Saturday, August 16, 2014

ལོ་ཟླ་ཞག་དུས་ཀྱི་ས་བདག

༄༅། །རྩིས་གཞུང་བཻཌཱུ་དཀརཔོ་ལས་ ལོ་ཟླ་ཞག་དུས་བཞིའི་ས་བདག་གི་ལེའུ་ཉུང་ངུར་བཏུ་བ་
བློ་ཆུང་བྱིས་པ་དགའ་བའི་བུ་རམ་ཞེས་བྱ་བ་བཞུགས་སོ།། །།

༄༅། །ན་མོ་མཉྫུ་ཤྲཱི་ཡེ།།
གདོད་ནས་རྒྱལ་བའི་སར་གཤེགས་ཀྱང་། །སེམས་དཔའ་ཆེན་པོའི་སྒྱུ་འཕྲུལ་གྱིས།།
འགྲོ་ཁམས་ཕན་བདེ་འགོད་པའི་དཔྱིད། །བརྟན་པའི་འཁོར་ལོར་རབ་བསྙེན་ནས།།
རྩིས་གཞུང་བཻ་ཌཱུར་དཀར་ལས། །ལོ་ཟླ་ཞག་དུས་ས་བདག་རྣམས།།
གནས་རྒྱུའི་ངེས་པ་རྒྱ་ཆེའི་ཚོགས། །བློ་ཆུང་དོན་དུ་བཏུ་བར་སྤྲོ།།

གནས་པ་བདུན་ཅུ་རྩ་གཉིས་དང་། །གཏན་དུ་མི་འཕོ་ཉི་ཤུ་གཅིག།
ས་འོག་རིམ་དགུའི་ས་བདག་དགུ། །བཅས་ཏེ་བརྒྱ་དང་གཉིས་པོ་རྣམས།།
ལོ་ཟླ་ཞག་དུས་རྣམ་བཞི་ལ། །ལྟོས་པ་མེད་ཕྱིར་སྤྲོས་པ་བསྐྱུངས།།
ལོ་ལ་ལྟོས་པའི་ས་བདག་ནི།། ༼༡༽ རྗེ་བློན་ཉེར་དྲུག་མ་བུ་འཁོར། །བཅས་ཏེ་ཞེ་ལྔ་དེ་ཡི་སྟེང་།། ༼༢༽ ལོ་ནག་ཆེ་ཆུང་རྣམ་པ་གཉིས།།   ༼༣༽ ནག་མོ་དགུ་སྐོར་ཞེས་བྱ་དང་།།  ༼༤༽ སྨེ་བ་རྩ་བའི་ལྷ་དགུ་དང་།། ༼༥༽ ཕོ་བྲང་ལྷ་ནི་ཞེ་ལྔ་བཅས། །བརྒྱ་དང་བཅུ་ཐམ་ ༼༦༽ སིལ་མ་ཡི། །འགོག་ཀུ་ལྔ་དང་ ༼༧༽ གབ་པའི་ལྷ། །བཅུ་གཉིས་ ༼༨༽ གནམ་ཁྱི་ཕོ་མོ་བཅས། །ཁྱོན་བསྡོམས་བརྒྱ་དང་ཉེར་དགུའོ།།

དང་པོ་ལོ་འཁོར་རྗེ་བློན་ནི། །མ་བུ་འཁོར་བཅས་ཞེ་ལྔ་ལས།། ༼༡༽ ཐེ་སེ་ས་བདག་རྒྱལ་པོ་ནི། །རྒྱལ་པོའི་ཆ་བྱད་དམར་སེར་མདོག །མེན་ཏྲི་དམར་པོའི་སློག་པ་གསོལ། །གསེར་ཁྲིར་འགྱིང་ཞིང་ཟངས་ཁྱུང་བསྣམས། །གང་ཤར་གནམ་ལོ་རྟ་ལ་ཞོན། །གཡོན་སྐོར་ཉི་ལྡོག་མཉམ་དུ་བསྐྱ། །ལས་ནི་ཕོ་བྲང་གནས་གཞི་བརྩིག །ཆེ་འདོན་དམག་ལས་དར་འཕན་འཕྱར། །སྟོན་མོ་ལ་སོགས་གྲལ་དཔོན་ཕྱོགས་། །ཐབ་འཆའ་ཆོས་ཁྲི་འཁར་བག་སྐྱས། །རོ་འདོན་རྒྱལ་པོའི་བྱ་ལས་དང་། །ལམ་འཇུག་དུར་སྤོ་ལ་སོགས་པ། །གསོན་གཤིན་བཡ་ལས་ཕལ་ཆེར་འཛེམ། །ཀོ་ལོང་རྒྱལ་པོ་གྲལ་དབུ་དང་། །གཙོ་བོ་རྩིས་མཁན་སྐྱེས་དར་སྡོམ། །མཁར་ལས་བྱས་ན་བྱེད་མཁན་འཆི། །ཉམས་ད་འབུམ་དང་གླུད་ཀྱིས་བཅོས། །སྒྲིབ་ན་འབྲུ་སྣའི་ཕྱེ་མ་ལ། །ཐེ་སེ་རྒྱལ་པོའི་གཟུགས་བྱས་མགོར། །བྱ་པོ་ཚ་ལུའི་སྒྲོ་བཙུགས་དང་། །རྒྱ་ཤོག་རིན་ཆེན་སྣ་བདུན་བྲིས། །དཀར་གསུམ་མངར་གསུམ་རིན་ཆེན་ལྔ། །བརྡར་བའི་གཏོར་མ་གནས་ཕྱོགས་བཏང་།།
༼༢༽ རྒྱལ་ཡུམ་ཆེན་མོ་ཐེ་ཁྱེམ་ནི། །སྨུག་ནག་དར་དཀར་གུ་ཟུ་གསོལ། །གཡས་གཡོན་བུམ་པ་མེ་ལོང་འཛིན། །ལོ་རེ་བར་བཞག་རྒྱལ་ཕྱིར་འབྲང་། །གཡོན་སཀོར་ཞག་ལྔའི་རྗེས་སུ་བསྐྱ། །རོ་མཁར་གཤིན་ལས་ཕྱི་གཤོར་སེལ། །བག་མ་སྐྱས་ཀྱི་ཕྱོགས་མི་སྟོན། །བཙུན་མོའི་ལ་དང་བུད་མེད་མནའ། །ནལ་ཕྲུག་ཡུགས་སའི་རོ་ལ་ངན། །ཀོ་ལོང་བག་མ་བུད་མེད་ནི། །ཆེ་རྒན་དར་མ་བུ་སྲིང་མོ། །ན་ཆུང་ཆས་བཟང་བྱེ་མ་དང་། །དཔྱད་རྩིས་ཆུང་མ་ཉིད་ལ་སྡོམ། །རོ་སོ་མཁར་ལས་ས་དམིགས་བསྟན། །རྩིས་མཁན་དེ་ཉིད་འཆི་བར་འགྱུར། །ཉམས་ན་ཚེ་ཆོག་སྟོན་ཆེན་འདོན། །སྒྲིབ་ན་ལུག་མགོ་དར་སྣས་བརྒྱན། །གྲོ་ནས་སྲན་ལ་བཙུན་མོའི་གཟུགས། །སྐེ་ལ་གཡུ་བཏགས་དེ་ལ་བསྐྱོན། །ཆུ་བྱའི་སྒྲོ་བཙུགས་ཕྱོགས་བཞག་ཐུབ། །ཆུ་གཏོར་དང་ནི་སྣང་བརྒྱད་འདོན།།
༼༣༽ རྒྱལ་བཙུན་ཆུན་མ་ཧང་ཕན་ནི། །སྐུ་མདོག་དཀར་གསལ་གསེར་འབུམ་འཛིན། །རྒྱལ་པོ་ཉིད་དང་མཉམ་གནས་ཤིང་། །གདན་སྐོར་སྐྱས་ཁྱད་པར་མེད། །ཁྱིམ་གཡི་ཐབ་བཅའ་སྐྱ་བ་དང་། །བག་མ་རོ་དང་གཤིན་གྱི་ལས། །ཁྱད་པར་ཁྱིམ་བདག་མོ་ཡི་རོ། །ལྟད་མོ་ཤོན་དང་ཕོ་བྲང་འཆའ། །དམག་དང་མཁར་ལས་ལ་སོགས་པ། །བཟང་ངན་ལས་ཐབས་ཀུན་ལ་སྡང་། །ཀོ་ལོང་ན་ཆུང་ཆས་བཟང་སྡོམ། །བུ་ཚ་གསོ་དཀའ་ཕུང་འགྱོད་འོང་། །མནའ་མ་རྩིས་མཁན་ཆུང་མ་འཆི། །ཉམས་ན་རྒྱལ་པོ་བཞིན་དུ་བཅོས། །སྒྲིབ་ན་འབྲུ་སྣའི་བཙུན་མོའི་གཟུགས། །སྔོན་མོ་རྨ་བྱའི་སྒྲོ་བཙུགས་ཤིང་། །ལྷ་ལུག་དར་སྣང་བརྒྱན་པས་སྒྲིབ།།
༼༤༽ རྒྱལ་པོའི་སྲས་པོ་ཏེ་སོ་ནི། །སྐུ་མདོག་དམར་པོ་གཡས་གསེར་སྒྲོམ། །གཡོན་ན་ལྕགས་ཀྱི་སྦ་ལྕག་བསྣམས། །མེན་ཏྲི་དམར་པོའི་སློག་པ་གསོལ། །དར་དཀར་དངུལ་གཟན་ཕྲག་ཏུ་བཀལ། །གནམ་ལོ་གང་ཤར་རླུང་རྟའི་སྟེང་། །གཡས་སྐོར་ཞག་བཞིའི་རྗེས་སུ་བསྐྱ། །ལས་ཐབས་འཕོ་སྐྱས་ཡས་ཆོག་དང་། །ཤིད་ཀྱི་རྡེའུ་འགྲམ་པའི་ཕྱོགས། །བྱིས་པ་སགོར་ཁྲིད་བྱིས་པའི་ལས། །སྔགས་པ་བྱིས་པའི་རོ་མི་གཏོང་། །མཁར་ལས་སྟོན་མོ་ངན་ལས་འཛེམ། །ཀོ་ལོང་བྱིས་པ་མི་ཆེན་བུ། །བག་མ་མག་པ་ཚ་ཡུག་དང་། །ཁྱད་པར་རྩིས་མཁན་བུ་ལ་སྡོམ། །ཉམས་ན་བརྒྱད་སྟོང་གཙུག་ཏོར་དང་། །ཉི་ཁྲི་གསེར་འོད་སྡོང་པོ་བརྒྱན། །རྣམ་འཇོམས་སྣང་བརྒྱད་ཏོག་གཟུངས་སྒྲོག །འབྲུ་སྣའི་ཕྱེ་ལ་བྱིས་པའི་གཟུགས། །མདའ་གཞུ་ལག་ཏུ་ཁྱེར་བ་བྱ། །བྱིའུ་མཆིལ་པའི་སྒྲོ་བཙུགས་སྒྲིབ།།
༼༥༽ རྒྱལ་པོའི་བློན་པོ་ཙང་ཀུན་ནི། །རུས་སྦལ་ཁྲོ་བོའི་གདན་སྟེང་ན། །ཞང་བློན་ཆ་བཡད་སྐུ་མདོག་ནི། །དཀར་དམར་འོད་དུ་འབར་བ་སྟེ། །དར་དམར་ན་བཟའ་སྐུ་ལ་གསོལ། །གཡས་ན་ཤེལ་གྱི་འཁར་བ་དང་། །གཡོན་ན་རིན་ཆེན་བུམ་པ་བསྣམས། །སྟག་ཡོས་འབྲུག་ལ་བྱི་བའི་སྟེང་། །རྟ་སྦྲུལ་ལུག་ལ་ཡོས་བུར་གནས། །སྤྲེལ་བྱ་ཁྱི་ལ་རྟ་བྲེས་ཉལ། །ཕག་བྱི་གླང་ལ་འདབ་ཆགས་འདེད། །གཡོན་སྐོར་བཅུ་གཉིས་རྗེས་སུ་བསྐྱ། །ལས་ཐབས་དར་འཕྱར་རོ་བག་གྲོས། །རོ་ལམ་འཐབ་མོའི་བར་མཚམས་ཤིད། །མཁར་ལས་འཕོ་སྐྱས་སྟོན་མོ་འཛེམ། །ཀོ་ལོང་ཞང་བློན་མདུན་གྲོས་གཙོ། །ཞལ་ཆེ་ཡོན་ཏན་ཅན་དང་ནི། །དགེ་བའི་བཤེས་དང་རྩ་བར་སྡོམ། །ལོ་དུས་རྐྱེན་འོང་ཁ་མཆུའི་ངོ་། །ནང་མི་འཐབ་ཅིང་ཁ་སྨྲས་འོང་། །ཉམས་ན་འབུམ་དང་རྩི་སྨན་དང་། །ཀླུ་གཏོར་སྤང་བཏོན་ལ་བཅོས། །སྒྲིབ་ན་གྲོ་སྲན་ངར་མ་ལ། །པུ་ཤུད་སྒྲོ་བཙུགས་ཕྱོགས་སུ་བཞག།
༼༦༽ སེ་བ་བླ་མཁྱེན་རྩིས་མཁན་ནི། །སྐུ་མདོག་དམར་སེར་བན་དེའི་གཟུགས། །དབུ་ལ་སྲིད་པའིཞྭ་མོ་དང་། །ཆུ་དར་སེར་གསོལ་མདའ་དར་དང་། །འཕྲུལ་གྱི་མེ་ལོང་ཕྱག་ན་བསྣམས། །གཡོན་སྐོར་གནམ་ལོའི་བདུན་ཟུར་འགྲིམ། །རྒྱ་རྩིས་རྙིང་མ་ལྟར་བརྗོད་ན། །སྔ་མ་ཕྱི་ཡི་གནས་ལུགས་ཡིན། །ནང་ལྟར་མཐུན་གསུམ་འབྲིང་པོའི་སྟེང་། །གསང་བ་ར་བཞིའི་མདུན་དང་ནི། །འབྲིང་བཞིའི་རྒྱབ་དང་ཐ་ཆུང་བཞིར། །ཕྱི་ཡི་གཤེད་ལ་འབྲང་བའོ། །ཞག་ནི་བཅུ་གཉིས་གོང་ན་བསྐྱ། །ཁྲོམ་དང་མཁར་ལས་ས་འཚོལ་དང་། །རོ་འདོན་དུར་ས་ཕོ་བྲང་འདབ། །ཤིད་ཁ་མི་སྟོན་ཁྱི་མི་བླང་། །ཤིད་དང་སེ་སྒོ་ཐབ་བཅའ། །དམག་དང་ཇག་པ་བྱ་ན། །ཀོ་ལོང་རྩིས་མཁན་དོ་བདག་དང་། །རྡོ་རྗེ་སློབ་དཔོན་དག་ལ་སྡོམ། །ཉམས་ན་གཙུག་ཏོར་སྣང་བརྒྱད་དང་། །མཚན་བརྗོད་གཟུངས་བསྡུས་ཏོག་གཟུངས་འདོན། །གཏོར་མ་ཕྱོགས་དེར་བཏང་ལ་བཅོས། །ཁམ་ས་འབྲུ་སྣར་བླ་མཁྱེན་གཟུགས། །དར་ཟབ་གསེར་གཡུའི་རྒྱན་གྱིས་སྤྲས། །ཕྲག་གཡས་སནང་བརྒྱད་སྙིང་པོ་དང་། །སྐྱ་ཀ་གཟུགས་མོའི་སྒྲོ་བཙུགས་པ། །གནས་པའི་ཕྱོགས་དེར་བཞག་པ་དང་། །འཇམ་དཔལ་སྐུ་འདྲ་བསྟན་པས་སྒྲིབ།།
༼༧༽ ཧང་ཕན་སེར་པོ་བྱ་ར་བ། །སྐུ་མདོག་དམར་སེར་འོད་དུ་འབར། །ནད་རྐྱལ་སྒྲོན་མེ་ལག་ན་ཐོགས། །དར་གོས་སྔོན་པོ་སྐུ་ལ་གསོལ། །གཡས་སྐོར་ཉེར་བཞིའི་གོང་དུ་བསྐྱ། །སྟག་རྟ་ཁྱི་གསུམ་ཁྱི་ཡི་སྟེང་། །ཕག་ལུག་ཡོས་གསུམ་ལུག་གི་སྟེང་། །བྱི་འབྲུག་སྤྲེལ་གསུམ་འབྲུག་གི་སྟེང་། །བྱ་གླང་སྦྲུལ་གསུམ་གླང་སྟེང་གནས། །མཁར་ལས་ཁྱི་ལེན་སྟོན་མོ་ཤིད། །ནད་པའི་སྔས་སྔས་སྟོན་དམག་ཇག་སྐྱེས། །བག་མ་སྒོ་དང་སྒྱེད་བུ་འཛེམ། །ཀོ་ལོང་སྐྱས་སྣ་སྐྱེས་པ་དང་། །དོ་བདག་བླ་མཁྱེན་ཡུལ་མིར་སྡོམ། །རྩིས་མཁན་བན་དེ་བང་ཕྱིན་ངན། །བཟའ་འབྲེལ་རིམས་ནད་གོད་ཁ་འོང་། །ཇག་རྐུན་མི་ཚུགས་ཚུར་ལ་འཕམ། །ཉམས་ན་སནང་བརྒྱད་མཚན་བརྗོད་དང་། །ཤེར་ཕྱོགས་ཚེ་མདོ་གཟུངས་བསྡུས་ཏོག །སྒྲོག་ཅིང་ས་གཙང་སྨན་ན་དང་། །རིན་ཆེན་ཕྱེ་བཏབ་སཙྪ་ནི། །ཁ་དོག་ལྔ་དང་འཇམ་དབྱངས་སྐུ། །ཁམ་སར་བྱ་རའི་གཟུགས་བྱས་ལ། །འུག་སྒྲོ་བཙུགས་ལ་བསྟན་ཏེ་སྒྲིབ།།
༼༨༽ རྒྱལ་པོའི་ནོར་སྲུང་སེ་བྱི་ནི།་།དཀར་པོ་མི་ལུས་སྟག་གི་མགོ །གཟིག་གི་མཇུག་མ་ཐིག་ལེ་ཅན། །ཕྱག་ན་བྱི་བླའི་རྒྱན་མཚན་བསྣམས། །ཧོང་ཕན་སེར་པོའི་བདུན་ཟུར་འགྲིམ། །གཡས་སྐོར་ཞག་བརྒྱད་རྗེས་སུ་བསྐྱ། །ལས་ནི་ནོར་འཇལ་རོ་དམག་ཤིད། །མཁར་ལས་སྟོན་མོ་བག་མ་ཚོང་། །གྲོས་མདུན་ཞལ་ཆེ་ཇག་ཐབ་ཁ། །ཁོལ་མོའི་རོ་ཡི་གཏོང་ཕྱོགས་དང་། །ཁྱི་དང་བྱི་བླ་གཏོང་ལེན་སྤང་། །འདི་ཡི་ཐོག་ནས་ནོར་འཇལ་ན། །གཏོང་མཁན་ཟླ་བ་བདུན་ན་འགུམ། །ཀོ་ལོང་ནོར་འགྱེད་མི་དང་ནི། །སྐྱེས་དར་གོ་ཁོལ་བྲན་མོ་དང་། །བྱི་བླ་ལེན་མི་དེ་ལ་སྡོམ། །ཉམས་ན་ཏོག་དང་ཚེ་གཟུངས་དང་། །གཟུངས་བསྡུས་སྟོང་ཆེན་རབ་འཇོམས་འདོན། །འབྲུ་སྣའི་ཕྱེ་ལ་སེ་བྱིའི་གཟུགས། །གཅན་གཟན་པགས་པས་བརྒྱན་ལ་སྒྲིབ།།
༼༩༽ སྐུ་སྲུང་མི་གསོད་སེ་ཤར་ནི། །སྐ྄་མདོག་དམར་ནག་རབ་ཏུ་འཇིགས། །ཞུབ་ཅན་རལ་གྲི་ཕུབ་འཕོ་སྐྱས་དང་། །མཁར་ལས་ལམ་གཟན་འགྱེད་པ་དང་། །གཤགས་འགྱེད་བཤས་བྱེད་དམར་ལས་ངན། །རོ་གཅིག་བཏང་ན་གསུམ་ཟློས་སྤོ། །མ་སྤོས་ཡ་འདོང་འཕོ་སྐྱས་གཏོང་། །ཁྱད་པར་སྐྱེས་དར་རོ་གཏོང་ངན། །ཀ་ལོང་རྩིས་མཁན་ཆུང་མ་དང་། །སྐྱེས་དར་བྱིས་པ་སེ་འཛུགས་པ། །ནོར་རྫས་དག་ལ་སྡོམ་པའོ། །ཉམས་ན་གྲྭ་ལྔ་སྡོང་བརྒྱན་དང་། །ཉི་ཁྲི་གནམ་ས་སྣང་བརྒྱད་སྒྲོག ཁམ་སའམ་དར་ཕྱེར་སེ་ཤར་གཟུགས། །ཁྲའམ་བྱ་རྒོད་གོང་སྒྲོ་བཙུགས། །གོ་ཁྲབ་ཆས་དང་སཱཙྪས་སྒྲིབ།།
༼༡༠༽ སེ་བ་རང་རྟ་རྒྱལ་པོའི་ཆིབས། །རྟ་ལུས་མི་ཡི་མགོ་བོ་ཅན། །སྐུ་མདོག་སེར་པོ་འོད་དང་ལྡན། །གསེར་སྐྱོགས་གཡུ་སྐྱོགས་ལག་ན་ཐོགས། །རླུང་གི་བཞོན་པ་དང་འགྲོགས་ཏེ། །གཡོན་སྐོར་ཞག་བཞིའི་གོང་ནས་བསྐྱ། །རྒྱལ་པོ་གནས་པའི་ས་ཕྱོགས་ནས། །དགུ་པའི་སྟེང་ན་གནས་པ་སྟེ། །སྟག་གི་ལོ་ལ་ཁྱི་ཚང་ཉལ། །དེ་ཡི་རིག་པས་ཀུན་ལ་འགྲེ། །ལས་ནི་རྟ་ཉོ་རྟ་རྒྱུག་བབ། །རྟ་ར་རྟ་བྲེས་བརྩིག་པ་དང། །རྟ་ཁྲོས་ལྟད་མོ་ཤིད་སྟོན་དམག །རོ་བག་རྟ་རོ་བཤའ་ཕྱོགས་འཛེམ། །ཀོ་ལོང་རྩིས་མཁན་རྟ་རྟ་བདག །མག་པ་བུ་སྲིང་རྐང་བྲན་ཕྱུགས། །རོ་བདག་རྟ་ཁྲིད་རྣམས་ལ་སྡོམ། །ཉམས་ན་གླུད་གཏོང་གཙུག་ནག་འདོན། །རྟ་གླང་ཉོས་པ་ཕྱི་ལ་བཤུག །སྒྲིབ་ན་མི་ལུས་རྟ་མགོ་ཅན། །པུ་ཤུད་སྒྲོ་བཙུགས་ཕྱོགས་དེར་བཞག།
༼༡༡༽ ས་བདག་སེའུ་རྟ་ཁྲིད་ནི། །རྟ་ཅན་པ་ཞུབསྐུ་མདོག་སེར། །གཡོན་སཀོར་ཞག་བཞིའི་གོང་ནས་བསྐྱ། །རྟ་འཆག་རོ་གཏོང་དུར་ཡོ་ལང་། །ཤིད་དང་རྟ་ལས་ཀུན་ལ་འཛེམ། །གནས་ལུགས་ཀོ་ལོང་ཉམས་བཅོས་ནི།་།གོང་གི་རྟ་དང་མཚུངས་པ་ཡིན།།
༼༡༢༽ དུས་འཛིན་སེ་བྱ་སྐུ་མདོ་ནི། །དམར་སེར་འོད་དུ་འབར་བ་ལ། །མི་ལུས་བྱ་མགོ་ཟངས་ལྕགས་ཀྱི། །གཤོག་ཅན་ཕྱག་ན་འབུད་དུང་དང་། །ཕུར་བུ་འཛིན་ལ་གདུག་པ་ཅན། །ན་ནིང་གནམ་ལོའི་སྟེང་ན་གནས། །གཡོན་སྐོར་ཞག་གཅིག་གོང་ནས་བསྐྱ། །བྲན་གཡོག་བྱ་ལེན་ཤིད་མཁར་ལས། །རོ་གཏོང་གཏམ་གྱི་ཁ་ཕྱོགས་དང་། །གཏོར་མའི་ལམ་ཕྱོགས་དེར་མི་སྟོན། །གཏད་ཟོར་ཧོམ་སྤོར་སྦྱིན་སྲེག་བག །དམག་དང་བྱིས་རོ་དུར་འདེབས་ངན། །ཀོ་ལོང་རྩིས་མཁན་རོ་ཁུར་དང་། །སྔགས་པ་གཏམ་གཏོང་བྱ་ལེན་མི། །བག་མ་བྲན་གཡོག་བང་ཆེན་སྡོམ། །ཉམས་ན་གཙུག་ཏོར་སྣང་བརྒྱད་དང་། །གདུགས་དཀར་རྣམ་འཇོམས་གསེར་འོད་སྒྲོག །སྒྲིབ་ན་བྱ་དཀར་དར་སྣ་ཡིས། །བརྒྱན་པའམ་ར་དཀར་གཉའ་ནག་དང་། །ཁྱུང་གི་སྐུ་བཅས་ཕྱོགས་དེར་བཞག།
༼༡༣༽ ས་བདག་སེ་བ་གདན་འདིང་ནི། །ལྗང་སྐྱ་ཕྱག་ན་ཁྲི་ཤིང་བསྣམས། །རྒྱལ་པོ་གར་གནས་གདན་ས་གཅིག །གཡོན་སྐོར་ཞག་གཉིས་གོང་ལ་བསྐྱ། །ལས་ནི་གྲལ་དཔོན་བཞུགས་ཁྲི་དང་། །རོ་དམག་སྟོན་ཤིད་བག་མ་ཁྲོམ། །ཉམས་བཤོམ་ཁྲི་བརྩིག་ཡུགས་འདུག་སྤང་། །ཤོ་གདན་བྱས་ན་ཤོ་མིར་ངན། །ཀོ་ལོང་ཞང་བློན་གདན་གཉེར་དང་། །བྲན་གཡོག་ལག་བདེ་བ་ལ་སྡོམ། །ཉམས་ན་གསེར་འོད་གཙུག་ཏོར་དང་། །སྣང་བརྒྱད་གསེར་སྡུད་སྡོང་རྒྱན་སྒྲོག །སྒྲིབ་ན་ཁྱིམ་བྱ་ཕྱོགས་དེར་བཏགས། །བྱ་དཀར་ར་དཀར་གཉའ་ནག་དང་། །འབྲུ་སྣ་ཚོགས་པའི་དར་ཕྱེ་ཡིས། །མི་སྔོན་རྨ་བྱའི་སྒྲོ་བཙུགས་བསྟན།།
༼༡༤༽ སེ་ལོ་ས་འཆག་ཀུངས་མྱུལ་ནི། །མདོག་དམར་མདུང་དམར་བ་དན་འཛིན། །རྒྱལ་པོའི་ཡར་མར་གཤེད་ལོ་འགྲིམ། །དེ་ཡང་ཕོ་གཡས་མོ་ལོ་གཡོན། །གཡོན་སྐོར་བཅུ་དྲུག་གོང་ནས་བསྐྱ། །རོ་དམག་ཟོར་ལམ་ཐབ་འཛུགས་བག །རྩེད་བྲོ་ཤོན་དང་གར་རྟ་རྒྱུག །དཀྱིལ་འཁོར་མཁར་ལས་ཕོ་བྲང་བརྩིག །ཕྱོགས་དེར་མཁར་ལས་སྤོམ་གཏའ་དང་། །དམག་དཔོན་ཀུངས་ཉུལ་ལྟད་སྟོན་སྤང་། །ཀོ་ལོང་སྐྱེས་པ་དར་མ་དང་། །བྲན་གཡོག་སྙིང་སྒྲ་རོལ་མཁན། །བྱང་ཕྱིན་གོ་ཁལ་རོ་ལ་སྡོམ། །ཉམས་ན་ཤེར་ཕྱོགས་སནང་བརྒྱད་དང་། །དཀར་ཆོས་ཏོག་གཟུངས་ཀླུ་འབུམ་འདོན། །སྒྲིབ་ན་ཁམ་སར་རང་གཟུགས་བཅོས། །དར་སྣ་ཁྲ་སྒྲོས་བརྒྱན་པ་བསྟན།།
༼༡༥༽ ས་བདག་སེ་ལོ་ས་འཕྱག་ནི། །སྐུ་མདོག་སྔོན་པོ་ཕྱགས་ཤིང་བསྣམས། །རྒྱལ་པོའི་མར་གྱི་བཞི་གཤེད་འགྲིམ། །གཡོན་སྐོར་བཅུ་དྲུག་གོང་ནས་བསྐྱ། །ལས་ཐབས་དམག་ཇག་ཕོ་བྲང་རོ། །རྩེད་བྲོ་གར་ཤོན་རྒྱུག་དང་། །དམག་དང་མཁར་ལས་སྤོམ་གཏའ་འཛེམ། །ཀོ་ལོང་སྐྱེས་དར་བང་ཕྱིན་དང་། །དམག་དཔོན་གད་བརྡར་བ་ལ་སྡོམ། །ཉམས་ན་ཏོག་གཟུངས་བརྒྱ་བཞི་དང་། །གཏོར་མ་བརྒྱ་རྩ་དག་གིས་བཅོས། །ཁམ་སའི་རང་གཟུགས་དར་སྣས་བརྒྱན། །སཱཙྪ་ཕྱོགས་དེར་བཞག་པས་སྒྲིབ།།
༼༡༦༽ ཧལ་ཁྱི་ནག་པོ་རྒྱལ་པོའི་ཁྱི། །ཁྱི་ལུས་ཁྱི་མགོ་སྦྲུལ་འཇུག་ཅན། །ལྕགས་ཀྱི་བྱ་ག་ཤོག་སྐུ་མདོག་ནག །བྱ་སྡེར་རུ་མཚོན་ནག་པོ་ཐོགས། །མ་ལྔ་བུ་ལྔ་བཅས་པ་སྟེ། །སྔ་ལོའི་རླུང་རྟ་དག་གི་སྟེང་། །གདུག་པ་ཅན་གྱི་ལོ་བཞི་དབང་། །ཞག་ནི་ཉེར་གཉིས་ཉེར་གཉིས་ན། །མ་བུ་གཉིས་གཉིས་བསྐྱ་བས་ན། །ཞག་ནི་བརྒྱ་དང་བཅུ་ཐམ་པར། །འབྲུག་གི་སྒྲ་བཅས་སྐྱས་གཞུག་རྫོགས། །ལས་ནི་རོ་བག་དམག་འདྲེན་ཤིད། །མཁར་ལས་འཕོ་སྐྱས་ཁྱི་ལེན་བག །སེ་དང་ཆད་པ་བརྩིག་པ་སོགས། །བྱ་བ་ཆེ་ཆུང་ཐམས་ཅད་འཛེམ། །ཁྱད་པར་འདི་སྟེང་རོ་བཏང་ན། །མི་རོ་བཅུ་གསུམ་བསྟུད་མར་ཡོང་། །ཀོ་ལོང་ཕྱི་ནང་ལས་བྱིད་མིར། །ཁྱད་པར་རོ་དང་ཁྱི་བཏང་ན། །རོ་འཁུར་དོ་བདག་རྩིས་མཁན་དང་། །རབས་ཆད་ཕོ་མོ་ཡུགས་སར་སྡོམ། །མི་རོ་དགུ་བསྟུད་བྱུང་བ་ན། །ཁོ་ཡི་སྟེང་དུ་ཐབས་ཀྱིས་བཏང་། །དེ་མིན་རོ་བཏང་བཅོས་མི་ཐུབ། །གཞན་ལ་བྱ་བ་ཅི་བྱེད་ཀྱང་། །ཉི་ཁྲི་གནམ་ས་སནང་བརྒྱད་དང་། །གཟུངས་བསྡུས་གཙུག་ཏོར་བརྒྱད་སྟོང་སྒྲོག །ཕྱག་རྡོར་སྐུ་བསྟན་ཕག་ནག་ལ། །འབྲུ་སྣའི་ངར་གླུད་ཕོ་རོག་སྒྲོ། །བཙུགས་པ་བསྐྱོན་ལ་ཕྱོགས་དེར་བཏང་། །སྒྲིབ་ན་ངར་གཟུགས་ཁྱི་མགོ་ཅན། །ཕོ་རོག་རྨ་བྱ་སྲིན་བྱའི་སྒྲོ། །བཙུགས་པ་ཕྱོགས་དེར་བཞག་པས་སྒྲིབ།།
༼༡༧༽ རྒྱལ་པོའི་བུ་མོ་དཀར་ཤམ་ནི། །སྐུ་མདོག་དཀར་ཡིད་འོང་གཟུགས། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །བྱི་དར་དམར་པོའི་ན་བཟའ་གསོལ། །ཧལ་ཁྱི་ཉིད་དང་གདན་ས་གཅིག །གཡོན་སཀོར་ཞག་གསུམ་རྗེས་སུ་བསྐྱ། །བག་མ་རོ་དང་མཁར་ལས་ཤིད། །གཉེན་འདུན་ས་བརྐོ་སྟོན་མོ་སྤང་། །ཀོ་ལོང་མནའ་མ་བུ་སྲིང་ཆེ། །ན་ཆུང་གཞོན་ལ་སདོམ་པར་བྱེད། །ཉམས་ན་སནང་བརྒྱད་གཙུག་ཏོར་འདོན།་།ཆུ་གཏོར་འདྲ་གླུད་དར་བརྒྱན་སྒྲིམ།།
༼༡༨༽ དེ་ཡི་མག་པ་སྦལ་ཏེ་ནི། །སྐྱེས་གཞོན་དཀར་གསལ་འོད་དུ་འབར། །གཡས་ན་གསེར་གྱི་མདའ་ཆུང་བཟུང་། །གཡོན་ན་དངུལ་གྱི་གཞུ་མ་བདུང་། །སྐུ་ལ་ཆུ་དར་སྔོན་མོ་གསོལ། །དཀར་ཤམ་ཉིད་དང་གདན་བསྐྱས་གཅིག །ལས་དང་བཅོས་ཐབས་བུ་མོ་བཞིན། །ཀོ་ལོང་སྐྱེས་དར་མག་ཚར་སྡོམ། །སྒྲིབ་ཤིང་རང་གཟུགས་དར་སྣས་བརྒྱན། །ལས་ཐབས་རོ་དམག་ཇག་ལས་འཛེམ། །ཀོ་ལོང་རོ་བདག་དམག་མི་ལ། །སྡོམ་ཞེས་བཞེད་པའ་ལུགས་ཀྱང་ཡོད།།
༼༡༩༽ དམག་གི་ཝང་གིང་དམར་པོ་ནི། །ཞུབ་ཅན་ཕྱག་ན་མདའ་གཞུ་འཛིན། །རྒྱུད་ལ་ཞེ་སྡང་མེ་ལྟར་འབར། །འཁོར་དུ་གཟའ་དང་ས་བདག་བསྐོར། །བྱི་ལོ་སྟག་ལ་གླང་ལོ་ལུག །སྟག་ལོ་ཡོས་ལ་ཡོས་ལོ་བྱི། །འབྲུག་ལོ་ཁྱི་ལ་སྦྲུལ་ལོ་བྱ། །རྟ་ལོ་སྤྲེལ་ལ་ལུག་ལོ་རྟ། །སྥྲེལ་ལོ་འབྲུག་ལ་བྱ་ལོ་ཡོས། །ཁྱི་ལོ་གླང་ལ་ཕག་ལོ་སྦྲུལ། །ཉི་མའི་ཀླུངས་དང་ལྷན་ཅིག་བསྐྱ། །ལས་ཐབས་དམག་ཇག་རྩོད་པ་འཛུགས། །རུ་བཤེར་སྭ་གདབ་རྩོལ་སྤྲོད་སྤང་། །རྫོང་ལ་ཝང་གིང་གནས་ཕྱོགས་གནས། །འཚངས་ན་མི་ཐོབ་རྨས་འགྲེམས་འབྲུང་། །བསྲུང་ན་དགྲ་ལས་རྒྱལ་བར་འགྱུར། །གནས་ཕྱོགས་ཁ་བསྟན་དམག་སྣ་དྲངས། །གཡུལ་ཉེས་དགྲ་བོས་བཙོན་དུ་འཆིང་། །ཀོ་ལོང་དམག་དཔོན་ཞལ་ཆེར་སྡོམ། །བཅོས་དང་སྒྲིབ་ཤིང་མ་གསུངས་ཀྱང་། །དམག་གི་སྤོམ་གཏའ་ཕྱོགས་དེར་འཛུགས།།
༼༢༠༽ དམག་དཔོན་ཙང་ཀུན་བྱ་བ་སྟེ། །ཞུབ་ཅན་མདོག་དམར་རྨོག་ཞུ་གསོལ། །ཕྱག་ན་མདུང་དམར་བ་དན་འཛིན། །གཡོན་སྐོར་བཅུ་དྲུག་རྟིང་ལ་བསྐྱ། །ཁཡི་ཕག་བཡི་གསུམ་ཁྱི་ཚང་ཉལ། །སྟག་གླང་ཡོས་གསུམ་གླང་དང་འགྲོགས། །འབྲུག་སྦྲུལ་རྟ་གསུམ་འབྲུག་ལ་གནས། །ལུག་སྤྲེལ་བྱ་གསུམ་ལུག་ལ་འཚོག །ལས་ཐབས་དམག་གི་ལས་རྣམས་དང་།་།རོ་འདོན་མདོས་གཏོར་ཟོར་འཕེན་ངན། །ཀོ་ལོང་སྐྱེས་དར་དམག་དཔོན་སྡོམ། །ཉམས་ན་ཀླུ་འབུམ་དཀར་མོ་འདོན། །བག་ཟན་དམག་དཔོན་གཟུགས་བྱས་ལ། །ཁྲ་དང་སྐྱ་ཀའི་སྒྲོ་བཙུགས་སྒྲིབ།།
༼༢༡༽ ཙང་ཀུན་ཕྱཱེ་བོ་མཐིང་ནགནི། །གཡོན་སྐོར་བཅུ་དྲུག་རྟིང་ལ་བསྐྱ། །ཁྱི་པག་བྱི་བར་ལུག་ཤ་ཟ། །གླང་སྟག་ཡོས་གསུམ་ཁྱི་ལ་ཞོན། །འབྲུག་སྦྲུལ་རྟ་གསུམ་གླང་སྣ་འཁྲིད། །ལུག་སྤྲེལ་བྱ་གསུམ་འབྲུག་སྐད་ལྡིང་། །ལས་ཐབས་བག་མ་གསང་གྲོས་ངན། །ཀོ་ལོང་རྒན་རྒོན་གྲོས་བྱེད་སྡོམ། །ཉམས་ད་གྱུར་ར་གྱང་སག་དང་། །གཉན་གྱི་སྡུམ་བྱ་སྒྲིབ་པ་ན། །དར་ཟན་འའི་ཕྱེ་བོའི་གཟུགས་བྱས་ལ། །སྐུ་ཀ་པུ་ཤུད་སྒྲོ་བཙུགས་སྒྲིབ།།
༼༢༢༽ ཙང་ཀུན་ཁྱི་མགོ་མིག་སྨན་མདོག །མི་ལུས་ཁྱི་མགོ་ནོར་བུ་འཛིན། །གནམ་ལོའི་ཡར་གྱི་བཞི་གཤེད་སྟེང་། །གཡོན་སྐོར་ཉི་ལྡོག་ཉིན་མོ་བསྐྱ། །མཁར་ལས་རོ་དང་འཕོ་སྐྱས་གྲལ། །ཀོ་ལོང་དགེ་བཤེས་དག་ལ་སྡོམ། །ཉམས་ན་གཟུངས་བསྡུས་སྣང་བརྒྱད་འདོན།།
༼༢༣༽ བླ་མཁྱེན་ཕེ་འུ་བྱ་བ་དེ། །འབྲིང་བཞིའི་ལོ་ལ་ཡར་གསུམ་སྟེང་། །ར་བ་བཞི་ལ་མར་གསུམ་ཐོག །ཐ་ཆུང་བཞི་ལ་བདུན་ཟུར་སྟེང་། །གཡས་སྐོར་ཉི་ལྡོག་ཉིན་མོ་བསྐྱ། །ལས་ཐབས་མཁར་ལས་རོ་བག་འཛེམ། །ཀོ་ལོང་རོ་བདག་ཕ་ཚན་ལ། །ཉམས་ན་གཟུངས་བསྡུས་སྣང་བརྒྱད་དོ།།
༼༢༤༽ ས་བདག་ཟིན་ཕུང་ནག་པོ་ནི། །མི་ལུས་མགོ་སྡིག་རལ་གྲི་འཕྱར། །བཞོན་པ་གླང་ལ་བྱས་པ་སྟེ། །འཁོར་ནི་ལྷ་སྲིན་ཡོངས་དང་ནི། །ཁྱད་པར་གཟའ་དང་བསྡོང་བ་ཡིན། །གཡོན་བསྐོར་ཉི་ལྡོག་ཉིན་མོ་བསྐྱ། །ལས་ཐབས་ཆེ་ཆུང་ཀུན་ལ་འཛེམ། །ཁྱད་པར་བག་མ་མཁར་ལས་དང་། །དུར་གྱི་ལས་ལ་འཛེམ་པ་གཅེས། །འདི་ཡི་སྟེང་དུ་རོ་སོང་ན། །ལོ་དྲུག་འཆི་འཕྲོ་མི་ཆོད་ཅིང་། །ཀོ་ལོང་ཁྱིམ་གང་མི་དང་ནི། །རྩིས་པ་ཡུལ་མི་ཀུན་ལ་སྡོམ། །ཕ་ཚན་བདུན་བརྒྱད་འཕུང་བར་བཤད། །ཉམས་ན་གཟུངས་བསྡུས་སྣང་བརྒྱད་འདོན། །ས་བདག་གཏེར་མ་དོས་འཁྲུགས་གཏོ་དང་། །གཉན་གྱི་ཡོ་བཅོས་ཀླུ་གཏོར་གཏོང་། །སྒྲིབ་ན་སྐུ་གསུང་ཐུགས་ཀྱི་རྟེན། །བྱིན་རླབས་ཅན་དང་ར་མགོས་སྒྲིབ།།
༼༢༥༽ ས་བདག་གཅེར་བུ་ལག་རྡུམ་ནི། །མི་ཡི་ལུས་ལ་མཇུག་མ་ཅན། །མཐེ་བོང་ཙམ་པ་ཞིག་གིས་ནི། །རྟ་ཆུང་བྱི་བ་ཙམ་པ་ཞོན། །དར་ནག་རུ་མཚོན་ལག་ན་ཐོགས། །ཉེ་བའི་འཁོར་ནི་བཅུ་དང་བཅས། །ལེགསཔ་རྒྱལ་དུ་མི་སྟེར་ཞིང་། །སེམས་ཅན་སྲོག་གི་བཤན་པ་བྱེད། །པི་ལིང་གྲགས་པ་གནས་པའི་ཚུལ། །བྱི་བ་ཡར་གྱི་ལྔ་མཐུན་ལ། །གླང་སྟག་རང་གི་བཟའ་མིའི་སྟེང་། །ཁྱི་འབྲུག་གླང་ལག་བཞིར་རིམ་པར། །རྟ་ཕག་བྱ་ཡོས་ལོ་ལ་གནས། །ཁྱི་ལོ་རྟ་ཡི་པགས་པ་མཉེད། །ལུག་ནི་སྟག་ལ་འབྲུག་ནི་བྱ། །སྤྲེའུ་ཡར་གྱི་བཞི་གཤེད་ལ། །སྦྲུལ་ལོ་བདུན་ཟུར་སྟེང་དུ་འཚོག །གཡོན་སྐོར་ཉི་ལྡོག་མཉམ་དུ་བསྐྱ། །གསོན་གཤིན་ཀུན་གྱི་བྱ་ར་བ། །ལས་རྣམས་ཀུན་ལ་ཀོ་ལོང་སྡོམ། །ཁྱད་པར་ཤིད་དང་རོ་དམག་དང་། །མཁར་ལས་བག་མ་དག་ལ་སྡོམ། །དྲག་པོའི་ལས་ལ་ཤིས་ཀྱང་ཟེར། །ཉམས་ན་ཕ་སྤུན་སྤྱི་ལ་ངན། །བཅོས་ནི་ཁྲམ་བཟློག་རུ་རྒྱས་དང་། །བདུད་ཀྱི་ཞལ་བསྒྱུར་གང་འགྲུབ་བྱ། །ས་རྒྱལ་གཟུགས་བྲིས་དེ་ཕྱོགས་གདགས། །སྒྲིབ་ན་གསེར་གཡུ་རིན་ཆེན་བསྟན། །ཡང་ན་ཕྱོགས་དེར་ས་སེར་གཏོང་།།
༼༢༦༽ ས་རྒྱལ་རྗེ་བློན་བཅུ་གཅིག་ནི། །ངོ་བོ་འཁོར་བཅས་པི་ལིང་མཚུངས། །ལག་ན་མཚོན་ཐོགས་འོག་རྟ་ཞོན། །ཡང་འཁོར་སྨེ་དགུ་སྡེ་བརྒྱད་བཅས། །ཁྲོམ་ལ་དབང་བྱེད་དེ་ཉིད་ནི། །བྱི་ལོ་བྱི་བ་གླང་ལ་ཡོས། །སྟག་ལོ་ལུག་ལ་ཡོས་ལོ་བྱ། །འབྲུག་ལོ་ཕག་ལ་སྦྲུལ་ལོ་ཁྱི། །རྟ་ལོ་སྟག་ལ་ལུག་ལོ་སྤྲེ། །སྤྲེལ་ལོ་གླང་ལ་བྱ་ལོ་རྟ། །ཁྱི་ལོ་འབྲུག་ལ་ཕག་ལོ་བྱི། །གཡོན་སྐོར་ཉི་ལྡོག་ལྷན་དུ་བསྐྱ། །ཕྱོགས་དེར་ཁྲོམ་བྱས་བྱེད་མཁན་ངན། །ཤིད་བྱས་སྦང་སྐམ་ལོང་མེད། །ལྟད་མོ་བྱས་ན་ཟིན་འཕྲལ་འཕུང་། །འཁྲུག་བཤད་ཇུས་ཉེས་གོ་ཆ་འབྲལ། །བག་ཕྱིན་ཡུགས་འབབ་ཕྲུག་གུ་མེད། །སྤྱི་ཡི་མདུན་གྲོས་འབྲས་མེད་བརླག །བག་མདུན་ནལ་འགྲོ་མདུན་མ་འཆོལ། །ཅིས་ཀྱང་མི་བྱེད་ཀ་མེད་ན། །ཤར་དུ་གསེར་འོད་སྡུད་པ་དང་། །ལྷོ་རུ་འཇམ་དཔལ་མཚན་བརྗོད་གསུང་། །ནུབ་ཏུ་གཙུག་ཏོར་གདུགས་དཀར་མོ། །བྱང་དུ་གནམ་ས་སྣང་བརྒྱད་སྒྲོག །དབུས་སུ་ཆུ་གཏོར་གཏོང་བར་བྱ། །འབྲུ་སྣ་ལས་ཀྱི་ཤུལ་དུ་གཏོར། །དེ་ཡང་རས་མ་ཟོས་པ་ཡི། །ཤིང་སྣའི་ཕྱག་མས་ཕྱགས་ན་ཐུབ། །སྒྲིབ་ན་ཁྲུང་ཁྲུང་ཐོད་པ་དང་། །གསེར་གཡུ་ཕྱོགས་དེར་བཞག་ལ་སྒྲིབ།།

༈ གཉིས་པ་ལོ་ནག་ཆེ་ཆུང་ལས། །སྟག་སྤྲེལ་ཕག་སྤྲུལ་ལོ་བཞི་ལ།། རེས་སྐོར་འབབ་སྟེ་སྨེ་གཉིས་ནག། དབུས་སུ་འགྱུར་པ་དེ་ཉིད་ལ།། ཧལ་ཁྱི་གནམ་ཁྱི་ལོར་དབང་བས།། ༢ ལོ་ནག་མཆེ་བ་ཅན་ཞེས་བྱ།། ལོ་དེར་མཁར་ལས་རྨང་སར་འདེབས།། མཁར་རྙིང་བཤིག་དང་རྟེན་ཆེན་བཞེངས།། ཆུ་བྲུ་ཤིང་གཅོད་བྲག་གཤག་པ།། རི་བརྡལ་བག་མ་གཏོང་ལེན་དང་།། དམག་ཇག་འདུ་ལོངས་རྔམ་ཆེན་ལས།། འདི་ཡི་དུས་སུ་བསྲུང་བ་གཅེས།། ༢ གསུམ་ཐིང་དབུས་སུ་འགྱུར་པའི་ཚེ།། དེ་ལས་ཅུང་ཟད་ཉེས་ཆུང་ཞིང་།། འབྲས་བུ་ཆ་འདྲར་སྟོན་པས་ན།། ༢ ལོ་ནག་ཆུང་བ་ཞེས་སུ་བརྗོད།། གཞན་ཡང་སྨེ་བ་སོ་སོ་ལ།། མི་རིགས་གཉན་པའི་སྤང་འཛེམ་ནི།། དེར་ན་གཅིག་དཀར་དབུས་འགྱུར་ཚེ།། བྱིས་གཉན་དེ་ཡི་འདུ་ལོངས་སོགས།། རྔམ་ཆེན་དྲག་ཤུལ་བྱ་བ་ཡང་།། སྤང་དགོས་དགོངས་དོན་ཤུགས་ཀྱིས་བསྟན།། 
༈  གསུམ་པ་ནག་མོ་དགུ་སྐོར་ལས།། ༼༡༽ རྒྱལ་པོ་མཚོན་ཐོག་གནམ་ལོ་ཞོན།། གཡོན་སྐོར་ཉི་ལྡོག་མཉམ་དུ་བསྐྱ།། མདའ་རྩེ་མདུང་རྩེ་བརྡར་བའི་ལས།། དམག་ཇག་རུ་འདྲན་དྲག་ཤུལ་འཛེམ།། ཀོ་ལོང་དམག་མི་ཉིད་ལ་སྡོམ།། ཉམས་ན་མགོན་པོའི་གཡུལ་བཟློག་གམ།། ས་བདག་གཡོ་འཁྲུགས་གཏོ་ཡིས་བཅོས།། 
༼༢༽  ཀ་ལ་རོ་གཟན་ཞེས་བྱ་བ།། སྔ་ལོའི་རླུང་རྟའི་སྟེང་དུ་གནས།། གཡས་སྐོར་བརྒྱད་ཅུའི་རྗེས་ལ་བསྐྱ།། རོ་བཏང་རོ་བདག་མྱུར་དུ་འཆི།། ཉམས་ན་ཏོག་གཟུངས་འདོན་པར་བྱ།། 
༼༣༽  སྨེ་བ་བླ་མཁྱེན་ཞེས་བྱ་བ།། མཐུན་གསུམ་ཐ་ཆུང་སྟེང་དུ་སྡོད།། གཡས་སྐོར་རཙ་བཞིའི་གོང་ནས་བསྐྱ།། ལས་ནི་ས་བརྐོ་དུར་འདེབས་འཛེམ།། ས་མཁན་དེ་ལ་ཀོ་ལོང་སྡོམ།། ཉམས་ན་མདོ་ཐིག་གཟུངས་བསྡུས་འདོན།། 
༼༤༽ བུད་པ་རྟ་བདུད་མཐུན་གསུམ་གོང་།། གཡོན་སྐོར་ཞག་བཞིའི་གོང་ནས་བསྐྱ།། བྱིས་པ་རྟ་ཡི་གཏོང་ལེན་སྤང་།།་ཀོ་ལོང་རྟ་དང་བྱིས་པ་སྡོམ།། ཉམས་ན་རྟ་གཟུངས་བཅུ་གསུམ་འདོན།། 
༼༥༽ གཤེད་པོ་དུར་འདེབས་ཀླུང་རྟའི་དུར།།  གཡས་སྐོར་ཞག་བརྒྱད་གོང་ནས་བསྐྱ།། ཕྱོགས་དེར་སྒྱེད་པོ་འཛུགས་པ་ངན། །ཀོ་ལོང་ཁྱིམ་དཔོན་ཉེ་དྲུང་སྡོམ། །ཉམས་ན་སྤང་སྐོང་བཏོན་པས་ཐུབ།།
༼༦༽ ནད་བདུད་མགོ་གཅོད་བྱི་བ་ནི། །ཁྱི་ཕག་བྱི་གསུམ་ལུག་ཤ་ཟ། །གླང་སྟག་ཡོས་གསུམ་ཁྱི་པགས་མཉེད། །འབྲུག་སྦྲུལ་རྟ་གསུམ་གླང་ལ་ཞོན། །ལུག་སྤྲེལ་བྱ་གསུམ་འབྲུག་སྐད་ལྡིང་། །གཡོན་སྐོར་བཅུ་དྲུག་རྟིང་ན་བསྐྱ། །རོ་དང་ནད་ཕྱོགས་འགྲོ་འཛེམ། །ཀོ་ལོང་རོ་བདག་ནད་པར་སྡོམ། །ཉམས་ན་སྣང་བརྒྱད་སྤང་སྐོང་དང་། །རིམས་ནད་ཞི་བྱེད་འདོན་པར་བྱ།།
༼༧༽ སྟག་གཟིག་སྣ་འདུས་ཞེས་བྱ་བ། །མཐུན་གསུམ་ཐ་ཆུང་བདུན་ཟུར་སྟེང་། །གཡས་སྐོར་ཞག་བརྒྱད་རྗེས་སུ་བསྐྱ། །འཕོ་བསྐྱས་བྱས་ན་བསྐྱས་འགོ་འཕུང་། །ཀོ་ལོང་བྲན་གཡོག་ལས་བྱེད་ལ། །ཉམས་ན་འབུམ་ཆུང་སྡེ་ལྔ་འདོན།།
༼༨༽ གཤིན་རྗེའི་ཟས་འཕྲོག་རླུང་རྟའི་སྟེང་། །གཡས་སྐོར་ཞག་བཞིའི་རྟིང་ལ་བསྐྱ། །གཤིན་སྟོན་དུར་འདེབས་བྱ་མི་རུང་། །ཀོ་ལོང་ཁྱིམ་བདག་གཙོ་བོ་ལ། །ཉམས་ན་གཡང་ལོན་བྱ་བ་གཅེས།།
༼༩༽ ནག་མོ་ཁྱོ་མེད་རྗེས་གསུམ་ཐོག །གཡོན་སྐོར་ཞག་གཉིས་རྗེས་སུ་བསྐྱ། །ཕྱོགས་དེར་བག་མ་རོ་ལས་འཛེམ། །ཀོ་ལོང་བུད་མེད་རྒྱན་བཟང་ལ། །ཉམས་ན་གཙུག་ཏོར་འདོན་པར་བྱ། །ནག་མོ་དགུ་སྐོར་སྤྱིའི་ཉམས་བཅོས། །གཟུངས་བསྡུས་འདོན་ཅིང་བསྒྱུར་གཏོ་བྱ། །ཆབ་གཏོར་གཏོར་མ་མང་དུ་ཐོངས།།
༼ནག་མོ་དགུ་སྐོར་ལུགས་གཅིག་ནི།༢ རྒྱལ་པོ་མཚན་ཐོགས་གནས་ལོར་ཞོན།། གཡས་སྐོར་ཉིན་མོ་བསྐྱ།། ༈ ཀ་ལ་རོ་གཟན་སྣ་ཁྲིད་དོང་། །གཡོན་སྐོར་ཤག་བཞིའི་གོང་ནས་བསྐྱ།། ༈ སྨེ་བ་བླ་མཁྱེན་མར་བཞི་གཤེད། །སྐོར་བ་ངེས་མེད་བཅུ་གཉིས་གོང་།། ༈ བུས་པ་རྟ་བདུད་མར་དྲུག་འགྲས། །གཡས་སྐོར་ཞག་བཞིའི་གོང་དུ་བསྐྱ།། ༈ གཤེད་པོ་དུར་འདེབས་མར་ཐང་འག། །སྐོར་བ་ངེས་མེད་བཅུ་གཉིས་གོང་།། ༈ ནད་བདུད་མགོ་གཅོད་དུར་གྱི་ཐོག། སྐོར་བ་ངེས་མེད་རྩ་ལྔའི་གོང་།། ༈ སྟག་གཟིག་མར་གྱི་བཞི་གཤེད་ཐོག། །གཡོན་སྐོར་ཞག་བརྒྱད་གོང་དུ་བསྐྱ།། ༈ གཤིན་རྗེའི་ཟས་འཕྲོག་དུར་བདུན་ཟུར། །གཡས་སྐོར་ཞག་དགུའི་རྗེས་སུ་བསྐྱ།། ༈ ཁྱོ་མེད་ལོ་གཅིག་བར་བཞག་ཕྱི། །ངེས་མེད་ཞག་གཉིས་རྗེས་སུ་བསྐྱ། །ལས་ཐབས་ཉམས་བཅོས་གོང་དང་མཚུངས། །འོན་ཀྱང་གོང་མ་གཙོ་ཆེ་གསུངས།།༽

༈ བཞི་པ་སྨེ་བའི་ས་བདག་དགུ། །སྐྱས་ནི་དགུན་ཉི་ལྡོག་པའི་ཉིན། །སྨེ་བ་གཅིག་དཀར་བསྐྱ་བར་འགྱུར། །དེ་ནས་ཉིན་རེ་སྨེ་བ་རེ། །བསྐྱས་པས་ཞག་དགུ་སྐྱས་མཇུག་རྫོགས།།
༼༡༽ སྨེ་བ་གཅིག་དཀར་གནས་པ་ཡི། །ཕྱོགས་དེར་ཆུང་རོ་བུད་མེད་རོ།།རྩིས་མཁན་རོ་གཏོང་བག་མ་དང་། །ལྷ་གསོལ་བ་དང་དམག་འདེགས་པ། །བྱིས་པའི་་སྟོན་མོ་སྒོར་ཁྲིསད་སྤང་། །ཀོ་ལོང་ན་ཆིང་ཆས་བཟང་དང་།།རྒྱལ་པོ་རྒྱལ་པོའི་བཙུན་མོ་དང་། མནའ་མ་སྲིད་འཛིན་དག་ལ་སྡོམ། །ཉམས་ན་དཀར་གསུམ་གཏོར་མས་བཅོས། །སྒྲུབ་ན་འབྲུ་སྣའི་ཕྱེ་ལ་ནི།།བུད་མེད་དགུ་དང་ཚར་པ་ཡི། །ཕོ་གདོང་དར་དཀར་བཏགས་པས་སྒྲིབ། །རོ་འདྲེན་ཤ་མི་ཚ་བ་ཡི། །བུད་མེད་དཀར་མོ་ཞིག་གིས་ནི། །རོ་སྣ་དྲང་ཞིང་ཆོ་ངེ་འདེབས། །དམག་འདྲེན་ར་དཀར་གཉའ་ནག་ལ། །མི་དཀར་ཞིག་ནི་བསྐྱོན་བྱས་ལ། །གཅིག་སྐྱེས་གཅིག་ལ་བབས་པའི་མིས།། དགུ་རདོར་བཅུག་ལ་དེ་ཕྱོགས་འཕང་།།
༼༢༽ སྨེ་བ་གཉིས་ནག་གནས་པའི་ཕྱོགས། །བྱ་བའི་ལས་རྣམས་ཀུན་དང་ནི། །ཤིད་དང་མཁར་ལས་རོ་ལམ་བག། །ཁྲོམ་སྐྱས་སྦྲ་འབུབས་ཀུན་ལ་འཛེམ། །ཀོ་ལོང་སྤྱི་དང་ཁྱད་པར་དུ། །གཙོ་བོ་སྐྱེས་དར་ཡུགས་སར་སྡོམ། །ནག་མོ་མགོ་གསུམ་ཁྲག་ཟོར་འཕེན། །གཉིས་ནག་གཏོ་བསྒྱུར་གཏེང་བ་དང་། །གཙུག་ཏོར་ནག་མོ་་དག་གིས་བཅོས། །སྒྲིབ་ན་འབྲུ་སྣའི་ངར་ཕྱེ་ལ། །མི་ལུས་ཁྱི་ཡི་མགོ་ཅན་དགུ། །ཆུ་ཤིང་ཕུར་པ་དར་ནག་སྒྲིབ།།
༼༣༽ སྨེ་བ་གསུམ་མཐིང་གནས་པའི་ཕྱོགས། །འདི་ལ་ཤི་བ་འདིར་འདྲེན་དང་། །ས་བརྐོ་རོ་འདྲེན་ཕྲུ་རློག་སྐྱས། །མཁར་ལས་རྫིང་དང་ཕུར་བ་འདྲེན། །ཤིང་གཉན་གཅོད་འདྲེན་སྤང་བར་བྱ། །ཀོ་ལོང་ངན་པ་་བག་མ་དང་། །བོན་པོ་སྐྱེས་དར་ཀོ་ལོང་སྡོམ། །ཀླུ་མཆོད་སཱཙྪ་ཆུ་གཏོར་གཏོང་།་།གཙུག་ཏོར་བསཀང་བཤགས་དེ་རས་བཅོས། །སྒྲིབ་ན་འབྲུ་སྣའི་ངར་ཕྱེ་ལ། །མི་ལུས་བྱ་མགོ་ཅན་དགུ་དང་། །ཤིང་སྔོན་ཕོ་གདོང་རས་སྔོན་སྒྲིས།།
༼༤༽ སྨེ་བ་བཞི་ལྗང་གནས་པའི་ཕྱོགས། །རིམ་དང་ཀླུ་ནད་ཤི་བའི་རོ། །བུད་མེད་རོ་་དང་བག་མ་དང་། །ཆུ་མིག་འདྲུ་སོགས་ཀུན་ལ་འཛེམ། །ཀོ་ལོང་བག་མ་བུ་སྲིང་དང་། །རྔན་མོ་ཉིད་ལ་སྡོམ་པར་བྱེད། །ཉམས་ན་ཀླུ་མདོས་ཀླུ་འབུམ་འདོན། །ཀླུ་ཆོག་ཀླུ་གཏོར་བསྐང་བཤགས་བཅོས། །སྒྲིབ་ན་མི་ལུས་སྦྲུལ་མགོ་ཅན། །དགུ་དང་གྲ་མའི་ཤིང་ལ་ནི། །མོ་གདོང་དར་ལྗང་བཏགས་པས་སྒྲིབ།།
༼༥༽ སྨེ་བ་ལྔ་སེར་གནས་པའི་ཕྱོགས། །དཀྱིལ་འཁོར་ཕོ་བྲང་བརྩིགས་པ་དང་། །སྦྱིན་སྲེག་དྲག་པོ་ཧོམ་སྤར་བ། །མཁྲིས་སྐྲན་གུམ་དང་དམུ་ཆུའི་རོ། །སྒོ་འཛུགས་པ་དང་བན་རོ་སྤང་། །གཞན་མ་གང་ཡང་འབྲིངདུ་བཤད། །ཡུལ་དཔོན་དང་ནི་བཙུན་མ་དང་། །རབ་བྱུང་སྔགས་པར་ཀོ་ལོང་སྡོམ། །ཉམས་ན་གཟུངས་བསྡུས་སྒྲོག་པར་བྱ། །རོ་འདྲེན་དར་གླུད་སེར་པོ་ནི།།  །རོ་ཡི་སྟེང་བཞག་ཤིང་སྣ་ཡི། །མགལ་པས་སྟེང་ནས་མནན་པར་བྱ། །སྒྲིབ་ན་སྦྲུལ་མགོ་ཅན་དགུ་དང་། །སྐྱེར་པའི་ཕོ་གདོང་དར་སེར་སྒྲིབ།།
༼༦༽ སྨེ་བ་དྲུག་དཀར་གནས་པའི་ཕྱོགས། །མཚན་སྦྲུམ་བོན་པོ་སྐྱེས་པའི་རོ། །འབྲུམ་བུ་ཡིས་ནི་རྐྱེན་པའི་ཕུང་།།འདྲེན་སྤང་མདུན་དཔོན་ཞལ་ཆེའི་ལས། །ངན་ཅིང་གཞན་མ་གང་ཡང་བཟང་། །ཀོ་ལོང་དར་མ་ཡུལ་བདག་སྡོམ། །ཉམས་ན་གཟུངས་བསྡུས་འདོད་པ་དང་། །མདུན་མ་བྱེད་ན་མདུན་དཔོཔ་གྱི། །རྐང་རྗེས་ས་ནི་ལུག་རུ་བླུགས། །དྲུག་དཀར་ཕྱོགས་སུ་འཕང་བར་བྱ། །དེ་ཡི་ཕྱོགས་སུ་རོ་འདྲེན་ན། །མཁར་སྤེ་བཅུ་གསུམ་དག་གི་སྟེང་། །འབྲང་རྒྱས་འབྲས་ལུག་རེ་རེ་བཞག། །དཀར་གོང་སྲིན་མེ་བཆུ་གསུམ་སྟེང་། །འབྲང་རྒྱས་རེ་བཞག་ཕྱོགས་དེར་བསྟན།།
༼༧༽ སྨེ་བ་བདུན་དམར་གནས་པའི་ཕྱོགས། །འཁྲུག་པ་གཡུལ་འགྲེད་དམར་ལས་དང་། །གྲི་རོ་མི་བཏང་རྩལ་མི་འགྲན། །སྐྱེས་དར་བུད་མེད་སྦྲུམ་མར་སྡོམ། །ཉམས་ན་ཚེ་དཔག་མེད་མདོ་འདོན། །དམར་གྱི་གཏོང་མ་བཏང་བ་དང་།་།བཙན་མདོས་ཟོར་གྱིས་བཅོས་པར་བྱ། །སྒྲིབ་ན་མི་དམར་རྟ་དམར་ཞོན། །མདུང་དམར་ཐོགས་པ་བདུན་གྱིས་སྒྲིབ།།
༼༨༽ སྨེ་བ་བརྒྱད་དཀར་གནས་པའི་ཕྱོགས།།གསོན་གཤིན་བྱ་བ་ཕལ་ཆེར་བཟང་། །མཛེ་རོ་གྲིབ་ཅཅན་སེ་མི་འཛུགས། །ཡུགས་ས་བཙད་པོའི་རོ་མི་གཏོང་། །ཡུལ་དཔོན་དང་ནི་ལྷ་བོན་དང་། །བཙད་པོ་རོ་ཁུར་ཀོ་ལོང་སྡོམ། །ལྷ་གསོལ་བསྐང་བཤགས་ལྷ་ཆོ་དང་། །སེལ་དང་ཁྲུས་ཀྱི་ཆོ་ག་བྱ། །འཕགས་པ་བཀྲ་ཤིས་བརྩེགས་པ་འདོན།་།མི་དཀར་དགུ་དང་ཚར་པ་ཡི། །ཕོ་གདོང་དར་དཀར་བཏགས་བས་སྒྲིབ།།
༼༩༽ སྨེ་བ་དགུ་དམར་གནས་པའི་ཕྱོགས། །ཡོ་ལང་ནོར་གྱི་འཇལ་ལེན་དང་། །བཀྲ་མཚུན་རྒན་རྒོན་གཡང་ཅན་རོ། །འགྱེད་ཀྱི་ཁ་ཡང་དེར་མི་སྟོན། །ཀོ་ལོང་བུད་མེད་སྦྲུམ་མ་རྟ། །རྒྱལ་པོའི་གཡང་ནོར་བྲན་འཁོར་དང་། །རྒན་རྒོན་ཡོན་ཏན་ཅན་ལ་སྡོམ། །ཕྱུག་པོ་དགུ་ལས་ནས་མར་བླངས། །གཡང་ལོན་ཚེ་ཡི་ཆོ་གས་བཅོས། །འབྲུ་སྣ་ཕྱེ་ལ་མི་གཟུགས་དགུ། །གླང་མའི་ཕོ་གདོང་དར་དམར་སྒྲིབ།།

༈ ལྔ་པ་སྨེ་བའི་ཕོ་བྲང་གི། །ལྷ་ནི་ཞེ་ལྔ་གནས་པ་སྟེ།། ༼༡༽ གཅིག་དཀར་རྒྱལ་པོ་རོ་འདོད་སྟེང་། །བཙད་པོ་དག་གི་རོ་མི་འདོན། །བཙུན་མོ་ཆས་བཟང་དེར་མི་བཏང་། །ཉམས་ན་ཆགས་པ་དགུ་སྐོར་བྱ།། ༼༢༌༌༌༣༽ གཉིས་ནག་དོམ་ནག་དྲེད་ནག་གནས། །རབས་ཆད་ཕོ་མོའི་རོ་མི་བཏང་། །ཉམས་ན་ཉལ་ཁྱིའི་བསྐང་མདོས་བྱ།། ༼༤༌༌༌༦༽ གསུམ་མཐིང་ཉེའུ་ནག་པོ་ནི། །བུ་སྲིང་ལ་ངན་སྦལ་ནག་ནི། །ཚ་ཡུག་བུ་སྲིང་མག་པར་ངན། །སྟག་སྐྱ་བོན་པོ་གཞོན་ནུར་ངན། །ཉམས་ན་མདོས་དང་བསྐང་བཤགས་བྱ།། ༼༧༌༌༌༡༠༽ བཞི་ལྗང་ཀླུ་མོ་རིགས་བཞི་ནི། །བྱི་ལམ་སྔོན་མོ་བུ་སྲིང་གཞོན། །གཡུ་བྱ་འཁོར་གྱི་བུད་མེད་ལ། །རྨུ་བྱ་ཡུལ་གྱི་རྒན་རྒོན་ལ། །གྲིབ་ཅན་མནའ་མ་གཞོན་ལ་ངན། །ཉམས་ན་ཆབ་གཏོར་ཀླུ་གཏོར་བྱ།། ༼༡༡༌༌༌༡༥༽ ལྔ་གསེར་རྒྱལ་པོ་གསེར་སློག་ཅན། །མོ་ཉེའི་ཕྱོགས་སུ་ཀོ་ལོང་སྡོམ། །སེར་པོ་གཟིགས་མཇུག་དགོ་བཤེས་རོ། །ཉ་སྦལ་སེར་པོ་བན་དེའི་རོ། །ཕྱི་དགྲ་སེར་པོ་བོན་རོ་ལ། །སེར་པོ་བྱི་ལམ་བན་བོན་དང་། །བུད་མེད་དག་ལ་ཀོ་ལོང་སྡོམ། །ཉམས་ན་གཏོར་བཟློས་བསྐང་བཤགས་བྱ།། ༼༡༦༌༌༌༢༡༽ དྲུག་དཀར་ཡབ་ལྷ་རྡེལ་དྲུག་ནི། །ཡབ་ལྷ་ཐོག་པ་བྱ་བ་དང་། །ཡབ་ལྷ་དཀར་པོ་ཡབ་ལྷ་བཙན། །ཡབ་ལྷ་ཕན་པོ་ཡབ་ལྷ་གྲོས། །ཡབ་ལྷ་ཕྱུག་རྡེལ་རྣམ་པ་དྲུག །ལས་ཐབས་ཕྱོགས་དེར་མི་གཙང་འཛེམ།། ༼༢༢༌༌༢༨༽ བདུན་དམར་ཡ་བ་སྐྱ་བདུན་ནི། །བྱ་དམར་སྦྲུམ་མར་ཀོ་ལོང་སྡོམ། །བཙན་དམར་གྲེ་བོའི་རོ་ལ་སྡོམ། །ཡམ་ཤུད་དམར་པོ་བུ་གྲིའི་རོ། །རིམས་འདྲེ་རྟ་ཕྱུགས་སྦྲུམ་རམའི་རོ། །སེ་སྒྲོམ་དམར་པོ་རྟ་ཁྱིའི་རོ། །ཏེ་ལོ་དམར་པོ་མེ་གྲིའི་རོ། །སེར་པོ་ཁྲོམ་ལྷ་སྦྲུམ་མ་དང་། །རྟ་སྦུགས་རོ་ལ་ངན་པ་ཡིན།། ༼༢༩༌༌༌༣༦༽    བརྒྱད་དཀར་བཀྲ་ཤིས་ལྷ་བརྒྱད་ནི། །དགེ་བ་གཞོན་ནུ་བདེ་བ་གཉེན། །ཐོགས་འཕགས་བཙན་རོང་བཀྲིས་བརྒྱད། །ཀོ་ལོང་མི་སྡོམ་ལས་ཀུན་ཤིས། །དམག་ལ་ཅུང་ཟད་ངན་པར་བཤད།། ༼༣༧༌༌༌༤༥༽ དགུ་དམར་གཡང་གི་བུ་མོ་དགུ། །གཡང་གཟའ་རྨུག་དགུ་ལུག་ཕྱི་འཇལ། །ཛྃ་ལ་ཟས་ནོར་ཕྱིར་གཏོང་བ། །སྐྱོབ་བྱེད་ས་བརྐོ་སྒྱུར་བྱེད་ལ། རོ་གཏོང་འཁྲེན་པ་འབྲུ་ནོར་འཇལ། །རྨུགས་འཛིན་ནོར་རྫས་ཕྱིར་གཏོང་བ། །གཟིག་མཇུག་བྱིས་པ་ཕྲ་མོ་ལ། །རྩལ་ཀླུང་རྟ་ལ་ཀོ་ལོང་སྡོམ། །རིམས་འདྲེ་རྩིས་མཁན་་བུད་མེད་ལ། །ཀོ་ལོང་སྡོམ་པའི་བཅོས་ཐབས་ནི། །གྲངས་མདོག་རང་རང་བཞིན་དུ་བཏང་། །རང་ཕྱོཊ་སྣང་བརྒྱད་ཙམ་དུ་བཀླག །གཅིག་དཀར་ལྟ་བུར་དཔེར་མཚོན་ན། །གཏོང་མ་ངར་གླུད་དཀར་པོ་ནི། །གནམ་རྒྱང་དཀར་པོ་རེ་བཙུགས་ལ། །ལོ་དེའི་རགཅིག་དཀར་གནས་ཕྱོགས་བཏང་།།
༈ དྲུག་པ་སིལ་མའི་འགོག་ཀུ་དང་།།
༈ བདུན་པ་གབ་པའི་ས་བདག་ནི། །འོག་ཏུ་ཟླ་བའི་སྐབས་བཞིན་བརྟག།།
༈ བརྒྱད་པ་གནམ་ཁྱི་ཕོ་མོ་ལས། །ལོ་ཡི་གནམ་ཁྱི་སྤར་ཁ་ཁེན། །བཅོ་བརྒྱད་ཉེར་དྲུག་ལ་སོགས་སྟེང་། །དེ་ལ་གནམ་ཁྱི་ཕོས་འཛིན་པས། །དེར་བབས་བག་བ་བྱས་པ་ན། །བུ་མོ་མང་བཞིན་བུ་གསོ་དཀའ། །མོ་རང་ནད་ཀྱིས་འཛིན་པས་ན། །དེ་ལ་གནམ་ཁྱི་ཕོ་བཅོས་བྱ།། ༈ དེ་བཞིན་མོ་ཡི་གནམ་ཁྱི་ཡང་། །ལོ་ཡི་གནམ་ཁྱི་ཟོན་ཡིན་ལ། །དེ་ལ་གནམ་ཁྱི་མོ་ཡིས་འཛིན། །དེར་བབས་བག་མ་བྱས་པ་ན། །འགྲམ་རྩ་བུ་རོས་འགེང་བར་འགྱུར། །མོ་ལ་བབས་ན་མོ་བཅོས་བྱ།།
༈ གཞན་ཡང་བག་མ་རང་ལོ་ལ། །གནམ་ཁྱི་རྔམ་སྡོད་བྱ་རང་དང་། །ཟས་འཚོལ་དཔེར་ན་བག་མ་ནི། །སྟག་རྟ་ཁྱི་ཡི་ལོ་མ་ནི། །ཁྱི་ལོ་ལ་རྔམ་ཁྱི་ཟླར་སྡོད། །ཁྱི་ཉི་བྱ་ར་ཁྱི་དུས་སུ། །ཟས་འཚོལ་མཐུན་གསུམ་ཐ་ཆུང་འགྲེ།།
༈ ཡང་ནི་གནམ་ཁྱི་ནག་པོ་འདིར། །རྒྱ་རྩིས་གསར་རྙིང་རྣམ་པ་གཉིས། །རྙིང་བ་ཟླ་བ་གང་ཤར་མཇུག །བདུན་ཟུར་ཁ་རུ་མགོ་བོ་ཡོང་། །གསར་མ་དེ་ལས་ལྡོག་པ་སྟེ། །ལོ་ཟླ་ཞག་དུས་བཞི་ག་ཡི། །རང་ཐོག་མགོ་ལ་བདུན་ཟུར་འཇུག །རིམ་པར་ཆོས་སྐོར་མགོ་དང་ཁ། །གྲེ་བ་ནམ་འཛོང་གཉིས་སྟོད་སྨད། །སྦོ་སྟོད་དེ་ནས་ལྟོ་བ་མཚན། །ཡང་ན་ལྟོ་བ་སྦོ་སྨད་ཅེས། །འདི་གཉིས་སྟོད་སྨད་རིམ་པ་གཅིག །སྦང་ཁུང་མཇུག་མ་འཕོངས་སྒང་སྨད། །ཤུལ་པ་སོག་པའམ་སྒང་སྟོད་དང་། །གཉའ་མཇིང་རིམ་པར་གནས་པར་འདོད། །སྤྱིར་ན་ལས་ཐབས་མཁར་ལས་ཤིད། །རོ་དང་ཁྱད་པར་བག་མ་ངན། །ཀོ་ལོང་ཀུན་དང་སྒོས་སུ་ནི། །རོ་ཁུང་བ་ལ་སྡོམ་པར་བྱེད།། ༢ བྱེ་བྲག་མགོ་ལོ་རོ་དུར་སེ། །མཁར་ལས་མི་བྱ་དམག་མི་དྲང་། །བག་མ་བླང་ན་ཁྱོ་བོ་འཆི། །ཡང་ན་ཕ་མ་གཉིས་ལ་ངན།། ༢ ཁ་ལ་ཚོང་དང་ས་བོན་འདེབས། །བག་མ་བྱས་ན་མོ་རང་འཆི།། ༢ གྲེ་བར་ནོར་རྫས་ཕྱིར་འཇལ་དང་།། ༢ ནམ་འཛོང་དམག་སེལ་བྱི་བྱེད་ངན།། ༢ ནམ་མཛེས་བག་མ་བསམ་པ་འགྲུབ།། ༢ སྦོ་སྟོད་དམག་འདྲེན་དུག་སྦྱོར་ངན། །བག་མ་བུ་མང་རབ་ཏུ་བཟང་།། ༢ ལྟོ་བ་བག་ཕྱིན་ཕ་མིང་ངན། ། ༢ མཚན་མ་ཁང་རྨངའདིང་བ་སྤང་། །བག་མ་བུད་མེད་ཆགས་པ་ཆེ། །སྨད་ཚོང་མ་རུ་འགྱུར་ཞེས་བཤད།། ༢ སྦང་ཁུང་དུར་སྤོ་སྐྱས་ཇུས་ངན། །བག་མ་བྱིས་པ་གླེན་ལྐུགས་སྐྱེ།། ༢ མཇུག་མར་རོ་སེལ་དམག་ཇག་ངན། །བག་མ་བླངས་ན་ཐ་རབས་ཆད།། ༢ འཕོངས་ལ་མཆོད་རྟེན་མཁར་ལས་ངན། །བག་མ་ཁྱིམ་ཟློས་ཆན་ཆུན་འོང་།། ༢ སྒང་སྨད་ཞིང་རྨོ་དགེ་རྩ་ངན། །བག་མ་བྱེ་བྲལ་འོང་ཞེས་ཀྱང་། །ཁུངས་ལྡན་གཞུང་ལས་བཟང་བར་བཤད།། ༢ ཤལ་པ་དུར་ས་འཚོལ་བ་དང་། །རིམ་གྲོ་ཆེན་པོ་བྱེད་ལ་ངན། །བག་མ་ཕ་མ་འཆི་ཞེས་ཀྱང་། །འདི་ཡང་བཟང་པོའི་འབྲས་བུར་སྟོན།། ༢ སོག་པ་རོ་སེལ་མཁར་ལས་དང་། །དོན་ཉེར་བ་ལ་ངན་པ་ཡིན། །་བག་མ་བླངས་ན་བཟང་པོར་འགྱུར།། ༢ གཉའ་བ་མཁར་ལས་མཆོད་རྟེན་དང་། །མཁར་ཁང་བརྩིག་དང་རི་འཐག་ངན། །བག་མ་གྱོས་སྒྱུག་གཉིས་ལ་ངན། །ཉམས་ན་ལུག་ལག་བོན་ཆོག་དང་། གནམ་ཁྱི་མདོས་ཆོག་གཙུག་ཏོར་དང་། ཕོ་རོགས་གཟུགས་ལ་མི་ནག་བསྐྱོན། །ཕོ་རོགས་དག་གི་སྒྲོ་བཙུགས་དང་། རྔ་མ་ནག་པོ་དང་བཅས་སྒྲིབ། །ཡང་ནི་གནམ་ཁྱིའི་བཅོས་ཐབས་ལ། །བག་མའི་ལག་སོར་ལྔ་པོ་ལ། །ལྷ་སྟག་སེང་གེ་ཁྱུང་འབྲུག་ཅེས། །མཚལ་གྱིས་ཡི་གེ་དབུ་ཅན་འདྲི། །ལག་མཐིལ་གཡོན་པར་གཡུང་དྲུང་ནི། །གཡས་འཁྱིལ་དག་ཏུ་བྲི་བར་བྱ། །ཡང་ན་ཁྱི་ཐོད་འབྲུ་སྣས་བཀང་། །རིན་ཆེན་ལྔ་ཡི་ཕྱེ་མ་བླུག །སྟེང་དུ་འཇག་མའི་མི་ཆུང་བསྐྱོན། །དེ་ཉིད་སྔོན་དུ་ཁྱེར་ནས་འགྲོ། །དེ་ཡིས་ཐུབ་པར་ཐེ་ཚོམ་མེད།། ༢ གཞན་ཡང་གནམ་ཁྱི་མོའི་གནས་ཚུལ། །དཔྱིད་གསུམ་མགོ་ཤར་ཁ་ལྷོར་ཟུག །དཔྱིད་གསུམ་ལྷོ་རུ་བལྟས་པའི་ཚེ། །ཟོན་ནི་མཆེ་གཡས་ལ་ལི་ཁ། །ཁོན་ལ་མཆེ་བ་གཡོན་པ་ཟུག །ལྷོ་ནས་བྱང་མཐིལ་ཕྱིན་པ་ན། །དེ་ལ་ཁ་ཡི་ཉེས་པ་འཕོག །ལྷོ་ནུབ་ནས་ནི་བྱང་ཤར་ཕྱིན། །དེ་ལ་མཆེ་གཡོན་ཉེས་པ་ཕོག །ཤར་ལྷོ་ནས་ནི་ནུབ་བྱང་ཕྱིན། །དེ་ལ་མཆེ་བ་གཡས་ནུས་ཕོག །རོ་བག་སྐྱས་སོགས་འཛེམ་པར་བྱ། །བག་མ་ཁར་བརྫངས་བུ་ཚ་ངན། །མཆེ་བས་བག་མའི་སྲོག་ལ་གནོད། །རྐང་ལ་བབས་ན་བུ་མོ་འབྱུང་། །ལྟོ་བར་བྱིས་པའི་དབང་ཐང་ཆེ། །རྟག་ཏུ་ལུ་ཁེན་ཟོན་གསུམ་གནས། །འདི་གསུམ་ཁ་ནས་བག་མ་བརྫངས། །གནམ་ཁྱིས་བདག་པོ་བྱེད་པས་ངན། །དཔྱིད་གསུམ་ལྷོ་རུ་བལྟ་བའི་ཚེ། །མུན་པ་ཚབ་ཚུབ་ནས་ནམ་གུང་། །བར་དུ་ཁ་ནི་ལྷོ་རུ་བལྟ། །གུང་ནས་ཉི་ཤར་ཚུན་ཆད་ནུབ། །དེ་ནས་ཉིན་གུང་བར་དུ་བྱང་། །དེ་ནས་ཉི་ནུབ་ཤར་དུ་ཤར། །དེ་བཞིན་དབྱར་གསུམ་ནུབ་བལྟ་ཚེ། །ཉི་ནུབ་ནས་ནི་ནམ་གུང་ནུབ། །དེ་ནས་ཉིན་ཤར་བར་དུ་བྱང་། །དེ་ནས་ཉིན་དགུང་བར་དུ་ཤར། །དེ་ནས་ཇི་ནུབ་བར་དུ་ལྷོ། །སྟོན་གསུམ་སྲོད་བྱང་ཐོ་རེངས་ཤར། །སྔ་དྲོ་ལྷོ་ལ་དགོངས་ཀ་ནུབ། །དགུན་གསུམ་སྲོད་ཤར་ཐེ་རེངས་ལྷོ། །སྔ་དྲོ་ནུབ་ལ་དགོངས་ཁ་བྱང་། །འདི་ཡི་ཁ་ཡི་བལྟ་ཕྱོགས་སུ། །རོ་བག་དམག་ཟོར་གཏོར་མ་ངན། །སྤྱིར་ན་ལས་ཐབས་གང་ཡང་ངན། །དུས་ཀྱི་ཨག་ཆེན་བཞི་ཡང་ཟེར། །ཉམས་ན་གནམ་ཁྱི་མདོས་ཀྱིས་བཅོས།། 
༈ ལོ་ཟླ་ཚེས་ལ་གནམ་སྦྱོར་ཚུལ། །བྱི་ལོའི་དཔྱིད་འབྲིང་ཚེས་པ་གཅིག །གླང་ལོ་དཔྱིད་ཐའི་ཚེས་བཞི་ལ། །སྟག་ལོའི་དབྱར་རའི་ཚེས་བདུན་དང་། །ཡོས་ལོའི་དབྱར་འབྲིང་ཚེས་པ་དགུ །འབྲུག་ལོའི་དབྱར་ཐའི་ཉི་ཤུ་དྲུག །སྦྲུལ་ལོའི་སྟོན་རའི་ཚེས་དགུ་དང་། །རྟ་ལོའི་སྟོན་འབྲིང་བཅུ་དགུ་ལ། །ལུག་ལོའི་སྟོན་ཐའི་ཚེས་པ་བདུན། །སྤྲེལ་ལོའི་དགུན་རའི་བཅུ་དྲུག་དང་། །བྱ་ལོའི་དགུན་འབྲིང་བཅུ་དགུ་ལ། །ཁྱི་ལོའི་དགུན་ཐའི་ཉི་ཤུ་བཞི། །ཕྱག་ལོའི་དཔྱིད་རའི་ཚེས་བརྒྱད་ལ། །གནམ་ཁྱི་ཕོ་མོ་སྦྱོར་བ་བྱེད།། ༈ གཞན་ཡང་གབ་པ་འཕྲུལ་འཁོར་ནས། །བྱི་ལོའི་དཔྱིད་འབྲིང་ཚེས་པ་བདུན། །གླང་ལོའི་དཔྱིད་ཐའི་ཚེས་པ་བཞི་ལ། །སྟག་ལོའི་དབྱར་ར་ཚེས་བདུན་ལ། །ཡོས་ལོའི་དབྱར་ཐའི་ཚེས་བདུན། །འབྲུག་ལོའི་དབྱར་ཐའི་ཉེར་དྲུག་ལ། །སྦྲུལ་ལོའི་སྟོན་རའི་ཚེས་བཅུ་དགུ །རྟ་ལོའི་སྟོན་འབྲིང་བཅུ་དགུ་ལ། །ལུག་ལོའི་སྟོན་ཐའི་ཚེས་པ་བདུན། །སྤྲེལ་ལོའི་དགུན་རའི་བཅུ་དྲུག་ལ། །བྱ་ལོའི་དགུན་འབྲིང་བཅུ་དགུ་དང་། །ཁྱི་ལོའི་དགུན་ཐའི་ཉི་ཤུ་བཞི། །ཕག་ལོའི་དཔྱིད་རའི་ཚེས་བརྒྱད་སྦྱོར། །བག་མ་བླངས་ད་ལྡིང་སྐམས་འགྲོ །རོ་ལམ་དྲངས་ན་རོ་འཁུར་འཆི། །ལས་ཐབས་གང་ཡང་སྦྱོར་དུས་འཛེམ། །དམག་བྱས་བྱེད་མཁན་འཕུར་བར་འགྱུར།། ༈ དུས་ཚོད་གནམ་ཁྱི་ནག་པོ་ནི། །སྲོད་དུས་སྨེ་བདུན་ལྷགས་ཀྱིས་ཤར། །རོ་བག་སྒོར་མྱུག་ཁ་བྱང་བལྟས། །དེ་འཛོམ་ཤིན་ཏུ་ངན་པས་འཛེམ། །ཉམས་བཅོས་ལོ་ཟླ་བཞིན་དུ་བཅོས།།

༈  དེ་ནས་ཟླ་བའི་ས་བདག་ནི།།  ངན་ཕྱོགས་རེ་བཞི་ཟླ་ནག་དང་། །བུམ་སྟོང་ཁྱི་ལྟོ་འཕྱེ་དང་གནམ་ཁྱི་ཕོ་མོ་དང་བཅས་ཏེ། །དོན་གཅིག་ནག་མོ་དགུ་སྐོར་དང་། །སིལ་མའི་ས་བདག་སོ་བཞི་ལས། །དུར་ལེན་ཐབ་ལྷ་སེ་ཤར་དང་། །ལྷ་ལྔ་ཁྲ་དྲུག་ཀུ་ཀུ་དང་། །ས་བདག་ཁྲ་བོ་སྣང་སེལ་ཉིད། །གནམ་གྱི་བྱ་ཁྱུང་འགྲམ་འཕྱེ་འོ། །འགོག་ཀུ་སེ་དྲུག་ནག་པོ་དྲུག །གབ་པའི་ས་བདག་བཅུ་གཉིས་དང་། །ཡང་འཁོལ་ས་བདག་རྣམ་ལྔ་ལས། །གཟའ་རྒོད་གཅེར་བུ་ལག་རྡུམ་བཅས། །ཁྱོན་གྲངས་ཟླ་བའི་ས་བདག་ནི། །བརྒྱ་དང་ཉི་ཤུ་རྩ་བཞི་འོ།།
༈ ས་བདག་དེ་རྣམས་གནས་མི་གནས། །ལྟོས་པ་མེད་པ་ངན་པའི་ཕྱོགས། །དཔྱིད་ར་ནུབ་བྱང་རོ་དྲངས་ན། །རོ་གསུམ་འོང་བས་ངན་པ་ཡིན། །འབྲིང་པོ་ཤར་ལྷོར་རོ་བཞི་འོང་། །ཐ་ཆུང་ནུབ་དྲངས་རོ་གཉིས་འོང་། །དབྱར་ར་ལྷོར་ངན་རོ་བཞི་འོང་། །དབྱར་འབྲིང་བྱང་ཤར་རོ་གསུམ་འོང་། །དབྱར་ཐ་ཤར་དུ་རོ་ལྔ་འོང་། །སྟོན་ར་ཤར་ལྷོར་རོ་གསུམ་འོང་། །སྟོན་འབྲིང་ནུབ་བྱང་རོ་གཉིས་ཟློས། །སྟོན་ཐ་བྱང་མཐིལ་ཕྱུགས་ར་སྟོངས། །ནོར་གོད་ཆད་པ་དབབ་པར་འགྱུར། །དགུན་ར་ནུབ་བྱང་ཕྱུགས་སྣ་དྲངས། །མི་གཉིས་འཆི་བས་ངན་པར་བཤད། །དགུན་འབྲིང་ལྷོ་ནུབ་བུད་མེད་དང་། །དྭའུ་འཆི་བར་འགྱུར་བས་ངན། །ཐ་ཆུང་ནུབ་མཐིལ་ཞལ་ཆེ་དང་། །ཁ་སྨྲས་རྒྱུན་མི་ཆད་པ་འབྱུང་།། ༈ ལས་ནི་སྤྱི་དང་རོ་སྦེད་དང་། །ས་བརྐོ་སེ་འཛུགས་སྤང་བར་བྱ། །ཀོ་ལོང་ཁྱིམ་བདག་དཔྱད་མཁན་སྡོམ། །ཉམས་ན་འབྲུ་སྣའི་མི་དང་ནི། །དར་སྣ་སྣང་བརྒྱད་ཀྱིས་བཅོས་ཐུབ། །གལ་ཏེ་རོ་གཏོང་འདོད་པ་ན། །ས་མི་བརྐོ་བར་བང་བ་བྱ། །ཡང་ན་ཁང་རྨང་སྦས་པས་ཐུབ། །འདི་ཉིད་ཁྱད་པར་ནད་རོར་གཅེས།།
༈  ད་ནི་དང་པོ་ཟླ་འཁོར་གྱི། །ས་བདག་ངན་ཕྱོགས་རེ་བཞི་ལས།།  ༼༡༽ དབུས་ཀྱི་འབྲུག་ལྷ་ག་པ་ནི། །གཡོན་སྐོར་དཔྱིད་གསུམ་ཁྱིམ་གྱི་ཤར། །དབྱར་གསུམ་ལྷོ་ལ་སྟོན་གསུམ་ནུབ། །དགུན་གསུམ་ཁྱིམ་གྱི་བང་ཕྱོགས་ན། །ཁྱིམ་ལས་འདས་ན་ཉེས་པ་མེད། །ཉམས་ན་ཆབ་གཏོར་སྣང་བརྒྱད་འདོན། །ཚེ་ཆོག་གཡང་ལོན་བུམ་གཏེར་འཛུགས། །སྒྲིབ་ན་སེངྒེ་དཀར་མོའི་གཟུགས། །གནས་པའི་ཕྱོགས་སུ་བཞག་པས་ཐུབ།། ༼༢༽ ཐེ་སེ་གྲུམ་བུ་དབུས་ཀྱི་ལྷ། །དཔྱིད་ར་ཤར་ལ་དཔྱིད་འབྲིང་འབྲུག །ཐ་ཆུང་ཐེམ་འོག་གླང་བྲེས་བང་། །དབྱར་ར་ལྷོ་ལ་དབྱར་འབྲིང་ལུག །ཐ་ཆུང་ཐབ་ཀྱི་འོག་ཏུ་འཁོད། །སྟོན་ར་ནུབ་ལ་སྟོན་འབྲིང་ཁྱི། །ཐ་ཆུང་རང་འཐག་འོག་ཏུ་གནས། །དགུན་ར་བྱུང་ལ་འབྲིང་པོ་གླང་། །ཐ་ཆུང་ཁྱིམ་གྱི་འགྲམ་ལ་གནས། །གཡོན་སྐོར་གསོན་གཤིན་ལས་སྤྱི་དང་། །བང་ཐབ་རང་འཐག་སེ་སྟོན་མེ། །མཁར་ལས་ཕྲུ་རློག་རོ་དམར་འཛེམ། །ཉམས་ན་གང་བྱེད་མི་ལ་སྡོམ། །ཁྱིམ་ལས་འདས་ན་ཉེས་པ་མེད། །ཉམས་ན་སྣང་བརྒྱད་འབུམ་སྒྲོག་ཅིང་། །སྒྲིབ་ན་རུས་སྦལ་ཁོག་པ་ལ། །རང་གཟུགས་མི་ལུས་བྱ་མགོ་ཅན། །རྨ་བྱའི་སྒྲོ་བཙུགས་བཞག་པས་ཐུབ།།
༈ རྙིང་རྒྱུད་འགའ་ལས་དཔྱིད་ར་བ། །ཡ་ཐེམ་དེར་ནི་དཔྱད་མཁན་དགྲ། །འབྲིང་པོ་ཞག་པོ་ཉི་ཤུའི་བར། །གཡག་ཤིང་ལ་གནས་བཟའ་དཔོན་དགྲ། །ཐ་ཆུང་ཞག་བཅུར་རང་འཐག་གནས། །འཁོར་གཡོག་བྲན་ལ་ཀོ་ལོང་སྡོམ། །དབྱར་ར་སྐས་ལ་ཞག་པོ་བཅུ། །སློབ་དཔོན་གྱི་ནི་དགར་ཡིན་ནོ། །དབྱར་འབྲིང་ཞག་པོ་ཉེར་ལྔའི་བར། །སྟག་ཐོག་རྨིག་ཟླུམ་ཏ་ཆུང་ནི། །ཟླ་ཕྱེད་ཤར་སྨད་རྨིག་ཁ་དབྲག །སྟོན་ར་ལྷོ་སྟོད་ཞག་ཉེར་བདུན། །ཕ་ནུ་ལ་ངན་འབྲིང་པོ་སྨད། །བུ་སྲིང་ལ་འཚེ་ཐ་ཆུང་ཞག །བདུན་བར་སྒྱེད་པོ་བྱན་མོར་ངན། །དགུན་ར་ཞག་བདུན་མལ་ལ་གནས། །ཤར་པོ་ཕོ་མོ་དག་ལ་སྡང་། །འབྲིང་པོ་ཉེར་དགུ་ནས་ཞག་གསུམ། །ཝ་ཁུང་བྱིས་པ་དག་ལ་ངན། །ཐ་ཆུང་གདུང་ལ་ཟླ་གཅིག་དང་། །ཞག་ལྔ་བཟའ་དཔོན་ངན་ཀྱང་བཤད།།
༼༣༽ ཟླ་རླུངས་གང་ཤར་ཟླ་བ་ཡི། །རླུང་སྟེང་གཡོན་སྐོར་གནས་པའི་ཕྱོགས། །གཏམ་གཏོང་ནོར་དང་ཟས་སྟེར་དང་། །དམག་ཇག་དུར་ལས་དར་འཕྱར་སེལ། །སྟོན་མོ་འཛེམ་ཞིང་ཀོ་ལོང་ནི། །བུད་མེད་སྦྲུམ་མ་ནོར་དང་ནི། །རྩིས་མཁན་རྒྱལ་པོ་ཉིད་ལ་སྡོམ། །གོད་ཁ་འོང་ཞིང་དགྲ་མང་ལྡང་། །ཉམས་ན་བཙུག་ཏོར་བརྒྱ་ཚར་དང་། །སྡོང་རྒྱན་སྤང་སྐོང་སྣང་བརྒྱད་སྒྲོག །སྒྲིབ་ན་ཤ་བའི་ཐོད་འཕྱར་ཐུབ།།
༼༤༽ ཟླ་དངོས་གཡོན་སྐོར་གང་ཤར་གྱི། །ཟླ་བའི་སྟེང་དུ་གནས་པའི་ཕྱོགས། །རི་ཤིད་མཁར་ལས་སེ་འཛུགས་དམག །དར་དང་བ་དན་འཕྱར་བ་དང་། །བག་སྐྱས་སྒྱེད་ཐབ་འཛུགས་པ་འཛེམ། །ཀོ་ལོང་ཡེལ་མ་རྒན་པ་དང་། །བཟའ་དཔོན་དམག་དཔོན་དཔྱད་མཁན་པོ། །བུད་མེད་རྣམས་ལ་སྡོབ་པར་བྱེད། །ཉམས་ན་སྡོང་རྒྱན་སྤང་སྐོང་འདོན། །ལྷ་སེལ་ལྷ་བསངས་བྱ་བ་ཅེས། །སྒྲིབ་ན་ཝ་ཡི་འཕན་འཕྱར་ཞིང་། །གཏོར་མ་ཕོ་གདོང་བཙུགས་པས་སྒྲོབ།།
༼༥༽ ཟླ་བའི་ས་རྒྱལ་དཔྱིད་ར་བྱང་། །འབྲིང་པོ་བྱང་ཤར་རིམ་བཞིན་དུ། །ཐ་ཆུང་ཤར་ན་གནས་པའོ། །དབྱར་ར་ཤར་ལྷོ་འབྲིང་པོ་ལྷོ། །ཐ་ཆུང་ལྷོ་ནུབ་མཚམས་ན་གནས། །སྟོན་ར་ནུབ་ལ་འབྲིང་ནུབ་བྱང་། །ཐ་ཆུང་བྱང་ལ་དགུན་ར་གླང་། །འབྲིང་ཤར་ཝ་ཆུང་འབྲུག་ལ་གནས། །གཡོན་སྐོར་བྱེད་པའི་ས་བདག་སྟེ། །ལྟད་མོ་སྟོན་མོ་ཡོ་ལང་ཁྲོམ། །ཚོང་དང་དཀྱིལ་འཁོར་བྲི་བ་དང་། །མཆོད་ཤམ་རོ་ལས་ས་བརྐོ་སྐྱས། །་བག་མ་གཏོང་ལེན་བྱེད་སོགས་ངན། །ཀོ་ལོང་ཁྱིམ་ནང་མི་དང་ནི། །ཁྱད་པར་དཔྱིད་ར་བུ་ཆེན་ལ། །འབྲིང་པོ་བུ་སྲིང་ཐ་ཆུང་ཆ། །དབྱར་སྟོན་ར་འབྲིང་བུ་འབྲིང་པོ། །དབྱར་སྟོན་ཐ་ར་ཆུང་བུ་ཆུང་ལ། །དགུན་ཟླ་གསུམ་ལ་ཁྱིམ་བདག་སྡོམ། །སྟོན་ཤིད་སྦང་མ་སྐམ་ལོང་མེད། །ལྟད་མོ་བྱས་ན་ཟིན་འཕྲལ་འཕུང་། །མི་གསུམ་འཆི་བར་བྱེད་པ་ཡིན། །འཁྲུག་རྩོད་ལག་ཆད་གོ་མཚོན་འཆོར། །བག་མ་མདུན་གྲོས་འཆོལ་བར་འགྲོ། །ཉམས་ན་རྨ་བྱ་ཆེན་མོ་དང་། །སྣང་སྐོང་ཉི་ཁྲི་འདོན་པར་བྱ། །དཀར་གསུམ་མངར་གྱིས་ས་རྒྱལ་མཆོད། །སྒྲིམ་ཤིང་བཅོས་ཐབས་ལ་སོགས་པ། །རྒྱས་པར་ལོ་ཡི་ས་རྒྱལ་བཞིན།།
༈ ཡང་ནི་ལུགས་གཅིག་འདི་ལྟར་བཤད། །ར་བཞི་སྔ་དྲོ་འབྲིང་བཞི་སྲོད། །ཐ་ཆུང་བཞི་ཡི་ནམ་གུང་ལ། །དབྱར་གསུམ་མཚོ་དང་རི་གསུམ་མདོ། །སྟོན་གསུམ་གཡག་ཤིང་སྐར་ཁུང་ལ། །དགུན་གསུམ་ཀ་བ་རང་འཐག་ལ། །དཔྱིད་གསུམ་བྲེས་དང་ཆུ་བོ་ལ། །དེ་ལ་ཆུང་དུར་བཀྲ་རོ་སྤང་།།
༼༦༽ བྲན་ལྷ་འཁོར་བུ་ས་རྒྱལ་འཁོར། །དཔྱིད་ར་ཤར་ལ་འབྲིང་པོ་ལྷོ། །ཐ་ནུབ་དབྱར་ར་བྱང་སོགས་བྱར། །ལས་ཐབས་ཉམས་བཅོས་རྒྱལ་པོ་བཞིན།།
༼༧༽ གནམ་གྱི་བྱ་མ་གུང་རྒྱལ་ནི། །འདི་ཡི་སྔོན་དུ་འགྲོ་བར་བྱེད། །ལས་ཐབས་བྱ་བ་གང་ཡང་ངན།།
༼༨༽ སྦྲ་ལྷ་དཔྱིད་ར་ནས་བཟུང་སྟེ། །སྟག་ཕག་སྤྲེལ་བྱ་འབྲུག་ཡོས་བྱི། །རྟ་འབྲུག་གླང་ཁྱི་ལུག་ལ་གནས། །བག་མའི་རྫས་འབྱེད་སྦྲའི་ཚོང་། །གནག་ཕྱུགས་གཏོང་ལེན་སྤང་བར་བྱ།།
༼༩༽ བྲན་ལྷ་ལུགས་གཅིག་འདི་ལྟ་སྟེ། །དཔྱིད་ཟླ་ར་བ་སྟག་གི་ཐོག །དཔྱིད་འབྲིང་ཕག་ལ་ཐ་ཆུང་སྤྲེ། །དབྱར་ར་སྦྲུལ་ལ་འབྲིང་པོ་ཡོས། །ཐ་ཆུང་བྱི་བ་སྟོན་ར་བྱ། །འབྲིང་པོ་རྟ་ལ་ཐ་ཆུང་འབྲུག །དགུན་ར་གླང་ལ་འབྲིང་པོ་ཁྱི། །ཐ་ཆུང་ལུག་གནས་རོ་བཏང་གཉན།།
༼༡༠༽ ས་དམག་མི་ལུས་སྟག་མགོ་ཅན། །དཔྱིད་ར་གླང་ལ་འབྲིང་པོ་འབྲུག །ཐ་ཆུང་ལུང་ལ་དབྱར་ར་ཁྱི། །འབྲིང་པོ་རྟ་སྦྲུལ་ཐ་ཆུང་ལ། །བྱི་ཕག་སྟོན་ར་སྟག་ཡོས་ལ། །འབྲིང་པོ་བྱ་སྤྲེལ་ཐ་ཆུང་འབྲུག །དགུན་ར་ལུག་ལ་འབྲིང་པོ་ཁྱི། །ཐ་ཆུང་གླང་གནས་གཡོན་སྐོར་ཡིན། །ལས་ཐབས་རོ་དང་བག་མ་སྤང་། །རོ་དྲངས་གསུམ་ལ་ཟློས་ཕར་འགྱུར། །ཀོ་ལོང་རྩིས་མཁན་ཉིད་ལ་སྡོམ། །ཉམས་བཅོས་ས་རྒྱལ་བདག་དང་མཚུངས།།
༼༡༡༽ ས་སྨན་ཟླ་བའི་བདུན་ཟུར་སྟེང་། །གཡོན་སྐོར་ལས་ཐབས་མེ་ཆེན་སྤོར། །རོ་སྲེག་སྦྱིན་སྲེག་རོ་དམག་ལས། །སྤྱིན་ན་ལས་ཐབས་ཀུན་ལ་སྡང་། །ཀོ་ལོང་དཔྱད་མཁན་དེ་ལ་སྡོམ། །ཉམས་ན་ས་བདག་ནེ་ར་དང་། །སྡོང་པོ་རྒྱན་དང་དཀར་གཏོར་བཏང་། །སྒྲིབ་ན་སྟག་གཟིག་རས་མ་དང་། །སྐྱེར་པ་ཤུག་པའི་ཕོ་གདོང་སྒྲིབ།།
༼༡༢༽ ས་ཡི་ལྷ་མོ་བསྟན་མ་ནི། །དཔྱིད་གསུམ་བྱི་བ་བྱ་སྦྲུལ་རིམ། །དབྱར་གསུམ་སྟག་རྟ་སྤྲེལ་རིམ་བཞིན། །སྟོན་གསུམ་ཡོས་ལུག་ཕག་རིམ་པར། །དགུན་གསུམ་འབྲུག་ཁྱི་གླང་རིམ་བཞིན། །ལས་ཐམས་རོ་བག་ཐབ་གཞོབ་དམར། །ས་ཁ་འབྱེད་དང་ས་བརྐོ་བ། །ཁྱད་པར་བཀྲ་དང་སྲིའུའི་རོ། །དྲི་རོ་བུད་མེད་རྒན་གཞོན་དུར། །བུ་ཆུང་སྒོར་ཁྲིད་བྱ་མི་རུང་། །ཀོ་ལོང་ལས་བྱེད་ས་དབྱེ་ལ། །ཉམས་ན་སྣང་བརྒྱད་གཙུག་ཏོར་སྒྲོག །སྒྲིབ་ན་བྱ་འུག་ཐོད་པ་བསྟན།།
ཀུན་འབྱུང་ཨ་ལོ་ལྟར་བརྗོད་ན། །ར་བཞི་མར་གྱི་བཞི་གཤེད་ལས། །དཔྱིད་གསུམ་བྱ་གླང་སྦྲུལ་རིམ་བཞིན། །དབྱར་གསུམ་སྟག་རྟ་གྱི་ཡི་སྟེང་། །སྟོན་གསུམ་ཕག་ལུག་ཡོས་ཀྱི་ཐོག །དགུན་གསུམ་བྱི་འབྲུག་སྤྲེའུ་ཡི། །སྟེང་དུ་རིམ་པར་གནས་པར་བཤད།།
༼༡༣༽ ས་བདག་རྒན་རྒོན་བྱི་བའི་མགོ །དཔྱིད་ཟླ་ར་འབྲིང་ནུབ་ན་གནས། །དཔྱིད་ཐ་དབྱར་ར་ཤར་དུ་སྡོད། །དབྱར་འབྲིང་ཐ་ཆུང་ལྷོ་ན་གནས། །སྟོན་ར་འབྲིང་པོ་བྱང་ན་སྟེ། །ཐ་ཆུང་ནུབ་ལ་དགུན་ར་ལྷོ། །འབྲིང་ཤར་ཐ་ཆུང་བྱང་ལའོ། །འདི་ཡི་སྟེང་དུ་རོ་སེང་ན། །གཡང་ཉམས་པ་དང་ན་ཚ་འབྱུང་། །ཁྱད་པར་རྒན་རྒོན་རོ་ལ་འཁྲེན། །རོ་ལམ་རོ་ཡི་བཞག་ས་སྤང་། །ཀོ་ལོང་ཁྱིམ་བདག་རྒན་མར་སྡོམ། །ཉམས་ན་བརྒྱ་བཞི་གཏོར་མས་བཅོས། །སྒྲིབ་ན་སྤྱང་ཐོད་ཤོག་ཕྲེང་བསྟན།།
༼༡༤༽ རྒྱ་ནག་སྐད་དུ་འབྲུག་རྗེ་ཟེར། །བོད་དུ་ནང་ལྷ་ཞེས་པ་ཡི། །ས་བདག་དཔྱིད་ཟླ་ར་འབྲིང་དབུས། །དཔྱིད་ཐ་དབྱར་ར་སྒོ་ལ་གནས། །དབྱར་འབྲིང་ཁྱམས་ལ་དབྱར་ཐ་ནི། །ལྷོ་ནུབ་མཚམས་ན་གནས་པའོ། །སྟོན་ར་སྟོན་འབྲིང་ཁྱམས་ལ་གནས། །སྟོན་ཐ་དགུན་ར་སྒྱེད་པོ་ལ། །དགུན་འབྲིང་དགུན་ཐ་ཐབ་ལ་གནས། །ཁྱིམ་གྱི་དབུས་སུ་གནས་དུས་སུ། །ཁྱིམ་ལྷ་གེལ་ཐུང་ཞེས་སུ་གྲགས། །རོ་འཇོག་ཐབ་ཁ་སྤོ་འཛུགས་སྤང་། །རོ་ཡི་བཞག་ས་རྩིག་ཁོངས་བྱ། །འཆོས་ན་བསངས་དང་ལྷ་གསོལ་བྱ། །སྒོར་གནས་སྒོ་ལྷ་རྟ་གཡག་ཟེར། །སྒོ་ལ་རོ་བག་འགྲོ་ལམ་དང་། །སྒོ་ལ་བཟོ་བཅོས་དེ་དུས་སྤང་། །ཁྱིམ་བདག་ཕོ་མོ་བྱིས་པར་ངན། །བཅོས་ཐབས་སྒོ་དེ་བཏོན་པའི་སྟེང་། །རྟ་དང་གཡག་གི་གཟུགས་བཅོས་བྱ། །རྟ་གཡག་ལྤགས་སྤུ་དེ་ལ་བསྐྱོན། །སྒོར་གནས་ལྷ་རྣམས་འདིར་བཞུགས་ཟེར། །རོ་བག་ཐབ་དེས་མཐོང་མི་རུང་། །ཐབ་དང་སྒྱེད་བུ་སྤོ་བཅོས་སྤང་། །ཐབ་ལྷ་གསོལ་ཞིང་ཡོལ་བས་སྒྲིབ། །ཉི་ཁྲི་བཏོན་པས་ཐུབ་པར་གསུངས། །ཁྱམས་ལ་གནས་དུས་ཡངས་པ་ཡིན། །འོན་ཀྱང་སྲིའུའི་རོ་མི་བཞག །སྤྱིར་ན་འདི་ཉིད་གནས་པའི་ཕྱོགས། །རོ་བག་ཐབ་ཁ་སྤོ་འཛུགས་དང་། །ཀ་བ་འཛུགས་དང་སྒོ་བཏོན་དང་། །དམར་གཡོས་ཐབ་གཞོབ་བྱ་མི་རུང་། །ཀོ་ལོང་ཁྱིམ་བདག་སྤྱི་མི་དང་། །ལས་བྱེད་རྩིས་མཁན་དེ་ལ་སྡོམ། །ཉམས་ན་འཕགས་པ་སྣང་བརྒྱད་འདོན། །མདའ་ལ་སྤྱང་རས་བཏགས་པས་སྒྲིབ།།
རྙིང་རྒྱུད་སྤྱི་རྒྱུད་ལྟར་བཤད་ན། །དཔྱིད་ར་ཐོག་དང་ཐེམ་པའི་འོག །ཁང་ཐོག་ལྷ་གསོལ་ལྷ་བདུད་འབབ། །ལྷ་བདག་གྲི་རུ་འཆི་བར་བྱེད། །དཔྱིད་འབྲིང་སྐས་ཀྱི་མགོ་ལ་གནས། །སྐས་བཅོས་བུ་ཚ་འཆི་བར་བྱེད། །དཔྱིད་ཐ་ཚང་བང་ལ་གནས་ཚེ། །བང་བ་བཅོས་ན་འབྲུ་ནོར་འཐོར། །དབྱར་ར་སྒོར་གནས་དེར་བཅོས་ན། །བྱེས་སོང་འཆི་ཞིང་འབྲིང་རང་འཐག །རང་འཐག་བཅོས་ན་གཡང་སྒོ་རལ། །དབྱར་ཐ་ཝ་ཁུང་དེ་ཉིད་བཅོས། །བུ་ཚ་འཆི་ཞིང་སྟོན་ར་ནི། །གནམ་སྒོ་དེ་བཅོས་བཟའ་དཔོན་འཆི། །འབྲིང་པོ་འགྲམ་འོག་འགྲམ་བཅོས་ན། །བུ་ཚུ་གློ་བུར་འཆི་བར་བྱེད། སྟོན་ཐ་མཐོངས་དང་སྲང་ཁ་ལ། །མཐོངས་བཅོས་ཁྱིམ་དེ་གཞན་ལ་འཆོར། །དགུན་ཀ་ར་བའི་འོག་ཏུ་གནས། །ཀ་བ་བཅོས་ན་ཕུང་ཁྱིམ་ཡིན། །འབྲིང་པོར་བང་སྒྱེད་འོག་ཏུ་གནས། །དེ་བཅོས་བྱན་མོ་མྱུར་དུ་ཨིག །དགུན་ཐ་བྲེ་དང་སྲང་ཁ་ལ། །བྲེས་དང་སྲང་ཕྱགས་སྒོ་ཕྱུགས་འཕུང་། །ཀོ་ལོང་གང་བྱས་མི་ལ་སྡོམ། །སྤང་ཀོང་སྣང་བརྒྱད་ཆབ་གཏོར་བཅོས།།
༈ གཞན་ཡང་རིན་སྤུངས་སྤྱི་རྒྱུད་ལས། །དཔྱིད་གསུམ་དབྱར་ར་སྒོ་ལ་གནས། །དབྱར་ཐ་ཞིང་གི་ཚལ་པ་ལ། །དགུན་གྱི་འབྲིང་ཐ་ཐབ་ལ་གནས། །སྟོན་གསུམ་དགུན་ར་དབྱར་འབྲིང་ཁྱམས། །ཞིང་གནས་དྲས་དང་ཕྲུ་རློག་སྤང་། །ཉམས་ན་ཆུང་གཏོར་བཏང་བས་ཐུབ། །ཉམས་བཅོས་གཞན་མ་གོང་གིས་འགྲེ།།
༈ རྙིང་རྒྱུད་མདོ་བྱང་མ་བུ་ལས། །དཔྱིད་ར་འབྲིང་ལ་དབུས་ཐ་ཆུང་། །དབྱར་ར་དོང་རྩེ་དབྱར་འབྲིང་ཐ། །བྱང་ཤར་སྟོན་གྱི་ར་འབྲིང་སྲིན། །སྟོན་ཐ་དགུན་ཕྱི་སྒོ་ལ། །དགུན་གྱི་འབྲིང་ཐ་ལམ་ལ་གནས། །ཞག་པོ་བརྒྱད་ཁྱམས་ལ་གནས།།
༈ སྡོང་འདུས་ལས་ནི་དཔྱིད་ར་འབྲིང་། །དབུས་གནས་སྟོན་ཐ་དགུན་ར་སྒོར། །དཔྱིད་ཐ་དབྱར་ར་དེང་རྩེ་ལ། །གཞན་རྣམས་ཁྱམས་ལ་གནས་པར་བཤད།།༽
 ༼༡༥༽ བྱི་ལམ་ཕག་མགོ་དཔྱིད་ཡ་བྱང་། །འབྲིང་པོ་ཤར་ལྷོ་ཐ་ཆུང་སྲིན། །དབྱར་ར་ལྷོ་ལ་བྲིང་པོ་བྱང་། །ཐ་ཆུང་བྱང་ཤར་སྟོན་ར་ལྷོ། །འབྲིང་བྱང་ཐ་ཆུང་ཤར་ན་གནས། །དགུན་ར་བྱང་དང་འབྲིང་ལྷོ་ནུབ། །ཐ་ཆུང་བྱང་གི་ཕྱོགས་ན་གནས། །རོ་དྲངས་ངན་ཏེ་དཔྱིད་རའི་ཐོག །དྲངས་ན་རོ་གསུམ་དེ་བཞིན་དུ། །རིམ་པར་བཞི་གཉིས་བཞི་གསུམ་ལྔ། །གཉིས་ཟུང་རོ་ཡི་གྲངས་མ་དག །འབྱུང་ཞིང་ནོར་རྟ་བུད་མེད་དང་། །ཁ་སྨྲས་འབྱུང་ཞིང་ཀོ་ལོང་ནི། །རྡོ་ཤིང་མཁར་ལས་སྐྱས་ལ་སྡོམ། །ཉམས་ན་སྡོང་རྒྱན་སྣང་བརྒྱད་སྒྲོག །དཀར་གཏོང་བཏང་ལ་སྒྲིབ་པ་ན། །ཕྱོགས་སུ་ཐོ་ལྔ་བརྩིགས་པས་ཐུབ།།
༼ཀུན་འབྱུང་ཨ་ལོ་ལྟར་བརྗོད་ན། །དཔྱིད་ར་ནུབ་བྱང་འབྲིང་ཤར་ལྷོ། །དཔྱིད་ཐ་ལྷོ་ནུབ་མཚམས་ན་གནས། །དབྱར་ར་ལྷོ་ལ་དབྱར་འབྲིང་ཤར། །དབྱར་ཐ་བྱང་ཤར་མཚམས་ན་གནས། །སྟོན་ར་ཤར་ལྷོ་སྟོ་འབྲིང་ནུབ། །སྟོན་ཐ་བྱང་ཤར་མཚམས་སུ་གནས། །དགུན་ར་བྱང་ལ་དགུན་འབྲིང་པོ། །ལྷོ་ནུབ་ཐ་ཆུང་ནུབ་ན་གནས།།༽
༼༡༦༽ བྱི་ལམ་སྔོན་མོ་ཞེས་པ་ནི། །དཔྱིད་ར་འབྲིང་ལ་ཤར་ན་གནས། །ཐ་ཆུང་རྟ་ཡིན་དབྱར་ར་ལུག །འབྲིང་པོ་ལྷོར་གནས་ཐ་ཆུང་ཡོས། །སྟོན་ར་འབྲུག་སྟེ་འབྲིང་ལ་ཕག །ཐ་ཆུང་བྱི་བ་དགུན་ར་གླང་། །འབྲིང་དང་ཐ་ཆུང་བྱ་ལ་གནས། །ལས་ཐབས་སེ་སྒོ་མཁར་ལས་དམག །སྐྱས་ཤིང་ས་བརྐོ་རོ་ལམ་སྤང་། །ཉམས་ན་ཡུལ་དཔོན་ཀོ་ལོང་སྡོམ། །ཁྱད་པར་རོ་དྲངས་བྱིས་པའམ། །སྟག་ཤར་གསུམ་ལ་ངན་པར་བཤད། །ཉམས་ན་ཉི་ཁྲི་ཚེ་མདོ་འདོན། །ཀླུ་ཆོག་མདོས་དང་དཀར་གཏོང་གཏོང་། །སྒྲིབ་ན་ཕྱོགས་དེར་ལུག་མཆིན་ལ། །ངར་མི་བསྐྱོན་བཏང་ཐོ་ལ་འཛུགས།།
༼རིན་ཆེན་ཀུན་འདུས་ལྟར་དུ་ནི། །དཔྱིད་ར་ནུབ་ལ་འབྲིང་ཤར་ལྷོ། །ཐ་ཆུང་ལྷོ་ནུབ་དབྱར་ར་ལྷོ། །འབྲིང་པོ་བྱང་ཤར་དབྱར་ཐ་ཤར། །སྟོན་ར་ཤར་ལྷོ་འབྲིང་ནུབ་བྱང་། །ཐ་ཆུང་དགུན་ར་བྱང་དུ་གནས། །འབྲིང་པོ་ལྷོ་ནུབ་ཐ་ཆུང་ནུབ།། ༈ གཏོང་ཤེས་ལྟར་ན་སྟག་རྟ་ཁྱིའི། །ཟླ་བར་བྱང་ཤར་ཡོས་ལུག་ཕག །ཤར་ལྷོ་བྱི་འབྲུག་སྤྲེལ་ལྷོ་ནུབ། །བྱ་གླང་སྦྲུལ་ལ་ནུབ་བྱང་མཚམས།།
༈ སྣང་གསལ་མ་བུ་ལས་བཤད་པ། །དཔྱིད་གསུམ་རྟ་སྦྲུལ་ལུག་གི་ཐོག །དབྱར་གསུམ་ལུག་རྟ་ཡོས་ཀྱི་སྟེང་། །སྟོན་གསུམ་འབྲུག་ཕག་བྱི་བ་ལ། །དགུན་གསུམ་གླང་སྤྲེལ་བྱ་ལ་གནས།།༽
༼༡༧༽ ས་བདག་རྔ་ཟོར་དམར་པོ་ནི། །དཔྱིད་གསུམ་རིམ་བཞིན་ཁྱི་སྦྲུལ་རྟ། །དབྱར་ཟླ་གསུམ་ལ་རྟ་སྟག་གླང་། །སྟོན་གསུམ་རིམ་བཞིན་གླང་ལུག་ལུག །དགུན་གསུམ་ལུག་སྤྲེལ་ཡོས་རིམ་གནས། །ལས་ཐབས་རོ་ཤིད་བྱ་མི་རུང་། །རོ་དྲངས་སྐྱེས་པ་གྲི་དང་ནི། །བུད་མེད་སྣལ་གྲིར་འཆི་ཞེས་ངན། །ཉམས་ན་དམར་གཏོར་ཟོར་གྱིས་བཅོས། །སྟག་ཡོས་རྒྱལ་མཚན་འཕྱར་ལ་སྒྲིབ།།
༼༡༨༽ ས་བདག་འཕར་བ་མགོ་དགུ་ནི། །སྟག་འབྲུག་རྟ་ཡི་ཟླ་གསུམ་སྤྲེལ། །ཡོས་ཟླར་སྦྲུལ་ལ་སྦྲུལ་ཟླར་སྟག །ལུག་ཟླ་ཕག་གི་སྟེང་དུ་གནས། །སྟོན་གསུམ་རིམ་བཞིིན་ཡོས་ལུག་ནི། །དགུན་གསུམ་རིམ་བཞིན་སྤྲེལ་འབྲུག་བྱ། །འདི་ཡི་སྟེང་དུ་རོ་སོང་ན། །ལོ་དགུ་འཆི་འཕྲོ་མི་ཆོད་ཅིང་། །ལས་ཐབས་དུར་ཤིད་བྱ་མི་རུང་། །ཀོ་ལོང་ཤུལ་དང་ཡུལ་མིར་སྡོམ། །ཉམས་ན་དོང་རྩེ་བརྒྱད་སྟོང་བཅོས། །སྤྲེལ་ཐོད་བལ་ཚོན་བཏགས་པས་སྒྲིབ།།
༼༡༩༽ སྲིད་གཤེད་ཅེས་པའི་ས་བདག་ནི། །གཡོན་སྐོར་ཟླ་བའི་མར་བཞི་གཤེད། །བྱིས་པ་སྒོར་ཁྲིད་བྱ་ལས་དང་། །བྱིས་པའི་སྟོན་མོ་བྱེད་པ་ངན། །སྐྱེ་བའི་ཕྱོགས་ཀྱང་ངན་པས་འཛེམ། །ཆུང་རོ་བཏང་ན་སྐྱེ་འཕྲོ་ཆད། །ཆུང་དུར་གདབ་པའི་ཕྱོགས་ཀྱང་བྱོལ། །བཅོས་སྒྲིབ་སྒེར་དུ་བཤད་པ་མེད།།
༼༢༠༽ ས་ཁྱི་དུད་ཁ་ཕོ་དང་ནི། །ས་ཁྱི་ནག་མོ་ཐོ་ལུམ་མོ། །ཟླ་བ་གང་ཤར་ས་དེར་གནས། །ལས་ཐབས་དམག་དང་རོ་ལམ་འཛེམ། །ཀོ་ལོང་དོ་བདག་པ་ཚན་སྡོམ། །ཉམས་བཅོས་སྤྱི་ལས་སྒེར་དུ་མེད།།
༼༢༡༽ པི་ལིང་གཡོན་སྐོར་གང་ཤར་ཟླའི། །བདུན་ཟུར་སྟེང་གནས་རོ་དམག་བག །མཁར་ལས་རོ་ཡི་སྦ་བསྲེེག་སྤང་། །ས་བརྐོ་ཆག་པ་དུ་བརྐོས་པའི། །གྲངས་ཀྱི་མི་དེ་འཆི་ཞེས་བཤད། །ཉམས་ན་ཐང་འབུམ་འདོན་པར་བྱ། །སྒྲིབ་ན་ཕྱོགས་དེར་མཐོ་ལྔ་བཙུགས།།
༼མདོ་བྱང་ལས་ནི་དཔྱིད་ར་དང་། །དགུན་འབྲིང་ནུབ་གནས་དཔྱིད་འབྲིང་ལ། །ཤར་ལྷོ་དཔྱིད་ཐ་ལྷོ་ཡི་ཕྱོགས། །དབྱར་ར་ལྷོ་ནུབ་འབྲིང་ཐ་ཤར། །སྟོན་ར་ཤར་ལྷོ་འབྲིང་ཐ་བྱང་། །དགུན་ར་བྱང་ཤར་འབྲིང་ཐ་བྱང་།། ༈ ཟིན་འཕུང་གཡོན་སྐོར་ཡར་བཞི་བཤད། །བྱ་བ་གང་ཡང་ངན་པ་འཛེམ། །ཉམས་ན་ནོར་དང་ནོར་གྱི་ཕྱིར། །རྩོད་པའི་ཁ་སྨྲས་འཕོག་པར་འགྱུར། །བཅོས་ཐབས་ལོ་བཞིན་ཤེས་པར་བྱ།།༽
༼༢༣༽ ཟླ་བའི་བླ་མཁྱེན་ཞེས་བྱ་བ། །ཟླ་བ་ཕོ་ཤར་གཤེད་བཞི་འོག །མོ་ཤར་གོང་གི་གཤེད་བཞི་འགྲིམ། །ཉམས་བཅོས་ཀོ་ལོང་ལོ་བཞིན་ནོ།།
༼༢༤༽ ས་བདག་ནལ་བུ་ཞེས་བྱ་བ། །དབྱར་ཟླ་ར་བ་ཐོག་ལ་གནས། །དབྱར་འབྲིང་ཀ་བ་དབྱར་ཐ་མ། །མགོན་ཁང་སྒོ་དང་སྟོན་ར་བ། །ཕྱི་སྒོ་འབྲིང་པོ་ནང་གི་སྒོ། །སྟོན་ཐ་གྱང་ཁུང་དགུན་ར་བ། །ཀ་བ་འབྲིང་པོ་སྒྱེད་པོ་ལ། །ཐ་ཆུང་གྱང་དང་རྡོ་ལ་གནས། །དཔྱིད་ཟླ་གསུམ་པོ་གནས་ས་མེད། །རོ་བག་ངན་ལས་ཕལ་ཆེར་འཛེམ། །ཀོ་ལོང་དོ་བདག་ཕ་ཚོན་སྡོམ། །ཉམས་ན་གཟུངས་བསྡུས་སྣང་བརྒྱད་དང་། སྤང་སྐོང་གསུང་སྒྲོག་སྤྱི་སྒྲིབ་བྱ།།
༼༢༥༽ ས་ཡི་བྱི་ལམ་ཞེས་བྱ་བ། །དཔྱིད་ར་ནུབ་བྱང་འབྲིང་ཤར་ལྷོ། །ཐ་ཆུང་ལྷོ་ནུབ་དབྱར་ར་ལྷོ། །དབྱར་འབྲིང་བྱང་ཤར་ཐ་ཆུང་ཤར། །སྟོན་ར་ལྷོ་ལ་འབྲིང་ནུབ་བྱང་། །ཐ་ཆུང་བྱང་ལ་དགུན་ར་བ། །བྱང་ཤར་འབྲིང་པོ་ལྷོ་ནུབ་ཏུ། །ཐ་ཆུང་ནུབ་གནས་ཀོ་ལོང་ནི། །ས་ལས་རོ་ལ་སྡོམ་པར་བྱེད། །ཉམས་ན་སྤང་སྐོང་བདུད་བཅོས་བྱ། །སྒྲིབ་ཤིང་ནལ་བུ་དག་དང་མཚུངས།།
༼༢༦༽ ས་བདག་པི་ལིང་འཕར་མ་ནི། །དཔྱིད་གསུམ་རིམ་པར་ཁྱི་སྦྲུལ་རྟ། །དབྱར་གསུམ་ལུག་སྟག་ཡོས་རིམ་བཞིན། །སྟོན་གསུམ་འབྲུག་ཕག་བྱི་བ་ལ། །དགུན་གསུམ་གླང་སྤྲེལ་བྱ་རིམ་གནས། །ཀོ་ལོང་ས་ལས་རོ་ལ་སྡོམ། །ཉམས་བཅོས་སྤང་སྐོང་བདུད་བཅོས་བྱ། །སྒྲིབ་ཤིང་ཐོ་ལྔ་བཙུགས་ལ་བྱེད།།
༼༢༧༽ ལྷ་ཆེན་གཉན་་ཆེན་ཞེས་བྱ་བ། །དཔྱིད་གསུམ་གཉན་ལྷོ་ལྷ་ཆེན་ཤར། །སྟོན་གསུམ་ལྷ་ལྷོ་གཉན་ཆེན་ནུབ། །དགུན་གསུམ་གཉན་བྱང་ལྷ་ཆེན་ནུབ། །རོ་ཁུང་ས་ལས་བྱ་མི་རུང་། །ཀ་ལོང་དོ་བདག་ཕ་ཚན་སྡོམ། །ཉམས་བཅོས་སྣང་བརྒྱད་སྤང་སྐོང་འདོན། །སྒྲིབ་ན་ནལ་བུ་ལྟར་བུར་བྱ།།
༼༢༨༽ ས་བདག་གཟིག་མཇུག་ཅེས་བྱ་བ། །རོ་དང་མཁར་ལས་ཀོ་ལོང་སྡོམ། །དཔྱིད་ར་བྱང་གནས་དེར་ཉམས་ན། །བུད་མེད་འཆི་ཞིང་དཔྱིད་འབྲིང་པོ། །བྱང་ཤར་ཉམས་ན་བུ་མོར་ངན། །ཐ་ཆུང་ཤར་གནས་ཉམས་པ་ན། །ཕྲ་མ་དང་ནི་སྐྱོ་བ་འོང་། །དབྱར་ར་ཤར་ལྷོ་ཉམས་པ་ན། །བྲན་ཕོ་ལ་ངན་འབྲིང་ལྷོར་གནས། །ཉམས་ན་བྲན་མོར་ངན་པ་ཡིན། །ཐ་ཆུང་ལྷོ་ནུབ་ཉམས་པ་ན། །འོག་རྟ་ལ་ངན་སྟོན་ར་བ། །ནུབ་གནས་ཉམས་ན་དགྲ་གྱོད་ལྡང་། །འབྲིང་པོ་ནུབ་བྱང་ཉམས་པ་ན། །ཕྱུགས་མ་འཆི་ཞིང་ཐ་ཆུང་བྱང་། །ཉམས་ན་ལོ་ཏོག་སེར་བས་བཅོམ། །དགུན་ར་སྒོར་གནས་ཉམས་པ་ན། །གཟེར་ཐབས་ནད་འབྱུང་འབྲིང་པོ་ལ། །རྒྱ་སྲང་ལ་གནས་ཉམས་གྱུར་ན། །ཁྲག་ནད་ལྡ་ཞིང་ཐ་ཆུང་དུར། །དེར་བཏབ་འཐེང་གྲུམ་འབབ་པར་འགྱུར། །ཉམས་བཅོས་སྤྱི་བཞིན་བྱ་བ་ཡིན།།
༼༢༩༽ ས་བདག་གཟིག་སློག་ཅེས་བྱ་བ། །གང་ཤར་ཟླ་བའི་སྟེང་ན་གནས། །མཚོད་ཆ་སྟོན་དང་རོ་ལས་འཛེམ། །ཀོ་ལོང་དོ་བདག་ཕ་ཚོན་སྡོམ། །ཉམས་ན་སྤང་སྐོང་འདོན་པར་བྱ། །སྒྲིབ་ལུགས་ས་བདག་སྤྱི་ལྟར་བྱེད།།
༼༣༠༽ ས་བདག་སྡོམ་ཁྱི་ཞེས་བྱ་བ། །དཔྱིད་གསུམ་བྱང་སྨད་དབྱར་ཤར་སྨད། །སྟོན་གསུམ་ལྷོ་སྨད་དགུན་ནུབ་སྨད། །འབྲིང་པོ་བཞི་ཡི་སྟེངས་ན་གནས། །ལས་ཐབས་རོ་ཕྱོགས་ངན་པ་སྟེ། །ཀོ་ལོང་དོ་བདག་ཕ་ཚོན་སྡོམ། །ཉམས་ན་རྒྱལ་པོ་མདོ་ལྔ་སྒྲོག །སྒྲིབ་ཐབས་སྤྱི་ལྟར་བྱས་ན་ཐུབ།།
༼༣༡༽ ས་བདག་ཟླ་བའི་ཙང་ཀུན་ནི། །གང་ཤར་ཟླ་བའི་ཡར་བཞི་བཤད། །ལས་ཐབས་ཕྱོགས་དེར་རོ་མི་བཏང་། །ཉམས་ན་ཏོག་གཟུངས་སྣང་བརྒྱད་དང་། །གཟུངས་བསྡུས་སྒྲོག་ཅིང་སྤྱི་བཞིན་སྒྲིབ།།
༼༣༢༽ རྔམ་པ་ཕག་མགོ་གདོང་གསུམ་པ། །ཟླ་བ་གང་ཤར་སྟེང་ན་གནས། །རོ་ལམ་ཤིད་ལས་བྱ་མི་རུང་། །ཉམས་ན་སྣང་བརྒྱད་སྒྲོག་ལ་བཅོས།།
༼༣༣༽ བེ་སྣ་ལག་ཆེན་གཡོན་སྐོར་བྱེད། །བྱི་འབྲུག་སྤྲེལ་ཟླར་ཤར་སྨད། །སྟག་ཟླ་ཁྱི་ཟླར་ཕག་གི་སྟེང་། །བྱ་གླང་སྦྲུལ་ཟླར་ལྷོ་ནུབ་ལུག །ཕག་ལུག་ཡོས་ལ་གླང་གི་ཐོག །གཏུན་དང་རང་འཐག་འཆའ་ལ་ངན། །ཀོ་ལོང་ལག་ལེན་བྱེད་མིར་སྡོམ། །ཉམས་ན་སནང་བརྒྱད་འཁྲུགས་གཏོས་བཅོས། །སྒྲིབ་ན་བཆོད་རྟེན་སཱཙྪས་སྒྲིབ།།
༼༣༤༽ རྒྱལ་མོ་བཞི་ཟེས་བྱ་བ་ནི། །དཔྱིད་ཟླ་གསུམ་ལ་ཤར་དུ་འཚོག །བག་མ་དམན་དང་སྟོན་ཤིང་སྤང་། །དབྱར་གསུམ་ལྷོར་འཚོག་སེར་བ་དང་། །གཏད་ཁྲམ་འདེབས་པའི་ལས་དག་ངན། །སྟོན་གསུམ་ནུབ་ཏུ་བོད་མདོས་སྤང་། །དགུན་གསུམ་བྱང་འཚོག་སྐྱས་བྱེད་དང་། །མཁར་ལས་སྤང་བར་བྱ་བ་ཡིན། །ཀོ་ལོང་དོ་བདག་ཕ་ཚན་སྡོམ། །ཉམས་ན་ཏོག་གཟུངས་སྣང་བརྒྱད་དང་། །སྤང་སྐོང་འདོན་ཞིང་སྤྱི་ལྟར་སྒྲིབ།།
༼༣༥༽ ཐབ་ལྷ་སེ་ཤར་བ་ནི། གཡོན་སྐོར་དཔྱིད་གསུམ་ཤར་ན་གནས། །དབྱར་ལྷོ་སྟོན་ནུབ་དགུན་གསུམ་བྱང་། །རོ་སྦེད་ཐབ་དང་རང་འཐག་ངན། །ཀོ་ལོང་ཁྱིམ་གང་མི་ལ་སྡོམ། །ཉམས་ན་སྣང་བརྒྱད་འབུམ་ཐེར་དང་། །གཡང་ལོན་སྒྲིབ་ན་ལོ་བཅུ་གཉིས། །འབྲུག་གཟུངས་བཏང་བས་ཐུབ་པར་གསུངས།།
༼༣༦༽ ས་བདག་ཝང་ཁྱི་བྱ་བ་ནི། །དབྱར་ཐར་གླང་གི་ཉི་དུས་ལ། །ལྷོར་བལྟ་དེ་རུ་ཁ་མི་བསྟན། །དགུན་ཐར་ལུག་གི་ཉི་དུས་སུ། །བྱང་གི་ཕྱོགས་སུ་ངན་པ་ཡིན། །སྟོན་ཐར་འབྲུག་གི་གཉིས་དུས་སུ། །ནུབ་ཀྱི་ཕྱོགས་སུ་ཁ་མི་བསྟན། །དཔྱིད་ཐར་ཁྱི་ཡི་ཉི་དུས་སུ། །ཤར་གྱི་ཕྱོགས་སུ་ངན་པ་ཡིན། །ལས་ནི་སྤྱི་དང་ཁྱད་པར་དུ། །མནའ་ཡི་ལས་ལ་འཛེམ་པར་གཅེས། །འདི་ནི་མནའ་ཡི་གཤེད་མ་ཡིན། །སྤྱིར་ན་ཐ་ཇུང་བཞིའི་ཉི་མར། །ངན་པའི་ཕྱོགས་དེར་ཁ་མི་བསྟན། །སྒོས་སུ་དར་ཉིར་ཁ་མི་བསྟན། །ཡང་སྒོས་གནས་པའི་ཉི་དུས་འཛིན། །ཉམས་ན་བཅོས་སྒྲིབ་སྤྱི་ལྟར་བྱ།།
༼༣༧༽ ས་བདག་འགྱུར་མེད་ཅེས་པའམ། །རྩང་རྩང་འཁོར་བའམ་ལྟོ་འཕྱེ་ནག །དཔྱིད་གསུམ་མགོ་ལྷོ་ཁ་ནི་ནུབ། །མགོ་ལ་མཁར་ལས་མི་བྱ་ཞིང་། །ཁ་ལ་སྒྱོགས་ཁ་བསྟན་མི་རུང་། །དབྱར་གསུམ་མགོ་ནུབ་ཁ་བྱང་བསྟན། །མགོ་ལ་མཁར་ལས་ཁར་བག་ངན། །སྟོན་གསུམ་མགོ་བྱང་ཁ་ནི་ཤར། །མགོ་ལ་ཧོམ་དང་ཁར་བག་འཛེམ། །དགུན་གསུམ་མགོ་ཤར་ཁ་ནི་ལྷོ། །ཁ་ལ་ས་སྒོ་མགོར་སྟོན་སྤང་།།
༼༣༨༽ གྲོལ་བུ་ལྷ་ལྔ་ཞེས་བྱ་བ། །གཡོན་སྐོར་སྟག་རྟ་ཁྱི་ཟླ་ལ། །ཤར་འཚོག་ཕག་ལུག་ཡོས་ཟླ་ལྷོར། །བྱི་འབྲུག་སྤྲེལ་ནུབ་བྱ་གླང་སྦྲུལ། །བྱང་གི་ཕྱོགས་སུ་ལྷ་ལྔ་འཚོག །ལས་ཐབས་རོ་དང་ཆུང་དུར་དང་། །མཁར་ལས་ཁྲོམ་ཤིད་ལ་སོགས་པ། །ཕྱི་ནང་བྱ་བ་ལྟད་སྟོན་འཇལ། །དམག་ཇག་མཚོན་སྟོན་སྐྱས་བག་འཛེམ། །ཀོ་ལོང་གཙུག་མཁན་དག་ལ་སྡོམ། །ཉམས་ན་གྲྭ་ལྔ་སྤང་སྐོང་བཀླག །ཆུ་གཏོར་ངར་གླུད་ཕྱོགས་དེར་བཏང་། །སྒྲིབ་ན་ལྷ་ལྔ་རང་རང་གཟུགས། །མི་ཡི་ལུས་ལ་མགོ་བོ་ནི། །འབྲུག་སྔོན་བྱ་དམར་སྟག་དཀར་དང་། །སྦལ་ནག་སྦལ་སེར་བཟོས་པས་སྒྲིབ།།
༼༣༩༽ ཡང་ན་ལྷ་དགུ་ཞེས་བྱ་བ། །སྟག་རྟ་ཁྱི་ཡི་ཟླ་བར་ནུབ། །ཕག་ལུག་ཡོས་ཀྱི་ཟླ་བར་ལྷོ། །བྱི་འབྲུག་སྤྲེལ་གསུམ་ཟླ་བར་ཤར། །བྱ་གླང་སྦྲུལ་ཟླར་བྱང་གི་ཕྱོགས། །འཚོག་སར་རོ་གཏོང་དུར་འདེབས་དང་། །མཁར་ལས་ཁྲོམ་ཤིད་ལ་སོགས་པ། །ཕྱི་ནང་བྱ་བ་ལྟད་སྟོན་འཇལ། །དམག་སོགས་ལས་ཀུན་འཛེམ་པར་བྱ། །ཁྱད་པར་རོ་ལ་ཀོ་ལོང་སྡོམ། །ཉམས་པ་བཅོས་ན་ཁྱི་ནག་གཟུགས། །བྱས་ལ་ཕྱོགས་དེར་འཕང་དང་ཉམས། །སྤྱིར་དགུ་དོ་གལ་ཐམས་ཅད་ནི། །བསྡིགས་ཤིང་བརྗོད་ཅིང་རང་ཡོལ་ཕག །ཡིབས་པས་ཉེས་ན་ཐུབ་པར་གསུངས།།
༈ ལྔ་དགུ་གཉིས་ཀ་སྒྲིབ་འདོད་ན། །སྤྱང་ཀིའི་ཐོད་པ་ཕྱོགས་དེར་བསྟན། །བུད་མེད་ས་བཟང་གྱོན་པ་བྲི། །ལུག་ཤ་ལག་པ་སུག་ཡོད་པ། །གང་རུང་སུག་པའི་མཚམས་སུ་བཏགས། །འཚོག་པའི་ཕྱོགས་སུ་གཟུགས་དང་བཅས། །ཟན་ལ་མི་ལུས་ཁྱི་མགོ་ཅན། །རྩིས་མཁན་ཕུ་ཐུང་གཡོན་པར་བཅུག །ཆ་གསུམ་གཏོར་བ་བཏང་བའི་རྗེས། །གླུད་བཅས་ལྔ་དགུའི་ཕྱོགས་དེར་བཏང་།།
༈ གཉིས་པ་ཟླ་ནག་ཅེས་པ་ནི། །གནམ་ལོ་རྒྱལ་པོ་དབུས་བཞག་པའི། །ཡར་མར་བཞི་གཤེད་ཟླ་བ་ནག །དེ་ཡང་ར་བ་བཞི་ཡི་སྟོད། །འབྲིང་སྒང་ཐ་ཆུང་ཟླ་སྨད་ནག །གསོན་གཤིན་བྱ་བ་ཐམས་ཅད་དང་། །ཁྱད་པར་ཤིདད་མཁར་དགེ་བའི་ལས། །ཚོང་དུར་ས་ལས་ནོར་ཕྱིར་གཏོང་། །བག་སྟོན་རབ་བྱུང་རབ་ཏུ་གནས། །ཆེ་འདོན་ལ་སོགས་འཛེམ་པ་དང་། །མཐུ་གཏད་མནན་བསྲེག་དགྲ་ལིང་འབྲི། །དྲག་ལས་དབྱེ་སེལ་སྦྱོར་བཤིག་བཟང་། །བཅོས་ཐབས་མར་གྱི་ཟླ་བ་གསུམ། །སྦྲ་ཁྱིམ་ཁང་པའི་གོང་ཆུང་བཞག །བདེན་པ་འདར་ཞིང་འདི་ལྟར་བརྗོད། །ཟླ་ནག་མ་ཡིན་དཀར་བ་ཡིན། །ལས་དང་བྱ་བ་ཤིས་པརབརྗོད། །ཅེས་བརྗོད་ཟན་གྱི་ཟླ་ནག་གསུམ། །མི་ཁའི་རྫས་བཅས་ལམ་མདོར་བསྐྱལ། །ཟླ་ནག་ལོག་པར་བལྟ་བ་དང་། །མི་མཐུན་ཕྱོགས་རིགས་ངན་དགུའི་ཚོགས། །བསྟན་གནོད་དགྲ་བགེགས་སྟེང་དུ་བསྒྱུར། །ཞེས་དང་འོད་ཟེར་ཅན་མ་སྒྲོག།
༈ ཁྱད་པར་ཞག་དུས་སྤང་བྱ་ནི། །སྟག་ལོའི་དབྱར་དགུན་ར་བ་ཡི། །ཚེས་བརྒྱད་ཐོ་རེངས་ཤིད་བྱས་ན། །རོ་བདག་ཤིད་ཁ་བྱེ་བས་འཛེམ། །ཡོས་ལོ་ཡི་དབྱར་འབྲིང་པོ་ཡི། །བཅོ་བརྒྱད་ཉི་མྱུར་ཤིད་བྱས་ཕུང་། །འབྲུག་ལོའི་དབྱར་དགུན་ཐ་ཆུང་གི །སྦྲུལ་ལོའི་སྟོན་དཔྱིད་ར་བ་ཡི། །གནམ་སྒང་ལ་ནི་ཤིད་ངན་ནོ། །རྟ་ལོའི་སྟོན་དཔྱིད་འབྲིང་པོར་ཉར། །མཁར་ལས་རྩིས་མཁན་དགེ་བཤེས་དང་། །ཁྱིམ་བདག་ལ་ནི་ངན་པའོ། །ལུག་ལོའི་སྟོན་དཔྱིད་ཐ་ཆུང་གི །ཉི་ཤི་གཉིས་ཀྱི་བྱ་ཉལ་ལ། །ཚོང་བྱས་ནོར་ཤ་གོད་ཁ་འོང་། །སྤྲེལ་ལོའི་དབྱར་དགུན་ར་བའི་བརྒྱད། །ཐོ་རེསང་དུར་བཏབ་མི་ཚང་འཕུང་། །བྱ་ལོའི་དབྱར་དགུན་འབྲིང་པོ་ཡི། །བཅོ་བརྒྱད་ཉི་མྱུར་དགེ་ལས་ངན། །ཁྱི་ལོའི་དབྱར་དགུན་ཐ་ཆུང་གི །བརྒྱད་ལ་ས་རྡོ་འདམ་ལས་ངན། །ཕག་ལོའི་སྟོན་དཔྱིད་ར་བ་ཡི། །གནམ་སྒང་ཤིད་དང་རོ་འདོན་ངན། །བྱི་ལོའི་སྟོན་དཔྱིད་འབྲིང་པོའི་ཉར། །ཤིག་ཀྱི་བྱ་བ་ངན་པའོ། །གླང་ལོའི་སྟོན་དཔྱིད་ཐ་ཆུང་གི །ཉེར་གཉིས་བྱ་ཉལ་ཙམ་ལ་རྒྱུ། །ནོར་བཏང་གཡང་ཉམས་དབུལ་པོར་འགྲོ། །འདི་ལ་ཀི་ཀང་ཟླ་ནག་བཅས། །ཤིན་ཏུ་གཉན་པས་གཟབ་གལ་ཆེ།།
༈ གསུམ་པ་བུམ་སྟོང་ཞེས་བྱ་བ། །གཙུག་ལག་འབྱུང་བའི་རྩིས་ལུགས་ལས། །སྟག་རྟ་ཁྱི་གསུམ་བུམ་སྟོང་ཤར། །ཕག་ལུག་ཡོས་གསུམ་ལྷོ་ཡི་ཕྱོོགས། །བྱི་འབྲུག་སྤྲེལ་ཟླར་ནུབ་ཀྱི་ཕྱོགས། །བྱ་གླང་སྦྲུལ་ཟླར་བྱང་ཕྱོགས་གནས། །བུམ་པར་ཐེ་སེ་འབྲུག་ལྷ་དང་། །ནང་ལྷ་གྲོལ་བུ་སའི་ལྷ་མོ། །གནས་ཕྱིར་ལས་ཐབས་ཕལ་ཆེར་ངན། ། སྒྲིབ་ན་འཇམ་དཔལ་སྐུ་བསྟན་ཅིང་། །སྣང་བརྒྱད་སྟོན་པས་ཉེས་པ་ཞི།།
 ༈ ལེགས་ལྡན་གཙུག་ན་ཟླ་བའི་ལུགས། །ཤར་ནས་ཆོས་སྐོར་བུམ་པ་བཞི། །ཕྱོགས་བཞིར་བྲིས་ལ་ཤར་གྱི་བུམ། །ལུག་སེང་གཞུ་དང་ལྷོར་གླང་དང་། །བུ་མོ་ཆུ་སྲིན་ནུབ་འཁྲིག་སྲས། །བུམ་པ་བྱང་ཕྱོགས་ཀར་སྡིག་ཉ། །བཀོད་ལ་ཉི་ཁྱིམ་གནས་པའི་ཕྱོགས། །སྟོང་པའི་བུམ་པ་ཞེས་བྱ་སྟེ། །གཞན་གསུམ་གང་བའི་བུམ་པ་ཡིན། །གང་ཕྱོགས་འགྲོ་དང་རྟ་བརྒྱུག་དང་། །གྲལ་དཔོན་ཚོགས་དཔོན་ཞལ་གཟིགས་ཕྱོགས། །དམག་འདྲེན་བཤད་གསར་ཁའི་བལྟ་ཕྱོགས། །རྒྱལ་ཞིང་འདོད་དོན་བསམ་པ་འགྲུབ། །ཁྱད་པར་སར་བསོད་ནམས་གཟའ། །རང་མིང་ཡོད་ན་ཤིན་ཏུ་བཟང་། །དེ་ལྡོག་སྟོང་པར་འདྲ་གཟའ་དང་། །རང་མིང་ཡོད་པའི་ཕྱོགས་དེ་རུ། །ལྟད་མོ་འགྲོ་འདུག་བྱས་ན་འཆི། །བཅོས་ན་རིན་ཆེན་བུམ་པའི་ནང་། །འབྲུ་སྨན་རིན་ཆེན་སྣ་ཚོགས་དང་། །ཟླ་ལྷག་ཕུར་སངས་མནྟྲ་གཞུག །ཨོྀ་བཛྲ་ཙཎྜ་བུདྡྷ་དྷི་ཧསྤཏ་ཤཱུ་ཏྲ་མ་མ་རཀྵ་ཀུ་རུ་ཀུ་རུ་སྭ་ཧཱ། ཞེས་པའི་གཟུངས་འདི་རྒྱ་ཤོག་ལ། །གསེར་རམ་མཚལ་གྱིས་བྲིསལ་བཅུག །བུམ་གཅིག་གནས་པའི་ཕྱོགས་དེར་བཞག །གཅིག་ནི་ལག་ཏུ་ཁྱེར་བས་ཐུབ།།
༈ བཞི་པ་ཟླ་བའི་ཧལ་ཁྱི་ནི།ལོ་བཞིན་སྔར་སོང་ཟླ་ཀླུང་སྟེང་། །མཁར་ལས་རོ་དང་ཤིད་ལས་ངན། །ཀོ་ལོང་བག་མ་ཁྱི་རོག་སྒྲོ། །གཡག་རྔ་ནག་པོ་མགོར་བཙུགས་བསྟན།།
 མདོ་བྱང་མ་བུ་ལས་བཤད་པ། །ཧལ་ཁྱི་དཔྱིད་གསུམ་ཤར་ན་མགོ །ཁ་ལྷོར་བལྟས་ཚེ་ཟིན་ཐོག་ཁ། །གིན་ནི་མཆེ་གཡས་ཟོན་མཆེ་གཡོན། །དབྱར་གསུམ་མགོ་ལྷོ་ཁ་ནུབ་སྟེ། །ལི་ཁ་ཟོན་ནི་མཆེ་བ་གཡས། །ཁོན་གྱི་ཐོག་ནི་མཆེ་གཡོན་ཡིན། །སྟོན་གསུམ་མགོ་ནུབ་ཁ་བྱང་བལྟ། །དེ་ཚེ་དྭ་ཁ་བོན་མཆེ་གཡས། །ཁེན་ཐོག་མཆེ་བ་གཡོན་མ་ཡིན། །དགུན་གསུམ་མགོ་བྱང་ཁ་ཤར་བལྟ། །དེ་ཚེ་ཁམ་ཁ་ཁེན་མཆེ་གཡས། །གིན་ནི་མཆེ་བ་གཡོན་མ་ཡིན། །མཆེ་བ་གཡས་ལ་རི་མོ་དྲངས། །གཡོན་ལ་གཏད་ལས་བྱ་མི་རུང་། །ཁ་ལ་བག་མ་བླང་བ་སྤང་། །སྒྲིབ་བཅོས་ལོ་ལྟར་བྱ་བ་ཡིན།།
 འབྱུང་བ་རིན་ཆེན་ཀུན་འདུས་ལས། །ལོ་གཅིག་ཁ་ནི་ཕྱོགས་བཞིར་བལྟ། །དཔྱིད་གསུམ་བྱང་ལ་དགུན་གསུམ་ཤར། །དེ་ནི་ལོ་ཡི་བལྟ་ཕྱོགས་ཏེ། །ཟླ་དུས་བལྟ་ཕྱོགས་འདི་ལྟར་བཤད། །དཔྱིད་གསུམ་མུན་པ་ཚབ་ཚུབ་ནས། །ནམ་ཕྱེད་ཚུན་ཆད་ལྷོ་རུ་བལྟ། །དེ་ནས་ཉི་ཤར་ཚུན་ཆད་ནུབ། །དེ་ནས་ཉི་ཕྱེད་ཚུན་ཆད་བྱང་། །ཉི་མ་ཕྱེད་ནས་ཤར་དུ་བལྟ། །དབྱར་ཟླ་གསུམ་ལ་སྲོད་ལ་ནུབ། །ཐོ་རངས་བྱང་ལ་སྔ་དྲོ་ཤར། །དགོངས་ཁ་ལྷོ་ནུབ་བལྟ་བ་ཡིན། །སྟོན་ཟླ་གསུམ་ལ་སྲོད་ལ་བྱང་། །ཐོ་རེངས་ཤར་ལ་སྔ་དྲོ་ལྷོ། །དགོང་ཁ་ནུབ་ཏུ་བལྟ་བ་ཡིན། །དགུན་ཟླ་གསུམ་ལ་སྲོད་དུས་ཤར། །ཐོ་རེངས་ལྷོ་ལ་སྔ་དྲོ་ནུབ། །དགོང་ཁ་བྱང་ངོས་བལྟ་བ་ཡིན། །ཀོ་ལོང་ཉམས་བཅོས་གོང་དང་མཚུངས།།
 ༼ལྔ་པ་༽ ས་བདག་ལྟོ་འཕྱེ་ཞེས་བྱ་བ། །ལུས་སྟོད་མི་ལ་རོ་སྨད་སྦྲུལ། །སྦྲུལ་གྱི་གདེངས་ཀ་སྦྲུལ་སློག་གསོལ། །གཡས་ན་རིན་ཆེན་གཏེར་འབུམ་དང་། །གཡོན་པ་སྣར་བཀབ་འཕྱེས་ནས་འགྲོ། །མཐིང་ནག་གཡོན་སཀོར་ས་བདག་ཡིན། །རེས་འགའ་མི་ལུས་གླང་མགོ་ཅན། །རྭ་གཡས་གསེར་ལ་རྭ་གཡོན་གཡུ། །མདོག་སེར་གཡུ་སྐྲ་མེ་ཡི་ལྕེ། །བཇུག་ནག་ལྟོ་བ་གཡོན་ཉལ་གཟུགས། །གང་ཤར་ཟླ་བའི་སྟེང་དུ་འཇུག །དེ་ཡི་བདུན་ཟུར་མགོ་བོ་གནས།།  མགོ་ལ་འཕོག་ན་ཕོ་དང་ནི། །ཕ་མ་ཆུང་མ་བུ་ཚ་འཆི། །ཁྱད་པར་སྔགས་བདག་ཉིད་ལ་ངན། །ཁ་དང་ཟེ་བ་དེ་བཞིན་ནོ། །དེ་ཡང་ཞེ་བ་བདག་ཉིད་དང། །ཁ་ནི་ཕ་ཚན་ངན་པར་བཤད། །རྭ་ལ་བརྐོས་ན་འཐབ་མོ་ཡོང་། །མཇུག་མ་ཡུལ་འཆོར་ནོར་ལ་ངན། །འདི་ཡི་ལྟོ་བ་བྲུས་གྱུར་ན། །དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར། །རྒྱལ་ལ་རང་ཉིད་ནུ་མ་ཡིས། །བུ་མོ་སྙིང་གས་བུ་འཆི་ཞིང་། །མཇུག་མ་ནོར་གྱི་ཕྱགས་མ་བྱེད། །ཅེས་སོགས་འཆད་པར་བྱེད་ན་ཡང་། །རྣམ་དག་ཁུངས་དང་ཅུང་མི་འགྲིག།
༈ མགོ་མཇུག་སྙིང་ཁ་རྒྱབ་ལྟོ་བརྟག །དཀྱིལ་འཁོར་མཁར་ལས་ས་བརྐོ་དང་། །མནན་གཏད་ས་འཚོལ་ཕན་ཤིང་འཛུགས། །རོ་ཤིད་དམག་བག་ཧོམ་སྤོར་དང་། །ལྟད་སྟོན་ལས་བྱེད་མི་ལ་སྡོམ། །ས་བརྐོའི་ལས་སྣེ་བརྩམ་པའི་ཚེ། །བདག་ཉིད་ལག་པ་གཡོན་འཇོར་ཐོགས། །ལྟོ་འཕྱེའི་རྒྱབ་ལ་རྒྱབ་བསྟན་ཏེ། །བསུས་པ་དག་ཤ་མདུན་བསྟན་ལ། །ལྟོ་ཚིལ་བྲབ་ཚུལ་ཁམ་གསུམ་བརྐོ། །དེ་ནས་ཅི་བདེར་སྤྱད་པས་ཆོག །ཉམས་ན་གཟུངས་བསྡུས་དོང་རྩེ་བྱ། །སྒྲིབ་ན་གླང་ཆེན་མགོ་ལ་ནི། །སྒྲ་གཅན་བྲིས་ན་ཐོད་ནང་དུ། །ལྟོ་འཕྱེའི་སྲོག་སྙིང་བཀོད་པ་དེ། །གནས་ཕྱོགས་བཙུགས་པས་ཐུབ་པར་བཤད།།
༼ མདོ་བྱང་མ་བུ་ལ་སོགས་ནས། །ཟླ་བ་གང་ཤར་མགོ་བོ་དང་། །བདུན་ཟུར་མཇུག་མ་བསྟན་པར་བཤད།།  ༈ ཁྱད་པར་་རིན་ཆེན་ཀུན་འདུས་ལས། །དཔྱིད་གསུམ་མགོ་བྱང་མཇུག་མ་ལྷོ། །ལྟོ་བ་ཤར་ལ་ནུབ་ཕྱོགས་རྒྱབ། །དབྱར་གསུམ་མགོ་ནུབ་མཇུག་མ་ཤར། །ལྟོ་བྱང་རྒྱབ་ནི་ལྷོ་ལ་བསྟན། །ས་ནི་རྒྱབ་ངོས་ཁ་བསྟན་བརྐོ། །སྟག་སྤྲེལ་ཕག་སྦྲུལ་བཞི་ཡི་ནི། །ལོ་ཟླ་ཞག་དུས་ཟས་རྔམ་རྒྱུ། །དེ་ཡི་དུས་ཚོད་དུས་དེར་གཟབ།།
༈ དྲུག་པ་གནམ་ཁྱི་གོང་བཞིན་བརྩི།།
༈ བདུན་པ་ནག་མོ་དགུ་སྐོར་ནི། །བྱི་བའི་ཟླ་བར་རྒྱལ་པོ་ཤར། །ནག་མོ་སྟག་གཟིག་ཤར་ལྷོ་མཚམས། །གཤིན་རྗེ་ལ་བུས་བདུད་དང་། །བཤན་པ་རོ་གཟན་ནུབ་ན་གནས། །ནད་བདུད་ནུབ་བྱང་བྱང་ཤར་ཕྱོགས། །སྨེ་བ་བླ་མཁྱེན་གནས་པའོ།། ༉ གླང་ཟླར་ནག་མོ་ཤར་ཕྱོགས་དང་། །བླ་མཁྱེན་གཤིན་རྗེ་ལྷོ་ཡི་ཕྱོགས། །སྟག་གཟིག་ལྷོ་ནུབ་བཤན་པ་དང་། །བུས་བདུད་ནུབ་ལ་རོ་ཟན་བྱང་། །རྒྱལ་པོ་ནད་བདུད་བྱང་ཤར་གནས།། ༉ སྟག་ཟླར་རོ་ཟན་ནག་མོ་དང་། །གཤིན་རྗེ་ཤར་ལ་ནད་བདུད་ནི། །ཤར་ལྷོ་བུས་པ་རྟ་བདུད་ལྷོ། །བླ་མཁྱེན་ནུབ་ལ་སྟག་གཟིག་རླུང་། །རྒྱལ་བྱང་བཤན་པ་བྱང་ཤར་མཚམས།། ༉ ཡོས་ཟླར་གཤིན་རྗེ་བླ་མཁྱེན་ཤར། །གཤེད་པོ་ཤར་ལྷོ་རོ་ཟན་དང་། །བུས་བདུད་ནད་བདུད་ལྷོ་ལ་གནས། །ནག་མོ་རྒྱལ་པོ་སྟག་གཟིག་རླུང་།། འབྲུག་ཟླར་ནད་བདུད་སྟག་གཟིགརྣམས། །ཤརལྷོ་བཤན་པ་ལྷོ་ནུབ་ཕྱོགས། །རོ་ཟན་ནག་མོ་ཁྱོ་བེད་ནུབ། །རྒྱལ་པོ་བླ་མཁྱེན་ནུབ་བྱང་མཚམས། །བུས་བདུད་ལྷོ་ལ་གཤིན་རྗེ་ཤར།། ༉ སྦྲུལ་ཟླར་བུས་བདུད་ཤར་གྱི་ཕྱོགས། །བླ་མཁྱེན་ལྷོ་ལ་སྟག་གཟིག་དང་། །ནད་བདུད་ལྷོ་ནུབ་མཚམས་སུ་གནས། །རྒྱལ་པོ་ནུབ་ལ་བཤན་ནུབ་བྱང་། །རོ་ཟན་ནག་མོ་གཤིན་རྗེ་བྱང་།། ༉ རྟ་ཟླར་རོ་ཟན་བུས་བདུད་ཤར། །ནད་བདུད་ཤ་ལྷོ་ནག་མོ་དང་། །སྟག་གཟིག་ནུབ་བཡང་མཚམས་སུ་གནས། །གཤིན་རྗེ་བྱང་ལ་བཤན་བྱང་ཤར། །བླ་མཁྱེན་ལྷོ་་ལ་རྒྱལ་པོ་ནུབ།། ༉ ལུག་ཟླར་བཤན་པ་ཤར་ལྷོ་དང་། །རྒྱལ་པོ་ལྷོ་ནུབ་ནག་མོ་ནུབ། །ནད་བདུད་ནུབ་ལ་གཤིན་རྗེ་བྱང་། །རོ་ཟན་ལྷོ་ལ་བུས་བདུད་ཤར། །སྟག་གཟིག་བྱང་ཤར་མཚམས་སུ་གནས། །བླ་མཁྱེན་རྟ་ཟླ་ཇི་བཞིན་ནོ།། ༉ སྤྲེལ་ཟླརསྟག་གཟིག་ཤར་ལྷོ་དང་། །རྒྱལ་པོ་བཤན་པ་ལྷོ་ནུབ་མཚམས། །བུས་བདུད་ནང་བདུད་བླ་མཁྱེན་དང་། །གཤིན་རྗེ་བྱང་ལ་རོ་ཟན་དང་། །ནག་མོ་ནུབ་ཀྱི་ཕྱོགས་་སུ་གནས།། ༉ བྱ་ཟླར་ནད་བདུད་ཤར་དང་ནི། །ནག་མོ་བླ་མཁྱེན་སྟག་གཟིག་དང་། །ལྷོ་ནུབ་གཤིན་རྗེ་ནུབ་ཀྱི་ཕྱོགས། །བཤན་པ་ནུབ་བྱང་རོ་ཟན་དང་། །བུས་བདུད་བྱང་གི་ཕྱོགས་སུ་གནས། །རྒྱལ་པོ་སྤྲེལ་བཞིན་ཤེས་པར་བྱ།། ༉ ཁྱི་ཟླར་རོ་ཟན་ཤར་བླ་མཁྱེན། །ནག་མོ་ལྷོ་དང་ནད་བདུད་སྲིན། །གཤིན་རྗེ་ནུབ་ལ་སྟག་གཟིག་དང་། །བུས་བདུད་ནུབ་བྱང་བཤན་བྱང་ཤར། །རྒྱལ་པོ་བྱ་ཡི་ཟླ་བ་ལྟར།། ༉ ཕག་ཟླར་རྒྱལ་ཤར་བཤན་ཤར་ལྷོ། །རོ་ཟན་ནག་མོ་བླ་མཁྱེན་ལྷོ། །ནད་བདུད་ལྷོ་ནུབ་བུས་བདུད་དང་། །གཤིན་རྗེ་ནུབ་ལ་སྟག་གཟིག་དག །བྱང་ཤར་མཚམས་སུ་གནས་པར་བརྗོད། །ལས་ནི་རོ་ཟན་རོ་འདྲེན་དང་། །རྒྱལ་པོར་དམག་དང་སྟག་གཟིག་བག །བླ་མཁྱེན་དཔྱད་ལས་བུས་བདུད་ཕྱོགས། །བུས་པ་རྟ་ཡི་བྱ་བ་དང་། །ནག་མོ་རོ་བག་གཤིན་རྗེ་གཤིན། །ནད་བདུད་རོ་དང་བཤན་པའི་ཕྱོགས། །དམར་བཤས་བྱ་བ་འཛེམ་པར་བྱ། །ཀོ་ལོང་རིམ་བཞིན་རོ་འཁུར་དང་། །དམག་དཔོན་བག་མ་དཔྱད་མཁན་དང་། །རྟ་དང་བུད་མེད་ལག་བདེ་བ། །ནད་པ་ཤ་བ་རྣམས་ལ་སྡོམ། །ཉམས་ན་གཟུངས་བསྡུས་སྒྲོག་པ་དང། །སྒྱུར་གཏོ་སྒྲིབ་ཤིང་སྤྱི་ཡིས་བྱ།།
༈ བརྒྱད་པ་སིལ་མའི་ས་བདག་ནི། །རྣམ་གྲངས་སོ་བཞི་བཤད་པར་བྱ།། ༼༡༽ ཚེས་གཉན་རོ་དགུ་རོ་ཞེས་བྱ། །དཔྱིད་རའི་ཚེས་ཚེས་བརྒྱད་སྲོད་ལ་རྒྱུ། །དཀར་ཕྱོགས་བུ་ཆུང་བཙས་སྟོན་ངན། །འབྲིང་པོའི་བཅོ་བརྒྱད་ནམ་ཕྱེ་རྒྱུ། །ཆེ་ལས་རྟེན་གྱི་རབ་གནས་ངན། །ཐ་ཆུང་ཉེར་བརྒྱད་ཉི་དྲོས་རྒྱུ། །དོན་གཉེར་ལམ་ཞུགས་འཛེམ་པར་བྱ། །དབྱར་རའི་ཚེས་ལྔའི་ཉི་དྲོས་ཁར། །མདོས་གཏོར་ཟོར་འཕེན་བྱ་མི་རུང་། །དབྱར་འབྲིང་བཅོ་ལྔའི་སྲོད་ཀྱི་དུས། །བྱ་བ་སྤྱི་དང་རིམ་གྲོ་སྤང་། །དབྱར་རའི་ཚེས་ལྔའི་མྱུར་སྨད་ཁ། །འདི་ལ་མཁར་ལས་ཐོག་འབུབས་འཛེམ། །སྟོན་རའི་ཚེས་གཅིག་ཐོ་རེངས་དུས། །ཕྱུགས་ཀྱི་གཡང་འགུགས་རིམ་གྲོ་ངན། །སྟོན་འབྲིང་བཅུ་གཅིག་ཉི་དྲོས་ལ། །འདི་ཉིན་ཤིད་སྟོན་མགྲོན་པོ་སྤང་། །སྟོན་ཐའི་ཉེར་གཅིག་སྲོད་དུས་རྒྱུ། །སྨྲ་ལབ་གཤགས་དང་རྩོད་པ་འཕམ། །དགུན་རའི་ཚེས་དགུའི་ནམ་ཕྱེད་ཡོལ། །འདིར་ནང་དྲག་ལས་ཕྲུ་རློག་སྤང་། །དགུན་འབྲིང་བཅུ་དགུའི་ནམ་ཕྱེད་ལ། །དུས་འདིར་བཟོ་རིགས་སྤང་བར་བྱ། །དགུན་ཐའི་ཉེར་དགུའི་ཐོ་རེངས་ཁར། །ལྷ་སྒྲུབ་སྔགས་བསྙེན་བྱ་མི་རུང་།།
༈ རྒྱུ་ཚུལ་མི་འདྲ་ལུགས་གཅིག་ལ། །སྟོན་གསུམ་གསུམ་གསུམ་རྒྱུ་ཡང་བཤད། །འདི་ཉིད་རྒྱུ་དུས་ཤིད་རོ་བག །བཤས་དང་དཀྱིལ་འཁོར་བག་གྲལ་བཅའ། །མཆོངས་སོགས་དྲག་ཤུལ་ལས་བྱས་ན། །ཁྲག་སྐྱུག་དྲག་ནད་ཤི་ཆད་འབྱུང་། །ཉམས་བཅོས་སྤྱི་བཞིན་བྱ་བ་གཅེས།།
༼༢༽ ས་བདག་སེ་བདུད་ཅེས་བྱ་བ། །དཔྱིད་རའི་ཉི་དྲོས་ནས་ཉི་ཕྱེད། །བར་དེར་ལྷོ་སྟོད་ཕྱོགས་ནས་ནི། །བྱང་རྒྱུ་འབྲིང་པོ་ཉི་ཕྱེད་ལ། །ལྷོ་ནས་བྱང་གི་ཕྱོགས་སུ་རྒྱུ། །ཐ་ཆུང་ཉི་ཕྱེད་ནས་བཟུང་སྟེ། །གྲིབ་སོའི་བར་ལ་ལྷོ་ནུབ་ནས། །བྱང་ཤར་ཕྱོགས་སུ་རྒྱུ་བར་བྱེད། །དབྱར་ར་ཉི་མྱུར་ནུབ་སྟོད་ནས། །བཡང་ཤར་ལ་རྒྱུ་འབྲིང་པོ་ལ། །ཉི་རྒས་ནུབ་ནས་ཤར་གྱི་ཕྱོགས། །ཐ་ཆུང་སྲོད་ལ་ནུབ་བཡང་ནས། །ཤར་ལྷོར་རྒྱུ་ཞིང་སྟོན་ར་ལ། །ནམ་བྱིང་བྱང་ནས་ལྷོ་རུ་རྒྱུ། །འབྲིང་པོ་ནམ་ཕྱེད་བཡང་ནས་ལྷོ། །ཐ་ཆུང་ཐོ་རེངས་བྱང་ཤར་ནས། །ལྷོ་ནུབ་དགུན་ར་ནམ་ལངས་ནས། །ཉི་མ་ཤར་གྱི་བར་དག་ཏུ། །ཤར་ནས་ནུབ་རྒྱུ་འབྲིང་པོ་ལ། །ཉི་ཤར་ནས་ནི་ཉི་དྲོས་བར། །སེ་སྒོ་སྤང་ཞིང་ཀོ་ལོང་ནི། །ཀུན་ལ་སྡོམ་པར་བྱེད་པ་ཡིན། །བཅོས་ཐབས་རུས་པ་མར་ལྐོག་དང་། །སྦང་མ་ལ་སོགས་ལྷག་མས་བཅོས། །ཕུད་གཙང་ཞལ་བུ་གང་གིས་མཆོད། །སྒྲིབ་ན་གསུར་གྱི་དུད་པ་བཏང་།།
༼༣༽ གཤིན་གྱི་ཕོ་རོག་གཡས་སྐོར་ལྷ། །དཔྱིད་འབྲིང་བཞི་དང་ལྔ་ལ་ཤར། །དབྱར་རའི་ཉེར་དགུ་བྱང་ན་གནས། །དབྱར་ཐའི་བཅུ་དགུར་བྱང་གི་ཕྱོགས། །སྟོན་ར་སྟོན་ཐའི་ཚེས་གཅིག་ནུབ། །དགུན་རའི་བཅུ་གསུམ་ལྷོ་ཡི་ཕྱོགས། །ཕྱོགས་དེར་བཤས་སྤྱི་ཁྱད་པར་གཡག །རྫིང་འབྲུ་སྦྲ་འཚེམ་བནྡེ་ཡི། །དཀྱིལ་འཁོར་བོན་གྱི་སེལ་བྱེད་ངན། །ཀོ་ལོང་དོ་བདག་ཕ་ཚན་ལ། །ཉམས་བཅོས་སྤྱི་ལྟར་བྱེད་པ་ཡིན།།
༼༤༽ ས་བདག་མཆེ་བ་ཅན་ཞེས་བྱ། །བྱ་གླང་སྦྲུལ་གསུམ་ཟླ་བ་ཡི། །གླང་གི་ཚེས་བཞི་སྦྲུལ་གྱི་བརྒྱད། །བྱ་ཟླའི་དྲུག་དང་བཅུ་དྲུག་ལ། །བྱང་གི་ཕྱོགས་སུ་གནས་པ་ཡིན། །ལས་ཐབས་སྤྱི་དང་ཁྱད་པར་དུ། །བག་མ་ལ་ནི་ངན་པར་བརྗོད། །བྱ་ཟླའི་དྲུག་དང་བཅུ་དྲུག་ལ། །བྱང་གི་ཕྱོགས་སུ་གནས་པ་ཡིན། །ལས་ཐབས་སྤྱི་དང་ཁྱད་པར་དུ། །བག་མ་ལ་ནི་ངན་པར་བརྗོད། །ཉམས་ན་ཏོག་གཟུངས་སྣང་བརྒྱད་དང་། །སྤང་སྐོང་འདོན་ཞིང་སྤྱི་བཞིན་སྒྲིབ།།
༼༥༽ ས་བདག་དུར་ལེན་ཞེས་བྱ་ལ། །རྟ་ལུག་སྤྲེའུ་ཟླ་བ་ལ། །མགོ་བོ་ལུག་གི་སྟེང་ན་གནས། །བྱ་ཁྱི་ཕག་གསུམ་ཟླ་བ་ལ། །མགོ་བོ་ཁྱི་ཡི་ཐོག་ན་གནས། །བྱི་གླང་སྟག་གི་ཟླ་བ་ལ། །མགོ་བ་གླང་གི་སྟེང་ན་གནས། །ཡོས་འབྲུག་སྦྲུལ་གསུམ་ཟླ་བ་ལ། །མགོ་བོ་འབྲུག་གི་སྟེང་ན་གནས། །སྤར་ཁ་ཁོན་དང་གིན་ལ་གནས། །དབྱར་ཐའི་གླང་ཡོས་ཕག་ཐོག་གནས། །ལས་ནི་སེ་སྒོ་ཤིད་དང་ནི། །དུར་འདེབས་ཁྱད་པར་བན་རོ་འཛེམ། །ཀོ་ལོང་དོ་བདག་ཕ་ཚན་སྡོམ། །ཉམས་ད་སྣང་བརྒྱད་གཙུག་ཏོར་དང་། །སྤང་སྐོང་སྒྲོག་ཅིང་སྤྱི་ལྟར་སྒྲིབ།།
༼༦༽ ས་བདག་ཐབ་ལྷ་སེ་ཤར་ནི། །དཔྱིད་ར་ལྷོ་གནས་བུད་མེད་ལ། །འབྲིང་པོ་ལྷོ་ནུབ་བུ་ཚར་ངན། །ཐ་ཆུང་ནུབ་ཏུ་ནོར་ལ་ངན། །དབྱར་ར་བྱང་དུ་བྲན་ཁོལ་རྟ། །འབྲིང་པོ་ཤར་དུ་བྱིས་པར་ངན། །ཐ་ཆུང་ནུབ་ཏུ་ནོར་ལ་ངན། །སྟོན་ར་ནུབ་བྱང་ཁ་སྨྲས་ལྡང་། །འབྲིང་པོ་ནུབ་ཕྱོགས་སྤུ་ཕྱུགས་གོད། །དགྲ་ཡིས་ཁྱེར་ཞིང་ཐ་ཆུང་བྱང་། །ཁ་ཆར་འོང་ཞིང་དགུན་ར་བ། །ལྷོར་གནས་ཉམས་ན་རིམས་ནད་འབྱུང་། །འབྲིང་པོ་སྐས་གདང་སྲང་ཁ་ལ། །འཁྲུག་པ་འོང་བར་ཐེ་ཚོམ་མེད། །ཐ་ཆུང་ཐབ་འོག་རྐྱེན་ངན་དང་། །གློ་བུར་འོང་བར་འགྱུར་བ་ཡིན། །སྤྱིར་ནི་ས་ལས་མཁར་ལས་སྤང་། །ཀོ་ལོང་དོ་བདག་ཕ་ཚན་སྡོམ། །ཉམས་ན་ཏོག་གཟུངས་སྣང་བརྒྱད་དང་། །གཟུངས་བསྡུས་སྤང་སྐོང་སྒྲོག་པ་དང་། །སྒྲིབ་ན་སྤྱིར་ལྟར་སྒྲིབ་པར་བྱ།།
༼༧༽ གྲོོལ་བུའི་ལྷ་ལྔ་གཉན་ཁྲ་དྲུག །མི་ལུས་སྤྲེལ་མགོ་གསེར་གྱི་མདོག །དེ་ནི་དབུས་ཀྱི་ས་བདག་ཡིན།། ༢ ཤར་ཕྱོགས་མི་ལུས་སྟག་མགོ་དཀར། །དཔྱིད་གསུམ་ཟླ་བར་ཤར་དུ་གནས།། ༢ ལྷོ་ཕྱོགས་མི་ལུས་བྱ་མགོ་དམར། །དབྱར་གསུམ་ཟླ་བར་ལྷོ་ན་གནས།། ༢ ནུབ་ཕྱོགས་མི་ལུས་སྦྲུལ་མགོ་སྔོ། །སྟོན་ཟླ་གསུམ་ལ་ནུབ་ན་གནས།། ༢ བྱང་ཕྱོགས་མི་ལུས་སྦལ་མགོ་ནག །དགུན་ཟླ་གསུམ་ལ་བཡང་ན་གནས།། ༢ གཉན་ཁྲ་རོལ་པོ་སྡིག་གཟུགས་ཁྲ། །གང་ཤར་ཟླ་བའི་མཐུན་གསུམ་གྱི། །ར་བའི་སྟེང་ན་གནས་པར་འདོད། །དེ་དག་གཅིག་ཏུ་འཚོག་པའི་ཚུལ། །དཔྱིད་རའི་ཚེས་གཅིག་འབྲིང་པོ་ཡི། །བཅུ་གསུམ་ཐ་ཆུང་ཉི་ཤུ་ལ། །ཤར་གྱི་ཕྱོགས་སུ་འཚོག་པར་བྱེད། །དབྱར་རའི་ཚེས་གཅིག་འབྲིང་བཅུ་གསུམ། །ཐ་མའི་ཉི་ཤུར་ལྷོ་རུ་འཚོག །སྟོན་རའི་གཅིག་དང་འབྲིང་བཅུ་གསུམ། །ཐ་མའི་ཉེར་ལྔར་ནུབ་ཀྱི་ཕྱོགས། །དགུན་པའི་ཚེས་གཅིག་འབྲིང་བཅུ་གསུམ། །ཐ་མའི་ཉེར་ལྔར་བྱང་དུ་འཚོག །ལས་ཐབས་རྔམ་ཆེན་ཀུན་ལ་ངན། །སྐྱས་དང་བག་མ་ལྷག་པར་འཛེམ། །ཀོ་ལོང་དོ་བདག་ཕ་ཚན་ལ། །འཚོག་དུས་ཟོར་དང་གཏད་ཁྲམ་སོགས། །དྲག་པོའི་ལས་ལ་ཤིས་པར་བཤད། །ཉམས་ན་ཆབ་གཏོར་ངར་གླུད་གཏོང་། །གཞན་ཡང་སྒྲིབ་བཅོས་སྤྱི་ཡིས་བཅོས།།
༼༨༽ ས་བདག་ཀུ་ཀུ་ཞེས་བྱ་བ། །མི་ལུས་ཁྱི་ཡི་མགོ་བོ་ཅན། །གཡོན་སྐོར་གང་ཤར་ཟླ་བའི་སྟེང་། །ཕྱོགས་དེར་རོ་ལམ་བག་མ་འཛེམ། །ཀོ་ལོང་དོ་བདག་ཕ་ཚན་ལ། །ཉམས་ན་ཏོག་གཟུངས་སནང་བརྒྱད་དང་། །གཟུངས་བསྡུས་སྤང་སྐོང་སྒྲོག་པར་བྱ། །སྒྲིབ་ཤིང་སྤྱི་ལྟར་བྱ་བ་ཡིན།།
༼༩༽ ཕྱི་སྐོར་བ་དན་ཁྲོ་བོ་ནི། །བྱ་གླང་སྦྲུལ་གསུམ་སྟག་གི་སཏེང་། །ཡོས་ལུག་ཕག་གསུམ་སྤྲེའུའི་སྟེང་། །སྟག་རྟ་ཁྱི་གསུམ་སྦྲུལ་གྱི་སྟེང་། །བྱི་འབྲུག་སྤྲེལ་གསུམ་ཕག་གི་སྟེང་། །ལས་ནི་ས་བརྐོ་ས་ལས་ངན། །ཀོ་ལོང་རོ་བདག་ཕ་ཚན་ལ། །ཉམས་ན་སྣང་བརྒྱད་སྤང་སྐོང་དང་། །གཙུག་ཏོར་གཟུངས་བསྡུས་སྒྲོག་པར་བྱ། །སྒྲིབ་ཤིང་སྤྱི་ལྟར་སྦྱོར་བ་ཡིན།།
༼༡༠༽ སྣང་སེལ་ར་བཞིན་དུར་གྱི་སྟེང་། །འབྲིང་པོར་མར་གྱི་ཁྱིམ་མཛེས་ལ། །ཐ་ཆུང་ཡར་གྱི་གཤེད་ལ་གནས། །གོ་ཆ་མཚོན་ལས་དམག་ལ་ངན། །ཀོ་ལོང་དོ་བདག་ཕ་ཚན་སྡོམ། །ཏོག་དང་གཟུངས་བསདུས་སནང་བརྒྱད་དང་། །སྤང་སྐོང་སྒྲོག་ཅིང་སྒྲིབ་པ་ན། །ཞུབ་ཅན་གཟུགས་བཅོས་དེ་ཕྱོགས་བཞག།
༼༡༡༽ གནམ་གྱི་བྱ་ཁྱུང་ཧང་ཕན་ནི། །སྟག་རྟ་ཁྱི་གསུམ་ཕག་གི་སྟེང་། །བྱ་གླང་སྦྲུལ་གསུམ་ཁྱི་ལ་གནས། །བྱི་འབྲུག་སྤྲེལ་གསུམ་རྟ་ལ་གནས། །ཡོས་ལུག་ཕག་གསུམ་བྱ་ཡི་སྟེང་། །གཏོང་ཤེས་སོགས་ནས་འབྲུག་ཀྱང་གསུངས། །ལས་ནི་ཐབ་གཞོབ་འཛེམ་བྱ་ཞིང་། །ཀོ་ལོང་ཕ་ཚན་དོ་བདག་སྡོམ། །ཏོག་དང་གཟུངས་བསྡུས་སྣང་བརྒྱད་དང་། །སྤང་སྐོང་ཚར་མང་དུ་སྒྲོག་ཅིང་། །འབྲུ་ལྔའི་རང་མི་རྒོད་སྒྲོས་བརྒྱན། །ཁོ་རང་ཕྱོགས་དེར་བསྟན་ལ་སྒྲིབ།།
༼༡༢༽ འགྲམ་གྱི་ས་བདག་འཕྱེ་བ་ནི། །གཡོན་སཀོར་གང་ཤར་ཟླ་བ་ཡི། །འགྲམ་འོག་གནས་ཕྱོགས་མཁར་ལས་དང་། །རོ་ལས་སྤང་བར་བྱ་བ་ཡིན། །ཉམས་ན་སྡོང་རྒྱན་སྣང་བརྒྱད་འདོན། །དཀར་གཏོར་རྩི་སྨན་འོ་ཕུད་མཆོད། །སྒྲིབ་ཐབས་སྤྱི་ལྟར་ཤེས་པར་བྱ།།
༼༡༣༽ རྒྱ་ནག་འགོག་ཀུ་བོད་སྐད་དུ། །འབྱུང་བའི་ལྷ་་ཞེས་བྱ་བ་ནི། །ལོ་ཟླ་ཞག་དང་དུས་ཚོད་ལ། །སྟག་ཡོས་ཤར་ཕྱོགས་ཤིང་གནས་འགྲོ། །ས་ལ་མཚམས་ཀྱི་རང་ཐོག་གནས། །ལས་རྣམས་ཀུན་ལ་ཀོ་ལོང་སྡོམ། །ཉམས་ན་འབྱུང་བའི་མཁའ་འགྲོ་མཆོད། །སྒྲིབ་ཐབས་སྤྱི་ལྟར་ཤེས་པར་བྱ།།
༼༡༤༽ གནམ་ཐིག་སེར་ནག་ཅེས་བྱ་བའི། །གདགས་ཀྱི་ལྷ་ནི་གསས་ཁང་དང་།། གསེར་དབང་ གནམ་མཛོད་ ཤེལ་ཁང་དང་།། རྣམ་ཐོས་ ཚེ་དབང་རྣམ་པ་དྲུག །བྱི་རྟ་གཉིས་ཀྱི་ཟླ་བ་ལ། །བྱ་བྱི་འབྲུག་ཡོས་གླང་དང་རྟ། །གླང་ལུག་གཉིས་ཀྱི་ཟླ་བ་ལ། །ཡོས་རྟ་ཁྱི་བྱ་ལུག་དང་བྱི། །ཁྱི་འབྲུག་གཉིས་ཀྱི་ཟླ་བ་ལ། །སྦྲུལ་སྤྲེལ་བྱི་ཕག་བྱ་དང་སྟག །ཕག་སྦྲུལ་གཉིས་ཀྱི་ཟླ་བ་ལ། །ལུག་ཁྱི་སྟག་གླང་ཕག་དང་འབྲུག །རིམ་པ་བཞིན་དུ་གནས་པ་ཡུན།རོ་ལམ་བག་མ་མཁར་ལས་སོགས། །གསོན་གཤིན་ལས་རྣམས་ཐམས་ཅད་བཟང་།།
༼༡༥༽ སྲིབས་ཀྱི་ནག་དྲུག་འབྲུག་སྔོན་དང་།། གནམ་གཤེད་ཚུ་ཚགས་སྟག་དཀར་དང་།། ཧང་བུ་ཀེ་ཚིགས་ངན་པ་དྲུག །བྱི་རྟ་གཉིས་ཀྱི་ཟླ་བ་ལ། །སྤྲེལ་ཁྱི་ཕག་སྟག་སྦྲུལ་དང་ལུག །གླང་ལུག་གཉིས་ཀྱི་ཟླ་བ་ལ། །ཁྱི་བྱི་གླང་དང་འབྲུག་ལུག་བྱ། །སྟག་སྤྲེལ་གཉིས་ཀྱི་ཟླ་བ་ལ། །བྱི་སྟག་ཡོས་རྟ་བྱ་དང་ཕག །བྱ་ཡོས་གཉིས་ཀྱི་ཟླ་བ་ལ། །སྟག་འབྲུག་སྦྲུལ་སྤྲེལ་ཕག་དང་གླང་། །ཁྱི་འབྲུག་གཉིས་ཀྱི་ཟླ་བ་ལ། །འབྲུག་རྟ་ལུག་ཁྱི་གླང་དང་ཡོས། །ཕག་སྦྲུལ་གཉིས་ཀྱི་ཟླ་བ་ལ། །རྟ་སྤྲེལ་བྱ་བྱི་ཡོས་དང་སྦྲུལ། །རིམ་པ་བཞིན་དུ་གནས་པའི་སར། །རོ་ལམ་བག་མ་མཁར་ལས་སོགས། །གསོན་གཤིན་ལས་རྣམས་ཐམས་ཅད་ངན། །ཁྱད་པར་རོ་ལམ་གཙོ་བོར་བཟུང་།།
དེ་དག་སོ་སོའི་འབྲས་བུ་ནི།༈ ཁྱད་པར་འབྲུག་སྔོན་ལ་བསྡོས་ན། །ཁྱིམ་བདག་བཟའ་དཔོན་འཆི་བར་འགྱུར། །ཉམས་ན་ཏོག་གཟུངས་ཅི་མང་འདོན།། ༈ གནམ་གཤེད་དག་ལ་བསྡོས་པ་ན། །མི་ཕྱུག་གློ་བུར་ནད་ཀྱི་འདེབས། །རྐྱེན་དང་ཁ་གཡོགས་གོད་ཁ་འབྱུང་། །བདུད་ཀྱི་ཞལ་བསྒྱུར་བྱ་བ་གཅེས།། ༈ ཆུ་ཚགས་གནས་པའི་ཕྱོགས་བསྡོས་ན། །ཁ་གཡོགས་ཞལ་ཆེ་རྒྱུན་མི་འཆད། །ཉམས་ན་བདུད་བཟློག་མི་ཁ་སྐྱེལ།། ༈ སྟག་དཀར་ལ་བསྡོས་བྲན་མོ་དང་། །མའམ་སྐྱེས་པ་གློ་བུར་འཆི། །ཉམས་ན་རྒྱས་འབྲིང་བསྡུས་པ་འདོན།། ༈ ཧང་བུ་རོ་འདོད་བུ་ལ་སྡང་། །ཤི་ཁ་བྱེ་ཞིང་གོད་ཁ་འབྱུང་། །ཉམས་ན་འབུམ་ལ་འུར་འདོན་བྱ།། ༈ ཀེ་ཚིགས་ཕྱུགས་དང་རྐང་བྲན་འཆི། །ནོར་གོད་ཆེ་བས་ཉམས་པ་ན། །གཡང་བསླན་ཆུང་གླུད་བཏང་བར་བྱ། །དེ་ནི་ཕྱི་གནས་ལུགས་ཡིན།།
ནང་ལྟར་བྱི་བ་ནས་བཟུང་སྟེ། །ནག་དྲུག་འདི་ལྟར་གནས་པ་ཡིན། །བང་བ་ང་རྨང་ཕྱི་སྒོ་དང་། །གཡག་ཤིང་རང་འཐག་ཐག་པ་སྒོ། །གཞོང་པ་གྲི་དང་སྡེར་མ་དང་། །ཡ་ཐེམ་འཇོར་ལ་རིམ་པ་ལྟར། །ཕག་གི་བར་དུ་སྦྱར་བས་ཤེས།།
དགུ་པ་གབ་པའི་ས་བདག་ནི། །བཅུ་གཉིས་པ་ནི་འདི་ལྟ་སྟེ།། ༈ བྱི་བའི་ལོ་ཟླ་ཞག་དུས་ལ། །བྱི་བའི་སྟེང་ན་ས་བདག་ནི། །གཉན་ཁྲ་གནས་ཤིང་དེ་བཞིན་དུ།། གླང་གི་ལོ་ཟླ་ཞག་དུས་ལ། །གླང་ཐོག་གཉན་ལྗང་གནས་པ་ཡིན།། སྟག་ལ་བྱ་ཁྱུང་ག་རུ་གནས། །རུས་སྦལ་སེར་པོ་་་་ ༈ ཡོས་བུ་ལ། །བ་དན་སེར་པོ་འབྲུག་ལ་གནས།། ཙང་ཀུན་ཞེས་བྱ་སྦྲུལ་གྱི་སྟེང་།། རྟ་ལ་བྱི་ལམ་ཞེས་བྱ་དང་།། ལུག་ལ་བེ་སྣ་ལག་ཆེན་གནས།། གཟིག་མཇུག་སྤྲེའུ་ཧེ་ཐོན་བྱ།། བྱི་དུར་ཁྱི་ལ་ མཉན་ཁྲ་ནི། །ཕྱུག་པོ་ཞེས་བྱ་ཕག་ལ་གནས། །འདི་དག་ཉན་པས་རོ་འདྲེང་སྤང་། །ཉམས་ན་སྤྱི་ལྟར་བཅོས་པར་བྱ།།
༈ བཅུ་པ་ཡང་འཁོལ་ས་བདག་ལྔ།། ༼༡༽གནམ་གྱི་གཟའ་ཆེན་ལྷ་རྒོད་ནི། །གཡོན་སཀོར་དཔྱིད་གསུམ་མགོ་ནུབ་དང་། །ཁ་བྱང་དབྱར་གསུམ་མགོ་བྱང་བསྟན། །ཁ་ནི་ཤར་གྱི་ཕྱོགས་སུ་བལྟ། །སྟོན་གསུམ་མགོ་ཤར་ཁ་ལྷོ་ཕྱོགས། །དགུན་གསུམ་མགོ་ལྷོ་ཁ་ནུབ་བསྟན། །བལྟ་ཕྱོགས་བྱ་བ་ཕལ་ཆེ་དང་། །ཁྱད་པར་བག་མ་རོ་ཤིད་དུར། །བྱ་བྱེད་རྔམ་ཆེན་ལས་ལ་འཛེམ། །ཉམས་དང་ཏོག་ཏང་གཟུངས་བསདུས་དང་། །སྣང་བརྒྱད་སྤང་སྐོང་སྒྲོག་པར་བྱ། །སྒྲིབ་ཐབས་སྤྱི་ལྟར་བྱ་བ་གཅེས།།
༼༢༽ བར་གྱི་ཁྱབ་འཇུག་རཱ་ཧུའི་རྩིས། །ཞིབ་རྒྱས་བཻ་དཀར་གཞུང་དུ་ལྟོས། །འདིར་ནི་ཉིན་ཞག་རྒྱུ་ལུགས་བཤད། །ཉི་རྩེར་ཤར་ནས་ནུབ་བྱང་རྒྱུ། །ཉི་དྲོས་ནུབ་བྱང་ནས་ལྷོར་རྒྱུ། །ཉི་ཕྱེད་ལྷོ་ནས་བྱང་ཤར་དུ། །ཉི་མྱུར་བྱང་ཤར་ནས་ནུབ་ཕྱོགས། །ཉི་ནུབ་ནུབ་ནས་ཤར་ལྷོར་རྒྱུ། །སྲོད་འཁོར་ཤར་ལྷོ་ནས་བྱང་དུ། །ནམ་ཕྱེད་བྱང་ནས་ལྷོ་ནུབ་ཏུ། །ཐོ་རེངས་ནམ་ལངས་ལྷོ་ནུབ་ནས། །ཤར་གྱི་ཕྱོགས་སུ་རྒྱུ་བའོ། །འདི་བསྟུན་དྲག་པོའི་ལས་སྦྱོར་བཟང་། །གང་ཡང་གདོང་ཐུག་འཛེམ་པ་གཅེས།།
༼༣༽ ས་ཡི་འཕུང་བྱེད་ནག་མོ་ནི། །རཱ་ཧུ་ལ་ཡི་ལྕམ་མོ་ཡིན། །གཡོན་སྐོར་གཅིག་ནསགནམ་སྟོང་བར། །དུས་ཚིགས་དག་ལ་རྒྱུ་བ་སྟེ། །ཚེས་གཉིས་ཉི་ཕྱེད་གཉིས་ནམ་ཕྱེད། །གསུམ་ལ་ནམ་ཕྱེད་བཞི་ལ་སྲོད། །ལྔ་ལ་ཉི་དྲོས་དྲུག་ཐོ་རེངས། །བདུན་ལ་ཉི་རྒས་བརྒྱད་ཐོ་རེངས། །དགུ་ལ་ཐོ་རེངས་བཅུ་ནམ་ཕྱེད། །བཅུ་གཅིག་ནམ་བྱིང་བཅུ་གཉིས་ལ། །ནམ་གུང་བཅུ་གསུམ་ནམ་ལངས་ཁ། །བཅུ་བཞི་ཉི་ཤར་ཉར་ཉི་ཕྱེད། །བཅུ་དྲུག་མྱུར་སྨད་བཅུ་བདུན་ལ། །ནམ་གྱི་གུང་ལ་རྒྱུ་བར་བྱེད། །བཅོ་བརྒྱད་ནམ་ཕྱེད་བཅུ་དགུ་ལ། །ས་སྲོས་ཉི་ཤུའི་ནམ་ཕྱེད་དུས། །ཉེར་གཅིག་ཐོ་རེངས་ཉེར་གཉིས་ལ། །ནམ་གྱི་ཕྱེད་ཡོལ་ཉེར་གསུམ་ཉིན། །ཐོ་རེངས་ཉེར་བཞིའི་ཉི་མ་ནུབ། །ཉེར་ལྔའི་ནམ་ཕྱེད་ཉེར་དྲུག་ལ། །ནམ་ལངས་ཉེར་བདུན་ཉི་མ་ཕྱེད། །ཉེར་བརྒྱད་ཐོ་རེངས་ཉེར་དགུ་ལ། །མྱུར་སྨད་སྟོང་གི་ས་སྲོས་རྒྱུ། །ལས་རྣམས་ཀུན་ངན་ཁྱད་པར་དུ། །བག་མ་རོ་ཤིད་དུར་འདེབས་དང་། །བྱ་བྱེད་རྔམ་ཆེན་དག་ལ་འཛེམ། །གྱིམ་ཤང་དགྲ་གཤེད་སྐཽར་ལ་ཤིས། །ཉམས་བཅོས་གོང་གི་ལྷ་རྒོད་མཚུངས། །སྒྲིབ་ཐབས་མེད་དེ་གཟུར་བ་གཅེས།།
༼༤༽ ཀླུ་གཟའ་ནག་མོ་བཟློག་དུས་ནི། །དཔྱིད་ཟླ་ར་བའི་བཅོ་ལྔ་དང་། །འབྲིང་པོ་བཅོ་བརྒྱད་བཅ་གཉིས་ལ།་།ཐ་ཆུང་ཉེར་ལྔ་མ་གཏོགས་ཀུན། །དབྱར་རའི་ཉེར་ལྔ་འབྲིང་བཅོ་ལང། །ཐ་ཆུང་བཅུ་གཅིག་སྟོན་ར་ཡི། །བཅོ་ལྔ་དང་ནི་བཅུ་དྲུག་ལ།་།འབྲིང་དྲུག་ཐ་ཆུང་དགུ་བཅོ་ལྔ། །བཅུ་དགུ་དགུན་རའི་བཅུ་དགུ་དང་། །འབྲིང་པོའི་དྲུག་དང་ཉེར་བདུན་བཟློག །ཐ་ཆུང་ལ་ནི་བཟློག་པ་མེད། །བཟློག་པའི་དུས་ལ་བག་མ་དང་།་།རོ་ཤིད་རྔམ་ཆེན་བྱ་ལས་འཛེམ། །འདི་ལ་སྒྲིབ་བཅོས་བཤད་པ་མེད།།
༼༥༽ གཅེར་བུ་ལག་རྡུམ་ཞེས་བྱ་བ། །དཔྱིད་གསུམ་ཤར་ནས་ནུབ་ཏུ་རྒྱུ། །དབྱར་གསུམ་ལྷོ་ནས་བྱང་གི་ཕྱོགས། ༔སྟོན་གསུམ་ནུབ་ནས་ཤར་དུ་མེད། །དགུན་གསུམ་བྱང་ནས་ལྷོ་ཡི་ཕྱོགས། །རྒྱུ་བར་བྱེད་པའི་ཕྱོགས་དག་ཏུ། །ལས་ཐབས་བག་མ་རོ་ཤིད་དུར། །བྱ་བྱེད་རྔམ་ཆེན་ཐམས་ཅད་བསྲུང་། །ཉམས་བཅོས་གོང་གི་སྐབས་ལྟར་རོ།།
༼ གཞན་ཡང་མདོ་བྱང་མ་བུ་ལས། །དཔྱིད་ར་ནས་ནི་ཞག་དྲུག་ཅུ། །ཁང་པའི་དབུས་སུ་གནས་པ་སྟེ། །ཐབ་དང་ཚང་མང་རོ་བཞག་ན། །བུ་ཆུང་ཞིང་བསྲིས་མི་རྨེ། །ཁང་པའི་ལྷོ་ནུབ་ཕྱོགས་དེར་གནས། །དེ་རུ་རོ་བཞག་བུད་མེད་ངན། །དབྱར་ཐའི་གཅིག་ནས་དྲུག་ཅུའི་བར། །བྱང་ཤར་རོ་བཞག་ནོར་གོད་འོང་། །སྟོན་འབྲིང་ཚེས་གཅིག་ནས་བཟུང་སྟེ། །ཤར་ལྷོར་གནས་སར་རོ་བཞག་ན། །རོ་བདག་ལ་ངན་སྔར་ཉེས་ན། །གླེན་དང་རོ་ཁུར་དེ་ལ་ངན། །ཟླ་འཁོར་ས་བདག་འཕོ་ཚུལ་ནི། །ཟླ་བ་སོ་སོའི་ཚེས་གཅིག་ཡིན།།

ད་ནི་ཞག་ས་བདག་བཤད། །ཞག་ལྷ་བཞི་དང་གནམ་ཁྱི་ནི། །ཕོ་མོ་དང་བཅས་རྣམ་པ་དྲུག །སིལ་མའི་ཚེས་གཉན་ཞེས་བྱ་དང་། །གཤིན་གྱི་ཕོ་རོག་མེ་བ་ཅན། །འགོག་ཀུ་གབ་པའི་ལྷ་བཅུ་གཉིས། །ཡང་ཁོལ་ཀླུ་གཟའ་སྐར་ཕྱོགས། །བཅས་ཏེ་ཉེར་དགུ་ཚེས་རྒྱུ་ཡི། །ལྷ་ནི་ཞེ་དགུ་ཟག་ནག་གཉིས། །ཁྱད་པར་ཕྱེ་བྱི་གནམ་སྒོ་དང་། །བཅས་ཏེ་ཞག་ལྷ་གྱ་གཅིག་གོ།
༈ དང་པོ་ཞག་གི་ས་བདག་ནི །ངོ་བོ་བཞི་ལས་གཙོ་ཆེ་བ།། ༼༡༽ གསེར་མཛོད་གསེར་པོ་ཞེས་བྱ་བ། །ཞག་ལྷ་སུམ་བརྒྱ་དྲུག་ཅུས་བསྐོར། །ཁྱིམ་ནང་གནས་ཏེ་གཡོན་དུ་འཁོར། །སྟག་གི་ཞག་ལ་ཤར་སྟོད་གནས། །དེས་འགྲེ་རང་རང་ཞག་གི་ཐོག །ལས་ཐབས་རོ་བག་རང་འཐག་འཛུགས། །མཁར་ལས་སྐས་འཛུགས་བང་བ་འཆའ། །སྐྱས་དང་ནས་འབྲས་སྐམ་ནོར་འཇལ། །དམག་དང་ཁྱིམ་གྱི་བྱ་བ་འཛེམ། །ཀོ་ལོང་བཟའ་ང་ཀུན་དང་ནི། །ཁྱད་པར་ཁྱིམ་བདག་མོ་ལ་སྡོམ། །ཉམས་ན་སྣང་བརྒྱད་གཙུག་ཏོར་དང་། །སྡོང་པོ་རྒྱན་པ་འདོན་པར་བྱ། །སྒྲིབ་ན་མནའ་ཐོད་ངར་ཟན་སྔོན། །རྐོ་ཟོར་བཙུགས་པ་ཉི་སྟེང་བཞག།
༼༢༽ འདི་ཉིད་ནང་དཔྱད་ལ་གནས་ཚུལ། །ས་བདག་འཁོར་བུ་ཞེས་བྱའམ། །ཉི་མའི་གདུག་པ་བཅུ་གཉིས་སམ། །གནམ་གྱི་འཁོར་བུ་ཞེས་པ་སོགས། །ངོ་བོ་གཅིག་ཡིན་འདི་ལྟར་རོ།། ༡ བྱི་བའི་ཉི་མ་ཆང་རྫར་གནས། །དེ་ལ་གཤིན་གྱི་ཆང་བཙགས་ན། །ཆང་མ་བྱིས་པ་དག་ལ་ངན། །སྦང་བ་ཕུད་གཏོར་ཡོལ་བས་སྒྲིབ། །ཐེམ་བུར་མི་འཚག་ཡོ་ནས་འདྲེན།། ༢ གླང་ཉིར་བང་མཛོད་དག་ལ་གནས། །གཤིན་གྱི་ཕུག་ནས་བཏོན་ན་བཟང་།། ༣ སྟག་ཉིར་སྒོར་གནས་རོ་མི་འདོན། །སྒོ་ལ་རོ་ཐུག་ཁྱིམ་བདག་ངན། །ཁང་པའི་ཐོག་གམ་བུག་པར་འདོན། །ཡང་ན་སྒོ་ཕྱུང་གཡས་སུ་བཞག། ༤ ཡོས་ཉིར་གཡག་ཤིག་དག་ལ་གནས། །རོ་འཁུར་གཡག་ཤིང་ལ་འཇུག་ན། །བུ་ཚ་བུ་མོར་ངན་པ་ཡིན། །རོ་འཁུར་གཡག་ཤིང་མི་རེག་གམ། །ཡང་ན་གཡག་ཤིང་ཕྱུང་ལ་འདོན།། ༥ འབྲུག་ལ་རང་འཐག་ལ་གནས་པས།གཤིན་རྩམ་རང་འཐག་ལ་བཏགས་ན། །ཕྱེ་མཁན་དང་ནི་ཞང་བློན་འཆི། །རང་འཐག་ཁ་ཕྱེ་ལྟེ་ཕྱེ་གཏོར།། ༦ སྦྲུལ་ཉིར་རོ་ཐག་ལ་གནས་པས། །ཐག་པས་རོ་དྲགས་རོ་འཁུར་འཆི། །ཐག་པ་གཞན་གྱིས་དུམ་གསུམ་གཏུབས། །སླར་ཡང་འཐུད་ནས་འཁུར་བ་དང་། །སླར་ཡང་གྲིས་གཏུབས་ལམ་ཁ་རུ། །གཟིངས་ལ་བཞག་པས་ཉེས་པ་ཞི།། ༧ རྟ་ཉིར་སྒར་གནས་སྒོ་གོང་དུ། །རོ་བཀལ་རྟར་ངན་མེད་དུ། །ཤ་ཆིངས་བྱེད་ཅིང་བང་ཕྱིན་ཀྱང་། །སྒ་མེད་མ་བྱས་བང་ཕྱིན་ངན།། ༨ ལུག་ཉིན་གཞོང་པ་ལ་གནས་པས། །གཞོང་པར་ཟན་བརྫིས་ཟན་མར་ངན། །ཟན་མར་ཟངས་སམ་ཕྱར་སྟེང་བརྫི། །ཞག་སར་ཟན་གྱི་མི་གཟུགས་བསྐྱོན།། ༩ སྤྲེལ་ཉིར་གྲི་དང་སྟ་རེ་ལ། །དེ་ཡིས་ཤ་གཏུགས་བཏུབ་མཁན་འཆི། །སྟ་རེ་གྲི་རྣམས་མེ་ལ་བསྲེག། ༡༠ བྱ་ཉིར་སྡེར་མ་དག་ལ་གནས། །གཤིན་ཟས་སྡེར་དུ་དྲངས་པ་ན། །གྲལ་དཔོན་ལ་ངན་ཡང་ན་ནི། །གློ་བུར་ཡེ་འདྲོག་འབྱུང་བས་ན། །སྡེར་མེད་རྡོ་ལེབ་བྱེད་པའམ། །ཡང་ན་སྣམ་སྟེང་སྤར་ཟན་བྱ།། ༡༡ ཁྱི་ཉིར་ཡ་ཐེམ་མ་ཐེམ་གནས། །ཐེམ་པར་རོ་ཐུག་ཕ་ཁུར་ངན། །ཡང་ན་རོ་འཁུར་དེ་ཉིད་འཆི། །ཐེམ་པ་ཕྱ་རས་གྲིལ་བས་ཐུབ། །མྱ་ངན་ཆང་ཡང་མི་འཐུང་སྤང་།། ༡༢ ཕག་གི་ཉི་མ་འཇོར་ལ་གནས། །ཏོག་ཙེས་རོ་ཁུང་ས་བརྐོར་ན། །མ་ཕྱི་ས་ཁ་འབྱེ་མཁན་འཆི། །ས་ཁ་ཤ་རུས་དབྱེ་བར་བྱ། །མཁར་ལས་ས་ཡང་དེ་ལྟར་ཞེས། །དུས་ཚོད་ལ་ཡང་ཐེ་ལྟར་དུ། །འཛེམ་པར་གཏོང་ཤེས་ལས་བཤད་དོ། །ཉམས་ན་སྣང་ང་བརྒྱད་འདོན་པ་དང་། །སྒྲིབ་ན་བ་ཐོད་འཕྱར་ལ་སྒྲིབ།།
༼༣༽ ཞག་གི་བླ་མཁྱེན་གནས་པའི་ཚུལ། །ཞག་དེའི་བདུན་དམར་ཕྱོགས་སུ་གནས། །དཔེར་ན་ཤིང་བྱི་ཐོག་མ་ལ། །ལྷོ་ནུབ་ཕྱོགས་ན་བླ་མཁྱེན་གནས། །འཛེས་བཅོས་ལོ་ཡི་སྐབས་ལྟར་བྱ།།
༼༤༽ ཐབས་ལྷ་སེ་ཤར་ཞག་གནས་ཚུལ། །གཡོན་སྐོར་བྱི་བའི་ཉི་མར་སྲང་། །གླང་ལ་ཐོབ་འོག་སྟག་ཉིར་ལྷོ། །ཡོས་ཤར་འབྲུག་ནུབ་སྦྲུལ་ཉིར་བྱང་། །རྟ་ཤར་ལུག་ནུབ་སྤྲེལ་ལ་བྱང་། །བྱ་ནུབ་ཁྱི་བྱང་ཕག་ལ་ལྷོ། །བྱ་བ་ཀུན་དང་ཁྱད་པར་དུ། །རོ་ལོ་ཀོ་ལོང་གསོལ་བར་བྱེད། །ཉམས་ན་དོ་བདག་ཕ་ཚན་ངན། །གནམ་ས་སྣང་བརྒྱད་གཙུག་ཏོར་དང་། །གཟུངས་བསྡུས་ཏོག་དང་གང་ལ་ཡང་། །རང་ཁམས་ཕོ་ཉི་རྒྱའི་ཉི་མ། །མོ་ཉི་འབྱུང་བའི་ཉི་མའི་ཉིན། །མ་ཁམས་ཕོ་ཉི་ཡང་དག་ཉི། །མོ་ཉི་བདུད་རྩིའི་ཉི་མ་ཡིན། །དགྲ་ཁམས་ཕོ་ཉི་འཇིག་ཉི་དང་། མོ་ཉི་བདུད་ཉི་ཞེས་བྱར་གྲགས། །རྒྱ་ཡི་ཉི་མ་བཟང་པོ་ཙམ། །དེ་བས་འབྱུང་བའི་ཉི་མ་དགེ །ཡང་དག་ཉི་མ་དེ་བཟང་། །བདུད་རྩི་རྩེ་མོའི་ཉི་མ་ཡིན། །འཇིག་ཉི་ངན་ལ་དེ་བས་ཀྱང་། །བདུད་ཀྱི་ཉི་མ་ངན་ཞེས་ཏེ། །འདི་ལ་ཤིད་སྟོན་བྱས་པ་ན། །སྦང་མ་སྐམ་ལོང་མི་འབྱུར་ཞིང་། །དམག་ཇག་བརྩམས་ན་འཕུང་ཐལ་འགྲོ།།
གཉིས་པ་གནམ་ཁྱི་ཕོ་མོ་དང་།། གསུམ་པ་སིལ་མའི་ནང་ཚན་ནས།ཚེས་གཉན་གཤིན་གྱི་ཕོ་རོག་དང་། མཆེ་ཅན་འགོག་ཀུ་གོང་བཞིན་བརྟག།
བཞི་པ་ཉི་མར་དབང་བྱེད་པའི། །གབ་པའི་ས་བདག་བཅུ་གཉིས་ནི།། ༡ བྱི་བའི་ཉི་མར་གཉན་ཁྲ་རྒྱུ། །དེ་ལ་མི་ཤེ་གསུམ་ལ་ཟློས། །བྱང་སྨད་རོ་བཏང་ཉེས་པ་འབྱུང་།། ༢ གླང་གི་ཉི་མར་གཉན་ལྗང་རྒྱུ། །ཤི་ན་འློས་ཤིང་དུར་མི་འདབ། །འདུར་ཤིད་ཀྱང་ནི་སྤང་བར་བྱ།། ༣ སྟག་ཉིར་བྱ་ཁྱུང་དཀར་པོ་རྒྱུ། །ར་བསྲེག་མི་རུང་རོ་ལམ་ནི། །ཤར་སྟོད་གཏོང་བར་མི་བྱའོ།། ༤ ཡོས་ཉིར་ས་ཡི་རུས་སྦལ་རྒྱུ། །ཤིད་ལམ་ཤར་སྨད་མི་བསྟན་ནོ།། ༥ འབྲུག་ཉིར་གཉན་ཁྲ་བ་དན་ཏེ། །མྱ་ངན་ངུ་སྐད་ཀུ་ཅོ་སྤང་། །རོ་ལམ་ལྷོ་ཤར་བཏང་མི་བྱ།། ༦ སྦྲུལ་ཉིར་ས་བདག་ཙང་ཀུན་རྒྱུ། །བཤལ་སྤང་ཤིད་སྒོ་ལྷོ་སྟོད་འཛེམ། །རོ་ཐོག་ལམ་པོ་ཆེ་ལ་བཟང་།། ༧ རྟ་ཉིར་ཧ་བདག་བྱི་ལམ་བབ། །མི་ཤིས་ཟློས་འབྱུང་བང་ཕྱིན་ནི། །རྟས་སྤང་ཤིད་སྒོ་རྟ་ཐོག་འཛེམ།། ༨ ལུག་ཉིར་ས་བདག་བེ་སྣ་དབང་། །མི་ཤི་ཟློས་འབྱུང་ས་ཁ་ཕྱེ། །བདུན་འཆི་ཤི་དུར་ངན་པ་ཡིན། །རོ་དང་བཤད་སྒོ་ལྷོ་ནུབ་སྤང་།། ༩ སྤྲེལ་ཉིར་ས་བདག་གཟིག་མཇུག་རྒྱུ། །ཤིད་ཀྱི་འདུ་ལོང་མི་བྱ་ཞིང་། །ཤིད་ལམ་ནུམ་སྟོད་མི་བསྟན་ནོ།། ༡༠ བྱ་ཉིར་ཧེ་ཐོན་རྒྱལ་པོར་བབ། །ཤིད་སྟོན་བྱས་ན་ནོར་ལ་ངན། །རོ་ཤིད་ནུབ་སྨད་བཏང་མི་བྱ།། ༡༡ ཁྱི་ཉིར་ཐེ་ཁྱིམ་རྒྱུ་བ་སྟེ། །མི་ཤི་བྱེས་ཟློས་རོ་ཤིད་ཀྱི། །ལམ་ནི་ནུབ་བྱང་མི་བསྟན་ནོ།། ༡༢ ཕག་ཉིར་གཉན་བེ་ལ་བབ་སྟེ། །མྱ་ངན་མི་བྱ་རོ་ཤིད་ཀྱི། །བམ་ནི་བཡང་སྟོད་བསྟན་མི་བྱ།།
ལྔ་པ་ཡང་ཁོལ་ཀླུ་གཟའ་ནི། །ཟླ་བའི་སྐབས་བཞིན་བརྟག་པར་བྱ།།
དྲུག་པ་གཟའ་སྐར་ས་བདག་ནི། །གསོན་གཤིན་སྲོག་གི་དགྲ་ཕྱོགས་སྤང་། །རང་རང་ཕྱོགས་ཀྱང་སྤང་བར་བྱ། །ཕུར་ཤི་ཤར་ཕྱོགས་མི་བཏང་འགྲེ། །སྐར་མ་གཟའ་དང་འདྲ་བ་དེ། །དཔེར་ན་གསོན་གཤིན་སྲོག་མེ་ཡིན། །དེ་ཉིད་བྱང་དུ་མི་བཏང་ངོ་། །ལྷོ་སྐར་ཤི་བ་ལྷོར་མི་བཏང་།་།དེ་ཡིས་འགྲེ་ལ་ཤེས་པར་བྱ།།
༈ བདུན་པ་ཚེས་ལ་རྒྱུ་བ་ཡི། །སབདག་ལྷ་ནི་ཞེ་དགུ་བསྟན།། ༼༡༽ དཔྱིད་རའི་ཚེས་པ་བདུན་ལ་ནི། །ཉི་ནག་ངན་པ་དགུ་འཛོམས་ཞེས། །ངན་པའི་ཐ་ཆད་ཉིད་དུ་མཛད། །དེ་བཞིན་དཔྱིད་འབྲིང་བཅུ་བཞི་དང་། །དཔྱིད་ཐའི་ཉེར་གཅིག་དབྱར་རའི་བརྒྱད། །དབྱར་འབྲིང་བཅུ་དྲུག་དབྱར་ཐ་ཡི། །ཉེར་བཞི་སྟོན་རའི་ཚེས་དགུ་ལ། །སྟོན་འབྲིང་བཅོ་བརྒྱད་ཐ་མ་ཡི། །ཉེར་བདུན་དགུན་རའི་ཚེས་བཅུ་ལ། །འབྲིང་པོའི་ཉི་ཤུ་དགུན་ཐ་ཡི། །གནམ་གང་དག་ལ་ཉི་ནག་ཆེ།། སྤྱིར་ན་ཤི་གསོན་བྱ་ལས་ངན།། ཁྱད་པར་ནོར་རྫས་ཕྱིར་གཏོང་དང་།། དབང་རབ་བག་མ་མཁར་ལས་དང་།། དགེ་བཤེས་ཆེ་འདོན་དུར་གདབ་ཚོང་།། དགེ་ལས་དཀར་པོའི་་ཕྱོགས་མི་བྱ།། ངན་ཐབས་དག་ལ་འདི་དང་བསྟུན།། ཁྱད་པར་དམིགས་བསལ་ཟླ་བཤད་སྐབས།། གསུངས་པ་ཇི་བཞིན་འཛེམ་པ་གཅེས།། 
འདི་ལ་མི་གཅིག་ལུགས་ཤིག་ལ།། དཔྱིད་སྟོན་དགུན་ཐ་ཉི་ཤུ་བཞི།། དགུན་རའི་ཚེས་དགུར་རྒྱུ་བར་བཤད།།
༼༢༽ ༈ ཟླ་ནག་ཉི་ནག་སྒྲིབ་པ་ན། །དར་དཀར་རས་ཁ་ཚར་ནི། །མ་ཉམས་འཕྱར་ཞིང་དཀར་གསུམ་བཏང་། །གཡག་ལུག་མགོ་དཀར་དར་བརྒྱན་སྒྲིབ། །ཆུ་གཏོར་གཏོང་ཞིང་གཟུངས་བསྡུས་སྒྲོག།
༼༣༽ ཉི་མ་ནག་ཆུང་ཞེས་བ། །དཔྱིད་གསུམ་བརྒྱད་གསུམ་རིམ་པ་བཞི། །དབྱར་གསུམ་ལྔ་གསུམ་སྟོན་གཅིག་གསུམ། །དགུན་གསུམ་བཞི་དང་བཅོ་བརྒྱད་དང་། །བཅུ་དྲུག་ལ་ནི་རིམ་པར་རྒྱུ།། ༈ ཡང་ན་མི་གཅིག་ལུགས་ཤིག་ལ། །དགུན་གསུམ་དགུ་གསུམ་རིམ་རྒྱུ་བཤད། །ཁྱད་པར་ནོར་རྫས་ཕྱིར་གཏོང་ངན། །སྒྲིབ་ན་མར་དཀར་གསུང་བཏང་ཞིང་། །ཐོག་ཁར་ས་དཀར་གཏོང་བ་དང་། །ཕྱོགས་བཞིར་ས་དམར་གཏོར་བས་ཐུབ།།
༼༤༽ པི་ལིང་འཕར་མ་ཕར་མ་རྗེ་བློན་ནི། །བཅུ་གཅིག་པོ་ཡི་གྲངས་དང་བཅས། །དཔྱིད་ར་ཉེར་བརྒྱད་ཕག་གི་དུས། །འབྲིང་པོ་བཅོ་བརྒྱད་སྤྲཻའུའི་དུས། །ཐ་ཆུང་ཚེས་བརྒྱད་སྦྲུལ་གྱི་དུས། །དབྱར་རའི་ཉེར་ལྔའི་ཕག་གི་དུས། །འབྲིང་པོ་བཅོ་ལྔའི་སྤྲེའུའི་དུས། །ཐ་ཆུང་ཚེས་ལྔའི་སྦྲུལ་གྱི་དུས། །སྟོན་རའི་ཉེར་གཅིག་ཁྱི་ཡི་དུས། །སྟོན་འབྲིང་བཅུ་གཅིག་ལུག་གི་དུས། །སྟོན་ཐའི་ཚེས་གཅིག་འབྲུག་གི་དུས། །དགུན་རའི་ཉེར་དགུའི་བྱ་ཡི་དུས། །འབྲིང་པོའི་བཅུ་དགུ་རྟ་དུས་ལ། །ཐ་ཆུང་ཚེས་དགུའི་ཡོས་དུས་ལ། །མནན་གཏད་སེར་དང་ཟོར་འཕེན་པ། །སེལ་འཇུག་རླུང་འཁོར་འཛུགས་པ་དང་། །མདོས་གཏོར་ཕར་རྒོལ་དྲག་ལས་བཟང་། །ཁོ་དང་བསྡོངས་ན་ཤིན་ཏུ་ཐེབས། །བྱ་བ་ཆེ་ཆུང་ཐམས་ཅད་དང་། །ཁྱད་པར་བག་མ་འཕོ་སྐྱས་མཁར། །མཚར་བརྩིག་བུ་བཙས་རབ་ཏུ་གནས། །མཆོད་རྟེན་བརྩིག་དང་གཤིན་གྱི་ལས། །ཆེ་འདོན་དུར་ཤིད་ལྟད་སྟོན་དང་། །དཀྱིལ་འཁོར་འཕན་ཤིང་འཛུགས་པ་ངན། །ས་བརྐོ་ཆག་པ་དུ་བརྐོས་ཀྱི། །མི་གྲངས་འཆི་བར་བྱེད་པའོ། །སྒྲིབ་ན་ཟན་སྲང་བཅུ་གསུམ་པ། རི་ཡི་གྲོད་པའི་ནང་དུ་བཅུག །གཤོལ་ལྕགས་རྙིང་པ་གཅིག་དང་བསྡོམས། །ཁང་པའི་བྱང་གི་གང་ལར་བཞག །རང་འཐག་ཡ་གབ་མནན་པས་ཐུབ།།
༼༥༽ ས་བདག་ཟིན་ཕུང་ཞེས་བྱ་བ། །དཔྱིད་གསུམ་སྟག་སྤྲེའི་ཉི་མ་ལ། །ལྷོ་ནས་བྱང་ཕྱོགས་སུ་རྒྱུ། །དུས་ཚོད་མར་གྱི་བཞི་གཤེད་ལྡོག །དུས་དེར་མཁར་ལ་སཱཙྪ་དང་། །དཀྱིལ་འཁོར་བྲི་དང་བུག་པ་བཀག །ཐོག་འབུབས་དུར་ས་འཚོལ་བ་སྤང་། །དབྱར་གསུམ་གླང་ལུག་ཉི་མ་ལ། །ནུབ་ནས་ཤར་གྱི་ཕྱོགས་སུ་རྒྱུ། །ས་ཆུའི་ལས་དང་རྫིང་ཡུར་བཟོ། །སོན་འདེབས་ཕྲུ་རློག་ཁྲོན་པ་འཛེམ། །སྟོན་གསུམ་ཁྱི་འབྲུག་བྱང་ནས་ལྷོ། །ས་ལས་སྒྱེད་འཛུགས་བང་ར་བརྩིག །གཡག་ཤིང་དགོག་པའི་བྱ་བ་འཛེམ། །དགུན་གསུམ་ཕག་སྦྲུལ་ཉི་མ་ལ། །ཤར་ནས་ནུབ་ཀྱི་ཕྱོགས་དེར་རྒྱུ། །ས་ལས་མཆོད་རྟེན་རྩིག་རྨང་འཛེམ། །དེ་ཡང་རྒྱུ་བའི་དུས་གནད་ནི། །དཔྱིད་ནས་ཟླ་ཚིགས་རིམ་པ་བཞིན། །བྱ་ཉལ་ནམ་ཕྱེད་ཐོ་རེངས་དང་། །མྱུར་སྨད་ཉི་རྩེར་རྡེལ་འགོ་དྲོས། །ས་སྲོས་རྩེ་ཤར་སྔ་དྲོ་དང་། །ཉིན་ཕྱེད་མཚན་ཕྱེད་སྲོད་ལ་རྒྱུ། །མར་བཞིའི་ཕུང་དུས་ལྡོག་པར་བྱེད། །དཔྱིད་ཟླ་བྱི་རྟ་བྱ་ཡོས་བཞིའི། །ཉིན་མར་ཟིན་འཕུང་དབུས་ན་གནས། །དེར་ནི་བྱ་བ་མི་བྱའོ། །སྤྱིར་ནི་ཟིན་འཕུང་རྒྱུ་བའི་དུས། །འདི་ལ་བུ་ཚ་སྐྱེས་ན་ལྡོག །ཡང་ན་ཕ་མ་ཡ་བྲལ་བྱེད། །བརྒྱད་སྟོང་མས་ཚར་དགུ་སྒྲོག །མདུན་མ་བྱས་ན་ནམ་ཕུག་ངན། །བག་མ་བྱས་ན་འཕུང་བར་འགྱུར། །ལྟད་མོ་སྟོན་མོ་བྱས་ན་ངན། །མཁར་ལས་སྒྱེད་བུ་ནག་མི་ཁོམ། །རོ་ཤིད་ཕོ་མོ་ལྔ་ལ་ངན། །རོ་རངས་རོ་འཁུར་འཆི་བ་ཡིན། །དམག་ཇག་གང་ཡང་བྱར་མི་རུང་། །འདི་སྟེང་བྱ་བ་རྔམ་ཆེན་པོ། །བྱས་པ་ཉེས་པ་ཆེ་འབྲུང་ཞིང་། །ཆུང་ལའང་ཉེས་པ་ཆུང་དུ་འོང་། །ལས་དང་བྱ་བ་ཀུན་ལ་ངན། །ངན་ཐབས་ལས་ལ་འདི་དང་བསྟུན། །གདོང་ཐུག་མི་བྱ་ངེས་པར་ཐེབས། །སྒྲིབ་ན་ར་རོག་མགོ་བོ་ལ། །མེ་ལོང་གླིང་དགུ་བྲི་པ་བཏགས། །ཁོ་ཡི་ཕྱོགས་དེར་བཞག་པས་ཐུབ།།
༼༦༽ ཕུང་པོ་ཟོར་ཐོགས་ཞེས་བྱ་བ། །སྟག་ཡོས་ཟླ་བའི་ཚེས་བརྒྱད་ལ། །འབྲུག་དགུ་སྦྲུལ་གསུམ་རྟ་ཉེར་གསུམ། །ལུག་དགུ་སྤྲེལ་བདུན་བྱ་བཅུ་བདུན། །ཁྱི་བརྒྱད་ཕག་གཅིག་བྱི་བཅུ་དྲུག །གླང་གི་ཟླ་བ་ཚེས་དགུར་རྒྱུ།།
གཞན་ཡང་ལུགས་གཅིག་འདི་ལྟར་བཤད། །དཔྱིད་ཟླ་གསུམ་ལ་རིམ་པ་ལྟར། །བཅོ་བརྒྱད་ཚེས་བརྒྱད་ཚེས་པ་དགུ། །དབྱར་གསུམ་གསུམ་དང་བཅུ་གསུམ་དགུ། །སྟོན་གསུམ་ཚེས་བདུན་བཅུ་བདུན་དང་། །ཉི་ཤུ་བརྒྱད་རྒྱུ་དགུ་གསུམ་ལ། །གཅིག་དང་བཅུ་དྲུག་ཚེས་པ་དགུ། །དོན་གཉེར་ཡུལ་སྤོ་སྟོན་མོ་དང་། །སྒྲུབ་པ་དབང་སྐུར་ཆོས་འཆད་དང་། །སྡོམ་འབོགས་མདུན་གྲོས་གཏམ་གཏོང་ཕྱོགས། །བྱིས་པ་སྒོར་ཁྲིད་རོ་བག་དུར། །དམག་ཇག་ལྟད་མོ་ཤིད་བྱ་བ། །གསོན་དང་གཤིན་པོའི་བྱ་བ་རྩོམ། །བུ་ལོན་འཇལ་བར་བྱ་བ་དང་། །དགེ་ལས་མཁར་ལས་འདུ་ལོང་ལས། །སྤང་བར་བྱ་ཞིང་སྒྲིབ་པ་ངན། །ངར་མི་སྟག་རལ་གཟིག་ཤུབས་ཅན། །ཟོར་བ་དང་བཅས་སྐས་རུ་གཡས། །སྦྲགས་པས་དེ་ཡི་ཉེས་པ་ཐུབ།།
༼༧༽ ཀི་ཀང་འབྱུང་བའི་སྤྱི་བདུད་པོ། །གཟའ་རྒོད་དྲག་པོ་སྒྲ་གཅན་ནི། །སྟག་རྟ་ཁྱི་གསུམ་ཟླ་བ་ལ། །བཅོ་ལྔ་ཉི་ཤུ་བརྒྱད་ལ་རྒྱུ། །ཕག་ལུག་ཡོས་གསུམ་གཉིས་གསུམ་ལ། །བྱི་འབྲུག་སྤྲེལ་གསུམ་བཅོ་བརྒྱད་དང་། །ཉི་ཤུ་བརྒྱད་རྒྱུ་བྱ་གླང་སྦྲུལ། །བཅུ་དྲུག་ཉེར་དྲུག་དག་ལ་རྒྱུ།།
ཡང་གཅིག་རྒྱུ་ཚུལ་མི་འདྲ་གཉིས། །སྟག་རྟ་ཁྱི་གསུམ་ཟླ་བ་ཡི། །བཅུ་བདུན་ཉེར་བརྒྱད་བྱུང་ཉེར་རྒྱུ། །ཕག་ལུག་ཡོས་གསུམ་གཉིཤ་ཉེར་བཞི། །བྱི་འབྲུག་སྤྲེལ་གསུམ་བརྒྱད་ཉེར་བརྒྱད། །བྱ་གླང་སྦྲུལ་ཟླའི་བཅུ་དྲུག་དང་། །ཉི་ཤུ་དྲུག་ལ་རྒྱུ་བ་ཡིན།།   ༈ གཞན་ཡང་སྟག་རྟ་ཁྱི་ཟླ་ལ། །བཅུ་བདུན་ཉེར་བདུན་ཕག་ལུག་ཡོས། །གཉིས་དང་ཉེར་གཉིས་ཟས་འཚོལ་བ། །མི་མཐུན་པའི་ལུགས་གཅིག་ཡིན། །དེ་དུས་དཀར་ཕྱོགས་ལས་བྱས་ན། །རྒྱལ་པོ་དམངས་འབབ་དམངས་ཡིན་ན། །སྤྲང་པོར་འགྲོ་ཞིང་དུར་དང་རོ། །ཕོ་མོ་ལྔ་ལ་ཟློས་གར་འགྱུར། །བག་མ་ཕར་ཚུར་གཉིས་ཀར་ངན། །མཁར་ལས་བྱས་ན་མྱུར་བར་འཇིག །སྟོན་མོ་བྱས་ན་གཤིན་སྟོན་འགྱུར། །བྱིས་པ་བཙས་ན་མྱུར་དུ་ལྡོག །མ་ལོག་ཁོང་དུ་གཟའ་རྒོད་འཇུག །ཆུང་ནས་ཕ་མ་ཡ་བྲལ་སོང་། །ནད་ཀྱིས་བཏབ་ན་མི་བསོལ་འཆི། །ཐ་ན་ཤིང་བུ་རྡེའུ་དག །འཕོག་པར་གྱུར་་ཀྱང་ཉེན་པའི་གནས། །གསོན་གཤིན་བྱ་བ་བརྩམ་པ་དང་། །དམག་དང་ལྟད་མོ་བུ་ལོན་འཇལ། །ཞི་ཞིང་དགེ་བའི་ལས་སྤང་ཞིང་། །གདུག་ཅིང་རྩུབ་པའི་ལས་དག་བཟང་། །སྒྲིབ་ན་རྨ་བྱ་སྒྲོ་མདོངས་དང་། །ཀུ་ཤ་དང་ནི་བལ་གྲི་རྣམས། །རེ་བས་གྲིལ་ལ་ཚེས་ཐོག་འཛུགས།།རྣམ་འཇོམས་གཟའ་ཡུམ་སྒྲོག་པར་བྱ།།
༼༨༽ ཧལ་ཁྱི་ནག་པོ་ཟས་འཚོལ་དུས། །སྟག་ཟླའི་ཚེས་བརྒྱད་བྱ་ཡི་དུས། །ཡོས་ཟླའི་བཅ་དྲུག་རྟ་ཡི་དུས། །འབྲུག་ཟླའི་ཉེར་བཞི་སྟ་ག་གི་དུས། །སྦྲུལ་ཟླའི་ཚེས་དགུའི་གླང་གི་དུས། །རྟ་ཟླའི་བཅོ་བརྒྱད་ཕག་གི་དུས། །ལུག་ཟླའི་ཉར་བདུན་བྱ་ཡི་དུས། །སྤྲེལ་ཟླའི་ཚེས་བཅུའི་སྦྲུལ་གྱི་དུས། །བྱ་ཟླའི་ཉི་ཤུའི་འབྲུག་གི་དུས། །ཁྱི་ཟླའི་གནམ་སྟོང་སྟག་གི་དུས། །ཕག་ཟླ་བཅུ་གཅིག་བྱ་ཡི་དུས། །བྱི་ཟླའི་ཉེར་གཉིས་སྤྲེའུའི་དུས། །གླང་གི་ཟླའི་ཚེས་ཡོས་ཀྱི་དུས། །རྒྱུ་ཚེས་ཉི་མའི་བདུན་ཟུར་གྱི། །དུས་ལ་ཟས་འཚོལ་ཞེས་ཀྱང་བཤད། །བག་མཁར་ལྟད་སྟོན་ཤིད་དམག་རོ། །ཁྱི་ཡི་གཏོང་ལེན་འཕོ་སྐྱས་དང་། །གཏམ་བཤད་དགེ་ལས་ཐམས་ཅད་འཛེམ། །མཐུ་གཏད་ངན་བྱེད་ལས་རྣམས་བཟང་། །སྒྲིབ་ན་འབྲུ་སྣར་ཁྱི་ནག་གཟུགས། །བཟོས་པ་སལ་ཁྱིའི་ཕྱོགས་བསྟན་ཐུབ།།
༼༩༽ གནམ་ཁྱི་ནག་པོ་དཔྱིད་ར་ལ། །དབྱར་འབྲིང་ཕག་སྦྲུལ་རྩེ་ཤར་དུས། །ཐ་མའི་བྱི་རྟ་སྤྲེལ་གྱི་སྲོད། །སྟོན་རའི་འབྲུག་ལུག་སྲོད་ཀྱི་དུས། །འབྲིང་པོའི་སྟག་ལུག་ཕག་ཉི་དྲོས། །ཐ་མའི་བྱི་ཡོས་སྤྲེལ་ནམ་ཕྱེད། །དགུན་རའི་གླང་སྟག་འབྲུག་ཉི་མྱུར། །འབྲིང་པོའི་སྟག་འབྲུག་ཁྱིའི་ཉི་ནུབ། །ཐ་ཆུང་ཕག་ཡོས་བྱིའི་སྲིད་ལ། །རྒྱུ་ལུགས་རིགས་གཅིག་བག་བརྩི་ཀྱི། །སྐབས་སུ་གསུངས་བཞིན་ཤེས་པར་བྱ།།
༼ཡང་ནི་ལུགས་གཅིག་འདི་ལྟར་རྒྱུ། །དཔྱིད་ར་ལུག་ཉིའི་ནམ་ལངས་ལ། །འབྲིང་པོ་སྦྲུལ་སྤྲེའི་ནམ་ཕྱེད་ལ། །དཔྱིད་ཐ་སྟག་བྱིའི་ཐོ་རེངས་ཁ། །དབྱར་ར་ཡོས་སྤྲེའི་མྱུར་སྨད་ལ། །འབྲིང་པོ་ལུག་ཕག་རྩེ་ཤར་དུས། །ཐ་མ་བྱ་སྤྲེལ་རྟའི་སྲོད་ལ། །སྟོན་ར་སྦྲུལ་ལུག་ས་སྲོད་ལ། །འབྲིང་པོ་གླང་སྟག་ཁྱི་སྦྲུལ་ཉིའི། །ཉི་ནུབ་ཁ་ལ་འཚོལ་བར་བྱེད། །དགུན་ཐ་སྟག་ཡོས་ཕག་བྱི་བའི། །ཉི་མ་ཕྱི་དྲོ་ཟས་འཚོལ་བྱེད། །གསོན་གཤིན་ལས་ཆེན་ཁྱད་པར་དུ། །བག་མ་ཁ་ལས་རོ་འདོན་སོགས། །ཧལ་ཁྱི་བཞིན་དུ་འཛེམ་པ་གཅེས། །སྒྲིབ་ན་ཕག་རོག་མི་ཞོན་སྒྲིབ།།
༼༡༠༽ གནམ་སྦྱོར་དཔྱིད་གསུམ་རིམ་པ་ལྟར། །བརྒྱད་བདུན་བཞི་དང་དབྱར་ཟླ་གསུམ། །བདུན་བདུན་ཉེར་དྲུག་སྟོན་ཟླ་གསུམ། །བཅུ་དགུ་བཅུ་དགུ་ཚེས་བདུན་ལ། །དགུན་གསུམ་བཅུ་དྲུག་བཅ་དགུ་དང་། །ཉི་ཤུ་བཞི་ལ་སྦྱོར་བའོ། །བཟའ་གསར་མཉམ་སྦྱོར་བག་རོ་ངན། །ཁྱད་པར་བག་མ་ལྡིང་སྐམ་འགྲོ། །དམག་དང་ལྟད་སྟོན་བྱིས་སགོར་ཁྲིད། །ངན་པའི་སྒྲིབ་བཅོས་གནས་ཁྱི་བཞིན།།
༼༡༡༽ གཟའ་རྒོད་འབྱུང་བ་ཟས་འཚོལ་ནི། །འབྲུག་ལུག་ཟླ་བའི་བཅོ་བརྒྱད་ལ། །ཕག་སྦྲུལ་ཟླ་བའི་བཅུ་དྲུག་དང་། །ཉི་ཤུ་གཉིས་ལ་རྒྱུ་བ་ཡིན། །རྟ་ཟླའི་བཅ་གསུམ་སྤྲེལ་ཟླ་ཡི།།དགུ་དང་ཉི་ཤུ་གཉིས་ལ་རྒྱུ། །ལས་ཐབས་བག་མ་གཏོང་ལེན་ངན། །བུ་བཙས་ཕ་མ་གང་རུང་་འཆི། །ཡང་ན་བུས་པ་ཁོ་རང་ལྡོག །ནད་ཐེབས་མི་བསོས་རོ་བཏང་ན། །སྔར་ཟློས་ཤིང་བུ་རྡེལ་འཕོག་ཀྱང་། །ཉེན་ཆེ་མདོས་གཏོར་དྲག་ལས་བཟང་། །རེས་གཟའ་རང་མཐུན་དར་འཕྱར་ཞིང་། །མར་དཀར་གསུར་བཏང་དེ་ཡིས་ཐུབ།།
༼༡༢༽ དབུལ་པོ་ལག་སྟོང་ཞེས་བྱ་བ། །སྟག་གི་ཟླ་བའི་གཅིག་བཅུ་གཅིག །ཡོས་ཟླའི་གཉིས་དང་ཉི་ཤུ་གཅིག །འབྲུག་གི་ཟླ་བའི་གསུམ་དང་བརྒྱད། །རྟ་ཡི་ཟླ་བའི་ལྔ་བཅུ་གཅིག །ལུག་ཟླའི་དྲུག་དང་ཉི་ཤུ་གཉིས། །སྤྲེའུ་ཟླ་བའི་བདུན་བཅུ་དགུ། །བྱ་ཡི་ཟླ་བའི་བརྒྱད་དང་བཅུ། །ཁྱི་ཟླའི་ཉི་ཤུ་གཉིས་དང་དགུ། །ཕག་ཟླའི་ཚེས་གཅིག་བྱི་ཟླ་ཡི། །གཅིག་དང་བཅུ་དྲུག་གལང་ཟླ་བའི། །དགུ་དང་ཉེར་དགུ་དག་ལ་རྒྱུ།། ༈ གཞན་ཡང་རྒྱུ་ཚུལ་རྣ་གྲངས་གཅིག །དཔྱིད་རའི་ཚེས་དྲུག་བཅུ་དྲུག་དང་། །སྟོན་ཐ་དགུ་དང་ཉི་ཤུ་གཅིག །དགུན་ར་བཅུ་དགུ་དགུན་འབྲིང་བཅུ། །གཞན་རྣམས་སྔ་མ་དག་དང་མཚུངས། །དུས་དེར་སྟོན་མོ་ནོར་བཏང་ངན། །ཡོ་ལང་བྱས་ན་དབུལ་པོར་འགྲོ། །མཁར་ལས་བག་མ་བུ་འབོགས་དང་། །སྒྱེད་འཛུགས་བཤད་གསར་རྟེན་རབ་གནས། །ལྟད་མོ་ཐོག་འབུབས་དར་འཕྱར་བ། །རོ་འདོན་ཞིང་འདེབས་བང་མཛོད་དབྱེ། །གསོན་གཤིན་ལས་རྣམས་ཕལ་ཆེར་འཛེམ། །ཉམས་ན་ཕྱུག་པོ་དགུའི་ཞིང་ས། །ནོར་སན་བུ་མང་ཁང་པའི་ས། །བསོད་ནམས་ཅན་གྱི་དར་ཅན་དང་། །ཕྱུག་མ་ཟལ་དགུའི་སྤུ་སྣ་དང་། །ཕོ་མིང་ཞིང་དགུའི་ས་རྣམས་ལས། །རུས་སྦལ་ཁྱིའུ་ལོ་བརྒྱད་པའི། །ཁུར་ཚུར་ཙམ་བཟོས་ཁྱི་ལོ་ཡིས། །མཛོད་ཀྱི་ནང་དུ་བཞག་པས་ཐུབ། །སྒྲིབ་ན་ཡུགས་སའི་ཕྱེར་མི་བརྒྱད། །རྟ་བརྒྱད་བཅོས་ལ་ཚོང་པ་ཡི། །འབྲུ་ཕྱེ་གང་རུང་དེ་ལ་བྱིན། །རྒྱ་ཡུ་རང་ཡུའི་བར་དུ་ནི། །ལག་པའི་གཟུགས་གཅིག་བཏགས་ལ་བཞག །ཚོང་པའི་ཕད་བུ་བཙོན་དུ་བཟུང་།།
༼༡༣༽ ཟའ་བདུན་ཟས་འཚོལ་ཕོ་ཉ་འགྱེད། །དཔྱིད་གསུམ་བརྒྱད་གསུམ་དག་ལ་རྒྱུ། །དབྱར་གསུམ་ལྔ་གསུམ་དག་ལ་རྒྱུ། །སྟོན་གསུམ་གཅིག་གསུམ་དགུན་དགུ་གསུམ། །རིམ་པ་བཞིན་དུ་རྒྱུ་བ་ཡིན།།
ཡང་ནི་ལུགས་གཅིག་བརྗོད་བྱ་བ། །དཔྱིད་གསུམ་ཉེར་བརྒྱད་བཅོ་བརྒྱད་བརྒྱད།་།དབྱར་གསུམ་ཉེར་བདུན་བཅ་བདུན་བདུན། །སྟོན་གསུམ་ཉེར་གཅིག་བཅུ་གཅིག་གཅིག །དགུན་གསུམ་ཉེར་དགུ་བཅུ་དགུ་དགུ། །རྒྱུ་ཚུལ་མི་འདྲ་དུ་མ་ཡོད། །དཀར་ཕྱོགས་བྱ་བ་ཐམས་ཅད་དང་། །རོ་ཤིད་མཁར་ལས་སྐྱེས་བུ་བཙས། །ཁྱེའུའི་དགའ་སྟོད་བྱེད་པ་དང་། །བག་མ་བྱིས་པ་སྒོར་ཁྲིད་ངན། །ཕ་རོལ་འཕུང་བྱེད་ངན་སྔགས་བཟང་། །འདི་དུས་ནད་བཏབ་གཤིན་རྗེས་ཁྲིད། །ཤིང་བུ་རྡེའུ་འཕོག་ཀྱང་ངན། །རོ་བཏོན་ཕོ་མོ་བྱཤ་པ་ན། །ཟླ་བ་མ་ཚེས་འཁྲུག་ལོང་ཡོང་། །ཀི་ཀང་ཉིད་དང་འབྲས་བུ་མཚུངས། །བཅོས་ཐབས་གཏོར་མ་བདུན་བཤམས་ལ། །གཟའ་ཡི་ཡབ་གཟུངས་སྣང་བརྒྱད། །མཚན་བརྗོད་བཏོན་པས་ཉེས་པ་ཐུབ།།
༼༡༤༽ ངམ་ཤིང་རྒྱུ་ཚུལ་འདི་བཞིན་ཏེ། །དཔྱིད་རའི་ཚེས་བཅུར་ཤར་ནས་ནུབ། དཔྱིད་འབྲིང་ཉི་ཤུ་ཤར་ནས་ནུབ། །དབྱར་འབྲིང་གནམ་གང་ལྷོ་ནས་བྱང་། །དབྱར་ཐ་བཅུ་གཉིས་ཤར་ནས་ནུབ། །སྟོན་ར་བཅུ་ལ་ནུབ་ནས་ཤར། །སྟོན་འབྲིང་ཉི་ཤུར་ཤར་ནས་ནུབ། །དགུན་འབྲིང་གནམ་གང་ལྷོ་ནས་བྱང་། །དགུན་ཐ་བཅུ་གཉིས་ཤར་ནས་ནུབ། །འདི་ལ་དགེ་བའི་བཤེས་གཉེན་དང་། །ཆེ་འདོན་ཁྲི་བརྩིག་བཤད་གསར་བྱ། །མཁན་སློབ་སྐྱེལ་བསུ་བསྟོད་འཁུར་བྱེད། །བག་མ་བུ་སྲིང་ལས་མི་རུང་། །སྒེར་དུ་བཅོས་པའི་ཐབས་གཞན་མེད།།
༼༡༥༽ བར་ཁྱི་དཔྱིད་གསུམ་བརྒྱད་གསུམ་རིམ། །དབྱར་གསུམ་ལྔ་གསུམ་རིམ་པ་བཞིན། །སྟོན་གསུམ་གཅིག་གསུམ་རིམ་པ་རྒྱུ། །དགུན་གསུམ་དགུ་གསུམ་རིམ་པར་རྒྱུ། །མག་མ་རོ་སྲེག་ཐོག་འབུབས་པ། །རབ་བརྟན་མཁར་ལས་སྒྱེད་བུ་འཛུགས། །ལྟད་སྟོན་དར་འཕྱར་དོན་གཉེར་སྤང་། །ཧལ་ཁྱི་ཇི་བཞིན་བཅོས་པས་ཐུབ།།
༼༡༦༽ ཀ་ཁྱུང་ཀི་ཀང་ཞེས་བྱ་བ། །སྟག་རྟ་ཁྱི་ཟླར་བཅུ་གཅིག་དང་། །ཉི་ཤུ་བདུན་ལ་རྒྱུ་བ་ཡིན། །ཕག་ལུག་ཡོས་གསུམ་ཉི་ཤུ་བཞི། །བྱི་འབྲུག་སྤྲེའུའི་ཉི་ཤུ་བརྒྱད། །བྱ་གླང་སྦྲུལ་ཟླའི་ཉི་ཤུ་དྲུག །གསོན་གཤིན་བྱ་བ་རྩོམ་པ་དང་། །མཁར་ལས་ལྟད་སྟོན་དམག་ཤིད་བག །ཆུང་དུར་འབུལ་འཇལ་ལ་སོགས་པ། །དྲག་ལས་མ་གཏོགས་ཐམས་ཅད་སྤང་། །སྒྲིབ་བཅོས་སྒེར་དུ་བཤད་པ་མེད།།
༼༡༧༽ དྲ་ཆེན་སྦྲུལ་ཟླའི་ཉི་ཤུ་ལྔ། །ལུག་གི་བཅོ་ལྔ་བྱ་ཟླ་ཡི། །གཅིག་དང་ཉེར་གཅིག་ཁྱིའི་ཉེར་གཅིག །ཕག་གི་ཚེས་པ་དགུ་ལ་རྒྱུ། །སྟོན་མོ་བག་མ་རོ་སྒ྄ལ་བསྐྱོད། །དམག་སོགས་གསོན་གཤིན་བྱ་རིགས་འཛེམ། །འདི་ལའང་སྒྲིབ་བཅོས་བཤད་པ་མེད།།
༼༡༨༽ རཱ་ཧུ་དཔྱིད་རའི་བཅུ་གཅིག་དང་། །ཉེར་བརྒྱད་འབྲིང་པོའི་ཚེས་གཉིས་ལ། །ཐ་ཆུང་བཅོ་བརྒྱད་དབྱར་ར་ཡི། །བཅུ་དྲུག་ཉེར་གཉིས་འབྲིང་པོ་ཡི། །གཅིག་དང་བཅུ་གསུམ་ཐ་ཆུང་གི །ཚེས་གཉིས་སྟོན་རའི་ཉེར་བརྒྱད་ལ། །འབྲིང་པོའི་བཅུ་དྲུག་དབྱར་ཐ་ཆུང་གི །ཚེས་གཅིག་དགུན་རའི་ཚེས་གཉིས་ལ། །འབྲིང་པོའི་བཅོ་བརྒྱད་ཐ་ཆུང་གི །ཚེས་ལ་ཟས་ཁ་འཚོལ་བ་མེད། །གསོན་གཤིན་བྱ་བ་ཆེ་ཆུང་འཛེམ། །ཁྱད་པར་ས་ལས་འདམ་ལས་ངན། །ཟོར་འཕེན་དྲག་པོའི་ལས་ལ་ཤིས། །སྒྲིབ་ན་གཟའ་ཡུམ་བཀླག་པ་དང་། །ཕྱག་ན་རྡོ་རྗེའི་སྐུ་བསྟན་ཐུབ།།
༈ སྡེ་བརྒྱད་སྤྱི་ཡི་ཐེབས་བཟློགནི། །དཔྱིད་རའི་བཅུ་བཞི་ཡོས་བུའི་དུས། །བསྟན་མ་དང་བཅས་ནུབ་ནས་ཤར། །མྱུལ་ཐེབས་བཅོ་ལྔའི་ཚེས་ལའང་ཐེབས། །བཅུ་བདུན་བཅུ་དགུའི་ཉི་ཕྱེད་དང་། །སྤྲེལ་གླང་དུས་སུ་བཟློག་པར་འགྱུར། །དཔྱིད་འབྲིང་བཅུ་དྲུག་ཕག་གི་དུས། །བདུད་བཞི་དང་བཅས་ཤར་ནས་ནུབ། །བྱུ་ཐེབས་གཅིག་བརྒྱད་བཅུ་གཅིག་དང་། །ཉེར་གཅིག་ཉི་ཤུ་བརྒྱད་ལ་བཟློག །དཔྱིད་འབྲིང་བཅུ་དྲུག་ཕག་གི་དུས། །བདུད་བཞི་དང་བཅས་ཤར་ནས་ནུབ། །བྱུ་ཐེབས་གཅིག་བརྒྱད་བཅ་གཅིག་དང་། །ཉེར་གཅིག་ཉི་ཤུ་བརྒྱད་ལ་བཟློག །དཔྱིད་ཐའི་ཉེར་གཉིས་མ་བདུད་བཅས། །ཡོས་དུས་ལྷོ་ནས་ཕྱོགས་ཐེབས། །དགུ་དང་གནམ་གང་དག་ལ་བཟློག །དབྱར་རའི་ཚེས་བརྒྱད་ཡོས་བུའི་དུས། །གཟའ་ཆེན་བརྒྱད་དང་བཅས་ཏེ་ཐེབས། །གཉིས་ལྔའི་བྱ་བྱིའི་དུས་སུ་བཟློག །འབྲིང་པོའི་བཅོ་ལྔར་ཀླུ་བརྒྱད་བཅས། །ལྷོ་ནུབ་ནས་ནི་བྱང་ཤར་ཕྱོགས། །འབྲུག་གི་དུས་སུ་ཐེབས་པར་བཤད། །དྲུག་དང་བཅུ་དྲུག་བཅོ་བརྒྱད་ཀྱི། །སྦྲུལ་དུས་བཟློག་ལ་ཐ་མ་ལ། །མ་མོ་དང་བཅས་ལྟད་མོར་ཡེངས། །ཁྱད་པར་བཅུ་གཅིག་རྟ་དུས་བཟློག །བརྒྱད་ཚོགས་དགུ་ལ་ཐེང་གཅིག་ཐེབས། །སྟོན་རའི་བཅོ་ལྔ་འབྲུག་གི་དུས། །བྱང་ཤར་ཁ་བལྟ་ཉེར་གསུམ་གྱི། །འབྲུག་དུས་ནུབ་བཡང་མ་མོ་བཅས། །ཁ་བལྟ་ཐེབས་ཤིང་ཉེར་ལྔ་ཡི། །གླང་དུས་བཟློག་ལ་འབྲིང་པོ་ཡི། །རྒྱུ་སྐར་དང་བཅས་ཚེས་བཅུ་དང་། །བཅུ་བདུན་ནས་ནི་སྟེང་གི་བར། །ཉེར་གསུམ་མ་གཏོགས་ཡོས་བྱིའི་དུས། །ནུབ་ནས་ཤར་དུ་ཁ་ལྟར་ཐེབས། །གསུམ་དང་བཅུ་གསུམ་ཉེར་གསུམ་གྱི། །གླང་གི་དུས་བཟློག་ཐ་ཆུང་གི །བརྒྱད་དང་ཉེར་བརྒྱད་གནམ་གང་གི །རྟ་བྱའི་དུས་ལ་ལྟར་བཅས་ཐེབས། །བརྒྱད་ནས་སྟོང་བར་ཐེབས་ཀཡང་བཤད། །དེ་ནས་ནུབ་བྱང་མཚམས་སུ་བལྟ། །གཅིག་གཉིས་ཡོས་བུའི་དུས་སུ་བཟློག །དགུན་རའི་བཅུ་གསུམ་བཅུ་དྲུག་པར། །མནོད་སྦྱིན་དང་བཅས་སྤྲེལ་གླང་དུས། །བྱང་ཕྱོགས་ཁ་བལྟ་ཐེབས་པར་འགྱུར། །བརྒྱད་དགུ་བཅོ་བརྒྱད་ཉེར་དྲུག་ལ། །བྱི་བའི་དུས་བཟློག་ཐ་མའི། །ཉེར་བདུན་ཁྱི་དུས་བཟློག་པ་ལས། །ཟླ་རིམ་ཉི་མ་མདུང་གང་དུས། །སྐྱེ་འགྲོ་ཁྲམ་ལ་འདེབས་པས་ཐེབས། །ཁྱད་པར་ཉེར་དགུར་ལུས་དུམ་འཁྲིལ། །སྡེ་བརྒྱད་ཡོངས་བསྐོར་ཐེབས་པའོ། །ཐེབས་ལ་ཟོར་མདོས་གཏད་ཁྲམ་ཐད། །དམག་ཇག་དྲག་ལས་ཕར་རྒོལ་བཟང་། །བཟློག་ལ་དེ་དག་སྤང་བར་བྱ།།
༈ ས་བདག་བཟློག་པའི་དུས་བསྟན་པ། །དཔྱིད་རའི་བཅུ་བདུན་བཅུ་དགུ་ལ། །འབྲིང་པོའི་གཅིག་བརྒྱད་ཐ་ཆུང་གི །གནས་སྟོང་དབྱར་རའི་གཉིས་ལྔ་ལ། །འབྲིང་པོའི་གསུམ་དང་ཐ་ཆུང་གི །བཅུ་གཅིག་སྟོན་རའི་ཉི་ཤུ་ལྔ། །འབྲིང་གསུམ་ཐ་ཆུང་ཚེས་གཉིས་ལ། །དགུན་རའི་བཅོ་བརྒྱད་འབྲིང་ཉེར་བདུན། །ཐ་ཆུང་བཅུ་བཞིར་ས་བདག་བཟློག །དམག་དྲངས་རོ་གཏོང་གཏད་སེར་དབབ། །ཆར་འབེབས་ས་དབྱེ་ཀླུ་ཆོག་རྣམས། །གང་བརྩམས་ཛུར་བཟློག་བུ་མང་ནོར། །རང་ཉིད་ཛེ་ཐུང་དབུལ་སྒབ་ངན། །ཅེས་དང་སྤུག་སྟོན་བཞེད་པའི་ལུགས།། ༢ དཔྱིད་ར་ལྔ་དང་སྟོང་ལ་གྲུབ། །བརྒྱད་ལ་ཡལ་འགྲོ་ཚེས་གཅིག་དང་། །དྲུག་ལ་ནོར་རྫས་ཕྱིར་མི་བཏང་། །ཡས་ལམ་ལྷོ་ནུབ་ཡོད་པའོ།། ༢ འབྲིང་པོའི་བརྒྱད་གྲུབ་དྲུག་ལ་ཡལ། །བཅུ་གཉིས་ལ་ནི་ནོར་མི་དབྱུང་། །ཡས་ལམ་ནུབ་བཡང་མཚམས་སུ་ཡོད།། ༢ ཐ་ཆུང་བཅོ་བརྒྱད་ལ་གྲུབ་ཅིང་། །དྲུག་ཡལ་བརྒྱད་ལ་ནོར་མི་དབྱུང་། །ཡས་ལམ་བྱང་ཤར་ཕྱོགས་སུ་ཡོད། །དབྱར་རའི་གཅིག་གྲུབ་དྲུག་ལ་ཡལ། །བརྒྱད་ལ་ནོར་ནི་ཕྱིར་མི་བཏང་། །ཡས་ལམ་ཤར་ལྷོ་འབྲིང་པོ་ལ། །བཅུ་དགུར་གྲུབ་ཅིང་ཉེར་དྲུག་ཡལ། །བཅུ་དྲུག་ནོར་དག་མི་དབྱུང་ཞིང་། །ཡས་ལམ་ནུབ་བྱང་དབྱར་ཐ་ཡི། །གསུམ་དྲུག་ཉར་ཡལ་ཉེར་བརྒྱད་ལ། །ནོར་མི་དབྱུང་ཞིང་ཡས་ལམ་ནུབ།། ༢ སྟོན་རའི་བཅུ་དགུ་ཉི་ཤུ་དགུ། །ཚེས་དགུ་བཡང་ཤར་གོང་ལྟར་འགྲེ། །འབྲིང་པོའི་དགུ་དང་བཅུ་གཉིས་དང་། །བཅུ་དང་ཤར་ལྷོ་ཤེས་པར་བྱ།། ༢ སྟོན་ཐའི་བདུན་བཞི་ཉི་ཤུ་བདུན། །ནུབ་བཡང་ཡས་ལམ་གོང་ལྟར་སྦྱར།། ༢ དགུན་རའི་ཉེར་བདུན་དགུ་ཉི་ཤུ། །ལྷོ་དང་འབྲིང་པོའི་སྟོང་གཉིས་དང་། །བཅུ་གཉིས་ཡས་ལམ་ཤར་ལ་ཡོད། །ཉི་ཤུ་ལ་ཡང་ནོར་མི་བཏང་།། ༢ དགུན་ཐ་བཅུ་དགུ་དྲུག་གནམ་གང་། །ཡས་ལམ་བྱང་ཤར་ཡོད་པའོ། །གྲུབ་ལ་ས་བདག་བཅོས་རིམ་བཟང་། །ཡས་ལ་མི་ཕན་ལ་བཟློག །ནོར་ཕྱུགས་བཏང་ན་ར་བ་སྟོངས། །ཡས་ཐགས་ཕྱོགས་དེར་བཏང་བ་བཟང་།།
༈ གཉན་གྱི་རྒྱུ་དུས་དཔྱིད་གསུམ་ལ། །བརྒྱད་དྲུག་ཚེས་བཞི་རིམ་བཞིན་ཡིན། །དབྱར་གསུམ་བདུན་བཅུ་ཉེར་བདུན་རིམ། །སྟོན་གསུམ་དགུ་སྟོང་ཉེར་བདུན་ལ། །དགུན་གསུམ་བཅུ་དགུ་བཅུ་དང་གསུམ། །རིམ་བཞིན་རྒྱུ་དུས་ཅི་བརྩམས་ཀྱང་། །ཟློས་སྐྱར་དགོས་པས་ངན་པ་སྟེ། །འོན་ཀྱང་གཉན་མཆོད་བཟང་བར་བསྟན།།
༼སྤུག་སྟོན་བཞེད་པར་འདི་ལྟ་སྟེ། །དཔྱིད་ར་བདུན་ཐེབས་བཅུ་དགུར་བཟློག །དབྱར་ར་གསུམ་དང་ཉེར་གསུམ་ཐེབས། །བཅུ་དྲུག་ལ་བཟློག་འབྲིང་པོ་ཡི། །ཟླ་བ་རིལ་པོར་ཐེབས་པ་ཡིན། །ཏ་ཆུང་ལ་ཡང་རིལ་པོར་ཐེབས། །སྟོན་རའི་དགུར་ཐེབས་བཅོ་བརྒྱད་བཟློག །འབྲིང་པོའི་ཉེར་གསུམ་ལ་ཐེབས་ཤིང་། །སྟོང་བཟློག་ཐ་ཆུང་བདུན་ལ་ཐེབས། །གཅིག་བཟློག་དགུན་རའི་གཅིག་ལ་ཐེབས། །བདུན་བཟློག་འབྲིང་པོའི་ཉེར་ལྔར་ཐེབས། །སྟོང་བཟློག་ཐ་ཆུང་གཉན་རིགས་རྣམས། །བཅོ་ལྔ་མ་གཏོགས་རིལ་པོར་བཟློག །འབྲས་བུ་གོང་གི་རིག་པས་བསྒྲེ།།
༈ ནཱ་ག་ཀླུ་ཡི་ཐེབས་བཟློག་བསྟན། །དཔྱིད་རའི་ལྔ་བཅུ་བཅོ་ལྔ་ལ། །ཀླུ་རྣམས་ཁྲིམས་སྲུང་དུས་ཏེ་བཟློག །བཅུ་བཞི་ལ་ནི་ཐེབས་པར་འགྱུར། །འབྲིང་པོའི་བཅུར་ཐེབས་བརྒྱད་ཉི་ཤུད། །ཆོས་ཉན་པས་བཟློག་བཅོ་བརྒྱད་དང་། །ཉེར་གཉིས་ཉེར་བརྒྱད་དག་ལའང་བཟློག །ཐ་ཆུང་ཉེར་ལྔར་ཀླུ་ཐེབས་ཤིང་། །གཉིས་བརྒྱད་མ་གཏོགས་རིལ་པོ་ལ། །དྲན་པ་རྙིགས་པས་བཟློག་པར་འགྱུར། །དབྱར་རའི་བརྒྱད་ལ་ཟས་འཚོལ་ཞིང་། །ཉ་ལ་གཉེན་ལ་འགྲོ་བས་ཐེབས། །ཉི་ཤུ་ཉེར་ལྔ་ངལ་གསོ་བཟློག །འབྲིང་པོའི་ཉི་ཤུ་ཉེར་གཉིས་ལ། །མི་ལ་ཟས་འཚོལ་ཐེབས་པ་ཡིན། །བརྒྱད་དང་ཉ་ལ་བཟློག་པར་འགྱུར། །ཐ་མའི་ལྔ་དང་ཉི་ཤུ་དང་། །ཉེར་ལྔར་ཐེབས་ཤིང་བཅོ་ལྔ་ལ། །སྲིད་པ་རྒྱལ་པོའི་ལས་བྱེད་ཐེབས། །བཅུ་གཅིག་བཅུ་གསུམ་ཉ་ལ་བཟློག །སྟོན་རའི་དགུ་དང་བཅུ་དགུ་ལ། །ཟས་འཚོལ་ཐེབས་ཤིང་ལང་དྲུག་བཅུར། །དྲན་པ་ཉམས་པས་བཟློག་པའོ། །འབྲིང་པོའི་བཅོ་ལྔ་འབྲུ་སྡུད་ཐེབས། །ལྔར་ཡང་དེ་ལྟར་ཐེབས་ཀྱང་བཤད། །གསུམ་དྲུག་དགུ་དང་བཅུ་གསུམ་དང་། །བཅུ་དྲུག་ལ་ནི་བཟློག་པར་བཤད། །ཐ་མའི་ཚེས་གཅིག་བཅུ་གཅིག་དང་། །ཉེར་གཅིག་ཉེར་གཉིས་གནས་འཚོལ་དང་། །གོས་གྱོན་ཐེབས་ཤིང་ཉེར་གསུམ་ལ། །ཐེབས་ཀྱང་ཚད་ལྡན་གཞུང་ལས་བཤད། །དགུ་བཅུ་བཅུ་དགུར་བཟློག་པའོ། དགུན་ར་རྩི་ཤིང་བཅད་སྡུད་དེ། །བརྒྱད་དང་བཅོ་བརྒྱད་ལ་ཐེབས་ཤིང་། །བཅོ་ལྔ་ལ་ཡང་ཐེབས་པར་བཤད། །དགུ་བཅུ་བཅུ་དགུ་ཉེར་དྲུག་བཟློག །འབྲིང་གི་བདུན་དང་བཅུ་བདུན་ཐེབས། །ཉ་དང་ཉེར་གཉིས་འབྲུ་སྡུད་ཐེབས། །གཉིས་དང་དྲུག་གསུམ་ཉི་ཤུར་བཟློག །དགུན་ཐར་ཉལ་བས་ཕན་གནོད་མེད། །དེ་ཡང་དགུན་ཐ་དཔྱིད་གསུམ་ཉལ། །དབྱར་རའི་བརྒྱད་ལ་རྗེའུ་རིགས། །བཅོ་ལྔ་རྒྱལ་རིགས་དམངས་རིགས་ལྡང་། །དབྱར་ལྡང་སྟོན་དར་དགུན་ཤི་ཞེས། །ཐེབས་དུས་ཀླུ་གཏོར་ཀླུ་བརྒྱད་དང་། །ཆབ་འབེབས་གཏད་ཁྲམ་ཀླུ་ཡི་ལས། །གང་ཡང་བསྟུན་ན་ཤིས་འགྱུར་ཞིང་། །བཟློག་དུས་དེ་དག་བྱེད་མི་རུང་།།
༈ ཁྱད་པར་ཕྱེ་བའི་ཐེབས་དུས་ནི། །ཀླུ་ནི་ར་བཞིའི་བདུན་གསུམ་གྱི། ཉི་ཤར་ཟེར་རྒྱུ་ཐ་ཆུང་བཞིའི། །ཉེར་དགུའི་སྲོད་ལ་བདུད་རྒྱུའོ། འབྲིང་བཞིའི་དྲུག་གསུམ་ཉི་ཤར་ཟེར། །བཙན་རྒྱུ་ར་བཞིའི་བརྒྱད་གསུམ་གྱི། །སྐྱ་རེངས་ཤར་དུས་རྒྱལ་པོ་རྒྱུ། །འབྲིང་བཞིའི་དགུ་གསུམ་ཉིན་ནམ་ཕྱེད། །གནོད་སྦྱིན་རྒྱུ་ལ་རབ་བཞིའི། །ཉེར་གཉིས་སྲོད་ལ་མ་མོ་རྒྱུ། །ཐ་ཆུང་བཅུ་གསུམ་ཉི་མྱུར་ཁར། །གཤིན་རྗེ་རྒྱུ་ལ་གཟའ་སྲིན་པོ། །དུས་ཆེན་བི་་་་་་་་་་་ཚེས་ལ་རྒྱུ། །དེ་དུས་རང་རང་མཐུན་ལས་ཤིས། །ཐེབས་བཟློག་ཀུན་གྱི་གནད་ཆེ་བ། །འགྱུ་གདོང་ལས་སྦྱར་དར་བ་དང་། །གོང་དུ་ལས་སྦྱར་ཞུད་པ་ཡིན། །འགྱུས་ཟིན་ལས་སྦྱར་གྱོད་པ་ཡིན། །དར་བས་ལས་ཀུན་འགྲུབ་པ་ཡིན། །ཞུད་པས་རྣམ་འབྱོར་སྲོག་ལ་རྒོལ། །གྱོད་པས་ཕན་གནོད་གང་ཡང་མེད།།
༈ གནམ་སྒོ་བཅུ་ཡི་བརྩི་ལུགས་ནི། །གཅིག་གསུམ་མགྲོན་པོ་གཉིས་གསུམ་ཚོང་། །གསུམ་གསུམ་བུ་ཅུང་བཞི་གསུམ་དམག །ལྔ་གསུམ་གཉེན་ལ་དྲུག་གསུམ་མཁར། །བདུན་གསུམ་བག་མ་བརྒྱད་གསུམ་དུར། །དགུ་གསུམ་ཤིད་ལ་བཅུ་གསུམ་སྤྱིའི། །གནམ་སྒོ་ཡིན་ཏེ་དེ་དག་ལ། །རང་རང་ལས་ལ་་འཛེམ་པ་གཅེས།།
༈ བརྒྱད་པ་གནམ་སྒོའི་ཁྱད་པར་ནི། །ར་བ་བཞི་ཡི་གསུམ་ནས་འདྲེན། །འབྲིང་བཞིའི་གཉིས་ནས་ཐ་བཞིའི་གཅིག །གཉིས་བོར་ས་ནས་གནམ་སྒོ་བྱུང་། །དེ་ཡི་སྒྲིབ་ཤིང་བཅོས་ཐབས་ནི། །བཻ་དཀར་འབྲས་བཤད་ལེའུར་གཟིགས།།
༈ དགུ་པ་ཞག་ནག་བཤད་པ་ནི། །གོང་དུ་ཟླ་ནག་བཤད་པ་ལྟར། །འདི་ནི་ཟླ་བ་ཉི་མ་སྤྲད། །དཔེར་ན་བྱི་རྟའི་ཟླ་བ་ལ། །བྱ་ཡོས་གཉིས་ཀྱི་ཉི་མ་ནག།
༼ཞག་ནག་ལུགས་གཅིག་འདི་ལྟ་སྟེ། །བྱི་ལོ་དཔྱིད་འབྲིང་ཚེས་བདུན་ནག །གླང་ལོ་དཔྱིད་ཐའི་ཚེས་ལྔ་ནག །སྟག་ལོ་དབྱར་རའི་ཚེས་བདུན་ལ། །ཡོས་ལོ་དགུན་འབྲིང་ཚེས་བདུན་ལ། །འབྲུག་ལོ་དགུན་ཐའི་ཉི་ཤུ་དྲུག །སྦྲུལ་ལོ་སྟོན་རའི་ཚེས་པ་དགུ། རྟ༌ལོ༌སྟོན་འབྲིང་བཅུ་དགུ་ནག ལུག་ལོ་སྟོན་ཐའི་ཚེས་པ་བདུན། །སྤྲེལ་ལོ་དགུན་རའི་བཅུ་དྲུག་ནག །བྱ་ལོ་དཔྱིད་འབྲིང་ཚེས་པ་བཅུ། །ཁྱི་ལོ་དབྱར་ཐའི་ཉེར་གཅིག་ནག །ཕག་ལོའི་དཔྱིད་རའི་ཚེས་བརྒྱད་ནག །ཕལ་ཆེར་བྱ་བ་ངན་པ་སོགས། །འབྲས་བཅོས་དུས་ཚོད་སྐབས་སུ་བཤད།།

༈ ད་ནི་དུས་ཚོད་ས་བདག་བཤད།། ༡དུས་ལྷ་བཅོ་ལྔ་ ༢ དུས་ནག་དང་།། ༣གནམ་ཁྱི་ཕོ་མོ་ ༤སིལ་སེ་བདུད།། ༥འགོག་ཀུ་ ༦ གབ་པ་བཅུ་གཉིས་དང་།། ༧ ཡང་འཁོལ་ལས་ནི་སའི་འཕུང་བྱེད། །དང་བཅས་དུས་ལྷ་སུམ་ཅུ་བདུན།།
༈ དང་པོ་དུས་ལྷ་བཅོ་ལྔ་ལས། །གཡུ་མཛོད་སྔོན་མོ་དུས་ཀྱི་ལྷ། །གཡོན་སྐོར་དུས་ཚོད་གང་ཡིན་སྟེང་། །ཐོ་རེངས་སྟག་ལ་ཤར་སྟོད་སྟག །ལ་སོགས་རིམ་པ་བཞིན་དུ་གནས། །འདི་ལ་བག་མ་གཏོང་ལེན་དང་། །རོ་ཤིད་ཟན་གཏོད་དམར་ལས་ཐབ། །དུར་འདེབས་མཁར་ལས་སྐྱས་སོགས་ངན། །ཀོ་ལོང་སྐྱེས་དར་བྱིས་པ་དང། །རོ་བདག་རོ་འཁུར་ལས་བྱེད་སྡོམ། །ཉམས་ན་སནང་བརྒྱད་གཙུག་ཏོར་སྒྲོག །སྒྲིབ་ན་འབྲུ་སྣའི་ངར་མི་ལྔར། །དར་སྔོན་བ་དན་བཙུགས་པ་དང་། །ཟངས་ཀྱི་རྐོ་མ་བཙུགས་པས་སྒྲིབ།།
༈ དུས་ཚོད་བླ་མཁྱེན་དུསལོ་ཡི། །མཐུན་གསུམ་རླུང་རྟའི་སྟེན་ན་གནས། །འཇེམ་བཅོས་ལོ་ལྟར་ཤེས་པར་བྱ།།
༈ ས་བདག་ཁང་བརྩེགས་བྱ་བ་དང་། །མཚོ་སྔོན་ཞེས་བྱ་རྣམ་པ་གཉིས། །དུས་ཚོད་རང་རང་ཐོག་ན་གནས། །ལས་ཐབས་ཁང་བརྩེགས་གྲལ་གདན་འཛེམ། །མཚོ་སྔོན་བག་རོ་ལས་ངན། །ཀོ་ལོང་དོ་བདག་ཕ་ཚན་སྡོམ། །ཉམས་ན་ཏོག་གཟུངས་སྣང་བརྒྱད་དང་། །གཟུངས་བསྡུས་སྤང་སྐོང་སྒྲོག་པར་བྱ། །སྒྲིབ་ཐབས་སྤྱི་ལྟར་སྦྲོར་བ་ཡིན།།
༈ དུས་ཚོད་ས་རྒྱལ་དུན་གྱི་ནི། །བཞི་གཤེད་སྟེང་དུ་གནས་པར་འདོད། །ལྟད་སྟོན་རོ་ཤིད་མཁར་ལས་འཛེམ། །ཉམས་ན་གཙོ་བོ་རྩ་བ་ཡིན། །ཡུལ་དཔོན་ལ་ངན་རོ་ཤིད་བྱས། །སྦང་མ་སྐམ་ལོང་མེད་པར་འཆི། །འདི་ལ་བཅོས་སྒྲིབ་མ་བཤད་ཀྱང་། །དབང་བསཀུར་བསྐྱེད་རྫོགས་ཚོགས་ཆེན་བསག།
༼ཡང་ན་འདི་ལྟར་བཤད་པའང་ཡོད། །དཔྱིད་ར་སྦྲུལ་དུས་ལྷོ་སྟོད་དུ། །འབྲིང་པོ་རྟ་དུས་སྤྲེའུའི་ཐོག །ཐ་ཆུང་ལུག་དུས་ཕག་གི་ཐོག །དབྱར་ར་སྤྲེལ་དུས་སྦྲུལ་ཐོག་ཏུ། །འབྲིང་པོ་བྱ་དུས་ཕག་གི་སྟེང་། །ཐ་ཆུང་ཁྱི་དུས་བྱང་གི་སྟོད། །སྟན་ར་ཕག་དུས་འབྲུག་ཐོག་ཏུ། །འབྲིང་པོ་བྱི་དུས་ལྷོ་ནུབ་ཕྱོགས། །ཐ་ཆུང་གླང་དུས་ཁྱི་ཡི་སྟེང་། །དགུར་ར་སྟག་དུས་ཤར་སྨད་དུ། །འབྲིང་པོ་ཡོས་དུས་ལྷོ་སྨད་ཕྱོགས། །ཐ་ཆུང་འབྲུག་དུས་བྱ་ཐོག་ཏུ། །རང་རང་རྒྱུ་ཚེས་ཉིན་མོ་འཚིག །རྒྱུ་ཚེས་པི་ལིང་འཕར་མ་ཡིན།།
༈ གཉིས་པ་དུས་ཚོད་ནག་པོའི་རྩིས། །གོང་དང་སྦྱར་ཏེ་ཤེས་པར་བྱ། །དེ་ཡང་བྱི་རྟའི་ཉི་མ་ལ། །བྱ་ཡོས་གཉིས་ཀྱི་དུས་ཚོད་ནག །དེ་ཡི་རིག་པས་ཤེས་པར་བྱ། །ཞག་དུས་ནག་པར་གྱུར་པ་ན། །དུར་ས་མཁར་ལས་སྟོན་མོ་དང་། །རབ་གནས་མངའ་གསོལ་ཆོས་སྟོན་དང་། །ཡུལ་གསར་འཛིན་དང་བག་མ་སོགས། །ཁག་ཆེན་བྱ་བ་ཐམས་ཅད་ངན། །དྲག་ལས་དུས་དང་སྤྲད་ན་ཐེབས། །བཅོས་ཐབས་སྦྲ་ཁྱིམ་སགོ་གཡས་སུ། །གཡུང་དྲུང་གཡོན་དུ་ཉི་ཟླ་བྲིས། །དེ་ཡིས་ཐུབ་པར་བཤད་པ་ཡིན།།
༈ གསུམ་པ་དུས་ཚོད་གནམ་ཁྱི་དང་།། ༈ བཞི་པ་སིལ་མའི་སེ་བདུད་དང་། །འགོག་ཀུ་ཞེས་པའི་འབྱུང་ལྷ་ལྔ།།  ༈  ལྔ་པ་གབ་པའི་ལྷ་བཅུ་གཉིས།།  ༈ དྲུག་པ་ཡང་འཁོལ་ཕུང་བྱེད་བཅས། །ལོ་ཟླའི་སཀབས་བཞིན་བརྟག་པར་བྱ།།
༈ གཟའ་ཀུན་གཙོ་བོ་རཱ་ཧུ་ཡང་། །ཉིན་ཞག་དུས་ལ་རྒྱུ་བའི་ཚུལ། །མདོར་བསྡུས་ཟླ་བའི་སྐབས་བཞིན་བརྟག། ཞིབ་རྒྱས་བཻ་དཀར་གཞུང་དུ་གསལ།།
༈ ས་བདག་སྤྱི་ཡི་སྒྲིབ་བཅོས་ནི།
།རྟེན་གསུམ་བྱིན་ཅན་སྣང་བརྒྱད་དང་། །རུས་སྦལ་ཁོག་པ་རྨ་བྱའི་མདོངས། །མེ་ལོང་སྟག་རས་གཟུགས་མོ་དང་། །མཚོན་གྱི་དྲུ་བྱ་བྱང་མིག་དགུ། །སྦ་ལྕག་མདའ་དར་སྣ་ལྔ་པ། །ལུག་གི་གཡང་གཞི་གཡག་གི་མགོ །འགྲོན་བུ་ལ་སོགས་ཕྱོགས་སུ་བཞག །ཡང་ན་བསྲུང་བྱའི་ལུས་ལ་བཅང་། །ཡང་ན་རྟེན་གསུམ་བྱིན་ཅན་དང་། །སཱཙྪ་ས་བདག་རང་འདྲའི་གཟུགས། །ནོར་བུས་བརྒྱན་ཅིང་སྣང་བརྒྱད་དང་། །རུས་སྦལ་ཁོག་པ་ལ་སོགས་པ། །སྒྲིབ་བྱ་དེ་ཡི་ཕྱོགས་སུ་བཞག །དེ་ཡིས་སྒྲིབ་པར་ཐེ་ཚོམ་མེད། །ས་བདག་ཕལ་ཆེར་ཉམས་པ་ན། །ཏོག་གཟུངས་སནང་བརྒྱད་སྤང་སྐོང་དང་། །མདོ་ཐིག་གསུང་སྒྲོག་དོང་ཙེ་དང་། །ས་བདག་འཁྲུག་གཏོ་གཡོ་འཁྲུག་བཏང་། །ཆབ་གཏོར་སཱཙྪ་འདེབས་སོགས་ཀྱིས། །ངན་ཀུན་ཐུབ་པར་འགྱུར་ཞེས་གསུངས།།

༈ ཀྱེ་མ་ལོ་ཟླ་ཞག་དུས་ས་བདག་རྣམས། །ཉམས་པར་གྱུར་ན་ཀོ་ལོང་གདུག་རྩུབ་ཆེ།།
མི་རབས་དགུ་ཚུན་གནོད་པའི་གཡུལ་གཤོམ་ན། །ལུས་ཅན་མི་ཡི་བདེ་སྐྱིད་གང་ནས་རྙེད།།
དེ་ཕྱིར་སྤང་བླང་ཞིབ་ན་ཕན་ཆེ་ཞིང་། །ཅུང་ཟད་འཕྱུགས་ན་རང་གཞན་འཕུང་བྱེད་ཀྱང་།།
དེང་སང་ཕལ་ཆེར་འོལ་ཚོད་ཙམ་ལ་བརྟེན། །ལས་ཐབས་ཀུན་ལ་ལྕེབས་པའི་ཚུལ་འདི་འཇིགས།།
ཁོ་བོ་སྙིང་པོའི་དོན་ལ་ཞེན་ཆེས་པས། །དེ་འདྲའི་གནས་ལ་སྤྲོ་བ་མ་མཆིས་ཀྱང་།།
ལུས་ཅན་སྡུག་ལ་སྦྱོར་བའི་སྣང་ཚུལ་འདི། །སྙིང་གིས་མ་བཟོད་བསྡུས་ཏེ་བྲིས་དགོས་ཤར།།
རང་མཐུན་འགའ་ཡིས་འདི་ལ་ལེགས་གོམས་ནས། །སྤང་བླང་ཞིབ་པའི་བདེ་འབྲས་ལུས་ཅན་ལ།།
སྦྱིན་པར་སྲིད་ན་དེ་ཡི་ལེགས་བྱས་ཀྱང་། །འགྲོ་ཀུན་ཕན་བདེར་སྤྱོད་པའི་རྒྱུ་རུ་བསྔོ།།
དེ་སྐད་ཚང་དགོན་ལྷུན་གྲུབ་ཆོས་གླིང་དུ། །ཚེ་འདིའི་ཞེན་པ་སྐྱུང་བའི་སྙོམ་ལས་པ།།
རྩིས་མིང་ཡོངས་ལ་གྲགས་པའི་ནོར་དབང་གིས། །མི་ཚེའི་ཉི་མ་འཕུལ་ཕྱིར་བྲིས་མདོག་བྱས།།
ཞེས་པ་འདིའང་རབ་བྱུང་བཅུ་བདུན་པའི་ས་མོ་ཡོས་ལོར་པར་བསྐྲུན་ཞུས་པའོ།།   །།
བྷ་བ་ཏུ་སརྦ་མངྒ་ལཾ།།། །།

No comments: