་རང་མི་མཛདཔ་ཨིན། དཔྱེ་འབད་བ་ཅིན།
ཆར་ཆུ་རྐྱངམ་འཐུང་མི་བྱིའུ་ཅུ་དེ་ཚུ་ ཁ་སྐོམ་སྟེ་འབད་རུང་
ས་ཁ་ལས་མར་བབས་ཏེ་འོངས་པའི་ཆུ་ཚུ་ རྩ་ལས་རང་མི་འཐུང་དོ་བཟུམ་ཅིག་ཨིན།།
བསམ་པ་དང་ལག་ལེན་འགལཝ།
དགེ་སྦྱོར་བརྩོན་པར་འདོད་པ་དང་། །ལོག་པའི་འཚོ་བ་སྒྲུབ་པ་འགལ།།
མེ་ཏོག་བསྐྱེད་པར་འདོད་པ་ཡིས།
།ཆུ་ཚན་བླུགས་ན་ཕན་འགྱུར་རམ།།༥༠།།
ཚིག་གནད་མཆན་འགྲེལ།
དགེ་སྦྱོར། ཁ་ཐུན་ལ་སོགས་པའི་དགེ་བའི་་ལཱ། འདོད་པ།
འབད་ནི་ཨིན་ཟེར་སླབ་ནི། ལོག་པའི་འཚོ་བ།
ཆོས་ཀྱི་དོན་ལུ་དང་ ཡང་ན་གཞན་གྱི་དོན་ལུ་ཨིན་ཟེར་སླབ་ཞིནམ་ལས་
དཔལ་འབྱོར་བསྡུ་བསྐོང་འབད་དེ་རང་དོན་ལུ་བཏང་ནི། བསྐྱེད། ཡར་བསྐྱེད་གོང་འཕེལ་གཏང་ནི།
དགེ་བའི་ལཱ་མཚམས་སྔོན་འགྲོ་ལ་སོགས་པ་གཏང་ནི་ཨིན་ཟེར་སླབ་ཞིནམ་ལས་
རང་གི་འཚོ་བའི་མཐུན་རྐྱེན་ལོག་པའི་སྒོ་ལས་བསྒྲུབ་ནི་དེ་རྒྱབ་འགལ་གྱིི་ལཱ་ཅིག་ཨིན།
དཔྱེ་འབད་བ་ཅིན། མེ་ཏོག་ཡར་བསྐྱེད་གོང་འཕེལ་གཏང་ནི་ཨིན་ཟེར་སླབ་ཞིནམ་ལས་
དེ་ནང་ཆུ་ཚན་བླུགས་དོ་བཟུམ་ཅིག་ཨིན།།
མི་སྦོམ་དེ་ཚུ་ལུ་ ཉམས་རྒུད་བྱུང་སྟེ་འབད་རུང་སྣང་དག་མེདཔ།
ཆེན་པོ་རེ་ཞིག་རྒུད་ན་ཡང་། །སླད་ནས་གཟི་བྱིན་རྒྱས་པར་འགྱུར།།
འཁྱགས་པའི་སྦུབས་སུ་ཆུད་པའི་མཚོ། །སོ་ག་རིམ་གྱིས་འཕྱུར་ནས་འོང་།། ༥༡།།
ཚིག་གནད་མཆན་འགྲེལ། རེ་ཞིག གནས་སྐབས་ཅིག རྒུད། མར་ཉམས་འགྱོ་ནི། སླད་ནས། ཤུལ་ལས། འཁྱགས་པ། ཁེག སྦུབས་སུ་ཆུད་པ། སྦུག་ཁར་ཚུད་ནི་དང་།
འདམ་སྟེ་ཡོད་མི། འཕྱུར། གོང་དུ་འཕེལ་བ།
དཔལ་འབྱོར་ལོངས་སྤྱོད་ལྡན་པའི་མི་སྦོམ་དེ་ཚུ་
གནས་སྐབས་ཅིག་མར་ཉམས་སོང་སྟེ་འབད་རུང་ ཤུལ་ལས་གཟི་བརྗིད་དབང་ཐང་རྒྱས་ཏེ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ཁེག་གིས་འདམ་སྟེ་ཡོད་མི་མཚོ་དེ་
གནམ་སོ་ཁ་ལུ་རིམ་གྱིས་འཕེལ་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
ཐབས་ཤེས་གནས་སྐབས་མེད་མི་དེ་ཚུ་ ཚར་ཅིག་ཡར་རྒྱས་འགྱོ་རུང་ལོག་སྟེ་མར་ཉམས་་འགྱོ་ཚུལ།
བློ་དང་རྩོལ་བ་ཞན་པའི་མིས།
།ཕུན་ཚོགས་ཐོབ་ཀྱང་མོད་ལ་འགྲིབ།།
རྫིང་ཆུ་ལྟག་ཆུ་ཆད་པ་དེ།
།གང་ཡང་མྱུར་དུ་བསྐམ་པར་འགྱུར།།༥༢།།
ཚིག་གནད་མཆན་འགྲེལ། བློ། རིག་པ། རྩོལ་བ། འབད་རྩོལ། ཕུན་ཚོགས།
འབྱོར་པ་ལོངས་སྤྱོད། མོད་ལ། དེའི་འཕྲོ་ལས། ལྟག་ཆུ། ལྟག་ལས་འོང་མི་ཆུ། ཆུའི་རྐ།
ལཱ་འབད་ནི་གི་རིག་པ་དང་འབད་རྩོལ་ག་ནི་ཡང་བསྐྱེད་མ་ཚུགས་པའི་ཞན་པའི་མི་དེ་ཚུ་གིས་
སྟབས་ལེགས་སྟེས་དབང་གི་སྒོ་ལས་
གནས་སྐབས་ཅིག་འབྱོར་པ་ཕུན་སུམ་ཚོགསཔ་སྦེ་ཐོབ་སྟེ་འབད་རུང་
དེའི་འཕྲོ་ལས་རང་མར་ཉམས་ཏེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
རྫིང་ནང་འཁྱིལ་ཏེ་ཡོད་མི་ཆུ་དེ་ ལྟག་ལས་འོང་ནི་ཆད་སོངམ་བཟུམ་ཅིག་འབད་བ་ཅིན་
གནས་སྐབས་ཅིག་གང་སྟེ་ཡོད་རུང་ ཡུན་མ་རིང་པར་བསྐམ་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
རང་སྡུག་རང་གིས་ཉོཝ།
ནོར་མེད་འཆོར་དང་ཁ་ཞིམ་འདོད།
།གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན།།
ཆུ་རྐྱལ་མི་ཤེས་མཚོ་བརྒལ་བ།
།བསམ་བཞིན་རང་སྡུག་ཉོ་བ་ཡིན།།༥༣།།
ཚིག་གནད་མཆན་འགྲེལ། འཆོར། གཟབ་སྤྲོས་བརྒྱན་ནི། མཁས་ཁུར་འཛིན་པ།
མཁས་པའི་ལཱ་འབད་ནི། བསམ་བཞིན། མནོ་བསམ་བཏང་སྟེ་རང་།
ལཱ་ཁག་འབད་རང་།
ནང་ན་རྒྱུ་ནོར་ག་ནི་ཡང་མེད་པའི་
ཕྱི་ཁར་གཟབ་སྤྲོས་བརྒྱན་ནི་དང་ཁ་ཞིནམ་ཟ་འདོད་བསྐྱེད་ནི། དེ་ལས་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ལུ་སྦྱངས་སྦྱངསམ་ག་ནི་ཡང་མེད་པའི་
མཁས་པའི་ལཱ་འགན་འབག་ནི། རྩལ་མིི་ཤེས་པའི་མཚོ་བརྒལ་ནི་དེ་ཚུ་ག་ར་ ལཱ་ཁག་འབད་རང་
རང་སྡུག་རང་གིས་རིན་བྱིན་ཏེ་ཉོ་ཉོཝ་བཟུམ་ཅིག་ཨིན།།
རང་ཚོད་རང་གིས་བཟུང་དགོཔ།
མངའ་ཐང་བློ་རྒྱ་ཆེར་བསྐྱེད་པས། །བསོད་ནམས་ཚད་ལས་འགོང་མི་རུང་།།
མཚོ་ཆུང་རང་གི་ཁྲོན་པ་ཡི། །ཚད་ལས་བརྒལ་ན་བོར་བར་འགྱུར།།༥༤།།
ཚིག་གནད་མཆན་འགྲེལ། བློ་རྒྱ་ཆེར་བསྐྱེད་པ། བློ་ཁོག་སྦོམ་སྦེ་བཙོང་ནི། འགོང་བ། དེ་ལས་བརྒལ་ནི།
རྒྱལཔོ་དེ་ཚུ་རང་གི་མངའ་ཐང་གི་དོན་ལུ་བློ་རྒྱ་སྦོམ་སྦེ་བསྐྱེད་དགོ་
ཨིན་རུང་ རང་གི་ཚེ་ཧེ་མམ་དེ་གིས་ བསོད་ནམས་ག་དེམ་ཅིག་བསགས་བསགསཔ་ཨིན་ན་
དེ་དང་ཡང་འཁྲིལ་དགོཔ་མ་གཏོགས་
ག་དེམ་ཅིག་སྦེ་བསོད་ནམས་ཀྱི་ཚད་ལས་བརྒལ་བའི་ལཱ་འབད་བ་ཅིན་ སྟབས་མ་བདེཝ་འབྱུངམ་ཨིན།
དཔྱེ་འབད་བ་ཅིན། མཚོ་ཆུང་ཀུ་དེ་ཚུ་
རང་གི་ཕྱི་ཁའི་ཁྲོན་པ་དེ་གི་ཚད་དང་འདྲན་འདྲ་བཞག་ནི་མ་གཏོགས་ དེ་ལས་བརྒལ་བ་ཅིན་
ཕྱི་ཁར་བོར་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
མ་འོངས་པའི་ཉེས་པ་ཧེ་མ་ལས་བཀག་དགོཔ།
དོན་ཆེན་ཐོག་ཏུ་མ་བབས་པའི།
།དུས་ནས་ཐབས་དང་རིམ་གྲོ་བྱ།།
ཆུ་ལོན་སྔར་ནས་མ་བརྩིགས་ན།
།བྲུབས་ནས་འོལ་ཁ་བསྒྱུར་བར་དཀའ།།༥༥།།
ཚིག་གནད་མཆན་འགྲེལ། ཆུ་ལོན། ཆུ་བྱཱག
ཆུ་བཀག་ནི་གི་རྭ་བ། བྲུབས། ཡར་འཕེལ་ནི། འོལ་ཁ། ཁ་ཕྱོགས།
ལེགསཔ་དང་ཉེས་པའི་དོན་ཆེན་ག་ཅི་བཟུམ་ཅིག་འབད་རུང་
དུས་ཐོག་ལུ་མ་བབས་པའི་ཧེ་མ་ལས་ ཐབས་དང་རིམ་གྲོ་ག་ཅི་ཨིན་རུང་འབད་དགོཔ་ཨིན།
མ་འབད་བ་ཅིན་དུས་ཐོག་ལུ་བབས་པའི་སྐབས་ལུ་བཅོ་ཁ་རྐྱབ་ནི་ལཱ་ཁག་ཡོད། དཔྱེ་འབད་བ་ཅིན།
ཆུ་བྱཱག་ཧེ་མ་ལས་མ་བརྩིགས་པ་ཅིན་
གཙང་ཆུ་དྲེགས་ཏེ་འོང་པའི་སྒང་ལས་ཁ་ཕྱོགས་བསྒྱུར་ནི་དེ་
ལཱ་ཁག་ཡོད་དོ་བཟུམ་ཅིག་ཨིན།།
དོན་མེད་ཀྱི་ལཱ་ལུ་ཧད་བཏགས་བཙོང་སྟེ་ རང་མེདཔ་བཏང་མི་དེ་དྲག་ཤོས་མེནམ།
དོན་མེད་ལས་ལ་ཕོད་བཙུགས་ནས།
།རང་ཉིད་ཉམས་བྱེད་དཔའ་བོ་མིན།།
ཆུ་ཡི་ནང་གི་གཟུགས་བརྙན་ལ། །མཆོངས་པས་སེངྒེ་ཤི་དང་དྲ།།༥༦།།
ཚིག་གནད་མཆན་འགྲེལ། ཕོད་བཙུགས་པ། ཧད་བཏགས་བཙོང་ནི། ཉམས་པ། མེདཔ་གཏང་ནི། དཔའ་བོ། དྲག་ཤོས། གཟུགས་བརྙན། འདྲ་པར།
དོན་དག་མེད་པའི་ལཱ་ལུ་ཧད་བཏགས་བཙོང་སྟེ་
རང་གིས་རང་མེདཔ་གཏང་མི་ དེ་ལུ་དྲག་ཤོས་ཟེར་མི་སླབ། ལཱ་དེ་བཟུམ་འབད་མི་དེ་
དཔྱེ་འབད་བ་ཅིན། སེངྒེ་གཅིག་གིས་ ཆུ་ནང་ཤར་བའི་རང་གི་འདྲ་པར་དེ་ལུ་ ཙིགཔ་ཟ་སྟེ་
མཆོངསམ་ད་ སེངྒེ་ཁོ་རང་ཤི་དོ་བཟུམ་ཅིག་ཨིན།།
དགྲ་བོ་ཐབས་ཀྱིས་འབད་བཏུལ་དགོཔ།
དགྲ་བོ་འདུལ་བར་འདོད་ན་ཡང་།
།སྤྱོད་ཚུལ་དལ་ཞིང་འཇམ་པོར་བྱ།།
ཆུ་སྐྱར་འཇབ་ཅིང་འགྲོ་བ་ཡིས།
།ཉ་ལ་སོགས་པ་འཛིན་ལ་ལྟོས།།༥༧།།
ཚིག་གནད་མཆན་འགྲེལ། འདུལ། བཏུལ་ནི། སྤྱོད་ཚུལ། འབད་ཐངས། དལ།
ལྷོད་ཆི་ཆི། འཇབ། ཁུ་སིམ་སིམ་སྦེ་འགྱོ་ནི། འཛིན། བཟུང་ནི། ལྟོས། བལྟ་ནི།
རང་གི་དགྲ་བོ་དེ་ཚུ་བཏུལ་དགོ་མནོ་བ་ཅིན་
བཏུལ་ནི་གི་ལཱ་འབད་ཐངས་དེ་ དྲག་པོའི་སྒོ་ལས་དང་ དེའི་འཕྲོ་ལས་མེན་པར་ ལྷོད་ལྷོད་དང་འཇམ་ཏོང་ཏོ་གི་སྒོ་ལས་འབད་དགོ།
དཔྱེ་འབད་བ་ཅིན། ཆུ་བྱ་ཁུ་སིམ་སིམ་སྦེ་འགྱོ་ཞིནམ་ལས་
ཉ་དང་སྦལཔ་ལ་སོགས་བཟུངམ་ཨིན་མས་མེན་ན། འ་ནི་ལུ་ཚར་ཅིག་བལྟ་ཤིག།
གཞན་གྱི་འབྱོར་པ་ལུ་ མ་དགའཝ་བསྐྱེད་ནི་མེདཔ།
གཞན་ཕྱོགས་འབྱོར་པ་ལ་སྡང་བས།
།རང་གི་བསོད་ནམས་ཉམས་པར་ཟད།།
ཆུ་ཀླུང་དྲག་པོར་མཆོངས་པ་ན། །བདག་ཉིད་འཆི་ཡི་དེར་མི་གནོད།།༥༨།།
ཚིག་གནད་མཆན་འགྲེལ། གཞན་ཕྱོགས། མི་གཞན། སྡང་། མ་དགའཝ་བསྐྱེད་ནི། ཆུ་ཀླུང་དྲག་པོ། གཙང་ཆུ་སྦོམ་འདྲོག་སི་སི།
ཟད། རྐྱངམ་ཅིག
མི་གཞན་འབྱོར་པ་ལོངས་སྤྱོད་ཐོབ་ད་
རང་གི་སེམས་ཀྱིས་བཟོད་མ་ཚུགས་པར་ མ་དགའཝ་བསྐྱེད་པ་ཅིན་ གཞན་ལུ་ནི་ག་ནི་ཡང་འབད་མི་ཚུགས་
རང་གི་བསོད་ནམས་ཉམས་ནི་རྐྱངམ་ཅིག་ཨིན། དཔྱེ་འབད་བ་ཅིན། གཙང་ཆུ་སྦོམ་འདྲོག་སི་སི་དེ་ཚུ་ནང་མཆོངས་པ་ཅིན་
རང་ཤི་ནི་མ་གཏོགས་ གཙང་ཆུ་དེ་ལུ་ག་ནི་ཡང་འབད་མི་ཚུགས་དོ་བཟུམ་ཅིག་ཨིན།།
དགྲ་བཏུལ་དགོ་པ་ཅིན་ རང་ལུ་ཡོན་ཏན་དགོཔ།
དེ་བས་དགྲ་ལས་རྒྱལ་འདོད་ན། །ཡོན་ཏན་སྒྲུབ་ལ་འབད་པར་བྱ།།
ཆུ་བོ་ཆེ་ལས་བརྒལ་བའི་ཐབས།
།ཐང་ནས་གྲུ་གཟིངས་འཆོས་པ་ཡིན།།༥༩།།
ཚིག་གནད་མཆན་འགྲེལ། དེ་བས། རྒྱུ་མཚན་དེ་ལུ་བརྟེན་ཏེ། འཆོས་པ། བཟོ་ནི།
གོང་ལུ་ཞུ་མི་རྒྱུ་མཚན་དེ་ཚུ་ལུ་བརྟེན་ཏེ་
རང་གི་དགྲ་ལས་རྒྱལ་ཁ་འཐོབ་དགོ་མནོ་བ་ཅིན། དགྲ་ལུ་ཐད་ཀར་བྱང་ཕྱད་རྐྱབ་ནི་མེན་པར་ རང་ལུ་ཡོན་ཏན་སྒྲུབ་ནི་ལུ་
འབད་བརྩོན་བསྐྱེད་དགོཔ་ཨིན། དཔྱེ་འབད་བ་ཅིན། ཆུ་སྦོམ་དེ་ཚུ་ལས་བརྒལ་དགོ་པ་ཅིན་
ཧེ་མ་ཐང་ན་སྡོད་པའི་སྒང་ལས་ གྲུ་གཟིངས་བཟོ་སྟེ་ འགྱོ་དོ་བཟུམ་ཅིག་ཨིན།།
རང་གི་བསོད་ནམས་དེ་རང་ མ་བསྐམ་པར་ཡོད་པ་ཅིན་ གཞན་གྱིས་གནོད་མ་ཚུགསཔ།
རང་ལས་བསོད་ནམས་མ་ཉམས་ན།
།དགྲ་བོ་ཁོ་ནས་མི་ཐུབ་སྟེ།།
ཆུ་མིག་རང་གིས་མ་སྐམ་ན། །ས་ཡིས་མནན་ཀྱང་ག་ལ་ཐུབ།།༦༠།།
ཚིག་གནད་མཆན་འགྲེལ།
རང་ལས། རང་གི་ཁ་ཐུག་ལས། ཁོ་ནས། རྐྱངམ་གཅིག་གིས། མི་ཐུབ། གནོད་པ་བསྐྱལ་མི་ཚུགས་པ།
ཆུ་མིག གྲུབ་ཆུ།
ཆུ་ས་འོག་ལས་ཐོན་ཏེ་འཁྱིལ་བའི་ཆུ་རྫིང་།
རང་གི་ཁ་ཐུག་ལས་བསོད་ནམས་དེ་རང་མ་ཉམས་པར་ཡོད་པ་ཅིན།
ཕྱི་ཁའི་དགྲ་རྐྱངམ་ཅིག་གིས་ གནོད་པ་བསྐྱལ་མི་ཚུགས། དཔྱེ་འབད་བ་ཅིན། གྲུབ་ཆུ་རང་མ་བསྐམ་པར་
ཐོན་ཏེ་རང་སྡོད་པ་ཅིན་ ཕྱི་ཁ་ལས་ས་བཀབ་སྟེ་མནན་རུང་ མནན་མི་ཚུགས་དོ་བཟུམ་ཅིག་ཨིན།།
ད་ལྟོ་གི་ལོངས་སྤྱོད་ ཚེ་ཧེ་མའི་ལས་ལུ་རག་ལསཔ།
དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན།
།སྔོན་སྤྱོད་ལས་ཀྱི་གོ་རིམ་སྟེ།།
ཆུ་ཡི་དཀྱིལ་འཁོར་བསྲུབས་པ་ལས།
།རི་གླིང་འཁོར་ཡུག་རིམ་པར་ཆགས།།༦༡།།
ཚིག་གནད་མཆན་འགྲེལ། དབུལ་ཕྱུག སྤྱང་ཀ་དང་ཕྱུགཔ། དར་རྒུད། ཡར་འཕེལ་ནི་དང་མར་ཉམས་ནི། སྔོན་སྤྱོད་ལས། ཚེ་ཧེ་མའི་ལས།
སྤྱང་ཀ་དང་ཕྱུགཔ་ དཔལ་འབྱོར་ཡར་འཕེལ་ནི་དང་མར་ཉམས་ནི་
གོ་ས་མཐོ་སར་འགྱོ་ནི་དང་དམན་སར་བབས་ནི་ ལ་སོགས་པ་ག་ར་
ཚེ་ཧེ་མའི་ལས་ཀྱི་གོ་རིམ་ལྟར་དུ་འོངམ་ཨིན། དཔྱེ་འབད་བ་ཅིན།
ཆུའི་དཀྱིལ་འཁོར་བསྲུབས་པ་ལས་བརྟེན་ཏེ་ རིའི་རྒྱལ་པོ་རི་རབ་དང་
གླིང་བཞི་གླིང་ཕྲན་དེ་ཚུ་གོ་རིམ་བཞིན་དུ་ཆགས་དོ་བཟུམ་ཅིག་ཨིན།།
མཁས་པ་དང་བླུན་པོའི་ལོངས་སྤྱོད་ཀྱི་ཁྱད་པར།
མཁས་པ་ཕལ་ཆེར་དབུལ་གྱུར་ལ།
།བླུན་པོའི་སྐྱེ་བོ་ནོར་གྱིས་ཕྱུག།
རྙོག་མ་ཅན་གྱི་ཆུ་བོ་ལ།
།སྦལ་ལྕོང་འབུ་སྲིན་ལྷག་པར་མང་།།༦༢།།
ཚིག་གནད་མཆན་འགྲེལ། ཕལ་ཆེར། མང་ཤོས་རང་། རྙོག་མ་ཅན། ཧོག་མ་ལེ་ཤ་ཡོད་མི། སྦལ། སྦལཔ། ལྕོང་། ཉ་དང་སྦལ་པའི་ཕྱུག་གུ། འབུ་སྲིན། འབུབ་སེམས་ཅན།
མཁས་པ་མང་ཤོས་ཅིག་རང་ སྤྱང་ཀ་བཟུམ་ཅིག་འོངམ་ཨིན་རུང་
སྐྱེ་བོ་བླུན་པོ་དེ་ཚུ་ ནོར་ལོངས་སྤྱོད་ཀྱིས་ཕྱུགཔ་སྦེ་འོངམ་ཨིན། དཔྱེ་འབད་བ་ཅིན།
ཧོག་མ་ཡོད་པའི་ཆུ་དེ་ཚུ་ནང་ སྦལཔ་དང་ལྕོང་བུ་འབུབ་སེམས་ཅན་ལེ་ཤ་ཡོད་དོ་བཟུམ་ཅིག་ཨིན།།
མཁས་པ་ལེ་ཤ་ཐོན་ནི་མེདཔ།
བརྒྱ་ཡི་ནང་ནས་དཔའ་བོ་དང་།
།སྟོང་གི་ནང་ནས་མཁས་པ་སྟེ།།
མ་དྲོས་མཚོ་ལས་ཆུ་གསེར་དང་། །རྒྱ་མཚོ་ཆེ་ལས་ནོར་བུ་བྱུང་།།༦༣།།
ཚིག་གནད་མཆན་འགྲེལ། དཔའ་བོ། སྙིང་སྟོབས་སྦོམ་ཡོད་མི།
དྲག་ཤོས། མ་དྲོས་མཚོ། གངས་རི་ཏི་སེའི་གདོང་ཁར་ཡོད་པའི་མ་ཕམ་གཡུ་མཚོ།
མི་ཚོགས་བརྒྱའི་ནང་ནས་སྙིང་སྟོབས་ཅན་གྱི་དྲག་ཤོས་རེ་རེ་དང་
སྟོང་གི་ནང་ལས་མཁས་པ་རེ་རེ་ཙམ་ཅིག་བྱུངམ་ཨིན། དཔྱེ་འབད་བ་ཅིན། མཚོ་ལེ་ཤ་ཡོད་པའི་ནང་ལས་མ་དྲོས་མཚོ་ལས་གསེར་ཐོན་ནི་དང་
དེ་ལས་སྦོམ་པའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་རིན་པོ་ཆེ་བྱུང་དོ་བཟུམ་ཅིག་ཨིན།།
རྒྱུ་ནོར་སྤྱོད་མ་ཤེསཔ།
བློ་དང་མི་ལྡན་སྐྱེ་བོ་ཡིས།
།འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས།།
ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ།
།ཧུབ་ཀྱིས་མི་འཐུང་བལྡག་པར་བྱེད།།༦༤།།
ཚིག་གནད་མཆན་འགྲེལ། རྙེད། འཐོབ་ནི། སྤྱོད། ལག་ལེན་འཐབ་ནི།
བལྡག ལྕེ་གིས་བལྡག་ནི།
བློ་གྲོས་རིག་པ་དང་མི་ལྡན་པའི་མི་དེ་ཚུ་གིས་
འབྱོར་པ་ལོངས་སྤྱོད་ཐོབ་རུང་ ལག་ལེན་ཚུལ་བཞིན་དུ་འཐབ་མི་ཤེས། དཔྱེ་འབད་བ་ཅིན།
རོ་ཁྱི་དེ་ཚུ་ཁ་སྐོམ་སྟེ་འབད་རུང་ ཆུ་དང་ཕྱདཔ་ད་ ཧུབ་སྟེ་འཐུང་མི་ཤེས་པར་
ལྕེ་གིས་བལྡག་སྟེ་འཐུང་དོ་བཟུམ་ཅིག་ཨིན།།
ཕན་ཐོགས་མེད་པའི་ནོར།
རང་གཞན་སུ་ལའང་མི་ཕན་པའི།
།ནོར་དེ་མེད་པ་ཉིད་དང་མཚུངས།།
ཆུ་མེད་ས་གཞི་རྒྱ་ཆེ་ཡང་།
།མྱ་ངམ་ཐང་ཞེས་ཀུན་གྱིས་འདོར།།༦༥།།
ཚིག་གནད་མཆན་འགྲེལ། མཚུངས། འདྲ་བ། མྱ་ངམ་ཐང་། བྱེ་ཐང་། འདོར། བཀོག་སྟེ་བཞག་ནི།
རང་དང་གཞན་ག་ལུ་ཡང་ཕན་ཐོགས་མེད་པའི་རྒྱུ་ནོར་ལོངས་སྤྱོད་དེ་ཚུ་
མེདཔ་དང་ཅོག་རང་འཐད། དཔྱེ་འབད་བ་ཅིན། ཆུ་མེད་པའི་ས་གཞི་རྒྱ་ཆེ་ཆུང་ག་དེམ་ཅིག་ཡོད་དེ་འབད་རུང་
བྱེ་ཐང་བཟུམ་ཅིག་ཨིན་ཟེར་ ག་གིས་ཡང་བཀོག་སྟེ་བཞག་དོ་བཟུམ་ཅིག་ཨིན།།
རྒྱུ་ནོར་སྤྱོད་ཤེས་དགོཔ།
ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང་། །ཅུང་ཟད་སྤྱོད་ཚུལ་ཤེས་དགོས་ཏེ།།
ཁྲོན་ཆུ་གཅུས་ན་འཕེལ་འགྱུར་ཞིང་།
།བཞག་ན་སྙིགས་མས་བསྐམ་པར་འགྱུར།།༦༦།།
ཚིག་གནད་མཆན་འགྲེལ། ཅུང་ཟད། ཨ་ཙི་ཅིག དུམ་གྲ་རེ། སྤྱོད་ཚུལ། ལག་ལེན་འཐབ་ཚུལ། ཁྲོན་ཆུ། ཨོམ་ཆུ། གཅུས། སེལ་ནི། སྙིགས་མ། འཕྱག་སྙིགས།
རྒྱུ་ནོར་ལོངས་སྤྱོད་
ཉིས་ལྡབ་སུམ་ལྡབ་སྦེ་སྤེལ་དགོ་མནོ་མི་དེ་ཚུ་གིས་ཡང་
སྦྱིན་པ་གཏོང་ནི་ལ་སོགས་པའི་སྒོ་ལས་ ལག་ལེན་འཐབ་ཚུལ་ཨ་ཙི་ཅིག་ཤེས་དགོཔ་ཨིན།
དཔྱེ་འབད་བ་ཅིན། ཨོམ་ཆུ་དེ་ཚུ་འཕྱག་སྙིགས་སེལ་ཏེ་བཏོན་བཏང་པ་ཅིན་
ཡར་འཕེལ་ཏེ་འགྱོཝ་ཨིན་རུང་ མ་སེལ་བར་ཙང་བཏང་བཞག་པ་ཅིན་
འཕྱག་སྙིགས་གང་ཞིནམ་ལས་བསྐམ་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
བླུན་པོའི་རྒྱུ་ནོར་རང་གི་དགྲ་ཡིན་ཚུལ།
བླུན་རྨོངས་འབྱོར་པ་རྒྱ་ཆེ་ཡང་།
།སྡུག་བསྔལ་རྒྱུ་ལས་མ་འདས་ཏེ།།
གསེར་རིའི་བར་གྱི་རོལ་མཚོ་རྣམས།
།རྟག་ཏུ་མུན་པའི་སྨག་གིས་ནོན།།༦༧།།
ཚིག་གནད་མཆན་འགྲེལ། བླུན་རྨོངས། བླུན་པོ་མི་ཤེས་པ། རྒྱུ་ལས་མ་འདས། རྒྱུ་ལས་བརྒལ་མ་ཚུགས་མི།
རྒྱུ་ཨིན་ཟེར་བའི་དོན། གསེར་རི། རི་རབ་གྱི་ཕྱི་ཁར་ཡོད་མི་གསེར་ལས་གྲུབ་པའི་རི་བདུན། བར་གྱི་རོལ་མཚོ། གསེར་རི་བདུན་གྱི་བར་ན་ཡོད་པའི་མཚོ། མུན་པའི་སྨག གནག་དུང་དུང་། ནོན།
སྒྲིབ་ནི།
བླུན་པོ་ག་ནི་ཡང་མ་ཤེས་མི་དེ་ཚུ་ལུ་
འབྱོར་པ་ལོངས་སྤྱོད་རྒྱ་ཆེཝ་སྦེ་ཡོད་རུང་ སྡུག་བསྔལ་གྱི་རྒྱུ་ཅིག་རང་ཨིན།
དཔྱེ་འབད་བ་ཅིན། གསེར་རི་བདུན་གྱི་བར་ན་ཡོད་པའི་ རོལ་པའི་མཚོ་བདུན་དེ་ཚུ་ལུ་
དུས་ཨ་རྟག་རང་གནག་དུང་དུང་སྦེ་ ལུས་དོ་བཟུམ་ཅིག་ཨིན།།
རྒྱུ་ནོར་ཡོད་རུང་བསོད་ནམས་གསག་དགོཔ།
འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ།
།བསོད་ནམས་ཉམས་ན་རྒུད་པ་སླ།།
ལྗོན་ཤིང་ཡལ་ག་རྒྱ་ཆེ་ཡང་།
།ཆུ་དང་བྲལ་ན་བསྐམ་པར་འགྱུར།།༦༨།།
རྒྱུ་ནོར་ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་མི་ཚུ་ཡང་ དཀོན་མཆོག་ལུ་མཆོད་པ་དང་ མར་ངན་སློང་ལུ་སྦྱིན་པ་བཏང་ནི་ལ་སོགས་པའི་སྒོ་ལས་ བསོད་ནམས་བསགས་དགོཔ་ཨིན། ག་དེམ་ཅིག་སྦེ་བསོད་ནམས་ཉམས་སོངམ་བཟུམ་ཅིག་འབད་བ་ཅིན་
མར་ཉམས་འགྱོ་ནི་ཡང་འཇམ་ཏོང་ཏོ་ཨིན། དཔྱེ་འབད་བ་ཅིན།
ལྗོན་ཤིང་དེ་ཚུ་ཡལ་ག་དང་ལོ་འདབ་རྒྱ་ཆེ་དྲག་སྦེ་ཡོད་རུང་ ཆུ་དང་ཁ་བྱལ་བ་ཅིན་
བསྐམ་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
རྒྱུ་རྐྱེན་རྟེན་འབྲེལ་འཛོམས་དགོཔ།
བསོད་ནམས་མཐུ་དང་དགེ་བའི་བློ།
།ཕན་ཚུན་རྒྱུར་འགྱུར་སྐལ་བ་བཟང་།།
ཆུ་ཡིས་ཆར་དང་ཆར་གྱིས་ཆུ།
།རྒྱས་བྱེད་རེས་མོས་གྲོགས་སུ་འགྱུར།།༦༩།།
ཚིག་གནད་མཆན་འགྲེལ། ཕན་ཚུན་རྒྱུར་གྱུར། གཅིག་གིས་གཅིག་ལུ་ཆ་རོགས་སྦེ་འབད་ནི། རེས་མོས། སྐོར་རྐྱབ་འབད་དེ།
སྐྱེ་བ་ཧེ་མར་བསོད་ནམས་བསགས་པའི་མཐུ་དང་
ད་ལྟོ་གི་དགེ་བ་བསྒྲུབ་པའི་བློ་གཉིས་
ཚེ་སྔ་མ་ བསོད་ནམས་བསགས་བསག་པའི་མཐུ་དང་ ད་ལྟོ་གི་དགེ་བ་སྒྲུབ་པའི་བློ་གཉིསཔ་དེ་
གཅིག་གིས་གཅིག་ལུ་ཆ་རོགས་འབད་བ་ཅིན། འབྲས་བུ་ཕུན་སུམ་ཚོགས་པ་འཐོབ་ནི་ལུ་
སྐལ་བ་བཟང་ཏོག་ཏོ་སྦེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན། རྒྱ་མཚོའི་རླངསམ་ལས་བརྟེན་ཏེ་ཆརཔ་བབས་ནི་དང་།
ཆརཔ་ལས་བརྟེན་ཏེ་རྒྱ་མཚོ་དྲེགས་ནི་ཚུ་
སྐོར་རྐྱབ་འབད་དེ་གཅིག་གིས་གཅིག་ལུ་ཆ་རོགས་འབད་དོ་བཟུམ་ཅིག་ཨིན།།
འབད་མ་འབད་ཤུལ་ལས་ཤེས་ནི།
ཁ་བཤད་མང་ངམ་ཉུང་ཡང་རུང་།
།དགོས་དོན་ལག་ཏུ་བླང་ན་གོ།
ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང་།
།ཟབ་དང་མི་ཟབ་བརྒལ་ན་ཤེས།།༧༠།།
ཚིག་གནད་མཆན་འགྲེལ། གོ། ཧ་གོ་ནི། ཤེས་ནི། ལག་ཏུ་བླང་པ། ལག་ལེན་འཐབ་ནི། ཆུ་ཞེང་། རྒྱ་ཆེ་ཆུང་།
ཟབ་དང་མི་ཟབ། གཏིང་ཟབ་ཧིང་།
ཁ་ལས་བཤད་ནི་མང་རུ་འདྲ་ ཉུང་རུ་འདྲ་
དགོས་དོན་ངོ་མ་ལག་ལེན་འཐབ་པའི་ཚེ་ ག་དེམ་ཅིག་འབད་ཚུགས་དང་མི་ཚུགས་ཧ་གོ་འོང་།
དཔྱེ་འབད་བ་ཅིན། ཆུའི་རྒྱ་ཆེ་ཆུང་ག་དེམ་ཅིག་ཡོད་རུ་
གཏིང་ཟབ་ག་མི་ཟབ་བརྒལ་ཏེ་བལྟཝ་ད་ཤེས་དོ་བཟུམ་ཅིག་ཨིན།།
མཁས་པའི་ཤུལ་ཤུལ་བདའ་སྟེ་འབད་ནི་འཇམ་ཏོང་ཏོ་ཨིནམ།
ལེགས་ཉེས་སྲོལ་འབྱེད་མཁས་པ་སྟེ།
།དེ་ཡི་རྗེས་སུ་འཇུག་པ་སླ།།
ཅང་ཤེས་རྟ་ཡིས་རབ་བཙལ་བའི།
།ཕྱི་བཞིན་ཁྱི་ཡང་འབྲང་བར་ནུས།།༧༡།།
ཚིག་གནད་མཆན་འགྲེལ། སྲོལ་འབྱེད། ལམ་སྲོལ་དང་པ་ཕྱེ་མི། རྗེས་སུ་འཇུག་པ། དེ་བཅོག་འཐདཔ་འབད་ནི། ཅང་ཤེས་རྟ། ག་ཅི་ཡང་ཤེས་པའི་རྟ་མཆོག རབ་བཙལ། ལེགས་ཤོམ་སྦེ་འཚོལ་འཚོལཝ། ཕྱི་བཞིན། ཤུལ་ཤུལ་བདའ་ནི། འབྲང་། འགྱོ་ནི།
ལེགསཔ་དང་ཉེས་པའི་དབྱེ་བ་ཕྱེ་ཞིནམ་ལས་
ལེགས་པའི་ལམ་སྲོལ་ཕྱེ་མི་དེ་ལུ་མཁས་པ་ཟེར་སླབ་ཨིན།
འ་ནི་མཁས་པ་དེ་ཚུ་གིས་འབད་མི་བཅོག་འཐདཔ་སྦེ་འབད་ནི་དེ་ འཇམ་ཏོང་ཏོ་ཨིན།
དཔྱེ་འབད་བ་ཅིན། ཅང་ཤེས་རྟ་གིས་ལེགས་ཤོམ་སྦེ་འཚོལ་འཚོལཝ་གི་ལམ་དེ་གི་ཤུལ་ལུ་
རོ་ཁྱི་བཟུམ་ཅིག་ཨིན་རུང་འགྱོ་ནི་འཇམ་ཏོང་ཏོ་འགྱོ་དོ་བཟུམ་ཅིག་ཨིན།།
མཁས་མི་མཁས་ཀྱི་ཁྱད་པར།
མཁས་པ་ཀུན་ལ་སྙོམས་ལྡན་ཆེ། །ཕྱོགས་རེའི་མིག་ཅན་ཆགས་སྡང་ཆེ།།
བུམ་པ་གང་བ་བཀུར་བར་ཁུར་བར་སླ།
།ཕྱེད་ཙམ་གང་བ་གཡོ་འཁྱོམ་མང་།།༧༢།།
ཚིག་གནད་མཆན་འགྲེལ། སྙོམས་ལྡན། ག་ར་ལུ་བཅོག་རང་འཐདཔ་སྦེ་འབད་ནི། ཕྱོགས་རིའི་མིག་ཅན། རང་ཕྱོགས་གཞན་ཕྱོགས་ཕྱེ་ནི། བུམ་པ། ཆུའི་ཧོད་ཟོམ་བཟུམ། ཁུར་བ། འབག་ནི། སླ། འཇམ་ཏོང་ཏོ། གཡོ་འཁྱོམ། གཡོམ་རྐྱབ་ནི།
འཕྱམ་འཕྱོམ་འབད་ནི།
མཁས་པ་དེ་ཚུ་འབད་བ་ཅིན་
རང་གཞན་ག་ར་ལུ་སྙོམས་ཏོག་ཏོ་སྦེ་མཛདཔ་ཨིན་རུང་ ཕྱོགས་རི་ཅན་དེ་ཚུ་ རང་ཕྱོགས་གཞན་ཕྱོགས་ལུ་ཆགས་སྡང་ག་ནི་བ་ཆེཝ་ཨིན།
དཔྱེ་འབད་བ་ཅིན། ཆུ་ཧོད་གངམ་སྦེ་འབག་པ་ཅིན་འཇམ་ཏོང་ཏོ་ཨིན་རུ་
ཧོད་ཕྱེད་ཀ་ཙམ་ཅིག་སྦེ་འབག་པ་ཅིན་ གཡོམ་རྐྱབ་ནི་མང་སུ་ཅིག་སྦེ་
འབག་ནི་ག་ནི་བ་ལཱ་ཁག་ཨིན་དོ་བཟུམ་ཅིག་ཨིན།།
ཁ་མང་བའི་སྐྱོན།
བསམ་ཚད་ཁ་རུ་འདོན་པ་དེར།
།གཏད་སོ་མེད་ཅེས་ཀུན་གྱིས་བརྙས།།
ཤག་ཤག་འབབ་པའི་ཆུ་བོ་ལ། །བྱིས་པ་རྣམས་ཀྱང་བརྒལ་བར་བྱེད།།༧༣།།
ཚིག་གནད་མཆན་འགྲེལ། བསམ་ཚད། སེམས་ཁར་དྲན་ཚེ་ཅིགཔ། ཁ་རུ་འདོན། ཁ་ལས་སླབ་ནི། གཏད་སོ། བློ་གཏད་འབད་བཏུབ། བརྙས། བརྙས་བཅོས་འབད་ན། བྱིས་པ། ཨ་ལོ།
སེམས་ཁར་དྲན་ཚེ་ཅིགཔ་ཁ་ལུ་ཐོན་ཏེ་སླབ་མི་དེ་ལུ་
བློ་གཏད་འབད་བཏུབ་ག་ནི་ཡང་མེད་ཟེར་ ག་གིས་ཡང་བརྙས་བཅོས་འབདཝ་ཨིན། དཔྱེ་འབད་བ་ཅིན།
ཤར་ཤར་འབབ་པའི་གཙང་ཆུ་དེ་ཚུ་ལུ་
ཨ་ལོ་ཆུང་ཀུ་དེ་ཚུ་གིས་ཡང་བརྒལ་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
ཁ་ཉུང་བའི་ཡོན་ཏན།
ཁ་ཉུང་བཞིན་འཛུམ་གནད་ཕིག་པ། །དེ་ལ་ཀུན་གྱིས་བག་ཟོན་བྱེད།།
སྒྲ་མེད་མེར་གྱིས་འགྲོ་བ་ཡི།
།ཆུ་ཀླུངགཏིང་མཐའ་དཔོག་པར་དཀའ།། ༧༤།།
ཚིག་གནད་མཆན་འགྲེལ། བཞིན་འཛུམ། གདོང་དགའ་འཛུམ་ཤིག་ཤིག གནད་ཕིག་པ། གཏིང་ཟབ་དྲག བག་ཟོན། ཟབ་ཟབ་འབད་ནི། མེར་གྱིས། གོ་ལེ་སྦེ། དཔོག ཤེས་ནི།
ཁ་ཉུང་པའི་ཁར་
གདོང་དགའ་འཛུམ་ཤིག་ཤིག་གཏིང་ཟབ་དྲག་སྦེ་ཡོད་མི་དེ་ལུ་
ཉམས་ཚོད་ལེན་མ་ཚུགས་ནི་དེ་གིས་ ག་གིས་ཡང་ ཟབ་ཟབ་འབད་དེ་སྡོདཔ་ཨིན། དཔྱེ་འབད་བ་ཅིན།
སྐད་ག་ནི་ཡང་མེད་པར་ གོ་ལེ་སྦེ་འགྱོ་མི་གཙང་ཆུ་དེ་ལུ་ གཏིང་ག་དེམ་ཅིག་ཡོད་ག་ཤེས་ཚུགས་པར་ལཱ་ཁག་རྐྱབ་དོ་བཟུམ་ཅིག་ཨིན།།
དགེ་སྡིག་མནོ་བསམ་སྤང་བླང་འབད་ཐངས།
ཆུ་ལ་རི་མོ་བྲིས་པ་བཞིན།
།སྡིག་སེམས་མོད་ལ་དོར་བྱ་ཞིང་།།
དགེ་བའི་དམ་བཅའ་རྡོ་བ་ཡི།
།རི་མོ་བཞིན་དུ་བརྟན་པར་བྱ།།༧༥།།
ཚིག་གནད་མཆན་འགྲེལ། མོད་ལ། དེའི་འཕྲོ་ལས། རྡོ་བ། རྡོ།
ཆུ་ལུ་རིས་མོ་འབྲི་བ་ཅིན་
དེའི་འཕྲོ་ལས་ཡལ་ཏེ་འགྱོ་དོ་བཟུམ་སྦེ་ རང་གི་རྒྱུད་ལུ་སྡིག་པའི་སེམས་སྐྱེ་བ་དེའི་འཕྲོ་ལས་བཀོག་སྟེ་བཞག་ནི་དང་།
དགེ་བ་འབད་ནི་གི་དམ་བཅའ་བཟུམ་ཨིན་པ་ཅིན་ རྡོ་མོ་རིས་མོ་བྲིས་བྲིཝ་བཟུམ་སྦེ་
ནམ་ཡང་ཡལ་ཏེ་མི་འགྱོ་བར་བརྟན་ཏོག་ཏོ་སྦེ་བཞག་དགོཔ་ཨིན།།
བསམ་པ་བཟང་དགོཔ།
བསང་པ་བཟང་ན་འཇིག་རྟེན་གྱི།
།བྱ་བ་ཀུན་ཀྱང་ཆོས་སུ་འགྲོ།།
ཟོ་ཆུན་ལ་བརྟེན་འོབས་ཀྱི་ཆུ།
།ཤིན་ཏུ་མཐོ་བའི་རི་རྩེར་འགྲོ།།༧༦།།
ཚིག་གནད་མཆན་འགྲེལ། ཟོ་ཆུན། ཆུ་འཐེན་ནི་གི་འཕྲུལ་འཁོར། འོབས། ཆུ་དོང་།
རང་གི་ནང་ན་གི་
བསམ་པ་དེ་རང་བཟངམ་བཟུམ་ཅིག་འབད་བ་ཅིན་
འཇིག་རྟེན་གྱི་ལཱ་དང་བྱ་བ་ག་ཅི་བཟུམ་ཅིག་འབད་རུང་ ཆོས་ཕྱོགས་སུ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ཆུ་འཐེན་ནི་གི་འཕྲུལ་འཁོར་གྱིས་འཐེན་པའི་ཆུ་དེ་
ཆུ་དོང་བརྒྱུད་ཞིནམ་ལས་ གནམ་མེད་ས་མཐོ་བའི་ རི་གི་རྩེ་ལུ་ལྷོད་དོ་བཟུམ་ཅིག་ཨིན།།
བློ་ཕུགས་དཀོན་མཆོག་ལུ་གཏད་དགོཔ།
གཙོ་བོ་ལས་འབྲས་དཀོན་མཆོག་ལ།
།བློ་ཕུགས་གཏད་ན་ཅི་བསམ་འགྲུབ།།
ལྷ་ཡི་རྒྱལ་པོས་ཆར་ཕབ་ན། །ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར།།༧༧།།
ཚིག་གནད་མཆན་འགྲེལ། ཅི་བསམ། ག་ཅི་མནོ་བསམ་བཏང་མི་དེ།
ལཱ་ག་ཅི་བཟུམ་ཅིག་འབད་རུང་ གཙོ་བོ་རང་
ལས་འབྲས་དང་དཀོན་མཆོག་གསུམ་ལུ་ བློ་ཕུགས་རྩེ་གཅིག་ཏུ་གཏད་དེ་ འབད་བ་ཅིན་
རང་གིས་ག་ཅི་མནོ་བསམ་བཏང་མི་དེ་ འགྲུབ་ཚུགསཔ་ཨིན། དཔྱེ་འབད་བ་ཅིན།
ལྷའི་རྒྱལཔོ་གིས་ གནམ་ལས་མར་ཆརཔ་ཕབ་སྟེ་འབད་བ་ཅིན་
ཞིང་གི་ལོ་ཐོག་ཕུན་སུམ་ཚོགས་ཏོག་ཏོ་སྦེ་འགྱུར་དོ་བཟུམ་ཅིག་ཨིན།།
འཇིག་རྟེན་གྱི་སྐོར་ལས་མཇུག་བསྡུ་གཏང་ནི།
འཇིག་རྟེན་ཚངས་པའི་རལ་ཀློང་དུ།
།འཁྱམས་པའི་སརྒ་མཐར་སོན་ཏེ།།
སྒྲིབ་གཉིས་དྲི་མ་འཁྲུད་པའི་ཆུ།
།དམ་པ་ཆོས་ཀྱི་ལམ་དུ་འདྲེན།།༧༨།།
ཚིག་གནད་མཆན་འགྲེལ། འཇིག་རྟེན་ཚངས་པ། འཇིག་རྟེན་འདི་ལྷ་ཚངས་པའི་གཟུགས་ལུ་བཀོད་པའི་གཟུགས་རྒྱན། རལ་ཀློང་། རལ་པའི་སྦུག་ལུ། འཁྱམས་པ། འཁྱམ་སྟེ་སྡོད་ནི། འཁྱིལ་ཏེ་སྡོད་ནི། སརྒ། ལེའུ། མཐར་སོན།
རྫོགས་ནི། སྒྲིབ་གཉིས། ཉོན་མོངས་པ་དང་
དེ་གི་བག་ཆགས། འཁྲུད། འཕྱུ་ནི།
ལྷ་ཆེན་ཚངས་གི་རལ་པའི་སྦུག་ལུ་འཁྱིལ་ཏེ་སྡོད་ནི་དང་འདྲ་བའི་
འཇིག་རྟེན་པའི་གཏམ་བཤད་ཀྱི་ལེའུ་དེ་རྫོགསཔ་སྦེ་བཞག་སྟེ་
རང་རྒྱུད་ཀྱི་ཉོན་མོངས་པ་དང་ དེའི་བག་ཆགས་རྩ་བ་ལས་རང་ འཕྱུ་ཏེ་གཏང་ནི་གི་
དམ་པའི་ཆོས་ཀྱི་ལམ་ལུ་འཁྱིད་ནི་ཨིན།།
དམ་པའི་ཆོས་ཀྱི་འབྱུང་ཁུངས་སངས་རྒྱས་ལུ་ཐུག་དགོཔ།
ཆུ་རིགས་བདུན་ལས་མཆོག་གྱུར་པའི།
།ཆུ་འགོ་གངས་ལ་ཐུག་པ་བཞིན།།
ཆོས་ཀྱང་འཁྲུལ་བྲལ་མ་ནོར་བ།
།རྒྱལ་བའི་བཀའ་ལས་བྱུང་བ་དགོས།།༧༩།།
ཚིག་གནད་མཆན་འགྲེལ། ཆུ་རིགས་བདུན། ༡ཆར་ཆུ། ༢གངས་ཆུ། ༣ཆུ་ཀླུང་ཆུ།
༤ཆུ་མིག་ཆུ། ༥ཁྲོན་པའི་ཆུ། ༦བ་ཚྭ་ཅན་གྱི་ཆུ། ༧ཤིང་གི་ཆུ། འཁྲུལ་བྲལ་མ་ནོར་བ། ནོར་འཁྲུལ་མེདཔ། རྒྱལ་བའི་བཀའ། སངས་རྒྱས་ཀྱི་བཀའ།
ཆུ་རིགས་བདུན་ལས་མཆོག་ཏུ་གྱུར་པའི་
ཆུ་ཀླུང་གི་ཆུ་མོ་གངྒཱ་དེ་གི་ཆུ་མགོ་གངས་ལུ་ཐུག་དོ་བཟུམ་སྦེ་
དམ་པའི་ཆོས་ཀྱི་གནས་ལུགས་དེ་ཚུ་ཡང་
ནོར་འཁྲུལ་ག་ནི་ཡང་མེད་པའི་སངས་རྒྱས་ཀྱི་བཀའ་ལུ་ཐུག་དགོཔ་ཨིན།།
ཆོས་ཀྱི་གནད་དོན།
དེ་ནས་ཟབ་རྒྱས་ཉམས་ལེན་གྱིས། །ལམ་གསུམ་རིམ་པར་འབབ་པ་ཡི།།
གདམས་ངག་ཚང་ལ་མ་ནོར་བར།
།སྐལ་བཟང་རྣམ་སད་མཆོད་ཡོན་ཡིན།།༨༠།།
ཚིག་གནད་མཆན་འགྲེལ། ལམ་གསུམ། ༡མཐོ་རིས། ༢མི་ཡུལ། ༣ས་འོག སྐལ་བཟང་། དམ་པའི་ལས་འཕྲོ་ཅན་གྱི་གང་ཟག རྣམ་སད། ལྷ། མཆོད་ཡོན། མཆོད་པའི་ཆུ།
ལམ་གསུམ་རིམ་པ་བཞིན་དུ་བབས་ཏེ་འོང་པའི་ཆུ་མོ་གངྒཱ་དེ་
ལྷ་དེ་ཚུ་ལུ་ཕུལ་ནི་གི་མཆོད་པའི་ཆུ་ཨིན་དོ་བཟུམ་སྦེ་ སངས་རྒྱས་བཅོམ་ལྡན་འདས་
དེ་ལས་བྱུང་ཞིནམ་ལས་ མཁས་པ་དང་གྲུབ་པའི་གང་ཟག་ཚུ་གིས་
ཟབ་ཅིང་རྒྱས་པའི་སྒོ་ལས་ཉམས་སུ་ལེན་ཏེ་འོངས་པའི་ གདམས་ངག་ཆ་ཚང་ཞིང་
ནོར་འཁྲུལ་མེད་པའི་ དམ་པའི་ཆོས་དེ་ཡང་ ཆོས་ཀྱི་ལས་འཕྲོ་ཡོད་པའི་གང་ཟག་ཚུ་ལུ་
མཆོད་པ་ཕུལ་ནི་གི་ མཆོད་པའི་ཆུ་བཟུམ་ཅིག་ཨིན།།
སེམས་ཅན་གྱི་ཁ་རྗེ།
འོན་ཀྱང་དུས་ཀྱིས་ཆེར་སྙིགས་ཚེ།
།འཇམ་དབྱངས་བླ་མས་གསལ་མཛད་དེ།།
རྒྱ་མཚོར་བྱིངས་པའི་རིག་བྱེད་བཞི།
།ཉ་ཡི་གཟུགས་ཀྱིས་བཏོན་པ་བཞིན།།༨༡།།
ཚིག་གནད་མཆན་འགྲེལ། འོན་ཀྱང་། ཨིན་ས་བཅས་རུ། ཆེར་སྙིགས། གནམ་མེད་ས་མེད་རྙིང་ཡར་སོངམ། འཇམ་དབྱངས་བླ་མ། རྗེ་ཙོང་ཁ་པ། གསལ་མཛད། གསལ་ཏོག་ཏོ་བཟོ་ནི། བྱིངས། ཐིམ་སྟེ་འགྱོ་ནི། རིག་བྱེད་བཞི། ཧིན་དུའི་བཀའ།
༡ངེས་བརྗོད་རིག་བྱེད། ༢སྙན་ཚིག་རིག་བྱེད། ༣མཆོད་སྦྱིན་རིག་བྱེད། ༤སྲིད་སྲུང་རིག་བྱེད། ཉ་ཡི་གཟུགས་ཀྱིས་བཏོན་པ།
ལྷ་ཆེན་ཁྱབ་འཇུག་ཉ་ལུ་སྤྲུལ་ཏེ་བཏོན་ནི།
སངས་རྒྱས་ལས་བྱུང་པའི་གདམས་ངག་དེ་ཚུ་
ནོར་འཁྲུལ་མེདཔ་ཅིག་ཨིན་རུ་ སངས་རྒྱས་དང་ང་བཅས་ཚུ་གི་བར་ན་
དུས་ཚོད་ལེ་ཤ་ཡར་སོངམ་ལས་ གདམས་ངག་དེ་རྙིངམ་སོང་ཏེ་ཡོད་མི་དེ་
འཇམ་དབྱངས་བླ་མ་ཙོང་ཁ་པ་གིས་གསལ་ཏོག་ཏོ་ བཟོ་སྟེ་ཡོད་མི་འདི། དཔྱེ་འབད་བ་ཅིན།
རིག་བྱེད་བཞི་པོ་རྒྱ་མཚོ་ནང་ཐིམ་སྟེ་ཡོད་མི་དེ་
ལྷ་ཆེན་ཁྱབ་འཇུག་གིས་ཉ་ལུ་སྤྲུལ་ཏེ་བཏོན་དོ་བཟུམ་ཅིག་ཨིན།།
ཡང་དག་པའི་ལམ་ལུ་འཇུག་དགོཔ།
འདི་འདྲའི་བསྟན་དང་མཇལ་བཞིན་དུ།
།ལྟར་སྣང་ལམ་ལ་སུ་ཞིག་འཇུག།
ལྷ་ཡི་ཆུ་བོ་གངྒའི་རྩར། །བ་ཚྭའི་ཁྲོན་པ་སུ་ཞིག་བརྐོ།།༨༢།།
ཚིག་གནད་མཆན་འགྲེལ། མཇལ། ཕྱད་ནི། ལྟར་སྣང་། ཨིནམ་བཟུམ་མཐོང་རུང་མེན་པའི་རྫུས་མ། སུ་ཞིག་ ག་ཟེར་མི་འདི། བ་ཚྭ། ཆུ་ཚྭ་ཁུ།
ལས་དང་སྐལ་བ་ཡོད་པའི་དབང་གིས་
འདི་བཟུམ་གྱི་བསྟན་པ་དང་ཕྱད་ཞིནམ་ལས་ དེ་ལས་གཞན་པའི་ལམ་རྫུས་མ་དེ་ལུ་ ག་གིས་འགྱོ་ནི།
མི་འགྱོ། དཔྱེ་འབད་བ་ཅིན། ལྷའི་ཆུ་མོ་གངྒཱ་རང་གི་གདོང་ཁར་བཞག་ཞིནམ་ལས་
ཆུ་ཚྭའི་ཁྲོན་པ་དེ་ག་གིས་བརྐོ་ནི། མི་བརྐོ་དོ་བཟུམ་ཅིག་ཨིན།།
རྫུན་མ་ཡང་དག་ལུ་མཐོངམ་ལས་དོན་མེད་ཀྱི་ལམ་ལུ་འགྱོ་ཚུལ།
བློ་ཆུང་སྐལ་དམན་ཟབ་ཟབ་ཀྱི།
།གྲགས་པས་བསླུས་ནས་ལོག་པར་འགྲོ།།
སྨིག་སྒྱུ་ཆུ་རུ་འཁྲུལ་བ་ཡི།
།རི་དྭགས་དོན་མེད་སྡུག་བསྔལ་མྱོང་།།༨༣།།
ཚིག་གནད་མཆན་འགྲེལ། སྐལ་དམན། ལས་དང་སྐལ་བ་ཆུང་ཀུ། ཟབ་ཟབ་ཀྱི་གྲགས་པ། དམ་ཆོས་ཟབ་ཏོག་ཏོ་ཨིན་ཟེར་བའི་མིང་གཏམ། བསླུས། མགོ་སྐོར་འོག་ལུ་ཚུད་པ། སྨིག་སྒྱུ། ཚ་དྲོད་ཆེ་བའི་སྐབས་ལུ་
ཐང་ནང་ལུ་ ཚ་དྲོད་ཀྱི་རླངས་པ་ཆུ་སྦེ་མཐོང་ནི།
བློ་དང་རིག་པ་ཆུང་ཀུ་
ལས་དང་སྐལ་བ་དམན་པ་དེ་ཚུ་ བླམ་གཞན་གྱི་ཆོས་ཟབ་ཏོག་ཏོ་
མེད་རུང་ཡོད་ཟེར་བའི་མིང་གཏམ་ལུ་བལྟ་སྟེ་གཞན་གྱི་མགོ་སྐོར་འོག་ཚུད་དེ་
ལོག་པའི་ལམ་ལུ་འགྱོཝ་ཨིན་མས། དཔྱེ་འབད་བ་ཅིན།
སྨིག་སྒྱུ་ལུ་ཆུ་ཨིནམ་སྦེ་འཁྲུལ་བའི་རི་དྭགས་དེ་ཚུ་དོན་དག་ག་ནི་ཡང་མེད་པའི་སྡུག་བསྔལ་མྱོང་དོ་བཟུམ་ཅིག་ཨིན།།
ཆོས་ལུ་འཇུག་པའི་འགོ།
ཆོས་ཀྱི་ལམ་དུ་འཇུག་པ་ལ།
།དང་པོར་དགེ་བའི་བཤེས་གཉེན་བསྟེན།།
རྒྱ་མཚོར་བགྲོད་འདོད་བྱ་བའི་འགོ། །དེད་དཔོན་མཁས་པ་འཚོལ་བ་ཡིན།།༨༤།།
ཚིག་གནད་མཆན་འགྲེལ། བྱ་བའི་འགོ། ལཱ་གི་འགོ་དང་པ། དེད་དཔོན། གྲུ་དཔོན།
ཆོས་ཀྱི་ལམ་ལུ་འཇུག་ནི་ལུ་ དང་པ་རང་
སློབ་དཔོན་དགེ་བའི་བཤེས་གཉེན་བསྟེན་དགོཔ་ཨིན། དཔྱེ་འབད་བ་ཅིན།
རྒྱ་མཚོ་ནང་འགྱོ་དགོ་མནོ་བ་ཅིན་ ལཱ་གི་འགོ་དང་པ་རང་
གྲུ་དཔོན་མཁས་ཅིག་འཚོལ་དོ་བཟུམ་ཅིག་ཨིན།།
ཡོན་ཏན་ཀུན་གྱི་རྩ་བ་བླམ་ཨིནམ།
འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དགེ་ལེགས་རྩ་བ་བླ་མ་སྟེ།།
འཛམ་གླིང་རྩི་ཤིང་ལོ་འབྲས་ཀུན། །མ་དྲོས་མཚོར་གནས་ཀླུ་ཡིན་དྲིན།།༨༥།།
ཚིག་གནད་མཆན་འགྲེལ།
འཇིག་རྟེན། འཁོར་བ། འཇིག་རྟེན་ལས་འདས་པ། ཐར་པའི་ཡོན་ཏན། དགེ་ལེགས། ཕུན་སུམ་ཚོགས་པའི་ཡོན་ཏན། མ་དྲོས་མཚོ། མ་ཕམ་གཡུ་མཚོ།
འཁོར་བའི་ཕུན་ཚོགས་དང་ ཐར་པའི་ཡོན་ཏན་ག་ར་གི་རྩ་བ་འདི་
རང་གི་རྩ་བའི་བླམ་འདི་ཨིན། དཔྱེ་འབད་བ་ཅིན། འཛམ་བུ་གླིང་གི་
རྩི་ཤིང་དང་ལོ་འདབ་འབྲས་བུ་དེ་ཚུ་ག་ར་ མ་དྲོས་མཚོ་ལུ་གནས་པའི་ཀླུའི་
མཐུ་དང་ནུས་པའི་བཀའ་དྲིན་ལས་བརྟེན་ཏེ་བྱུང་དོ་བཟུམ་ཅིག་ཨིན།།
སྤྱོད་པ་ཞི་ཞིང་དུལ་བ་སྦེ་གནས་དགོཔ།
ང་རྒྱལ་སྤངས་ཏེ་ཞི་དུལ་གྱིས།
།ཆོས་ཀྱི་སྣོད་དུ་རུང་བར་བྱ།།
ཆུ་བོ་སྒང་དུ་མི་གནས་པར།
།དམའ་བའི་གཤོང་དུ་འཁྱིལ་བར་འགྱུར།།༨༦།།
རང་གི་རྒྱུད་ལུ་
ང་རྒྱལ་སྐྱེས་ཏེ་སྡོད་པ་ཅིན་ ཆོས་ཀྱི་སྣོད་སྦེ་མ་བཏུབ་ནི་དེ་གིས་
ང་རྒྱལ་སྤངས་ཞིནམ་ལས་ ཞི་ཞིང་དུལ་བའི་སྒོ་ལས་ཆོས་ཉན་ནི་གི་ ཧོད་བཏུབ་སྦེ་འབད་དགོ།
དཔྱེ་འབད་བ་ཅིན། ཆུ་དེ་ཚུ་མཐོ་བའི་སྒང་ཏོག་ཁར་མི་སྡོད་པར་ དམའ་བའི་གཤོང་ནང་ལུ་
འཁྱིལ་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
ག་ལྕོགསཔ་ཅིག་འབད་རུང་ཕན་ཐོགསཔ།
ཆོས་ཀུན་གཅིག་ཀྱང་མི་ཤེས་ཀྱང་།
།ཅི་ཙམ་ཤེས་བཞིན་དོན་དུ་འགྱུར།།
ཆུ་ཀླུང་རྫོགས་པར་མ་འཐུངས་ཀྱང་།
།ཅི་ཙམ་འཐུངས་པས་སྐོམ་པ་སེལ།།༨༧།།
ཚིག་གནད་མཆན་འགྲེལ། ཅི་ཙམ། ག་དེམ་ཅིག
ཆོས་ཀྱི་དོན་ག་ར་མ་ཤེས་ཏེ་འབད་རུང་
རང་གིས་ག་ཤེས་མི་དེ་ཉམས་སུ་ལེན་རུང་ དོན་དང་མཐུནམ་སྦེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
གཙང་ཆུ་ཆ་ཚང་མ་འཐུངས་རུང་ ག་དེམ་ཅིག་འཐུངས་མི་དེ་གིས་
ཁ་སྐོམ་སེལ་དོ་བཟུམ་ཅིག་ཨིན།།
ཐོས་པའི་དོན་ཉམས་སུ་བླང་དགོཔ།
ཐོས་མང་ཉམས་སུ་མ་བླངས་ན།
།རང་གི་རྒྱུད་ལ་མི་ཕན་ཏེ།།
ཆུ་ནང་ལོ་བརྒྱར་གནས་པ་ཡི།
།རྡོ་ཡི་རང་བཞིན་སྐམ་པོར་གནས།།༨༨།།
ཚིག་གནད་མཆན་འགྲེལ། ཐོས་མང་། ཆོས་ལེ་ཤ་ཉན་ཉནམ།
ཆོས་ལེ་ཤ་ཉན་ཏེ་འབད་རུང་
རང་གིས་ཉམས་ལེན་མ་འབདཝ་བཟུམ་ཅིག་འབད་བ་ཅིན། རང་གི་རྒྱུད་ལུ་ཕན་ཐོགས་ག་ནི་ཡང་མེད།
དཔྱེ་འབད་བ་ཅིན། རྡོ་དེ་ ཆུ་ནང་ལོ་བརྒྱ་གཅིག་དེ་ཅིག་སྡོད་དེ་འབད་རུང་
ཁོ་གི་རང་བཞིན་དེ་སྐམ་སྦེ་རང་སྡོད་དོ་བཟུམ་ཅིག་ཨིན།།
མི་ལུས་རིན་པོ་ཆེ་དོན་ཡོདཔ་འབད་དགོཔ།
མི་ཡི་གྲུ་གཟིངས་རྙེད་དུས་འདིར།
།ཐོས་བསམ་སྒོམ་པའི་བ་དན་ལ།།
བརྟེན་ནས་སྲིད་མཚོ་བརྒལ་བྱ་ཡི།
།གྲུ་འདི་ཕྱིས་ནས་རྙེད་པར་དཀའ།། ༨༩།།
ཚིག་གནད་མཆན་འགྲེལ། རྙེད། ཐོབ་པ། བ་དན། གྲུའི་དར་ཆེན།
གྲུ་ལུ་དར་ཆེན་བཙུགས་ཞིནམ་ལས་རྒྱ་མཚོ་བརྒལ་དོ་བཟུམ་སྦེ།
མིའི་ལུས་རྟེན་གྲུ་གཟིངས་བཟུམ་ཅིག་ཐོབ་ད་
དེ་ནང་ཐོས་བསམ་བསྒོམ་གསུམ་དར་ཆེན་བཟུམ་ཅིག་བཙུགས་ཞིནམ་ལས་ སྲིད་པ་འཁོར་བ་རྒྱ་མཚོ་བཟུམ་འདི་བརྒལ་དགོཔ་ཨིན།
མ་བརྒལ་བ་ཅིན་ གྲུ་གཟིངས་འདི་བཟུམ་ཅིག་ཤུལ་ལས་འཐོབ་པར་ལཱ་ཁག་ཡོད།།
མི་ལུས་འཐོབ་པར་ལཱ་ཁག་ཡོདཔ།
རིགས་དྲུག་སྐྱེ་སྒོ་མཐའ་ཡས་ཀྱང་།
།དལ་བརྒྱད་ཚང་བ་ཤིན་ཏུ་དཀོན།།
ཆུ་བོ་གྲངས་མེད་འབབ་ན་ཡང་།
།ཡན་ལག་བརྒྱད་ལྡན་རེ་རེ་ཙམ།།༩༠།།
ཚིག་གནད་མཆན་འགྲེལ། རིགས་དྲུག ༡ལྷ། ༢མི། ༣ལྷ་མ་ཡིན། ༤དམྱལ་བ།
༥ཡིད་དྭགས། ༦དུད་འགྲོ། སྐྱེ་སྒོ། སྐྱེ་ནི་ས་གོ། མཐའ་ཡས། ལེ་ཤ དལ་བརྒྱད། མི་ཁོམ་པའི་གནས་བརྒྱད་ལས་གྲོལ་ནི། ཡན་ལག་བརྒྱད་ལྡན། ༡བསིལ་བ། ༢ཞིམ་པ།
༣ཡང་བ། ༤འཇམ་པ། ༥དྭང་བ། ༦དྲི་མ་མེད་པ། ༧འཐུང་ན་ལྟོ་ལ་མི་གནོད་པ། ༨མགྲིན་པ་ལ་མི་གནོད་པ།
འགྲོ་བ་རིགས་དྲུག་ཡོདཔ་ལས་
སྐྱེ་ས་གི་ས་གོ་འདི་ལེ་ཤ་ཡོད་རུང་ དལ་བ་བརྒྱད་ཚང་མི་གི་
མིའི་ལུས་རྟེན་འདི་ཐོབ་པ་ལུ་ གནམ་མེད་ས་མེད་ལཱ་ཁག་ཡོད། དཔྱེ་འབད་བ་ཅིན།
ཆུ་གྱང་ཁ་མེདཔ་ཅིག་ འབབ་ས་བཅས་རུང་ ཡན་ལག་བརྒྱད་དང་ལྡན་པའི་ཆུ་དེ་
རེ་རེ་ཙམ་ཅིག་ལས་མེད་དོ་བཟུམ་ཅིག་ཨིན།།
སྐྱེ་བའི་མཐའ་མར་ཤི་ནི།
སྐྱེས་པའི་སྐད་ཅིག་དེ་ཉིད་ནས།
།མི་སྡོད་འཆི་བདག་ཁར་ཕྱོགས་ཏེ།།
ཆུ་ཀླུང་སྐད་ཅིག་རེ་རེ་ཞིང་།
།ཕྱིར་མི་ལྡོག་པར་རྒྱ་མཚོར་འགྲོ།།༩༡།།
ཚིག་གནད་མཆན་འགྲེལ། སྐད་ཅིག་དེ་ཉིད་ནས། དེ་ཁ་ལས་རང་། འཆི་བདག་ཁར་ཕྱོགས། ཤི་ནི་ལུ་ཉེ་དྲག་འགྱོ་ནི། ཕྱིར་མི་ལྡོག་པ། ལོག་མི་འོང་ནི།
སྐྱེ་བའི་དུས་ཚོད་དེ་ཁ་ལས་རང་ སྡོད་ལོང་མེད་པར་ཤི་ནི་ལུ་ཐག་ཉེ་དྲག་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། གཙང་ཆུ་དེ་ཚུ་སྐད་ཅིག་རེ་རེ་བཞིན་དུ་
ལོག་ནི་མེད་པར་རྒྱ་མཚོ་ཆེན་མོའི་ནང་འགྱོ་དོ་བཟུམ་ཅིག་ཨིན།།
བདེ་ཉམས་སྐྱོང་སྟེ་སྡོད་ལོང་མེདཔ།
མི་རྟག་སྲིན་པོས་བཟུང་བཞིན་དུ། །སོས་བདེར་སྡོད་པ་ག་ལ་རིགས།།
ཆུ་སྲིན་མཆེ་བའི་ཕྲག་གནས་ལ། །བདེ་བའི་གོ་སྐབས་ནམ་ཡང་མེད།།༩༢།།
ཚིག་གནད་མཆན་འགྲེལ། སོས་བདེར། བདེ་ཉམས་སྐྱོང་སྟེ་སྡོད་ནི།
ག་ལ་རིགས། འཐད་ཏོག་ཏོ་ཨིན་ན།
མེན་པས་མེན་ན། མཆེ་བའི་ཕྲག མཆེཝ་གི་བར་ན།
སྐད་ཅིག་ཙམ་ཡང་མི་གནས་པའི་མི་རྟག་པ་སྲིན་པོ་འདྲཝ་དེ་གིས་
བཟུང་སྟེ་ཡོདཔ་ལས་ བདེ་ཉམས་སྐྱོང་སྟེ་སྡོད་ནི་འདི་ འཐད་ཏོག་ཏོ་ཅིག་ཨིན་ན་
མེན་པས་མེན་ན། དཔྱེ་འབད་བ་ཅིན། ཆུ་སྲིན་གྱི་མཆེཝ་གི་བར་ན་ལྷོད་སོང་པ་ཅིན་
བདེ་ཏོག་ཏོ་སྦེ་སྡོད་ནི་གོ་སྐབས་ནམ་ཡང་མེད་དོ་བཟུམ་ཅིག་ཨིན།།
འཇིག་རྟེན་པའི་ལཱ་ལུ་རྫོགས་ནི་མེདཔ།
བསྒྲུབས་ཀྱང་ཕ་མཐར་ཕྱིན་མེད་པའི།
།འཇིག་རྟེན་བྱ་བ་བཙན་ཆོད་བྱ།།
ཆུ་གཉེར་གཅིག་རྗེས་གཅིག་ནོན་དེ།
།ཅི་ཙམ་བབས་ཀྱང་ཟིན་དུས་མེད།།༩༣།།
ཚིག་གནད་མཆན་འགྲེལ། ཕ་མཐར་ཕྱིན། རྫོགས་ནི། བཙན་ཆོད། བཙན་དབང་གིས་བཀག་ནི། ཆུ་གཉེར། ཆུའི་གཉེར་མ།
ག་དེམ་ཅིག་བསྒྲུབས་ཏེ་འབད་རུང་ རྫོགས་ནི་རང་མེད་པའི་འཇིག་རྟེན་པའི་ལཱ་འདི་
བཙན་དབང་གིས་བཀག་སྟེ་བཞག་དགོ། མ་བཞགཔ་བཟུམ་ཅིག་འབད་བ་ཅིན་
དེ་ལུ་རྫོགས་ནི་ནམ་ཡང་མེད། དཔྱེ་འབད་བ་ཅིན། ཆུའི་གཉེར་མ་དེ་ཚུ་ གཅིག་གི་ཤུལ་ལུ་
གཅིག་གིས་མནན་ཏེ་ བདའ་འོང་རུང་ གཅིག་གིས་གཅིག་ བདའ་ཟུན་པའི་དུས་ཚོད་ནམ་ཡང་མེད་དོ་བཟུམ་ཅིག་ཨིན།།
འཆི་བདག་གཤིན་རྗེ་གི་བང་ཆེན་དེ་ལུ་ག་ཅི་གིས་ཡང་ཕན་ཐོགས་མེདཔ།
བློ་རིག་སྟོབས་དང་རྩལ་ཆེ་ཡང་།
།དུས་ཀྱི་ཕོ་ཉས་དབང་མེད་འཆིང་།།
ཆུ་ཆེན་རླབས་ཀྱི་གར་མཁན་མ།
།དགུན་དུས་འཁྱགས་པའི་སྦུགས་སུ་ཚུད།།༩༤།།
ཚིག་གནད་མཆན་འགྲེལ། དུས་ཀྱི་ཕོ་ཉ། འཆི་བདག་གཤིན་རྗེ་གི་བང་ཆེན། འཆིང་། བཅིངས་ནི། རླབས་ཀྱི་གར་མཁན། རྦ་རླབས་ཞབས་བྲོ་རྐྱབ་དོ་བཟུམ།
འཁྱགས་པ། ཁེག
བློ་གྲོས། རིག་པ། དཔུང་སྟོབས།
སྒྱུ་རྩལ་ལ་སོགས་པ་ག་དེམ་ཅིག་སྦོམ་ཡོད་ས་བཅས་རུང་ འཆི་བདག་གཤིན་རྗེ་གི་བང་ཆེན་དེ་
འོང་པའི་སྐབས་ལུ་ རང་དབང་མེད་པར་བཅིངས་ཏེ་འབག་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
གཙང་ཆུ་སྦོམ་དེ་ཚུ་ རྦ་རླབས་ཞབས་བྲོ་རྐྱབ་དོ་བཟུམ་གྱི་གཉེན་ཁུ་ཡོད་རུང་
དགུན་གྱི་དུས་ལུ་ ཁེག་གི་སྦུག་ལུ་ཚུད་དེ་རང་དབང་མེདཔ་འགྱོ་དོ་བཟུམ་ཅིག་ཨིན།།
མི་དགེ་བའི་འབྲས་བུ།
སྒོ་གསུམ་མི་དགེའི་སྤྱོད་ཚུལ་འདི།
།ཕྱི་མའི་སྐྱེ་བོ་ངན་འགྲོར་འགྲོ།།
རི་བོའི་ཟོམ་ནས་འབབ་པའི་ཆུ།
།གཡང་སར་བརྒྱུད་མར་བརྡབ་ཅིང་འཕྱོ།།༩༥།།
ཚིག་གནད་མཆན་འགྲེལ། སྒོ་གསུམ། ལུས་ངག་ཡིད་གསུམ། ངན་འགྲོ། ངན་སོང་གསུམ། རིའི་ཟོམ། རི་གི་གསེབ། གཡང་སར། བྱག བརྒྱུད་མར། རྒྱུན་མཐུད་དེ། འཕྱོ། འགྱོ་ནི།
ལུས་ངག་ཡིས་གསུམ་གྱི་སྒོ་ལས་ སྲོག་གཅད་ནི་ལ་སོགས་པའི་ སྡིག་པ་མི་དགེ་བའི་ལཱ་འབད་མི་གི་འབད་གཞག་འདི་གིས་
སྐྱེ་བ་ཕྱི་མར་ ངན་སོང་གསུམ་གྱི་གནས་ལུ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
རི་བོ་དེ་ཚུ་གི་གསེབ་ལས་མར་ བབས་ཏེ་འོངས་པའི་ཆུ་དེ་ བྱག་ལས་མར་རྒྱུན་མཐུད་དེ་
ཕར་དང་ཚུར་བརྡབ་ཅི་ར་ འགྱོ་དོ་བཟུམ་ཅིག་ཨིན།།
ངན་སོང་གི་གནས་ལུ་སྐྱེ་བ་ཅིན་ཤི་མ་བཏུབ་པར་སྡུག་བསྔལ་ལེ་ཤ་མྱོང་དགོཔ།
དེ་ནས་ལོ་གྲངས་བྱེ་བ་བརྒྱར།
།བསྲེགས་ཤིང་མཚེད་ཀྱང་འཆི་མི་ནུས།།
རྡོ་སྲོལ་དེ་ལ་ཆར་གྱི་རྒྱུན།
།འབབ་པ་བསྐལ་པའི་བར་དུ་འཁོལ།།༩༦།།
ཚིག་གནད་མཆན་འགྲེལ། བྱེ་བ་བརྒྱ། དུང་ཕྱུར་གཅིག
ལེ་ཤ་གི་དོན། བསྲེགས། མེ་གཏང་ནི། མཚེད། བཙོ་ནི། རྡོ་སྲོལ། ཆུ་བླུགསཔ་ད་འཁོལ་མི་གི་རྡོ། ཚ་ཆུ་གི་རྒྱུ།
ངན་སོང་གི་གནས་ལུ་སྐྱེ་མཆིཝ་བཟུམ་ཅིག་འབད་བ་ཅིན་
དེ་ལས་འགོ་བཟུང་སྟེ་ ལོ་གྲངས་ལེ་ཤ་གི་བར་ན་ མེ་བཏང་ནི་དང་
བཙོ་ནི་ལ་སོགས་པའི་མནར་གཅོད་ལེ་ཤ་བཏང་རུ་
ཤི་མ་ཚུགས་པར་སྡུག་བསྔལ་མྱོང་སྟེ་ལུསཔ་ཨིན། དཔྱེ་འབད་བ་ཅིན།
རྡོ་སྲོལ་དེ་ལུ་ཆར་པའི་ཆུ་རྒྱུན་འབབ་པ་ལུ་བརྟེན་ཏེ་
བསྐལ་པའི་བར་དུ་འཁོལ་ཏེ་སྡོད་དོ་བཟུམ་ཅིག་ཨིན།།
སྐྱབས་དཀོན་མཆོག་གསུམ་ལུ་བཅོལ་དགོཔ།
འཇིགས་ཆེན་དེ་ལས་སྐྱོབ་པའི་སྐྱབས།
།བསླུ་མེད་དཀོན་མཆོག་གསུམ་ལས་མེད།།
ཆུ་བོའི་རྒྱུན་གྱིས་ཁྱེར་བ་དེ།
།སྒྲོལ་བྱེད་མཉན་པ་ཁོ་ནར་ངེས།།༩༧།།
ཚིག་གནད་མཆན་འགྲེལ། འཇིགས་ཆེན། འཇིགས་པ་སྦོམ། བསླུ་བ་མེད་པ། མགོ་སྐོར་མི་གཏང་མི། ཆུ་བོའི་རྒྱུན། ཆུའི་གཞུང་། སྒྲོལ་བྱེད། དེ་ལས་བཏོན་མི། ཁྱེར། འབག་འགྱོ་ནི། མཉན་པ། གྲུ་གཏང་སྟེ་སྡོད་མི་གྲུ་དཔོན། ཁོ་ན། རྐྱངམ་ཅིག
འཇིགས་པ་སྦོམ་དེ་ལས་སྐྱོབ་ཚུགས་པའི་སྐྱབས་དང་མགོན་དེ་
བསླུ་བ་མེད་པའི་དཀོན་མཆོག་གསུམ་ལས་གཞན་ག་ཡང་མེད། དཔྱེ་འབད་བ་ཅིན།
ཆུའི་གཞུང་གིས་འབག་འགྱོ་མི་དེ་ བཏོན་ཚུགས་མི་
གྲུ་དཔོན་དེ་ཚུ་རྐྱངམ་ཅིག་ཨིན་དོ་བཟུམ་ཅིག་ཨིན།།
སྐྱབས་དང་མགོན་འབད་དགོ་པ་ཅིན་ དད་པ་བསྐྱེད་དགོཔ།
མཆོག་གསུམ་བྱིན་རླབས་མཐའ་ཡས་ཀྱང་།
།དད་པ་མེད་ན་ཇི་ལྟར་སྐྱོབ།།
རྒྱ་མཚོ་ཆེ་ཡང་ཆར་འདོད་ཀྱི།
།བྱི་འུའི་སྐོམ་པ་སེལ་མི་ནུས།།༩༨།།
ཚིག་གནད་མཆན་འགྲེལ། མཐའ་ཡས། ཚད་མེདཔ། ཇི་ལྟར། ག་དེ་སྦེ།
དཀོན་མཆོག་གསུམ་གྱི་ ཐུགས་རྗེ་བྱིན་རླབས་ལུ་ ཚད་དེམ་ཅིག་ཨིན་ཟེར་མེདཔ་ལས་
ཁོ་གིས་སྐྱོབ་ཚུགས་དེ་འབད་རུང་ རང་ལུ་དད་པ་མེད་པ་ཅིན་ ག་དེ་སྦེ་སྐྱོབ་ནི་
ཐབས་ཤེས་ག་ནི་ཡང་མེད། དཔྱེ་འབད་བ་ཅིན། རྒྱ་མཚོ་སྦོམ་ཡོད་རུང་
ཆར་འདོད་ཀྱི་བྱིའུ་ཅུ་དེ་གི་ ཁ་སྐོམ་པའི་སྡུག་བསྔལ་སེལ་མི་ཚུགས་དོ་བཟུམ་ཅིག་ཨིན།།
འཇིག་རྟེན་པའི་ལྷ་ལུ་ མགོན་སྐྱབས་འཚོལ་མ་བཏུབ།
འཁོར་བའི་འདམ་ལས་མ་བརྒལ་བའི་།
།འཇིག་རྟེན་པ་ལ་བརྟེན་མི་བྱ།།
ཆུས་ཁྱེར་ཆུ་ཡིས་ཁྱེར་བ་ལ།
།འཇུས་ན་གཉིས་ཀ་བྱིང་བར་འགྱུར།།༩༩།།
ཚིག་གནད་མཆན་འགྲེལ། བརྟེན། མགོན་སྐྱབས་འཚོལ་ནི། ཆུས་ཁྱེར། ཆུ་གིས་འབག་སྟེ་འགྱོ་མི། འཇུས། བཟུང་ནི། བྱིང་། ཐིམ་འགྱོ་ནི།
སྲིད་པ་ཁམས་གསུམ་འཁོར་བ་ལས་བརྒལ་མ་ཚུགས་པའི་
འཇིག་རྟེན་པའི་ལྷ་ལུ་མགོན་སྐྱབས་འཚོལ་ནི་མི་འོང་། དེ་ཚུ་ལུ་མགོན་སྐྱབས་འཚོལ་ཏེ་ག་ཅི་འབད་ནི།
དཔྱེ་འབད་བ་ཅིན། ཆུ་གིས་འབག་སྟེ་འགྱོ་མི་གཅིག་གིས་
ཆུ་གིས་འབག་མི་གཞན་མི་གཅིག་ལུ་བཟུང་པ་ཅིན།
གཉིས་ཀ་ཆུ་ནང་ཐིམ་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
ལས་འབྲས་ལུ་བརྩི་སྲུང་འབད་དགོཔ།
མཆོག་གསུམ་བསྟེན་ན་དེ་ཡི་ཁྲིམས།
།ལས་འབྲས་བླང་དོར་འབད་པ་གཅེས།།
དེད་དཔོན་བསྟེན་ཀྱང་གྲུ་གཟིངས་སུ།
།མི་སྡོད་དེ་ཉིད་ཇི་ལྟར་སྒྲོལ།།༡༠༠།།
ཚིག་གནད་མཆན་འགྲེལ། མཆོག་གསུམ། དཀོན་མཆོག་གསུམ། གཅེས། ཁག་ཆེཝ། དེད་དཔོན། གྲུ་དཔོན།
དཀོན་མཆོག་པོ་མགོན་སྐྱབས་སྦེ་བསྟེན་ཏེ་སྡོད་པ་ཅིན་
དེ་གི་ཆོས་ཁྲིམས་ལས་འབྲས་བླང་དོར་ཚུ་ལུ་ འབད་བརྩོན་བསྐྱེད་དགོཔ་འདི་
ག་ནི་བ་ཁག་ཆེཝ་ཅིག་ཨིན། ལས་འབྲས་བླང་དོར་ཚུལ་བཞིན་དུ་མ་འབད་བ་ཅིན་
མཆོག་གསུམ་ལུ་བསྟེན་རུ་དོན་དག་མེད། དཔྱེ་འབད་བ་ཅིན། ཆུ་བརྒལ་ནི་གི་དོན་ལུ་
གྲུ་དཔོན་བསྟེན་ཏེ་འབད་རུང་ གྲུ་ནང་མ་སྡོད་པ་ཅིན་དོན་དག་མེད་དོ་བཟུམ་ཅིག་ཨིན།།
བདེ་སྡུག་ག་ར་ ལས་ལས་བརྟེན་ཏེ་བྱུངམ།
སྣོད་བཅུད་བདེ་སྡུག་སྣང་བ་ཀུན། །འཁྲུལ་མེད་སྔོན་བསགས་ལས་ལས་བྱུང་།།
ཆུ་ཕོར་གང་ཡང་འགྲོ་བ་བཞིར།
།སྣང་ཚུལ་ཐ་དད་འབྱུང་བར་གསུངས།།༡༠༡།།
ཚིག་གནད་མཆན་འགྲེལ། སྣོད་བཅུད། ཕྱི་ཁའི་ཧོད་བཟུམ་གྱི་
འགྲོ་བ་སེམས་ཅན་གྱི་སྡོད་གནས་འཛམ་བུ་གླིང་དང་། ནང་གི་བཅུད་བཟུམ་གྱི་ དེ་ནང་སྡོད་མི་འགྲོ་བ་སེམས་ཅན།
སྣང་བ། མཐོང་ནི། འཁྲུལ་མེད། ནོར་འཁྲུལ་ག་ནི་ཡང་མེདཔ། སྔོན་བསགས། ཚེ་ཧེ་མའི་ལས། སྣང་ཚུལ། མཐོང་ཚུལ།
སྡོད་སའི་ས་གནས་འཛམ་བུའི་གླིང་དང་
དེ་ནང་སྡོད་མི་འགྲོ་བ་སེམས་ཅན་ཚུ་ལུ་ བདེ་བ་དང་སྡུག་བསྔལ་མ་འདྲ་སྣ་ཚོགས་ཅིག་མྱོང་ས་མཐོང་མི་དེ་ཚུ་ག་ར་
ནོར་འཁྲུལ་དང་ཐེ་ཚོམ་ག་ནི་མེད་པར་ རང་གི་ཚེ་ཧེ་མའི་ལས་དེ་ལས་བྱུང་བྱུངམ་ཨིན། དཔྱེ་འབད་བ་ཅིན།
གདོང་ཁ་ལུ་ཆུ་ཕོརཔ་གང་བཞག་སྦེ་ འགྲོ་བ་རིགས་མ་འདྲཝ་
ལྷ་དང་མི་དམྱལ་བ་ཡི་དྭགས་བཞི་པོ་ སོ་སོ་གིས་བལྟ་བ་ཅིན་ ཆུ་ཕོརཔ་གངམ་དེ་ལུ་
ལྷ་གིས་བདུད་རྩི། མི་གིས་ཆུ། དམྱལ་བ་ཚུ་གིས་ཁྲོ་ཆུ་འཁོལ་འཁོལཝ།
ཡི་དྭགས་ཀྱིས་རྣག་དང་ཁྲག་སྦེ་མཐོངམ་ཨིན་མས། དེ་འབདཝ་ལས་བརྟེན་ཏེ་ ད་ལྟོ་གདོང་ཁར་བཞག་མི་དེ་ལུ་
ཆུ་སྦེ་མཐོང་མི་དེ་མི་དེ་ཚུ་གི་ལས། བདུད་རྩི་སྦེ་མཐོང་མི་དེ་ལྷ་དེ་ཚུ་གི་ལས།
ཁྲག་དང་རྣག་སྦེ་མཐོང་མི་དེ་ཡི་དྭགས་དེ་ཚུ་གི་སྔོན་བསགས་ཀྱི་ལས་ལས་བརྟེན་ཏེ་ཨིནམ་ལས་
ང་བཅས་ཀྱིས་མ་འདྲཝ་མཐོང་མི་དེ་ཚུ་
རང་རང་སོ་སོའི་ལས་ཨིན་ཟེར་དཔེ་ཆ་ནང་ལས་གསུངས་ནུག།
ཆུང་ཀུ་གིས་སྦོམ་འགྱོ་ནི།
དགེ་དང་མི་དགེ་ཆུང་ངུ་ནས།
།བསགས་པས་ཤེས་རྒྱུད་གང་གྱུར་ཏེ།།
ཆར་གྱིས་ཐིགས་པ་བསགས་པས་ཀྱང་།
།མཐའ་ཀླས་ཆུ་ཡི་དཀྱིལ་འཁོར་ཆགས།།༡༠༢།།
ཚིག་གནད་མཆན་འགྲེལ། མཐའ་ཀླས། མཐའ་མེདཔ། ཆུའི་དཀྱིལ་འཁོར། ཆུའི་ཕུང་པོ།
དགེ་བའི་ལཱ་དང་མི་དགེ་བའི་ལཱ་དེ་ཚུ་
ཆུང་ཀུ་ཨིན་རུང་ ལེ་ཤ་བསགས་པ་ཅིན་ དེ་ཚུ་གིས་ཡང་རང་གི་ཤེས་རྒྱུད་གང་སྟེ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ཆརཔ་གི་ཐིག་པ་རེ་རེ་སྦེ་མི་དེ་ཡང་བསགས་ཏེ་བཞག་པ་ཅིན་
མཐའ་མེད་པའི་ཆུང་པོ་སྦོམ་སྦེ་ཆགས་དོ་བཟུམ་ཅིག་ཨིན།།
མ་དག་པའི་དགེ་བ།
གནས་སྐབས་དགེ་བ་ལྟར་སྣང་ཡང་། །བསྔོ་དང་མདུན་པས་བསླང་བ་མང་།།
མཆོག་ཏུ་མངར་བ་གངྒའི་ཆུ།
།རྒྱ་མཚོར་འདྲེས་ན་ཁ་བར་འགྱུར།།༡༠༣།།
ཚིག་གནད་མཆན་འགྲེལ། སྣང་། མཐོང་ནི། བསྔོ་བ། ཆུང་ཀུ་དེ་སྦོམ་འགྱོ་ནི་དོན་ལུ་སྨོན་ལམ་བཏབ་ནི། མདུན་པ། རེ་བ། བསླུས་པ། མགོ་སྐོར། འདྲེས། སླ་བསྲེས་ནི། ཁ་བ། ཚྭ་ཁུ།
དགེ་བ་འབད་རུང་ འབད་ཐངས་ཀྱི་ཁྱད་པར་ལེ་ཤཱ་ཡོད། གནས་སྐབས་ཕར་བལྟཝ་དང་ དགེ་བའི་ལཱ་བཟུམ་མཐོང་རུང་ རང་གི་རེ་བ་དང་
བསྔོ་བ་སྨོན་ལམ་བཏབ་ཐངས་ཀྱི་སྒོ་ལས་ གཞན་གྱི་དོན་ལུ་མནོ་བསམ་མི་གཏང་བར་
རང་ཚེ་ཕྱི་མ་བདེ་ཏོག་དང་ལེགས་ཤོམ་འོང་ནི་གི་ རང་དོན་རྐྱངམ་ཅིག་མནོ་བསམ་གཏང་ནི་དེ་གིས་
འབད་མི་དགེ་བ་དེ་གིས་ དགེ་བ་ཡང་དག་ཅིག་ལུ་འགྱོ་ཚུགས་པར་
རང་གི་རང་ལུ་མགོ་སྐོར་གཏང་མི་ལེ་ཤ་ཡོད། དཔྱེ་འབད་བ་ཅིན། གངྒཱའི་ཆུ་དེ་ ག་ནི་མངར་བའི་ཆུ་ཅིག་ཨིན་རུང་
རྒྱ་མཚོའི་ཆུ་དང་ཅིག་ཁར་སླ་བསྲེས་འགྱོཝ་ད་ ཚྭ་ཁུ་ལུ་འགྱོ་དོ་བཟུམ་ཅིག་ཨིན།།
འཁོར་བ་ནང་སྐྱེ་བ་ལེན་ཚུལ།
རྨོངས་པའི་མུན་ནག་གིས་ལྡོངས་ཤིང་།
།ལས་ཀྱི་ཞགས་པས་བཅིངས་པ་རྣམས།།
སྲེད་པའི་ཀླུང་གིས་རབ་དྲངས་ཏེ།
།མི་ཟད་སྐྱེ་བོའི་རྒྱ་མཚོར་འགྲོ།།༡༠༤།།
ཚིག་གནད་མཆན་འགྲེལ། ལྡོངས། ཞརཝ་འགྱོ་ནི། ཞགས་པ། ཐག་པ། སྲེད་པ། འདོད་ཆགས། ཀླུང་། གཙང་ཆུ། རབ་དྲངས། འཐེན་ནི།
བདེ་བའི་རྒྱུ་དགེ་བ་དང་།
སྡུག་བསྔལ་གྱི་རྒྱུ་སྡིག་པ་ཨིནམ་མ་ཤེས་པའི་
མུན་པ་དང་འདྲ་བའི་རྨོངས་པ་དེ་གི་རྒྱུ་རྐྱེན་ལུ་བརྟེན་ཏེ་ ཞརཝ་དང་འདྲཝ་སོངམ་མ་ཚད།
ཚེ་ཧེ་མ་གི་ལས་ངན་ཐག་པ་འདྲཝ་དེ་གིས་བཅིངས་ཏེ་བཞག་པའི་འགྲོ་བ་སེམས་ཅན་དེ་ཚུ་
དཔྱེ་འབད་བ་ཅིན། འཕྱག་སྙིགས་རག་རོག་དེ་ཚུ་གཙང་ཆུ་གིས་འབག་སྟེ་
རྒྱ་མཚོ་ནང་འགྱོ་དོ་བཟུམ་སྦེ་ འདོད་ཆགས་དེ་གིས་འཐེན་ཏེ་
འགྲོ་བ་སེམས་ཅན་གྱི་སྐྱེ་གནས་ལུ་ སྐྱེ་བ་ལེན་ཏེ་འགྱོཝ་ཨིན།།
འདོད་པ་ལུ་ངོམ་དུས་མེདཔ།
འདོད་པ་ལན་ཚྭའི་ཆུ་བོ་ནི།
།ཅི་ཙམ་སྤྱད་ཀྱང་མི་ངོམས་ཤིང་།།
ཆུ་མཚོ་འཁྱགས་པའི་ངང་པ་ལྟར།
།སྲིད་ལས་ངེས་འབྱུང་སྐྱོ་ཤས་སྐྱེ།།༡༠༥།།
ཚིག་གནད་མཆན་འགྲེལ། འདོད་པ། འཇིག་རྟེན་པའི་བདེ་བ་ལག་ལེན་འཐབ་ནི། ལན་ཚྭའི་ཆུ། ཆུ་ཚྭ་ཁུ། འཁྱགས་པ། ཁེག སྲིད། འཁོར་བ། ངེས་འབྱུང་སྐྱོ་ཤེས། འཁོར་བ་ལུ་སྐྱོ་སེམས་སྐྱེས་ཏེ་ཐར་པའི་ལམ་ལུ་འགྱོ་ནི།
འཇིག་རྟེན་པའི་བདེ་བ་འདི་
ག་དེམ་ཅིག་ལག་ལེན་འཐབ་སྟེ་འབད་རུང་ ཆུ་ཚྭ་ཁུ་འཐུང་དོ་བཟུམ་སྦེ་ དེ་ལུ་ངོམས་ནི་དང་ཚིམ་ནི་རྩ་ལས་མེད།
དེ་བ་འདི་ ཆུ་དང་མཚོ་དེ་ཚུ་ ཁེག་གིས་བསྡམས་ཚརཝ་ད་ བྱ་ངང་པ་དེ་ཚུ་
རེ་བ་རྫོགས་ཏེ་གཞན་ཁར་འགྱོ་དོ་བཟུམ་སྦེ་ སྲིད་པ་འཁོར་བ་འདི་ལུ་སྐྱོ་སེམས་སྐྱེས་ཏེ་
ཐར་པའི་ལམ་ལུ་འགྱོ་བ་ཅིན་དྲག་ནི་ཨིན་མས།།
འཁོར་བ་ལས་སྒྲོལ་ཐབས།
ལས་ཉོན་ན་ཀྲས་ཡོངས་གང་བའི།
།སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས།།
སྒྲོལ་བྱེད་བསླབ་གསུམ་གྲུ་བོ་ཆེ།
།བཟུང་ནས་ཐར་པའི་གླིང་དུ་གཤེགས།།༡༠༦།།
ཚིག་གནད་མཆན་འགྲེལ། ན་ཀྲ། ཀླུ་དང་ཆུ་སྲིན་སྦོམ། སྒྲོལ་བྱེད། བཏོན་ནི་ཐབས་ཤེས། བསླབ་པ་གསུམ། ཚུལ་ཁྲིམས།
ཏིང་ངེ་འཛིན། ཤེས་རབ། བཟུང་། བརྟེན་ནི།
ཀླུ་དང་ཆུ་སྲིན་ཚུ་གིས་གང་བའི་རྒྱ་མཚོ་ནང་ལས་
གྲུའི་ཐབས་ཤེས་ལུ་བརྟེན་ཏེ་ གླིང་ཕྲན་ཚུ་ནང་འགྱོ་དོ་བཟུམ་སྦེ་
ལས་དང་ཉོན་མོངས་པ་གིས་གང་བའི་ སྡུག་བསྔལ་གྱི་རང་བཞིན་འཁོར་བ་དེ་ལས་
ཐབས་ཤེས་བསླབ་པ་གསུམ་ལུ་བརྟེན་ཏེ་ ཐར་པའི་ལམ་ལུ་འབྱོན་གནང་།།
ཐར་པའི་རྒྱུ་ཚུལ་ཁྲིམས་བརྟན་ཏོག་ཏོ་སྦེ་སྲུང་དགོཔ།
ཁྱད་པར་ཁས་བླངས་ཚུལ་ཁྲིམས་ནི།
།ཉེས་ལྟུང་དྲི་མས་མ་སྦགས་པ།།
རྒྱ་མཚོ་རོ་དང་མི་འགྲིགས་ལྟར།
།རྟག་ཏུ་དྲན་ཤེས་བརྟན་པོས་སྲུངས།།༡༠༧།།
ཚིག་གནད་མཆན་འགྲེལ། ཁྱད་པར། ནང་གསེས། ཉེས་ལྟུང་དྲི་མ། ཉེས་པའི་སྐྱོན། སྦགས། སྐྱོན་གྱིས་གོས་ནི།
སྐྱོན་ཞུགས་ནི།
རྒྱ་མཚོ་དང་སེམས་ཅན་ཤི་བའི་རོ་ཅིག་ཁར་མི་འགྲིགས་པར་
རྒྱ་མཚོ་གིས་རོ་དེ་ཚུ་ཕར་ཁར་བཏོན་དོ་བཟུམ་སྦེ་ གོང་ལུ་ཞུ་མི་བསླབ་པ་གསུམ་ལས་
རང་གིས་ཁས་བླངས་འབད་དེ་ཞུ་མི་ སྡོམ་པ་ཚུལ་ཁྲིམས་དེ་ ཉེས་སྐྱོན་སྤུ་ཙམ་ཡང་མ་ཞུགས་པར་
དུས་རྟག་བུ་རང་ དྲན་པ་དང་ཤེས་བཞིན་གྱིས་བརྟན་ཏོག་ཏོ་སྦེ་བསྲུང་དགོ།།
ཚུལ་ཁྲིམས་རྐྱངམ་ཅིག་བསྲུང་སྟེ་
རང་དོན་ཐར་པ་ལུ་འགྱོ་ནི་མེན་པར་གཞན་དོན་འབད་དགོཔ།
འོན་ཀྱང་མ་རྒན་སེམས་ཅན་རྣམས།
།དོར་ནས་རང་དོན་བྱར་མི་འོས།།
རྒྱ་མཚོའི་གླིང་དུ་གཉེན་བཤེས་ཀུན།
།བོར་བ་དེད་དཔོན་སྤྱོད་ཚུལ་མིན།།༡༠༨།།
ཚིག་གནད་མཆན་འགྲེལ། དོར། བཀོག་སྟེ་བཞག་ནི། བྱ། འབད་ནི། མི་འོས།
མི་འཐད་པ། གཉེན་བཤེས། ཆ་རོགས། དེད་དཔོན། གྲུ་དཔོན། སྤྱོད་ཚུལ། འབད་གཞག ལཱ།
གོང་ལུ་ཚུལ་ཁྲིམས་གཙོ་བོར་སྟོན་དགོཔ་སྦེ་སླབ་སྟེ་ཡོད་ ཨིན་རུང་ མ་རྒན་སེམས་ཅན་དེ་ཚུ་བཀོག་བཞག་སྟེ་
རང་དོན་རྐྱངམ་ཅིག་འབད་ནི་དེ་ མི་འཐདཔ་ཨིན། དཔྱེ་འབད་བ་ཅིན། རྒྱ་མཚོའི་གླིང་ལུ་ལྷོདཔ་ད་
ཆ་རོགས་ག་ར་བཀོག་བཞག་སྟེ་འགྱོ་ནི་དེ་ གྲུ་དཔོན་གྱི་འབད་བཞག་མེན་དོ་བཟུམ་ཅིག་ཨིན།།
ཐེག་ཆན་གྱི་ལམ་གྱི་གཙོ་བོ་སྙིང་རྗེ།
མཚོར་གནས་གཡོ་དང་མི་ལྡན་པའི། །ཁྱད་པར་གསུམ་ལྡན་ཆུ་ཟླ་ལྟའི།།
འགྲོ་ལ་སྙིང་རྗེ་རྣམ་གསུམ་གྱིས།
།ཐེག་ཆེན་ལམ་གྱི་སྲོག་རྩ་ཚུགས།།༡༠༩།།
ཚིག་གནད་མཆན་འགྲེལ། མི་ལྡན་པ། མེད་པ། ཆུ་ཟླ། ཆུ་ལ་ཤར་བའི་ཟླ་བའི་གཟུགས་བརྙན། ཚུགས། བཙུགས་ནི།
༡བལྟ་བ་ཅིན་མཚོ་ནང་ཡོད་ནི་དང་། ༢ཡུདཔ་ཐེངས་གཅིག་ཡང་གཡོ་འགུལ་མེད་པར་སྡོད་ནི་མེད་པར་གཡོཝ་གཡོ་ས་འགྱོ་ནི།
༣བརྟགས་ཤིང་དཔྱད་དེ་བལྟ་བ་ཅིན་མཚོ་ནང་མེད་པའི་ཁྱད་ཆོས་གསུམ་དང་ལྡན་པའི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་བཟུམ་སྦེ་
འགྲོ་བ་སེམས་ཅན་རྣམས་ལ་ ༡སྡུག་བསྔལ་གྱི་རྣམ་པ་ལུ་མཐོང་བའི་ སེམས་ཅན་ལ་དམིགས་པའི་སྙིང་རྗེ།
༢སྐད་ཅིག་མར་མཐོང་བའི་ ཆོས་ལ་དམིགས་པའི་སྙིང་རྗེ། ༣སྟོང་པའི་རྣམ་པ་ལུ་མཐོང་བའི་ དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་གསུམ་པོ་དེ་
ཐེག་ཆེན་ལམ་གྱི་སྲོག་རྩ་བཟུམ་ཅིག་ཨིནམ་ལས་
དེ་རང་གི་རྒྱུད་ལུ་བཙུགས་དགོཔ་ཨིན།།
བྱང་ཆུབ་སེམས་དང་འབྲེལ་བའི་དགེ་བ་དེ་ཟད་ནི་མེདཔ།
བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ །མི་ཟད་བྱང་ཆུབ་རྒྱུར་འགྲོ་སྟེ།།
ཛམྦུའི་བུའི་འབྲས་བུ་མ་དྲོས་མཚོར།
།ལྷུང་བས་གསེར་སྦྱངས་ཁམས་སུ་འགྱུར།།༡༡༠།།
ཚིག་གནད་མཆན་འགྲེལ། བྱང་ཆུབ་ཀྱི་སེམས།
གཞན་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་སངས་རྒྱས་འཐོབ་འདོད་ཀྱི་བློ། ཟིན། དེ་དང་འབྲེལ་བ། མི་ཟད།
ཟད་དེ་འགྱོ་ནི་མེད་པ། བྱང་ཆུབ།
སངས་རྒྱས་ཀྱི་གོ་འཕང་། ཛམྦུ།
མཚོ་མ་དྲོས་པ་ལུ་ཡོད་པའི་ འབྲས་བུ་གསེར་ལུ་འགྱུར་བའི་ཤིང་གཅིག་གི་མིང་། ལྷུང་། བུལ་ནི། གསེར་སྦྱངས།
གསེར་བཞུ་བརྟུལ་འབད་ཚརཝ། གསེར་བཙོ་མ། ཁམས།
རང་བཞིན།
དགེ་བ་རྒྱ་ཆེ་ཆུང་ག་ཅི་འབད་རུང་
གཞན་ཕན་བྱང་ཆུབ་སེམས་དང་འབྲེལ་བའི་དགེ་བ་ཨིན་པ་ཅིན་
ཟད་ནི་མེད་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུ་ལུ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
ཤིང་ཛམྦུའི་འབྲས་བུ་དེ་ མཚོ་མ་དྲོས་པ་ནང་བུལཝ་ད་ གསེར་བཙོ་མའི་རང་བཞིན་ལུ་འགྱུར་དོ་བཟུམ་ཅིག་ཨིན།།
རྒྱལ་སྲས་སྤྱོད་པ་ཕར་ཕྱིན་དྲུག་ལུ་བསྡུཝ།
རྒྱལ་སྲས་སྤྱོད་པ་མཐའ་ཀླས་ཀྱང་།
།ཕ་རོལ་ཕྱིན་པ་དྲུག་ཏུ་བསྡུ།།
རི་ཡུལ་ལ་ལུང་ཆུ་བོ་བརྒྱ། །ཟམ་འོག་གཅིག་ཏུ་བསྒྲིལ་བ་བཞིན།།༡༡༡།།
ཚིག་གནད་མཆན་འགྲེལ། རྒྱལ་སྲས། བྱང་ཆུབ་སེམས་པ། སྤྱོད་པ། ཉམས་ལེན། མཐའ་ཀླས། མཐའ་མེདཔ། བརྒྱ། ལེ་ཤ། བསྒྲིལ། རང་བཞིན་གྱིས་གཅིག་ཁར་སྡུད་དེ་འགྱོ་ནི།
བྱང་ཆུབ་སེམས་པའི་ལག་ལེན་དེ་ཚུ་
དེམ་ཅིག་ཨིན་ཟེར་བའི་མཐའ་མེདཔ་ཅིག་ཨིན་རུང་ ཚུར་བསྡུ་བ་ཅིན་
ཕར་ཕྱིན་དྲུག་གི་ཉམས་ལེན་ནང་བསྡུཝ་ཨིན། དཔྱེ་འབད་བ་ཅིན། རི་དང་ཡུལ་འཁོར་
ལ་དང་ལུངམ་དེ་ཚུ་ལས་བབས་པའི་ཆུ་དང་ཆུ་ཕྲན་ལེ་ཤ་ཡོད་རུང་ ཟམ་གྱི་འོག་ལུ་ལྷོདཔ་ད་
ག་ར་ཅིག་ཁར་སྡུད་དོ་བཟུམ་ཅིག་ཨིན།།
སྦྱིན་པ་གཏང་དགོཔ།
རྒྱལ་སྲས་རྣམས་ནི་བདོག་པ་ཀུན།
།འབྲས་བཅས་གཏོང་སྟེ་སྦྱིན་པའི་མཆོག།
ཆར་གྱིས་རྩི་བཅུད་ལོ་ཏོག་ཀུན།
།བསྐྱངས་ཀྱང་ལན་དང་རེ་བ་མེད།།༡༡༢།།
ཚིག་གནད་མཆན་འགྲེལ། བདོག་པ། དངོས་པོ་ཅ་ལ། འབྲས་བཅས། འབྲས་བུ་དང་བཅས་པ།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེ་ཚུ་
ཕྱི་ནང་གི་དངོས་པོ་ཅ་ལ་ག་ཅི་ཨིན་རུང་ གཞན་ལུ་བྱིན་པའི་ཚེ་ འབྲས་བུ་རང་ལུ་འཁོར་ནི་གི་རེ་བ་མེད་པར་
འབྲས་བུ་དང་བཅསཔ་སྦེ་བྱིན་ནི་དེ་གིས་ སྦྱིན་པའི་ནང་ནས་སྦྱིན་པ་མཆོག་ཏུ་གྱུར་པ་ཅིག་ཨིན།
དཔྱེ་འབད་བ་ཅིན། ཆརཔ་དེ་ཚུ་གིས་ ཕན་ཐོགས་ཀྱི་སྒོ་ལས་
ལོ་ཐོག་རྩི་བཅུད་བསྐྱངས་ཏེ་འབད་རུང་ ཁོ་རང་ལུ་
ལན་དང་རེ་བ་ག་ནི་ཡང་མེད་དོ་བཟུམ་ཅིག་ཨིན།།
ཚུལ་ཁྲིམས་སྲུང་དགོཔ།
རྣམ་དག་ཁྲིམས་ཀྱིས་ཉེས་ལྟུང་གི །རྙོག་མ་མ་ལུས་དྲུངས་འབྱིན་ཏེ།།
ཀེ་ཏ་ཀ་འབྲས་བྱེ་མ་ཡིས།
།ཆུ་བོའི་རྙོག་མ་དྭངས་པར་བྱེད།།༡༡༣།།
ཚིག་གནད་མཆན་འགྲེལ། ཉེས་ལྟུང་ཀྱི་རྙོག་མ། ཆུའི་ཧོག་མ་དང་འདྲ་བའི་ཉེས་པའི་སྐྱོན། དྲུངས་འབྱིན། རྩ་བ་ལས་བཏོན་ནི། ཀེ་ཏ་ཀ
འབྲས་བུ་ཆུ་ནང་བླུགས་པ་ཅིན་ ཆུའི་ཧོག་མ་སེལ་ཚུགས་པའི་ཤིང་།
ཚུལ་ཁྲིམས་རྣམ་དག་སྦེ་བསྲུང་སྟེ་འབད་བ་ཅིན་
དེ་གིས་ཧོག་མ་དང་འདྲ་བའི་ཉེས་པའི་སྐྱོན་ག་ར་ རྩ་བ་ལས་རང་བཏོན་གཏང་ཚུགསཔ་ཨིན།
དཔྱེ་འབད་བ་ཅིན། ཤིང་ཀེ་ཏ་ཀའི་འབྲས་བུའི་བྱེམ་དེ་གིས་
ཆུའི་ཧོག་མ་དྭངས་ཁྲོད་ཁྲོད་བཟོ་དོ་བཟུམ་ཅིག་ཨིན།།
བཟོད་པ་བསྒོམ་དགོཔ།
དགེ་ཚོགས་མ་ལུས་སྲེག་བྱེད་པའི།
།ཁོང་ཁྲོའི་དགྲ་འཇོམས་བཟོད་པ་སྟེ།།
ཀུན་ཟ་འབར་བའི་མེ་ལྕེ་ནི།
།གསོད་བྱེད་གཉེན་པོ་ཆུ་ཡིན་ནོ།།༡༡༤།།
ཚིག་གནད་མཆན་འགྲེལ། སྲེག་བྱེད། མེདཔ་མེདཔ་བཟོ་ནི། འཇོམས། བཅོམ། མེ་ལྕེ། མེའི་ལྷབས། གཉེན་པོ། ཁབ་གཏད།
རང་གི་རྒྱུད་ལུ་ཡོད་པའི་དགེ་རྩ་ཡོད་ཚད་ཅིགཔ་
མེདཔ་བཟོ་མི་ཁོང་ཁྲོ་གི་དགྲ་བོ་དེ་ བཅོམ་ཚུགས་མི་བཟོད་པ་རྐྱངམ་ཅིག་ཨིན།
དཔྱེ་འབད་བ་ཅིན། ཡོད་ཚད་ཅིགཔ་ཟ་མི་
འབར་ཏེ་ཡོད་མི་མེའི་ལྷབས་དེ་ བསད་ཚུགས་མི་ཁབ་གཏད་ཆུ་ཨིན་དོ་བཟུམ་ཅིག་ཨིན།།
བརྩོན་འགྲུས་བསྐྱེད་དགོཔ།
རྟག་གུས་བརྩོན་པ་མ་གཏང་ན། །མི་འགྲུབ་བྱ་བ་ཅི་ཡང་མེད།།
ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།
།བྲག་གི་རི་བོ་འབིགས་ལ་ལྟོས།།༡༡༥།།
ཚིག་གནད་མཆན་འགྲེལ། རྟག རྟག་སྦྱོར་གྱི་བརྩོན་འགྲུས་ཟེར་
ལྷོད་ཡངས་མེད་པར་དུས་ཨ་རྟག་འབད་བརྩོན་བསྐྱེད་ནི། གུས། གུས་སྦྱོར་གྱི་བརྩོན་འགྲུས་ཟེར་
གུས་ཞབས་དང་སྤྲོ་བ་གི་ཐོག་ལས་འབད་བརྩོན་བསྐྱེད་ནི། འབིགས། དོང་སྤེད་ནི། ལྟོས།
བལྟ་ནི།
རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་པ་མ་གཏངམ་བཟུམ་ཅིག་འབད་བ་ཅིན།
ལཱ་ལུ་འགྲུབ་མ་ཚུགས་པའི་ཟེརཝ་ག་ནི་ཡང་མེད། དཔྱེ་འབད་བ་ཅིན། ཆུའི་ཏིགཔ་དུས་ཨ་རྟག་རང་
བབས་ལས་བརྟེན་ཏེ་ བྱག་རི་དེ་ཚུ་ཡང་ དོང་སྤེད་དེ་བཏངམ་མས་མེན་ན་ ཚར་ཅིག་བལྟ་ཤིག།
བསམ་གཏན་སྒོམ་དགོཔ།
བྱིང་རྒོད་སྐྱོན་བྲལ་ཏིང་ངེ་འཛིན།
།གསལ་བར་ཡོན་ཏན་ཐམས་ཅད་འཆར།།
བེ་ཌཱུར་མེ་ལོང་ཕྱིས་འདྲ་བའི།
།དྭངས་མཚོར་གཟུགས་བརྙན་ཅི་ཡང་གསལ།།༡༡༦།།
ཚིག་གནད་མཆན་འགྲེལ། བྱིང་རྒོད། སེམས་ནང་ན་ཐིམ་ཏེ་གནག་དུང་དུང་སྦེ་སྡོད་ནི་དང་།
ཕྱི་ཁར་འཁྱམས་ཏེ་འགྱོ་ནི། གསལ་བར། གསལ་ཏོག་ཏོ་ཡོད་མི་དེ་ནང་། འཆར། ཤར་ནི། བེ་ཌཱུར། ནོར་བུའི་རིགས་ཅིག དྭངས་མཚོ། ཆུ་དྭངས་ཁྲོད་ཁྲོད། གཟུགས་བརྙན། འདྲ་པར།
སེམས་མི་གསལ་བར་
ནང་ལུ་ཐིམ་སྟེ་སྡོད་ནི་དང་ ཕྱི་ཁར་འཁྱམས་ཏེ་འགྱོ་ནི་གི་
སྐྱོན་དང་བྲལ་སོང་མི་ཏིང་ངེ་འཛིན་གསལ་ཏོག་ཏོ་དེ་ལུ་ ས་དང་ལམ་གྱི་ཡོན་ཏན་ག་ར་ཤརཝ་ཨིན།
དཔྱེ་འབད་བ་ཅིན། ནོར་བུ་བེ་ཌཱུརྱ་ཕྱིས་བརྡར་བཏང་བཏངམ་འདྲ་བའི་
ག་ནི་བ་དྭངས་པའི་ཆུ་ནང་ལུ་ རང་གི་འདྲ་པར་གསལ་ཏོག་ཏོ་སྦེ་ཤར་དོ་བཟུམ་ཅིག་ཨིན།།
ཤེས་རབ་ཀྱི་ཕར་ཕྱིན།
དངོས་ཀུན་སྟོང་པར་དམིགས་པ་ཡིས།
།འཁོར་བའི་གདུང་བ་ཀུན་སེལ་ཏེ།།
ཆུ་ཀླུང་མཐའ་དག་ཨ་གསྟས། །ཧུབ་ཀྱིས་གཞལ་བས་བདུད་རྩིར་འགྱུར།།༡༡༧།།
ཚིག་གནད་མཆན་འགྲེལ། གདུང་བ། དཀའ་ངལ་དང་སྡུག་བསྔལ། ཨ་གསྟ། ཕྱི་རོལ་པའི་གཏམ་རྒྱུད་ནང་གི་དྲང་སྲོང་ཅིག མཐའ་དག ཡོད་ཚད་ཅིགཔ། ཧུབ་ཀྱིས་གཞལ་བ། ཧུབ་ཐེངས་གཅིག་གིས་འཐུང་ནི།
མཐོང་ནི་དང་ཐོས་ནི་གི་ཡུལ་ལུ་ཡོད་པའི་
དངོས་པོའི་ཆོས་དེ་ཚུ་ག་ར་
རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཨིནམ་སྦེ་མནོ་བསམ་བཏང་ཞིནམ་ལས་ཤེས་ཚུགསཔ་བཟུམ་ཅིག་འབད་བ་ཅིན།
འཁོར་བའི་སྡུག་བསྔལ་ག་ར་སེལ་ཏེ་ གཏན་དུ་ཞི་བའི་ཐར་པ་འཐོབ་ཨིན། དཔྱེ་འབད་བ་ཅིན།
ཆུ་ཡོད་ཚད་ཅིགཔ་ དྲང་སྲོང་ཨ་གསྟ་ཟེར་མི་དེ་གིས་ ཧུབ་ཐེངས་གཅིག་གིས་འཐུངམ་ལས་བརྟེན་ཏེ་
བདུད་རྩི་ལུ་འགྱུར་དོ་བཟུམ་ཅིག་ཨིན།།
ཀླུ་སྒྲུབ་ཀྱིས་དབུ་མའི་དོན་བསྟན་མི་དེ་ལུ་
གཞན་གྱིས་གདོང་ལེན་འབད་མ་ཚུགསཔ།
ཀླུ་སྒྲུབ་བློ་མཚོ་རྒྱ་ཆེ་བས།
།དངོས་པོ་སྨྲ་རྣམས་སྤོབས་པ་འཕྲོག།
རྔམས་ནག་གཏིང་མཐའ་མི་མངོན་པའི།
།རྒྱ་མཚོས་བྱིས་པ་སྐྲག་པར་བྱེད།།༡༡༨།།
ཚིག་གནད་མཆན་འགྲེལ། དངོས་པོར་སྨྲ་བ། དངོས་པོ་དེ་ཚུ་བདེན་པ་ཨིན་ཟེར་སླབ་མི། རྔམས། མཐོ་ཚད། མི་མངོན། མི་མཐོང་ནི། བྱིས་པ། ཨ་ལོ་ཆུང་ཀུ། སྐྲག འདྲོག་ནི།
འཕགས་པ་ཀླུ་སྒྲུབ་མཆོག་གི་
བློ་གྲོས་མཁྱེན་རབས་དེ་ རྒྱ་མཚོ་བཟུམ་སྦེ་རྒྱ་ཆེཝ་ལས་ བདེན་པར་མ་གྲུབ་པའི་ཆོས་ག་ནི་ཡང་མེད་ཟེར་སླབ་པའི་སྒང་ལས་
དངོས་པོའི་ཆོས་བདེན་པ་གྲུབ་ཟེར་སླབ་མི་དེ་ཚུ་གི་ སེམས་ཀྱི་སྤོབསཔ་དེ་ཡང་
རང་དབང་མེད་པར་ འཕྱོག་སྟེ་བཏང་ད་ནུག དེ་ཡང་དཔྱེ་འབད་བ་ཅིན། མཐོ་ཚད་སྦོམ་ཡོདཔ་མ་ཚད་
གནག་དུང་དུང་སྦེ་ གཏིང་ག་དེམ་ཅིག་ཡོད་ག་མཐོང་མ་ཚུགས་པའི་རྒྱ་མཚོ་དེ་གིས་
ཨ་ལོ་ཆུང་ཀུ་དེ་འདྲོག་དོ་བཟུམ་ཅིག་ཨིན་མས།།
དགག་བྱ་ག་ཅི་ཨིན་ན་ངོ་ཤེས་དགོཔ།
ཟབ་མོའི་དེ་ཉིད་ཤེས་པ་ལ།
།ཐོག་མར་དགག་བྱ་ངེས་དགོས་ཏེ།།
རྒྱ་མཚོར་ནོར་བུ་ལེན་པ་ལ།
།འཇིགས་པ་གར་ཡོད་ཤེས་པ་གཅེས།།༡༡༩།།
ཚིག་གནད་མཆན་འགྲེལ། དེ་ཉིད། གནས་ལུགས་ངོ་མ། དགག་བྱ། བཀག་ནི་གི་ཆོས། ངེས། ཤེས་ནི།
ཟབ་མོ་དབུ་མའི་གནས་ལུགས་ཀྱི་དོན་བདེན་མེད་ཟེར་མི་དེ་ཤེས་པ་ལུ་
དང་པ་རང་ག་ཅི་བཀག་ནི་ཨིན་ན་ཤེས་དགོཔ་ཨིན། དཔྱེ་འབད་བ་ཅིན།
རྒྱ་མཚོ་ནང་ནོར་བུ་ལེན་པར་འགྱོཝ་ད་ འཇིགས་པ་འདྲོག་སི་སི་དེ་ཚུ་
ག་ཏེ་ལུ་ཡོདཔ་ཨིན་ན་ཤེས་དགོཔ་བཟུམ་ཅིག་ཨིན།།
ང་ཟེར་ངོས་བཟུང་ས།
གདགས་གཞི་ཕུང་སོགས་འདུས་པ་ལ།
།ང་འོ་སྙམ་དུ་རློམས་པར་ཟད།།
ཀླུང་ཆེན་གདོད་ནས་བྲུབས་འདྲ་ཡང་།
།ཆུ་ཕྲན་དུ་མ་འདུས་པ་ཡིན།།༡༢༠།།
ཚིག་གནད་མཆན་འགྲེལ། གདགས་གཞི། མིང་བཏགས་ས་གི་གཞི། ཕུང་སོགས། ཕྱི་གི་གཟུགས་དང་ནང་གི་སེམས་དང་སེམས་བྱུང་། རློམས། མེན་རུང་ཨིན་ཟེར་མནོ་བསམ་གཏང་ནི། ཀླུང་ཆེན། གཙང་ཆུ་སྦོམ། གདོད་ནས། ཧེ་མ་ལས། བྲུབས། རང་བཞིན་གྱིས་འཕེལ་བ།
མིང་བཏགས་ས་གི་གཞི་
ཕྱི་གི་གཟུགས་དང་ནང་གི་སེམས་ལ་སོགས་པའི་ཕུང་པོ་དེ་ཚུ་
ག་ར་ཅིག་ཁར་འདུས་ཏེ་ཡོད་མི་ཅིག་ལུ་ ང་ཨིན་ཟེར་མནོ་བསམ་གཏང་སྟེ་སྡོདཔ་མ་གཏོགས་ ང་ཟེར་མི་འདི་འཚོལ་བ་ཅིན་
རྡོག་རྡོག་རིལ་རིལ་ཅིག་ག་ཏེ་ལས་ཡང་འཐོན་ནི་མེད། དཔྱེ་འབད་བ་ཅིན།
གཙང་ཆུ་སྦོམ་དེ་ཚུ་ དུས་དང་ཕུགས་ཧེ་མ་ལས་
སྦོམ་ཆུང་དེ་ཅིག་འཕེལ་ཏེ་ཡོདཔ་བཟུམ་མཐོང་རུང་ དོན་ངོ་མ་ལུ་
ཆུ་ཆུང་ཀུ་ལེ་ཤ་ཅིག་ཁར་འདུས་ཏེ་གྲུབ་གྲུབ་ཅིག་ལས་མེད་དོ་བཟུམ་ཅིག་ཨིན།།
བརྟགས་ཤིང་དཔྱད་པའི་ཚེ་བདེན་པར་གྲུབ་པའི་ཆོས་གཅིག་ཡང་མེདཔ།
བཏགས་དོན་རིག་པས་དཔྱད་པ་ན།
།ངོ་བོས་གྲུབ་པ་འགའ་མེད་དེ།།
ཆུ་ཀླུང་ཡུར་བ་བརྒྱར་དྲངས་ན། །ཤུལ་ན་ཟིལ་པ་ཙམ་ཡང་མེད།།༡༢༡།།
ཚིག་གནད་མཆན་འགྲེལ། བཏགས་དོན། མིང་བཏགས་བཞག་མི་དེ་ཚུ་གི་དོན་ངོ་མ། ངོ་བོས་གྲུབ་པ། རྒྱུ་དང་རྐྱེན་ལུ་མ་ལྟོས་པར་རང་བཞིན་གྱིས་གྲུབ་པ། འགའ་མེད། ག་ཡང་མེདཔ།
གཅིག་ཡང་མེདཔ།
ང་དང་ཁྱོད་
ཀ་བ་དང་བུམ་ལ་སོགས་པ་ མིང་བཏགས་ཏེ་བཞག་མི་དེ་ཚུ་གི་དོན་ངོ་མ་དེ་
རིག་པ་གིས་བརྟགས་ཤིང་དཔྱད་དེ་འཚོལ་བ་ཅིན་ མིང་བཏགས་བཞག་དོ་བཟུམ་སྦེ་ རྒྱུ་དང་རྐྱེན་ལུ་མ་ལྟོས་པར་རང་བཞིན་གྱིས་གྲུབ་གྲུབ་གཅིག་ཡང་མེདཔ་ཨིན།
དཔྱེ་འབད་བ་ཅིན། གཙང་ཆུ་སྦོམ་དེ་ཚུ་ གཡུ་བ་ལེ་ཤ་ནང་ལས་ཕར་དྲངས་པའི་ཤུལ་ལུ་
ཆུ་ཐིག་པ་ཙམ་ཅིག་ཡང་མི་ལུས་པར་འགྱོ་དོ་བཟུམ་ཅིག་ཨིན།།
སངས་རྒྱས་ཀྱི་གསུང་གི་མཐར་ཐུག་ས།
སྟོན་པས་ཇི་སྙེད་བཀའ་སྩལ་པ།
།སྟོང་དང་རྟེན་འབྱུང་འདིར་འཇུག་སྟེ།།
ས་སྟེང་ཆུ་བོ་མ་ལུས་པ། །རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ།།༡༢༢།།
ཚིག་གནད་མཆན་འགྲེལ། ཇི་སྙེད། ག་དེམ་ཅིག་ཡོད་མི། འདིར་འཇུག འདི་ནང་འདུས་ནི། གཞོལ་བ། བབས་ནི།
སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་
སེམས་ཅན་གྱི་དོན་ལུ་ ཆོས་ཀྱི་རྣམ་གྲངས་མ་འདྲཝ་ག་དེམ་ཅིག་གསུངས་ཏེ་ཡོད་རུང་
དེ་ཚུ་ག་ར་ཚུར་བསྡུ་བ་ཅིན། རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དང་།
རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བའི་རྟེན་འབྱུང་གཉིས་ནང་ལུ་འདུསཔ་ཨིན།
དཔྱེ་འབད་བ་ཅིན། ས་སྟེང་ལུ་ཡོད་མི་ཆུ་ཡོད་ཚད་ཅིགཔ་
རྒྱ་མཚོ་ཆེན་མོའི་ནང་བབས་དོ་བཟུམ་ཅིག་ཨིན།།
བྱང་ཆུབ་སེམས་དཔའི་ཕྱག་ལེན།
རང་རྒྱུད་སྨིན་པའི་རྒྱལ་སྲས་ཀྱིས།
།བསྡུ་བ་རྣམ་བཞིས་གདུལ་བྱ་སྐྱོང་།།
རྒྱ་མཚོར་འཇུག་མྱོང་དེད་དཔོན་གྱིས། །གཞན་ཡང་ཁྲིད་ནས་ནོར་ལ་འཇུག།༡༢༣།།
ཚིག་གནད་མཆན་འགྲེལ། རང་རྒྱུད་སྨིན་པ། རང་གི་ཤེས་རྒྱུད་ལེགས་ཤོམ་འགྱོ་ཚརཝ། བསྡུ་བ་རྣམ་བཞི། སེམས་ཅན་གྱི་དོན་སྒྲུབ་ནི་གི་ཐབས་ཤེས།
༡ཉེ་བར་མཁོ་བའི་ཅ་ལ་བྱིན་ནི། ཚིག་ཧན་ཏོང་ཏོ་སླབ་ནི།
ཕར་ལོག་མའི་དོན་དང་མཐུནམ་སྦེ་ཁས་ལེན་འབད་ནི། དེ་དང་མཐུནམ་སྦེ་སྤྱོད་ལམ་མཛད་ནི། འཇུག འགྱོ་ནི།
རང་གི་ཤེས་རྒྱུད་དུལ་ཏེ་ལེགས་ཤོམ་འགྱོ་ཚར་མི་
རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེ་ཚུ་གིས་
མཁོ་བ་སྦྱིན་པ་ལ་སོགས་པའི་བསྡུ་བའི་དངོས་པོ་བཞིའི་སྒོ་ལས་ གདུལ་བྱ་སྐྱོངམ་ཨིན།
དཔྱེ་འབད་བ་ཅིན། རྒྱ་མཚོ་ནང་འགྱོ་མྱོང་བའི་གྲུ་དཔོན་དེ་ཚུ་གིས་
མི་གཞན་ཡང་འཁྱིད་ཞིནམ་ལས་ རྒྱ་མཚོ་ནང་ནོར་བུ་ལེན་པར་འགྱོ་དོ་བཟུམ་ཅིག་ཨིན།།
མདོ་སྔགས་གཉིས་ཀྱི་ཁྱད་པར།
རྒྱུ་ཡི་ཐེག་པའི་ལམ་རིང་ཡང་།
།གསང་སྔགས་ནུས་པ་བསམ་མི་ཁྱབ།།
ཐང་དུ་འདྲེན་དཀའི་གྲུ་བོ་ཆེ། །རྒྱ་མཚོར་ཞུགས་ན་ཡུད་ཀྱིས་འགྲོ།།༡༢༤།།
ཚིག་གནད་མཆན་འགྲེལ། རྒྱུའི་ཐེག་པ། རྒྱུ་ཕར་ཕྱིན་ཐེག་པའི་ཆོས་ཟེར།
བྱང་ཆུབ་ཀྱི་སེམས་དང་། བྱམས་པ་སྙིང་རྗེ། ཕར་ཕྱིན་དྲུག་ལ་སོགས་པའི་སྒོ་ནས་
སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ལམ་ལུ་གོ་ནི་ཨིན། གསང་སྔགས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཟེར་
ལྷ་བསྒོམ་ནི་ལ་སོགས་པའི་ཐོག་ལས་ སངས་རྒྱས་ཀྱི་གོ་འཕང་ཚེ་གཅིག་ནང་སྒྲུབ་པའི་ཐབས་ལམ།
ཞུགས། ལྷོད་པ། ཡུད་ཀྱིས། འཇམ་ཏོང་ཏོ།
རྒྱུ་ཕར་ཕྱིན་ཐེག་པའི་ལམ་གྱི་སྒོ་ནས་
སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ནི་དེ་ བསྐལ་པ་གྲངས་མེད་གསུམ་གྱི་རིང་ལུ་
ཚོགས་བསགས་འབད་དགོ་ནི་དེ་གིས་ འགྲོ་ལམ་ཡུན་ཐག་རིང་སོ་ཅིག་ཨིན་རུང་
དེ་བ་འཇམ་པའི་གསང་སྔགས་ཀྱི་ལམ་དེ་ལུ་བརྟེན་ཏེ་འབད་བ་ཅིན་
ནུས་པ་བསམ་གྱིས་མི་ཁྱབ་སྦེ་ཡོདཔ་ཨིན། དཔྱེ་འབད་བ་ཅིན། བྱེ་ཐང་ན་འབད་བ་ཅིན་
འཐེན་ནི་ག་ནི་བ་ཁག་པའི་ གྲུ་གཟིངས་སྦོམ་དེ་ རྒྱ་མཚོ་ནང་ལྷོད་དེ་འབད་བ་ཅིན་
འཇམ་ཏོང་ཏོ་སྦེ་འགྱོ་དོ་བཟུམ་ཅིག་ཨིན།།
གསང་སྔགས་ཆོས་ཀྱི་ནུས་པ།
རྡོ་རྗེ་ཅན་གྱིས་ལེགས་གསུངས་པའི།
།གསང་སྔགས་ནུས་པ་བསམ་མི་ཁྱབ།།
གདུང་བ་མ་ཞེས་བོས་པས་ཀྱང་། །ལྷ་ཡི་ཆུ་བོ་འགུགས་པར་བྱེད།།༡༢༥།།
ཚིག་གནད་མཆན་འགྲེལ། རྡོ་རྗེ་ཅན། རྡོ་རྗེ་འཆང་། གདུང་བ་མ། ཆུ་མོ་གངྒཱའི་མིང་། ལྷའི་ཆུ་བོ། ཆུ་མོ་གངྒཱ། བསམ་མི་ཁྱབ། བློ་གིས་དེམ་ཅིག་ཨིན་ཟེར་བའི་ཚོད་དཔག་འབད་མ་ཚུགསཔ།
སྟོན་པ་རྡོ་རྗེ་འཆང་གིས་
སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པའི་དོན་ལུ་དང་
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལུ་བཀོད་ནི་གི་དོན་ལུ་
ལེགས་ཤོམ་སྦེ་གསུངས་པའི་ གསང་སྔགས་ཀྱི་ཆོས་ཀྱི་མཐུ་དང་ནུས་པ་འདི་
བློ་གིས་དེམ་ཅིག་ཨིན་ཟེར་ཚོད་དཔག་འབད་མ་ཚུགསཔ་ཅིག་ཨིན། དཔྱེ་འབད་བ་ཅིན།
གསང་སྔགས་ཀྱི་ནུས་པ་ཐོབ་པའི་དྲང་སྲོང་གཅིག་གིས་ གདུང་བ་མ་ཟེར་བོདཔ་ཙམ་ཅིག་ དེའིིི་འཕྲོ་ལས་རང་
ལྷའི་ཆུ་མོ་གངྒཱ་དྲང་སྲོང་དེ་གི་གདོང་ཁར་ལྷོད་དོ་བཟུམ་ཅིག་ཨིན།།
གསང་སྔགས་ལམ་གྱི་འཇུག་སྒོ་དབང་།
ཟུང་འཇུག་གདེངས་ཅན་བདག་པོའི་གནས།
།རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ།།
འཇུག་ངོགས་བདེ་བའི་འབབ་སྟེགས་ནི། །དབང་བཞིའི་རིན་ཆེན་ཐེམ་སྐས་ཡིན།།༡༢༦།།
ཚིག་གནད་མཆན་འགྲེལ། ཟུང་འཇུག བདེ་བ་ཚད་མེདཔ་ཅིག་ཡོད་རུང་
དེ་ལུ་ཞེན་ཆགས་མེད་པར་སྟོང་པའི་ངང་ལུ་གནས་པའི་རྡོ་རྗེ་འཆང་གི་གོ་འཕང་། གདེང་ཅན་བདག་པོ། ཀླུ། དེའི་གནས། རྒྱ་མཚོ། རྡོ་རྗེ་ཐེག་པ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ། འཇུག་ངོགས་བདེ་བ། འགྱོ་ཧོང་བདེ་ཏོག་ཏོ།
འབབ་སྟེགས། གདན་ཁྲི། རིན་ཆེན་ཐེམ་སྐས། རིན་པོ་ཆེ་ལས་གྲུབ་པའི་ཨེ་ཁུ།
དབང་བཞི།
ལུས་ཀྱི་དྲི་མ་དག་ནི་གི་ཐབས་ཤེས་ བུམ་པའི་དབང་། ངག་གི་དྲི་མ་དག་ནི་གི་ཐབས་ཤེས་
གསང་བའི་དབང་། ཡིད་ཀྱི་དྲི་མ་དག་ནི་གི་ཐབས་ཤེས་ ཤེར་རབ་ཡེ་ཤེས་ཀྱི་དབང་།
ལུས་ངག་ཡིད་གསུམ་སོ་སོ་སྦེ་འཛིན་པའི་དྲི་མ་དག་ནི་ཐབས་ཤེས་
དབང་བཞི་པ་བརྡའི་དབང་དང་། ཡང་ན་ཚིག་གི་དབང་།
ཀླུའི་བདག་པོ་དེ་ཚུ་གི་གནས་
རྒྱ་མཚོ་ནང་འགྱོཝ་ད་ མཐའ་མ་ལུ་ འགྱོ་ཧོང་བདེ་བའི་གདན་ཁྲི་དགོ་དོ་བཟུམ་སྦེ་
རྡོ་རྗེ་འཆང་གི་གོ་འཕང་ལུ་འགྱོཝ་ད་ཡང་ རང་རྒྱུད་སྨིན་པའི་དབང་བཞི་དེ་
འགྱོ་ཧོང་བདེ་བའི་ རིན་པོ་ཆེ་ལས་གྲུབ་པའི་ཨེ་ཁུ་བཟུམ་ཅིག་ཨིན།།
གསང་སྔགས་ལམ་གྱི་གཞི་རྟེན་དམ་ཚིག་སྡོམ་པ།
འོན་ཀྱང་དངོས་གྲུབ་རྣམ་གཉིས་ཀྱི།
།གཞི་རྟེན་དམ་ཚིག་སྡོམ་པ་སྟེ།།
རྩ་བ་ཆུ་མཚོ་སྐམ་གྱུར་ན། །རླབས་ཀྱི་ཕྲེང་བ་གང་ལས་བྱུང་།།༡༢༧།།
གསང་སྔགས་ཀྱི་ཆོས་ལུ་མཐུ་དང་ནུས་པ་མ་འདྲཝ་ལེ་ཤ་ཡོད་
ཨིན་རུང་ནུས་པ་དེ་ཚུ་ཐོབ་པ་ལུ་ དང་པོ་རང་ མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་
ཧམ་པ་གཉིསཔ་དེ་རང་ལུ་ཐོབ་དགོཔ་ཨིན། དེ་འཐོབ་པ་ལུ་ གསང་སྔགས་ཀྱི་དམ་ཚིག་སྡོམ་པ་དེ་ཚུ་
ལེགས་ཤོམ་སྦེ་བསྲུང་དགོ་ དེ་མ་བསྲུང་པ་ཅིན་ དངོས་གྲུབ་ཧམ་པ་གཉིསཔ་དེ་རང་ལུ་མི་འཐོབ།
དཔྱེ་འབད་བ་ཅིན། རྒྱ་མཚོ་དེ་ལུ་ རྩ་བ་ངོ་མ་ཆུ་ཁོ་རང་སྐམ་སོང་པ་ཅིན་
རྦ་རླབས་ཀྱི་རིམ་པ་དེ་ཚུ་ག་དེ་སྦེ་འབྱུང་ནི། མི་འབྱུང་དོ་བཟུམ་ཅིག་ཨིན།།
ཤུགས་ལས་བྱུང་བའི་
ཞེན་ཆགས་མེད་པའི་སྤྱོད་པ་།
དེ་ཉིད་རིག་པའི་རྣལ་འབྱོར་པ།
།འདོད་ལ་སྤྱོད་ཀྱང་ཞེན་པ་མེད།།
ཉ་ནི་ཆུ་གཏིང་ཟབ་མོ་ན། །འགྱུ་ཡང་ཆུ་ཡིས་འཚུབ་མི་འགྱུར།།༡༢༨།།
ཚིག་གནད་མཆན་འགྲེལ། དེ་ཉིད། ཆོས་ཀྱི་གནས་ལུགས། རིག་པ། ཤེས་ནི་ཧ་གོ་ནི། རྣལ་འབྱོར་པ། ཆོས་ཀྱི་ཉམས་ལེན་པ།
འདོད། ཟ་ནི་འཐུང་ནི་ལ་སོགས་པའི་འཇིག་རྟེན་པའི་ལོངས་སྤྱོད།
འགྱུ། འཕྱག་འཕྱུག་སྦེ་འགྱོ་ནི།
འཚུབ། གནོད་པ།
ཆོས་ཀྱི་གནས་ལུགས་མཁྱེན་པའི་ཉམས་ལེན་པ་དེ་ཚུ་
ཟ་ནི་འཐུང་ནི་ལ་སོགས་པའི་ འཇིག་རྟེན་པའི་བདེ་བ་ ག་དེམ་ཅིག་ལག་ལེན་འཐབ་སྟེ་འབད་རུང་
དེ་ལུ་ཞེན་ཆགས་རྩ་ལས་རང་མེད་ནི་དེ་གིས་ དེ་ལུ་ལག་ལེན་འཐབ་ཙམ་ཅིག་གིས་
ཁོང་ལུ་གནོད་པ་སྦོམ་ཅིག་ག་ནི་ཡང་མེདཔ་ཨིན། དཔྱེ་འབད་བ་ཅིན། ཉ་དེ་ཚུ་ཆུའི་གཏིང་ཟབ་སར་ འགྱོ་སྟེ་འབད་རུང་
ཆུ་གིས་ག་ནི་ཡང་གནོད་མི་ཚུགས་དོ་བཟུམ་ཅིག་ཨིན།།
ཉོན་མོངས་ལམ་ཁྱེར།
ཆགས་སོགས་ཉོན་མོངས་ཉེས་པ་རྣམས།
།ཉོན་མོངས་ལམ་བྱེད་ཉིད་ཀྱིས་འཇོམས།།
རྣ་བར་ཆུ་སོན་ཆུས་འབྱིན་ཞིང་། །མེས་ཚིག་མེ་ཡི་གདུང་བས་ཞི།།༡༢༩།།
ཚིག་གནད་མཆན་འགྲེལ། ཉོན་མོངས་ལམ་བྱེད། རང་གི་རྒྱུད་ལུ་ཡོད་པའི་ཉོན་མོངས་པ་དེ་ཚུ་སྤང་ཐང་མ་འདྲཝ་གསུམ་དེ་ཅིག་ཡོདཔ་ཨིན།
དེ་ཡང་དཔྱེ་འབད་བ་ཅིན། དུག་སྦྲུལ་ཀོབ་ར་འོང་སར་མཐོངམ་ད་
༡ཐབས་དང་གནས་སྐབས་མེད་པའི་མི་དེ་ཚུ་
འདྲོག་སྟེ་ས་ཐག་རིང་ས་ལས་བསྐོར་ཏེ་འགྱོ་ནི་དང་། ༢ཐབས་དང་གནས་སྐབས་ཆུང་ཀུ་ཅིག་ཡོད་མི་ཅིག་འབད་བ་ཅིན་
གླ་རྩི་དང་ཏམ་ཁུ་ལ་སོགས་པ་དེ་ཚུ་འབག་ཞིནམ་ལས་
དུག་སྦྲུལ་གྱིས་སོ་བཏབ་མ་ཚུགསཔ་བཟོ་ནི། ༣ཐབས་ལ་མཁས་པའི་སྨན་པ་དྲུང་འཚོ་གཅིག་འོངས་པ་ཅིན་
དུག་སྦྲུལ་དེ་གི་སོའི་བར་ན་གི་དུག་འདི་བཏོན་ཞིནམ་ལས་
སྨན་ག་ནི་བ་ལེགསཔ་ཅིག་བཟོ་དོ་བཟུམ་སྦེ། ཉོན་མོངས་སྤང་ཐངས་ལུ་ཡང་
༡ཉོན་མོངས་ལུ་འདྲོག་སྟེ་ འབྲེལ་བ་མ་འཐབ་པར་སྡོད་ནི།
༢གཉེན་པོ་བྱམས་པ་ལ་སོགས་པ་བསྟེན་ཏེ་ ཉོན་མོངས་པ་མེདཔ་བཟོ་ནི།
༣ཉོན་མོངས་ཡེ་ཤེས་ལུ་བསྒྱུར་ཏེ་ ལམ་བསྒྲུབ་པའི་ཆ་རོགས་སྦེ་བསྟེན་ནི་གསུམ་ལས་
ཉོན་མོངས་ལམ་བྱེད་ཟེར་མི་འདི་ཐ་མ་འདི་ཨིན། འབྱིན།
བཏོན་དེ་གཏང་ནི། མེའི་གདུང་བ།
མེའི་དྲོད་ལུ་བརྟེན་ཏེ་བྱུང་མི་སྡུག་བསྔལ།
འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྐྱོན་དེ་ཚུ་
ལཱ་ཁག་སྦེ་ ལོགས་སུ་སྦེ་སྤོང་མི་དགོ་པར་ ཉོན་མོངས་ཡེ་ཤེས་ལུ་བསྒྱུར་བའི་
ཉོན་མོངས་ལམ་བྱེད་ཀྱི་ཐབས་ལམ་དེ་གིས་ འཇོམས་ཏེ་གཏང་ཚུགསཔ་ཨིན། དཔྱེ་འབད་བ་ཅིན། རྣམ་ཅོག་ནང་ཆུ་འཛུལ་སོང་མི་སྡུག་བསྔལ་དེ་
ལོག་སྟེ་ཆུ་གིས་བཏོན་ནི་དང་། མེས་གིས་འཚིག་སོང་པའི་ན་ཚ་སྡུག་བསྔལ་དེ་ བསྲེག་ཁབ་ལ་སོགས་པའི་མེའི་ཚ་དྲོད་ལུ་བརྟེན་ཏེ་སེལ་དོ་བཟུམ་ཅིག་ཨིན།།
ལེགས་བཤད་འདི་གི་ཁྱད་ཆོས།
རྩྭ་རྩེའི་ཟིལ་པ་རེ་རེར་ཡང་།
།ཟླ་བའི་གཟུགས་བརྙན་སྣང་བ་བཞིན།།
དཔེ་ཡི་རིམ་པ་རེ་རེས་ཀྱང་། །འཁོར་འདས་ཆོས་ཀུན་མཚོན་པར་ངེས།།༡༣༠།།
རྩྭའི་རྩེ་མོ་ལུ་ཆགས་ཏེ་ཡོད་པའི་ཟིལཔ་
ཕུད་རྡོག་རེ་རེ་ལུ་ཡང་ ནམ་མཁའ་ཟླ་བའི་གཟུགས་བརྙན་དྭངས་ཁྲོད་ཁྲོད་སྦེ་
མཐོང་ཚུགས་དོ་བཟུམ་སྦེ་ ད་ལྟོ་གོང་ལུ་དཔེའི་རིམ་པ་བརྒྱ་དང་སུམ་ཅུ་དེ་ཅིག་བཤད་དེ་ཡོད་མི་
རེ་རེ་གིས་ཡང་ འཁོར་བའི་ཆོས་དང་ འཁོར་བ་དེ་ལས་འདས་པའི་མྱང་འདས་ཀྱི་ཆོས་ ག་ར་གསལ་རིལ་རིལ་སྦེ་བཏོན་ཚུགས་མི་ཅིག་ཨིན།།
ལེགས་བཤད་འདི་གི་དཔེ།
འཇིག་རྟེན་ཡ་རབས་སྤྱོད་པ་ནས།
།མདོ་སྔགས་ལམ་གྱི་རིམ་པའི་བར།།
དཔེར་བྱ་གཅིག་གིས་མཚོན་པ་འདི། །ལེགས་བཤད་འཁྲུལ་གྱི་རྒྱ་མཚོ་ཨིན།།༡༣༡།།
འཇིག་རྟེན་ཡ་རབས་སྤྱོད་པ་འབད་ཐངས་ལས་འགོ་བཟུང་སྟེ་
མདོ་མཚན་ཉིད་ཐེག་པ་དང་ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་དེ་གི་བར་ན་གི་
སྐྱོན་དང་ཡོན་ཏན་གྱི་ཆ་ཤས་དེ་ཚུ་ དཔྱེ་ཆུ་རྐྱངམ་ཅིག་གིས་མཚོན་ཏེ་སྟོན་མི་
ལེགས་བཤད་ཆུའི་བསྟན་བཅོས་འདི་ མ་གཞི་རྒྱ་མཚོ་བཟུམ་ཅིག་ཨིན་ དེ་འབདཝ་ད་
རང་བཞིན་གྱིས་གྲུབ་པའི་རྒྱ་མཚོ་མེན་པར་
བཟོ་བའི་རྫུ་འཕྲུལ་ལས་བརྟེན་ཏེ་གྲུབ་གྲུབ་པའི་རྒྱ་མཚོ་བཟུམ་ཅིག་ཨིན།།
ལེགས་བཤད་འདིའི་བྱུང་ཚུལ།
ལོངས་སྤྱོད་འཁོར་ལོའི་ཆུ་གཏེར་ན།
།དབྱངས་ལྡན་ངང་མོ་རྣམ་རོལ་བ།།
དེ་ཡི་ཁ་ལས་ལེགས་བཤད་ཀྱི། །རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ།།༡༣༢།།
ཚིག་གནད་མཆན་འགྲེལ།
ལོངས་སྤྱོད་འཁོར་ལོ། གསུངས་དབྱངས་གང་ལ་གང་འདོད་འབྱུང་སའི་གཞི་
མགྲིན་པ་ལུ་ཡོད་པའི་རྩའི་འཁོར་ལོ། ཆུ་གཏེར།
རྒྱ་མཚོ། རྣམ་རོལ། དགའ་སྤྲོ་བསྒྱུར་ནི།
རྒྱ་མཚོ་ནང་ལུ་
བྱ་ངང་པ་དེ་ཚུ་དགའ་སྤྲོ་བསྒྱུར་ཏེ་རྩེདམ་རྩེཝ་ད་ལུ་
ཆུའི་རྦ་རླབས་གཅིག་ཤུལ་གཉིས་ཤུལ་སྦེ་བྱུང་དོ་བཟུམ་སྦེ་
མགྲིན་པ་ལོངས་སྤྱོད་ཀྱི་རྩའི་འཁོར་ལོ་ནང་ལས་
གསུངས་དབྱངས་སྙན་པའི་དགའ་སྤྲོ་བསྒྱུརཝ་ད་ལུ་ འདི་ཕྱི་གཉིས་ལུ་ཕན་པའི་ལེགས་བཤད་
ག་ཅི་བཟུམ་ཡང་འཐོན་དོ་གོ།།
ལེགས་བཤད་འདི་གི་སྨོན་ཚིག
གང་ཡང་བདག་བློའི་ཆུ་གཏེར་ལས་འཁྲུངས་ལེགས་བཤད་གསར་པའི་ཟླ་བ་ནི།།
འཇིག་རྟེན་རྨོངས་པའི་མུན་འཕྲོག་སྙིང་གི་གདུང་སེལ་བསིལ་བའི་རེག་པ་ཅན།།༡༣༣།།
དེ་ཡི་དགེ་བས་ས་གསུམ་རྣམ་དཀར་འོད་ཀྱི་གོས་བཟང་འཛིན་པ་དེར།།
སྐྱེ་དགུའི་ལེགས་བྱས་བློ་དང་ལྷན་ཅིག་བསྟན་པའི་ཆུ་གཏེར་རྒྱས་གྱུར་ཅིག།༡༣༤།།
ག་དེ་སྦེ་ཨིིན་རུང་
བདག་གི་བློ་གྲོས་རྒྱ་མཚོ་བཟུམ་འདི་ལས་འཁྲུངས་པའི་ ལུགས་གཉིས་བླང་དོར་གྱི་ལེགས་བཤད་
ཧེ་མ་མེད་པའི་ཟླ་བ་གསརཔ་ཉ་གང་གངམ་བཟུམ་འདི་གིས། འཇིག་རྟེན་པ་དེ་ཚུ་གི་
བླང་དོར་ལུ་རྨོངས་པའི་མུན་པ་འཕྱོག་ཞིནམ་ལས་ ཧིང་གི་སྡུག་བསྔལ་ག་ར་སེལ་བའི་
བསིལ་བའི་རེག་བྱ་བྱིན་པའི་དགེ་བ་ཆུང་ཀུ་གཅིག་ཐོབ་མི་འདི་ལུ་བརྟེན་ཏེ། ཟླ་འོད་དཀར་པོའི་གོས་དཀར་གྱོན་པ་དང་འདྲ་བའི་
ལེགས་བཤད་འདི་གི་རྣམ་དཀར་དགེ་བ་འདི་གིས་ཁྱབ་པའི་ས་འོག་ས་སྟེང་ས་བླ་གསུམ་ནང་ལུ། སྐྱེ་བོ་ཀུན་གྱི་རྒྱུད་ལུ་
ལེགས་བྱས་དགེ་བའི་བློ་བསྐྱེད་ནི་དང་ཅིག་ཁར་ སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་བཟུམ་འདི་
དུས་དང་རྣམ་པར་ཀུན་ཏུ་རྒྱས་གྱུར་ཅིག། །།
No comments:
Post a Comment