Thursday, August 28, 2014

འབྱུང་རྩིས་སྔོན་འགྲོ་ཀུན་གསལ་གློག་མེ།

༄༅། །བློ་གྲོས་ཟིལ་དངར་རབ་རྒྱས་པའི། །མཁྱེན་རབ་དབང་ཕྱུག་པདྨའི་ཚལ།།
བདག་བློ་བུང་བའི་རྒྱན་ཉིད་དུ། །དུས་དང་རྣམ་ཀུན་རྒྱས་པར་མཛོད།།
 ཉི་ཟླའི་འོད་ཟེར་གསལ་ན་ཡང་། །དུས་ཀུན་བརྟན་པར་མི་བཞུགས་ཤིང་།།
བྱང་བསྟན་བྲག་ལ་མི་འཕོག་ཕྱིར། །ཀུན་གསལ་བློ་མེ་སྦྱིན་པར་བྱ།།

༼རུས་སྦལ་རྣམ་པ་ལྔའི་འགྲེལ་བཤད།༽ གནས་ཆགས་སྲིད་སྤྲུལ་བཤད་པ་ཡི། །རུས་སྦལ་རྣམ་པ་ལྔ་པོ་ལས། །ཆོས་དབྱིངས་འགྱུར་བ་མེད་པ་འདི། །གནས་པའི་རུས་སྦལ་ཞེས་སུ་གྲགས། །དེ་ལས་འཇིག་རྟེན་ཆགས་པ་དེ། །ཆགས་པའི་རུས་སྦལ་ཞེས་སུ་བཏགས། །ཆགས་ནས་ཡུན་རིང་གནས་པ་དེ། །སྲིད་པའི་རུས་སྦལ་བྱ་བ་ཡིན། །དེ་གསུམ་རུས་སྦལ་དངོས་མིན་པར། །དབྱིངས་དང་ཆགས་གནས་གསུམ་དེ་ཡིན། །ལོ་དང་སྤར་སྨེ་མཚོད་བྱེད་ཀྱི། །རུས་སྦལ་གཟུགས་དེ་སྤྲུལ་པ་ཡིན། །དེ་ཉིད་མཛུབ་མོའི་སྟེང་སྦྱར་ནས། །འགྲེལ་བཤད་བྱེད་པ་བཤད་པ་ཡིན།།
༼སྤྲུལ་པའི་རུས་སྦལ་གྱི་གནས་སྟངས་དང་། དེ་ལ་བཤད་པའི་རུས་སྦལ་སྦྱར་ཚུལ།༽ དེ་ཕྱིར་སྤྲུལ་པའི་རུས་སྦལ་དེ། །གན་རྐྱལ་དག་དུ་གནས་པ་ཡི། །མགོ་བོ་ལྷོར་བསྟན་མེ་ཡི་ཁམས། །མཇུག་མ་བྱང་བསྟན་ཆུ་ཡི་ཁམས། །གློ་གཡས་ཤར་བསྟན་ཤིང་གི་ཁམས། །གློ་གཡོན་ནུབ་བསྟན་ལྕགས་གི་ཁམས། །ཡན་ལག་མཚམས་བཞི་ས་ཡི་ཁམས། །དེ་ཉིད་བཤད་པའི་རུས་སྦལ་དང་། །སྦྱར་ནས་བརྩི་ན་འདི་ལྟ་སྟེ། །མཛུབ་མོ་ལྔ་པོ་རིམ་པ་བཞིན། །ཤིང་མེ་ས་ལྕགས་ཆུ་རུ་བཞག  །དེ་དག་ལྔ་པོ་གང་ཡང་རུང་། །གཅིག་ལ་ངོས་འཛིན་བྱེད་དེ་རང་། །སྔོན་དེ་མ་དང་འོག་དེ་བུ། །ཨ་རྒས་དགྲ་ལ་ཚ་བོ་གྲོགས།། དེ་ལ་བརྩི་བྱ་རྩི་བྱེད་ཀྱི། །གཙུག་ལག་ཐམས་ཅད་གྲུབ་པ་ཡིན།།
༼འབྱུང་བ་ལྔའི་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། བྱེད་ལས།༽ བརྟག་ན་དབེན་ཕྱིར་མ་གྲུབ་པ། །འབྱུང་བ་དེ་ཡི་ངོ་བོ་ཡིན། །དེ་ལས་ཆགས་གནས་འབྱུང་བ་དེ། །འབྱུང་བ་ལྔ་ཡི་ངེས་ཚིག་ཡིན། །དབྱེ་བ་ལྔ་འམ་དེ་ཡི་སྟེང་། །མཁའ་རླུང་རི་བསྟན་བརྒྱད་ཀྱང་སྲིད། །ཤིང་སོགས་རིམ་བཞིན་གཡོ་སྲེག་དང་། །སྲ་གཅོད་བརླན་ལྔ་མཚན་ཉིད་ཡིན། བྱེད་ལས་མ་འཁྲུག་བདེ་སྟེར་ཞིང་། །འཁྲུག་ན་ན་འཆིའི་སྡུག་བསྔལ་བསྐྱེད། །བདེ་སྡུག་ཕལ་ཆེར་འབྱུང་བས་བྱེད། །དེ་བསལ་ཕྱིར་ན་བརྩི་འདི་གཅེས།།

༼བརྩི་ཐབས་མདོར་བསྡུས།༽ དེ་ལ་མེད་ཐབས་མེད་པ་ཡི། །བརྩི་ཐབས་བསྡུ་ན་བཅུ་གཅིག་སྟེ། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །གཟའ་སྐར་དར་རྒུད་དགུ་དུར་རོ།།

༼རྒྱས་བཤད་ལས་དང་པ་ལོའི་སྐོར།༽
༈ ལོ་ལ་དཀྱུས་ལྡོག་རྣམ་པ་གཉིས། །དཀྱུས་མ་ལོ་འགྲོས་བཅུ་གཉིས་ཏེ། །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ།།
༈ དེ་དག་སོ་སོའི་གནས་ལུགས་ཀྱང་། །རུས་སྦལ་གན་རྐྱལ་གནས་པ་དེའི། །ཕྱོགས་བཞིར་གཉིས་གཉིས་མཚམས་རེ་རེ། །ཤར་དུ་སྟག་ནས་འགོ་བཟུང་སྟེ། །བྱང་ཤར་གླང་གི་བར་དུ་དང་། །ལག་གཡོན་མཛུབ་མོ་བཞི་པོ་ལའང་། །རིམ་པ་དེ་དང་མཐུན་པར་བཀོད།།
༼སྲོག་ཁམས་འཚོལ་ཐངས།༽ ལོ་དེའི་སྲོག་ལུས་དབང་ཀླུང་ལས། །སྲོག་ནི་གནས་ཕྱོགས་འབྱུང་དེ་ཡིན། །སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །གླང་ལུ་ཁྱི་འབྲུག་བཞི་སྲོག་ས། །སྲོག་གི་མ་ནི་བླ་རུ་གྲགས།།
༼དབང་ཐང་འཚོལ་ཐངས།༽ ལུས་ཁམས་འཚོལ་བ་དབང་ཐང་ཁམས། །དགོས་པས་ཐོག་མར་དེ་བཤད་བྱ། །ཕོ་ལོ་གནམ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ།། ༈ མོ་ལོ་གནམ་ལོ་ཤར་བའི་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་དང་བཅུ་ནི་བུ་ཡིན་ནོ།།
༼ལུས་ཁམས་འཚོལ་ཐངས།༽ དེ་ནས་ལུས་ཀྱི་ལྡེ་མིག་ནི། །སྟག་ཡོས་བྱ་སྤྲེལ་ཁམ་ནས་བརྩི། །གླང་ལུག་རྟ་བྱི་ཟིན་ནས་བརྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ནས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་ལུས་གཉིས་བབ་ས་བསྟུན།།
༼ཀླུང་རྟ་འཚོལ་ཐངས།༽ སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ།།

༈ ལྡོག་པ་ལེག་མེན་བསྐོར་ཚུལ་ནི། །སྐྱེས་པ་སྟག་ནས་གཡས་བསྐོར་དང་། །བུད་མེད་སྤྲེལ་ནས་གཡོན་བསྐོར་དུ། །རང་གི་ལོ་གྲངས་བར་དུ་བརྩི། །སྐྱེས་པ་རང་ནས་བུ་དེད་དང་། །བུད་མེད་རང་ནས་མ་དེད་བགྲང་།།

གཉིས་པ་ནས་བཞི་པའི་བར་གྱི་ཟླ་ཞག་དུས་ཚོད་ཀྱི་སྐོར།
༈ གཉིས་པ་ཟླ་བ་བཅུ་གཉིས་ལས། །ལོ་འགྲོས་བཅུ་གཉིས་མཛུབ་མོའི་སྟེང་། །བཅུ་གཅིག་སྟག་ཟླ་ཡིན་པ་ནས། །ཟླ་གྲངས་དེད་ནས་རིམ་བཞིན་བརྩི། །གསུམ་པ་ཚེས་གྲངས་སུམ་ཅུ་ལ། །ལོ་རྟགས་འཁོར་ཚུལ་འདི་ལྟ་སྟེ། །ཕོ་ཟླ་སྟག་གིས་འགོ་བཟུང་ཞིང་། །མོ་ཟླ་སྤྲེལ་གྱིས་འགོ་བཟུང་བརྩི། །༈ བཞི་པ་ཆུ་ཚོད་ཉེར་བཞི་པོ། །མཛུབ་མོའི་ལོ་ལ་གཉིས་གཉིས་སྦྱར། །ཡོས་ལ་ལྔ་དྲུག་འབྲུག་བདུན་བརྒྱད། །སྦྲུལ་ལ་དགུ་བཅུ་ལ་སོགས་སྦྱར།།

༈ ཟླ་ཞག་དུས་ཀྱི་དབང་ཐངས་ཁམས། །གནམ་ལོ་མ་ལ་ཟླ་བ་བུ། །ཟླ་བ་མ་ལ་ཞག་ནི་བུ། །ཞག་ནི་མ་ལ་དུས་ཚོད་བུ།། ༈ ཟླ་བ་སྟག་ནས་འགོ་བཟུང་ཞིང་། །ཞག་ནི་སྟག་སྤྲེལ་གང་རུང་ནས། །དུས་ཚོད་ཡོས་ནས་འགོ་བཟུང་ཚེ། །ལོ་ཟླ་དབང་ཐང་གཉིས་སྦྲགས་ལ། །ཞག་དང་དུས་ཚོད་རྐྱང་པར་དེད།།
༼ཟླ་ཞག་དུས་ཀྱི་དབང་ཁམས་འཚོལ་ཐངས་ནི། གནམ་ལོ་ལྕགས་སྟག་ཟླ་བ་༦པའི་ཚེས་༥། ཉིན་གུང་ཆུ་ཚོད་༡༢ཡིན་པའི་དབང་དུ་བཏང་ན། དང་པ་རང་ཟླ་བའི་ལོ་རྟགས་ངོས་བཟུང་དགོས། དེའི་བརྩི་ཚུལ་ནི། ལག་པའི་མཛུབ་ཚིག་གི་སྟེང་ལུ་ལོ་རྟགས་བཅུ་གཉིས་བཀོད་དེ་ཡོད་མི་དེ་ལུ། སྟག་ལུ་ཟླ་བ་བཅུ་གཅིག་སྦེ་རྩིས། དེ་ལས་རིམ་པ་བཞིན་དུ། ཡོས་ལུ་བཅུ་གཉིས། འབྲུག་ལུ་ཟླ་བ་དང་པ་པ་སོགས་རིམ་པ་བཞིན་དུ་བརྩིཝ་ད་ ཟླ་བ་དྲུག་པ་དེ་ བྱ་ལུ་འཕོག་ཆིཝ་ལས་ཟླ་བ་དྲུག་པའི་ལོ་རྟགས་བྱ་སྦེ་བཞག་ནི་ཨིན། ༈ དེ་ལས་ཟླ་བ་དྲུག་པ་དེ་གི་ཁམས་འཚོལ་ཚུལ་ནི། གནམ་ལོའི་དབང་ཁམས་ལྕགས་ཨིནམ་ལས། ལྕགས་བུ་ཆུ་ཟེར་སླབ་སྟེ། མཛབ་མོ་ལྔའི་ཆུང་ཤོས་ཆུ་ཁམས་དེ་ལུ་བཟུང་། དེ་ལས་མཛུབ་མོ་དེ་གི་མདུན་ལུ་སྟག་དང་རྒྱབ་ལུ་ཡོས་ཟེར་ མཛུབ་མོ་རེ་རེ་ལུ་ ཁམས་གཉིས་གཉིས་སྦེ་བརྩི་སྟེ་འགྱོ་བའི་ཚེ། སྤྲེལ་བྱ་གཉིས་པོ་འདི་མཛུབ་མོ་རིང་ཤོས་ ས་ཁམས་འདི་ལུ་འཕོག་ཆིཝ་ལས་ ཟླ་བ་དྲུག་པའི་ཁམས་དེ་ས་ཨིན་མས། དེ་འབདཝ་ལས་ཟླ་བ་དྲུག་པ་ས་བྱ་སྦེ་བཞག་ནི་ཨིན།
༈ ཚེས་ཀྱི་ལོ་རྟགས་འཚོལ་བའི་ཚེ། ཟླ་བ་དེ་ ཕོ་ཟླ་མོ་ཟླ་གང་ཡིན་བལྟ་དགོ། ད་ལྟོ་ཟླ་བ་དྲུག་པ་མོ་ཟླ་ཨིནམ་ལས་བརྟེན། ཚེས་གཅིག་ལུ་སྤྲེལ་ལས་འགོ་བཙུགས་དགོ། དེ་ཡང་ལག་པའི་མཛུབ་ཚིག་གི་སྟེང་ལུ་ཡོད་མི་ སྤྲེལ་དེ་ལས་འགོ་བཟུང་སྟེ་ལོ་རྟགས་རེ་རེ་ལུ་ཚེས་རེ་སྦེ་བརྩིཝ་ད་ ཚེས་ལྔ་འདི་ བྱི་བ་ལུ་འཕོག་མཆིཝ་ལས་དེ་ལུ་མཚམས་བཞག་སྟེ་ ཚེས་ལྔའི་ལོ་རྟགས་བྱི་བ་སྦེ་བཞག་ནི་ཨིན། དེ་བཟུམ་སྦེ་ཟླ་བ་ཕོ་ཟླ་ཨིན་པ་ཅིན། མཛུབ་ཚིག་གི་སྟག་ལས་འགོ་བཟུང་སྟེ་རིམ་བཞིན་བརྩི་དགོ། ༈ ཁམས་འཚོལ་བའི་ཚེ་ ཟླ་བ་ས་ཁམས་ཨིནམ་ལས་བརྟེན། ས་བུ་ལྕགས་ཟེར་སླབ་སྟེ་ མཛུབ་མོ་ལྕགས་ཁམས་དེ་ལུ་བཟུང་དགོ དེ་ལས་འགོ་བཟུང་སྟེ། མཛུབ་མོ་རེ་རེ་ལུ་ ཚེས་རེ་འགྱང་སྟེ་འགྱོཝ་ད་ ཚེས་ལྔ་ལུ་ མཛུབ་མོ་ས་ཁམས་དེ་ལུ་ལྷོད་ནི་དེ་གིས་ ཚེས་ལྔ་དེ་ས་ཁམས་ཨིནམ་ལས་ ཞག་དེ་ས་བྱི་ཨིན་མས། ཞག་དང་དུས་ཚོད་རྐྱང་པ་བརྩི་དགོ་ནི་དེ་གིས་ དེ་གཉིས་ཀྱི་སྐབས་ལུ་མཛུབ་མོ་རེ་རེ་ལུ་ཁམས་གཉིས་གཉིས་མ་བརྩི་བར་རེ་རེ་སྦེ་བཞག་དགོ།
༈ དེ་ལས་དུས་ཚོད་ཀྱི་ལོ་རྟགས་འཚོལཝ་ད་ དུས་ཚོད་ཀྱི་འགོ ནམ་ལངས་ཡོས་ཀྱི་ཆུ་ཚོད་ལྔ་ལས་འགོ་བཙུགས་ནི་འདི་གིས་ ལག་པའི་ཚིག་ལུ་ལོ་རྟགས་བཅུ་གཉིས་བཀོད་དེ་ཡོད་མི་དེ་གི་ ཡོས་ལུ་ཆུ་ཚོད་ལྔ་པ་དང་དྲུག་པ། འབྲུག་ལུ་བདུན་པ་དང་བརྒྱད་པ་སོགས་ ལོ་རྟགས་རེ་རེ་ལུ་ཆུ་ཚོད་གཉིས་རེ་སྦེ་བརྩིཝ་ད་ བཅུ་གཅིག་དང་བཅུ་གཉིས་ གཉིས་པོ་འདི་རྟ་ལུ་ལྷོད་ནི་དེ་གིས་ ཆུ་ཚོད་བཅུ་གཉིས་འདི་རྟ་ཨིན་མས། ༈ དེ་ལས་དེ་གི་ཁམས་འཚོལཝ་ད་ ཞག་གི་ཁམས་ས་ཨིན་ནི་དེ་གིས་ ས་བུ་ལྕགས་ཟེར་སླབ་སྟེ། མཛུབ་མོ་ལྕགས་ཁམས་དེ་ལུ་བཟུང་དགོ། དེ་ལས་མཛུབ་མོ་ལྕགས་ཁམས་དེ་ལུ་ ཡོས་སྦེ་རྩིས་ཞིནམ་ལས་མཛུབ་མོ་རེ་རེ་ལུ་ལོ་རྟགས་རེ་རེ་རྩིས་ཏེ་འགྱོ་ནི་ཨིན དེ་སྦེ་འགྱོཝ་ད་ རྟ་དེ་མཛུབ་མོ་མེ་ཁམས་དེ་ལུ་ལྷོད་ནི་དེ་གིས་ ད་ལྟོ་དུས་ཚོད་ཀྱི་ཁམས་དེ་མེ་ཁམས་ཨིནམ་དང་། དུས་ཚོད་འདི་མེ་རྟ་ཨིན་མས།།༽

༼ལོ་གཅིག་གི་དུས་བཞི་དང་ཟླ་བའི་ར་འབྲིང་ཐ་གསུམ།༽ དུས་བཞི་དཔྱིད་དབྱར་སྟོན་རྒུན་བཞི། །རེ་རེར་ར་འབྲིང་ཐ་གསུམ་ཕྱེ། །བཅུ་གཅིག་དཔྱིད་ཟླ་ར་བ་ནས། །བཅུ་པ་སྟོན་ཐ་བར་དུ་སྦྱར།།
ཉ་སྐར་ཟླ་བའི་ཐ་སྙད་ཀྱང་། །དཔྱིད་ཟླ་ར་བ་བཅུ་གཅིག་ནས། །མགོ་རྒྱལ་མཆུ་དབོ་ནག་པ་དང་། །ས་ག་སྣྲོན་དང་ཆུ་སྟོད་དེ། །གྲོ་བཞིན་ཁྲུམས་དབྱུག་སྨིན་དྲུག་རྣམས། །རིམ་བཞིན་སྦྱར་ནས་ཤེས་པར་བྱ།།





ལྔ་པ་སྤར་ཁ་བརྒྱད་ཀྱི་སྐོར།
༈ ལྔ་པ་སྤར་ཁ་བརྒྱད་པོ་དེ། །ཕྱོགས་མཚམས་བརྒྱད་ལ་རེ་རེ་བཀོད། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིན་རི་དང་། །ཟིན་ཤིང་ཟོན་རླུང་སྤར་ཁ་བརྒྱད། །མཁའ་རི་རླུང་ཡང་སར་བསྡུས་པས། །མདོར་དོན་འབྱུང་བ་ལྔ་རུ་འགྱུར།།
༼བབ་སྤར་བརྩི་ཚུལ།༽  སྐྱེས་པ་ལི་ནས་ཁོན་ཕྱོགས་སྐོར། །བུད་མེད་ཁམ་ནས་ཁེན་ལ་སྐོར། །བཅུ་ཁ་མ་ལོངས་རེ་རེ་བརྩི། བཅུ་ཁ་ལོངས་ན་ཟུར་ལ་མཆོངས།།
༼སྐྱེས་སྤར་འཚོལ་ཐངས།༽ མ་ལོའི་སྟེང་ནས་བུ་ཡི་ལོས། །འཕྲི་ལྷག་སྟེང་དུ་གཅིག་བསྣན་པའི། །གྲངས་དེར་མ་ཡི་སྤར་ཁ་སྐོར། །གང་བབ་བུ་ཡི་སྐྱེས་སྤར་ཡིན།།
༼སྤར་ཁ་ཚེས་ལ་འཁོར་ཐངས།༽ སྟག་རྟ་ཁྱི་གསུམ་ལི་ཡིས་ཚེས། །བྱི་འབྲུག་སྤེལ་གསུམ་ཁམ་གྱིས་ཚེས། །བྱ་གླང་སྦྲུལ་གསུམ་དྭ་ཡིས་ཚེས། རིམ་བཞིན་དེད་པས་ཚེས་ལ་འཁོར།།

དྲུག་པ་སྨེ་མ་དགུའི་སྐོར།
༈ དྲུག་པ་སྨེ་བ་དགུ་པོ་དེ། །གཅིག་དཀར་གཉིས་ནག་གསུམ་མཐིང་དང་། །བཞི་ལྗང་ལྔ་སེར་དྲུག་དཀར་དང་། །བདུན་དམར་བརྒྱད་དཀར་དགུ་དམར་སྟེ། །དཀར་གསུམ་ལྕགས་ལ་ནག་མཐིང་ཆུ། །བཞི་ལྗང་ཤིང་ལ་ལྔ་སེར་ས། །དགུ་དམར་བདུན་དམར་མེ་ཡིན་ནོ།།
༼སྨེ་བ་བཀོད་ཐང་།༽ དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་ནས་དབུས།།
༼སྨེ་བ་སླར་ཡང་རང་གནས་སུ་འཁོར་གྲངས།༽ གཅིག་བཅུ་བཅུ་དགུ་ཉེར་བརྒྱད་དང་། །སོ་བདུན་ཞེ་དྲུག་ང་ལྔ་དང་། །རེ་བཞི་དོན་གསུམ་གྱ་གཉིས་དང་། །གོ་གཅིག་བརྒྱ་ལ་དབུས་སུ་ཚོགས།།
༼ལུས་ཀྱི་སྨེ་བ་འཚོལ་ཐངས།༽ གནམ་ལོའི་སྨེ་བ་དབུས་བཞག་ནས། །བྱ་འཕུར་ཁོ་ནས་སྨེ་བ་རེར། །བཅུ་ཚན་རེ་རེ་བགྲང་བྱ་ཞིང་། །བཅུ་ཁ་མ་ལོངས་རེ་རེ་བརྩི།།
༼བབ་སྨེ་འཚོལ་ཐངས།༽ སྐྱེས་སྨེ་དབུས་བྱས་རིམ་བཞིན་བཀོད། །སྐོར་ལུགས་དབུས་ནས་ཤར་དུ་ཐོན། །ཕོ་ལོ་དྲུག་པོ་གཡོན་སྐོར་དང་། །མོ་དྲུག་གཡས་སྐོར་དུ་ལོན་བགྲང་།།
༼སྨེ་བའི་སྲོག་ལུས་དབང་ཀླུང་།༽ སྐྱེས་པའི་སྨེ་བ་དབུས་བཞག་པས། །སྲོག་ནི་ལྷོ་ནུབ་མཚམས་ན་གནས། །དབང་ཐང་བྱང་ཤར་ལུས་ནི་དབུས། །མཐུན་གསུམ་ཀླུང་རྟའི་སྲོག་སྨེ་ཀླུང་།།
༼སྨེ་བ་ཚེས་ལ་འཁོར་ཚུལ།༽ སྟག་སྤྲེལ་ཕག་སྦྲུལ་གཅིག་དཀར་ཚེས། །བྱི་རྟ་བྱ་ཡོས་བཞི་ལྗང་ཚེས། །གླང་ལུག་ཁྱི་འབྲུག་བདུན་དམར་ཚེས། །རིམ་བཞིན་དེད་པས་ཚེས་ལ་འཁོར།།

བདུན་པ་གཟའི་སྐོར།
༈ བདུན་པ་གཟའ་ནི་བདུན་པོའི་སྟེང་། །སྒྲ་གཅན་བསྣན་པས་བརྒྱད་ཡིན་ཏེ། །ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་རུ་འདོད། །ཕུར་བུ་སྒྲ་གཅན་རླུང་ཡིན་ལ། །པ་སངས་སྤེན་པ་ས་ཡི་ཁམས།། ༼འབྱུང་རྩིས་ཀྱི་གཟའི་ཁམས་དགོས་མཁོ་མེད་པས་སྐབས་འདིར་གཟའི་ཁམས་འདི་སྐར་རྩིས་ལྟར་དུ་བཀོད་པ་ཡིན།༽
༼གཟའ་བདུན་ཚེས་ལ་འཁོར་ཚུལ།༽ སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་སྟེ། །ཕག་ལུག་ཡོས་གསུམ་ཟླ་བ་དང་། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས།།

བརྒྱད་པ་སྐར་མའི་སྐོར།
༈ བརྒྱད་པ་སྐར་མ་ཉི་ཤུ་བརྒྱད། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་བྲེ་དབོ་མེ་བཞི་ནག ས་རིས་ས་ག་ལྷ་མཚམས་སྣྲོན། །སྣུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་བཅས། །རྒྱུ་སྐ་ཉི་ཤུ་རྩ་བདུན་ཏེ། །བྱི་བཞིན་ཞེས་པ་གྲོ་བཞིན་མཐར། །སྦྱར་བས་ཤི་ཤུ་རྩ་བརྒྱད་འབྱུང་། །སྨིན་དྲུག་ཤ་ནས་འགོ་བཟུང་སྟེ། །ཕྱོགས་ལ་དྲུག་དྲུག་མཚམས་རེ་སྦྱར།།
༼སྐར་མའི་དབང་ཁམས་སྐར་རྩིས་ལྟར་དུ་བྱས་པ།༽ སྨིན་དྲུག་རྒྱལ་དང་མཆུ་དང་བྲེ། །ས་ག་ཁྲུམས་སྟོད་བྲ་ཉེ་མེ། །སྣར་མ་ལྷ་མཚམས་སྣྲོན་ཆུ་སྨད། །གྲོ་བཞིན་བྱི་བཞིན་མོན་གྲུ་ས། །ལག་སྐག་སྣུབས་དང་ཆུ་སྟོད་དང་། །མོན་གྲེ་ཁྲུམས་སྨད་ནམ་གྲུ་ཆུ། །མགོ་དང་ནབས་སོ་དབོ་མེ་བཞི། །ནག་པ་ས་རི་ཐ་སྐར་རླུང་།།☺☺☺

དགུ་པ་དར་རྒུད་ཀྱི་སྐོར།
༈ དར་རྒུད་སྟག་སྤྲེལ་ཕག་སྦྲུལ་ནས། །འགོ་བཟུང་ནས་ནི་བརྩི་བ་སྟེ། །ས་ཆུ་རྣམས་ནི་སྦྲུལ་ནས་དང་། །ཤིང་རྣམས་སྤྲེལ་དང་མེ་རྣམས་ཕག ལྕགས་རྣམས་སྟག་ནས་འགོ་བཟུང་སྟེ། །ལོ་ཟླ་ཞག་དུས་སྟེང་དུ་བཞག།
༈ དབུགས་ལེན་མངལ་གནས་ལུས་རྫོགས་གསུམ། །བཙས་པ་ཁྲུས་བྱེད་གོས་གྱོན་གསུམ། །ལས་བྱེད་དར་བ་གུས་པ་གསུམ། །ན་བ་ཤི་བ་དུར་ཞུགས་གསུམ།། ༈ དར་བ་ལས་བྱེད་བཟང་པོའི་རབ། །ཁྲུས་བྱེད་གོས་གྱོན་བཟང་པོའི་འབྲིང་། །ལུས་རྫོགས་བཙས་པ་བཟང་པོའི་མཐའ། །དབུགས་ལེན་མངལ་གནས་ངན་པའི་རབ། །གུད་པ་ན་བ་ངན་པའི་འབྲིང་། །ཤི་བ་དུར་ཞུགས་ངན་པའི་མཐའ།།

བཅུ་པ་དགུ་མིག་གི་སྐོར།
༼༡༠༽ ༈ དགུ་མིག་རྐྱང་སྦྲགས་སྤར་སྨེ་བཞི། །རྐྱང་པ་སྐྱེས་པ་བྱི་བ་དང་། །བུད་མེད་བྱ་ནས་འགོ་བཟུང་སྟེ། །གཡོན་སྐོར་བགྲང་པའི་དགུ་པ་རྣམས། །དགུ་མིག་ནང་དུ་ཚུད་པ་ཡིན།། ༼དགུ་མིག་བབ་པའི་ལོ་གྲངས།༽ ༩ ༡༨ ༢༧ ༣༦ ༤༥ ༥༤ ༦༣ ༧༢ ༨༡༽
ས་ཆུ་ལོ་དྲུག་བྱི་ནས་དང་། །ཕྱོགས་གསུམ་རང་གི་འོག་མ་ནས། །གཡོན་སྐོར་བགྲང་པའི་དགུ་པ་རྣམས། །སྦྲགས་མའི་དགུ་མིག་ཅེས་སུ་གྲགས།།
ས་བཞི་དང་ཆུ་གཉིས་ཀྱི་ལོ་རྟགས་ཡིན་ན་བྱི་བ་ནས་འགོ་བཙུགས་ནས་བགྲང་དགོས་པ་དང་། ཕྱོགས་གཞན་ཤར་ལྷོ་ནུབ་གསུམ་གྱི་ལོ་རྟགས་དྲུག་པོ་གང་རུང་ཡིན་ན། ལོ་རྟགས་གཉིས་གཉིས་ཡོད་པའི་ནང་ནས་རང་གི་འོག་མ་དེ་ལས་འགོ་བཙུགས་ཏེ་བགྲང་པའི་ཚེ་དགུ་པ་དེ་མཚམས་གྱི་གཤེད་བཞི་ལོ་པ་གླང་ལུག་ཁྱི་འབྲུག་གང་རུང་ལ་བསླེབས་པ་ཡིན་པས་དེ་ལ་སྦྲགས་མའི་དགུ་མིག་ཅེས་བྱ་བ་ཡིན། སྦྲགས་མའི་དགུ་མིག་བབས་པའི་ལོ་གྲངས། ༩ ༢༡ ༣༣ ༤༥ ༥༧ ༦༩ ༨༡ མདོར་ན་རྐྱང་པའི་དགུ་མིག་གི་སྐབས་སུ་ལོ་གྲངས་དགུ་དགུ་བགྲང་ནས་དུར་བཞི་གང་ལ་བབས་ཀྱང་དགུ་མིག་གི་གྲངས་སུ་བརྩི་བ་དང་། སྦྲགས་མའི་དགུ་མིག་ནི་དུར་ས་གཅིག་ཏུ་ངེས་པ་ཡིན་ནོ།
སྤར་ཁ་ཕོ་ལི་མོ་ཁམ་དང་།། ༈ སྨེ་བ་སྐྱེས་སྨེར་བབས་པ་འོ།། ༼སྤར་ཁའི་དུར་མིག་བབས་པའི་ལོ་གྲངས། ༩ ༡༧ ༢༥ ༣༣ ༤༡ ༤༩ ༥༧ ༦༤ ༧༣ ༨༡༽ ༼སྨེ་བའི་དགུ་མིག་བབས་པའི་ལོ་གྲངས། ༡ ༡༠ ༡༩ ༢༨ ༣༧ ༤༦ ༥༥ ༦༤ ༧༣ ༨༢ ༩༡༽

བཅུ་གཅིག་པ་དུར་མིག་གི་སྐོར།
༈ དུར་མིག་སྐོར་འགོ་བབས་ས་གཉིས། །སྦྲགས་མའི་དགུ་མིག་འདྲ་ན་ཡང་། །སྐོར་འགོ་འབྲིང་པོ་བཞི་ཡི་ཁམས། །བརྩི་བྱའི་དབང་ཁམས་མཐུན་པ་དགོས། །དབང་མཐུན་དུར་དེ་རང་དུར་ཆེ། །དུར་དེའི་བདུན་ཟུར་རང་དུར་ཆུང་། །དབང་ཐང་དགྲ་དུར་གཤེད་དུར་ཆེ། །དེ་མཐུན་བདུན་ཟུར་གཤེད་དུར་ཆུང་།། དཔེ་ན་ལོ་གྲངས་ཉེར་གཅིག་དང་། །ལྔ་གཅིག་ཞེ་ལྔ་བཅོ་ལྔའི་སྟེང་། །སླེབས་པ་རང་དུར་ཆེ་ཆུང་དང་། །གཤེད་དུར་ཆེ་ཆུང་རིམ་པར་སྦྱར།།
༼དཔེར་ན་ལོ་གྲངས་མེ་རྟ་ལྟ་བུ་ཞིག་ལ་མཚོན་ན། ལོ་གྲངས་༢༡གི་སྟེང་དུ་མེ་དུར་ཁྱི་ལ་བབ་ཅིང་། དེའི་ཁམས་མེ་ཡིན་པའི་དབང་གིས། མེ་རྟ་ནི་རང་དང་ཁམས་མཐུན་པ་ཡིན་པས་རང་དུར་ཆེ་བ་བཞག ལོ་གྲངས་༥༡ལ་བསླེབས་ཚེ་མེ་དུར་དེ་ཉིད་ ཁྱིའི་བདུན་ཟུར་འབྲུག་ལ་བབ་ཅིང་ འབྲུག་དེའི་ཁམས་མེ་ཡིན་པས་མེ་རྟ་ང་དང་ཁམས་མཐུན་སོང་བའི་དབང་གིས་ ང་དུར་ཆུང་བ་ཞེས་བྱ། ༤༥ལ་སླེབ་ཚེ་སླར་ཡང་མེ་དུར་ཁྱི་ལ་བབ་ཅིང་། དེའི་ཁམས་ཆུ་ཡིན་པས་མེ་རྟ་རང་གི་དགྲ་ལ་སོང་བའི་དབང་གིས་གཤེད་དུར་ཆེ་བ་ཞེས་བྱ། ལོ་གྲངས་༡༥ལ་སླེབ་ཚེ་མེ་དུར་དེ་ ཁྱིའི་བདུན་ཟུ་འབྲུག་ལ་བབ་ཅིང་། དེའི་ཁམས་ཆུ་ཡིན་པས་མེའི་དགྲ་ཁམས་ལ་སོང་བའི་དབང་གིས་གཤེད་དུར་ཆུང་བར་བཞག་པ་ཡིན་ནོ།། སྐབས་འདིར་དུར་མིག་གི་དབང་ཁམས་འཚོལ་ཐངས་ནི། བུད་མེད་ཀྱི་ལོག་མེན་འཚོལ་ཐངས་ལྟར་འཚོལ་དགོས།༽
༈ དྲུག་གསུམ་དུར་གྱི་ཉི་མ་ཞེས། །ཟླ་བ་ཀུན་ལ་གསུམ་གསུམ་ཡོད།།ར་བཞིའི་དུར་རྣམས་གནམ་དུར་དང་། །འབྲིང་བཞི་བར་དུར་ཐང་ཆུང་བཞིའི། །དུར་རྣམས་ས་དུར་ཞེས་བྱ་འོ།།

འབྱུང་རྩིས་ཀུན་གསལ་གློག་མེ་ལས་རེ་ཞིག་ལེའུ་དང་པོ་རྫོགས་སོ།།  །།


ཞེས་པ་འདི་ཡང་ གསང་ཟབ་རིག་གཞུང་མཐོ་སློབ་ཀྱི་སློབ་མ་ དུས་ཀྱི་བྱ་བས་བྲེལ་ནས་ མང་པོ་སྦྱང་ལོངས་མེད་པ་རྣམས་ཀྱི་དོན་དུ་ ཉུང་ངུ་རྣམ་གསལ་གྱི་རྩ་བ་ཞིག་དགོས་མཁོར་མཐོང་ནས་ བསམ་གཏན་མིང་པས་གྲོ་བཞིན་ཟླ་བའི་མང་ངོ་ ༼(7-8-2010) བཟང་པོ་དང་རྒྱལ་བ་གཉིས་པ་སྟེ་ ཉིན་གཉིས་ཀྱི་རིང་ལ་རྫོགས་པར་བགྱིས་པ་འདིས་ཀྱང་སློབ་བུ་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག།

No comments: