༄༅། །ཟླ་ཐོ་འགྲོལ་བའི་ལྡེ་མིག་ཕན་བདེའི་གཏེར་མཛོད་བཞུགས་སོ།།
༄༅།
།འཇམ་དབྱངས་ལྷ་ལ་ཕྱག་འཚལ་ནས།
།ཟླ་ཐོ་འགྲོལ་བའི་ལྡེ་མིག་བཤད།།
༈
གཅིག་ནི་ཉི་མ་མེ་ཡི་ཁམས། །གཉིས་ནི་ཟླ་བ་ཆུ་ཡི་ཁམས། །གསུམ་ནི་མིག་དམར་མེ་ཡི་ཁམས།
།བཞི་ནི་ལྷག་པ་ཆུ་ཡི་ཁམས། །ལྔ་ནི་ཕུར་བུ་རླུང་ཤིང་ཁམས།
།དྲུག་ནི་པ་སངས་ལྕགས་སའི་ཁམས། །ཐིག་ནི་སྤེན་པ་ས་ཡི་ཁམས།
།སྒྲ་གཅན་རླུང་གི་ཁམས་ཞེས་པ། །ད་ལྟ་བ་ཡི་བརྩི་ལུགས་ཡིན།།
༈
ཐིག་ནི་ཉི་མ་མེ་ཡི་ཁམས། །གཅིག་ནི་ཟླ་བ་ཆུ་ཡི་ཁམས། །གཉིས་ནི་མིག་དམར་མེ་ཡི་ཁམས།
།གསུམ་ནི་ལྷག་པ་ཆུ་ཡི་ཁམས། །བཞི་ནི་ཕུར་བུ་རླུང་ཤིང་ཁམས།
།ལྔ་ནི་པ་སངས་ལྕགས་སའི་ཁམས། །དྲུག་ནི་སྤེན་པ་ས་ཁམསཞེས།
།འདས་གཟའ་མཁན་གྱི་བརྩི་ལུགས་ལགས། །གཉིས་ཀ་མཁས་པའི་དགོངས་བཞེད་ཕྱིར།
།དེང་སང་ཕལ་གྱིས་དཔྱད་པར་དཀའ། །ཅལ་སྒྲོག་གཡང་སར་མི་ལྕེབ་པར།
།ཕྱོགས་མེད་རང་ལུགས་གཙོ་བོར་ཟུངས། །གཟའ་ནི་ཐིག་ལེར་ཉི་མ་ཞེས།
།བཏགས་དོན་ཚེས་གྲངས་ཕྱི་མ་ཡི། །རེས་གཟའ་ཨང་གཅིག་ནམ་ལངས་ནས།
།འདི་རུ་འབྱོར་ཕྱིར་གསུངས་པ་ཡིན། །དེ་ཕྱིར་བླ་གཟའ་སྲོག་གཟའ་དང༌།
།ཉིན་མཚན་བདུད་རྩི་མཐུན་མཚམས་གཟའ། །གཟའ་བདུན་མོ་སོགས་ཐིག་ལེ་ལ།
།ཉི་མར་བཟུང་ན་ཤིན་ཏུ་འཁྲུལ་།།
༈
ཐིག་ནི་ཐ་སྐར་དབྱུག་པ་རླུང༌། །གཅིག་ནི་བྲ་ཉེ་སྒྱེད་བུ་མེ།
།གཉིས་ནི་སྨིན་དྲུག་མེ་ཡི་ཁམས། །གསུམ་ནི་སྣར་མ་བི་རྫི་ས།
།བཞི་ནི་མགོ་དང་སྨལ་པོ་རླུང༌། །ལྔ་ནི་ལག་ཅེས་ཆུ་ཡི་ཁམས།
།དྲུག་ནི་རྒྱལ་སྟོད་ནབས་སོ་རླུང༌། །བདུན་ནི་རྒྱལ་སྨད་མེ་ཡི་ཁམས།
།བརྒྱད་ནི་ཝ་དང་སྐག་ཆུ་ཁམས། །དགུ་ནི་རྟ་ཆེན་མཆུ་མེ་ཁམས།
།བཅུ་ནི་རྟ་ཆུང་གྲེ་མེ་ཁམས། །བཅུ་གཅིག་ཁྲ་དང་དབོ་རླུང་ཁམས།
།བཅུ་གཉིས་བྱ་མ་མེ་བཞི་རླུང༌། །བཅུ་གསུམ་བྱའུ་ནག་པ་རླུང༌།
།བཅུ་བཞི་ས་རི་གནམ་མཐོང་གོང་མ་རླུང༌། །བཅོ་ལྔ་ས་ག་གནམ་མཐོང་འོག་མ་མེ།། བཅུ་དྲུག་ལག་སོར་ལྷ་མཚམས་ས།
།བཅུ་བདུན་ལྡེ་གུ་སྣྲོན་སའི་ཁམས། །བཅོ་བརྒྱད་གྲུ་སོག་སྣྲུབས་ཆུ་ཁམས།
།བཅུ་དགུ་ཆུ་སྟོད་བྲེ་ཆུའི་ཁམས། །ཉི་ཤུ་ཆུ་སྨད་ཕུལ་སའི་ཁམས།
།ཉེར་གཅིག་གྲོ་བཞིན་བྱ་ཟེ་དང༌། །བྱི་བཞིན་བྱ་སྦོ་ས་ཡི་ཁམས།
།ཉེར་གཉིས་མོན་དྲེ་བྱ་གཞུག་ཆུ། །ཉེར་གསུམ་མོན་དྲུ་སྒྲོག་སའི་ཁམས།
།ཉེར་བཞི་ཁྲུམས་སྟོད་མེ་ཡི་ཁམས། །ཉེར་ལྔ་ཁྲུམས་སྨད་ཆུ་ཡི་ཁམས།
།ཉེར་དྲུག་ནམ་གྲུ་ཤེ་ས་ཆུ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བྱ།
།འོན་ཀྱང་གྲོ་བཞིན་བྱི་བཞིན་གཉིས། །ས་ཁྱོན་གཅིག་ལས་མེད་པའི་ཕྱིར།
།ཆུ་ཚོད་སུམ་ཅུ་སུམ་ཅུའི་ཆ། །དེ་ཕྱིར་རྒྱུ་སྐར་ཉེར་བདུན་བརྗོད།།
༈
ཉིན་ཞག་དུས་ཚོད་བཅུ་གཉིས་ནི། །ནམ་ལངས་ཡོས་དང་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་དང་ཉིན་ཕྱེད་རྟ།
།ཕྱེད་ཡོལ་ལུག་དང་ཉི་མྱུར་སྤྲེལ། །ཉི་ནུབ་བྱ་དང་ས་སྲོས་ཁྱི།
།སྲོད་འཁོར་ཕག་དང་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་དང་ཐོ་རངས་སྟག
།དུས་རེར་ཆུ་ཚོད་ལྔ་རེའི་ཆ། །ཡོད་ཕྱིར་ཉིན་ཞག་འཁོར་གཅིག་ལ།
།ཆུ་ཚོད་དྲུག་ཅུ་ཐམ་པ་ངེས།།
༈
རེས་གཟའ་བདུན་དང་གྲུབ་རྩིས་ཀྱི། །རྟེན་འབྲེལ་བཅུ་གཉིས་རྒྱའི་ལུགས་སུ།
།གྲགས་པའི་ཉི་མ་སྤར་སྨེ་དང༌། །རྟེན་འབྲེལ་ཡན་ཀྭོང་ལ་སོགས་པ།
།སོ་སོའི་ཉིན་ཞག་ལ་དབང་ཕྱིར། །ནམ་ལངས་ནས་བརྩམས་ནམ་ལངས་བར།
།འཕོ་ལེན་འཁྲུལ་མེད་གཟེར་གྱིས་འཁོར།།
༈
གཟའ་འོག་ཆུ་ཚོད་མ་འོངས་ཞེས། །གང་ཡོད་ནམ་ལངས་ནས་བརྩམས་བརྩི། །དེ་རྫོགས་ད་ལྟའི་ཚེས་ཐལ་ནས།
།ཕྱི་མའི་ཚེས་གྲངས་དེ་རིང་སླེབ། །དེ་ཕྱིར་ཚེས་ལ་རྒྱུ་བ་ཡི།
།སྔ་ཕྱིའི་ས་བདག་འཕོ་བསྐྱས་མཉམ།།
༈ སྐར་མའི་ཆུ་ཚོད་འདས་པ་ཞེས།
།གང་ཡོད་སྟག་གི་མཐའ་ནས་རྫོགས། །དེ་ནས་དྲུག་ཅུར་བགྲངས་པའི་ལྷག
།ནམ་ལངས་ནས་བརྩམས་ཟད་པའི་དུས། །ད་ལྟའི་སྐར་རྫོགས་ཕྱི་མ་སླེབ།
།དེ་ཚེ་གཟའ་སྐར་གཉིས་འཕྲད་པའི། །འབྲས་བུ་འཕྲོད་ཆེན་འཕྲོད་ཆུང་དང༌། །འགྲུབ་སྦྱོར་ལ་སོཊ་འཕྲོད་སྦྱོར་རྣམས།
།སྔ་ཕྱིའི་བཟང་ངན་མི་འདྲར་འགྱུར།།
༈
གང་ཚེས་གཟའ་ཡི་དར་རྒུད་ནི། །རགས་ཚེས་སྟག་རྟ་ཁྱི་གསུམ་སྤེན།
།ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས།
།བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཞིབ་པར་བྱེད་གྲུབ་ཚེས་གཅིག་གཟའ།
།གང་ཚེས་དེ་དར་བུ་ཡང་དར།། མ་ཞུད་དགྲ་གུད་གྲོགས་ནི་གྱོད།
།དར་བ་ཞི་དྲག་ལས་ཀུན་བཟང༌། །ཞུད་གུད་གྱོད་རྣམས་རིམ་པར་དམན།།
༈
འོན་ཀྱང་དམིགས་བསལ་བསྟན་པ་ནི། །ཉི་མ་རྒྱལ་པོ་ལྷའི་བླ་གཟའ། །གནམ་སྒོ་དར་ཡང་ཤིད་མི་བྱ།
།ཟླ་བ་བུད་མེད་ཀླུའི་བླ་གཟའ། །ཀླུ་སྒོ་དར་ཡང་ཧོམ་མི་སྤར།
།མིག་དམར་ལྷ་མིན་དམག་དཔོན་གཟའ། །གྲི་གཟའ་དར་ཡང་གྲི་མི་འདུལ།
།ལྷག་པ་གནོད་སྦྱིན་རྒྱལ་པོའི་གཟའ། །རབས་ཆད་དར་ཡང་དུར་མི་གདབ།
།ཕུར་བུ་བློན་པོ་བནྡེའི་གཟའ། །ཤིང་གཟའ་དར་ཡང་ཟོར་མི་འཕང༌། །པ་སངས་རྒྱལ་བློན་བུད་མེད་གཟའ།
།ཕྱུགས་གཟའ་དར་ཡང་ཕྱུགས་མི་སྐྱེལ། །སྤེན་པ་བྲན་དང་བྱིས་པའི་གཟའ།
།ས་གཟའ་དར་ཡང་ནོར་མི་གཏོང༌། །རང་གཟའ་བླ་གཟའ་ཤར་བའི་ཚེ། །རང་གི་བྱ་བའི་ལས་ཀུན་བཟང༌།།
༈ གཟའ་བདུན་གང་ལ་རེས་ཡོད་ཀྱང༌། །གྲོགས་ཕྱོགས་ནོར་འགྲུབ་ནོར་དང་འཕྲད།
།མ་ཕྱོགས་གཏམ་སྙན་ཐོས་པའི་ས། །རང་ཕྱོགས་ཁ་མཆུ་མྱ་ངན་འོང༌།
།བུ་ཕྱོགས་བྱེ་བྲལ་སྟོར་བརླག་འོང༌། །དགྲ་ཕྱོགས་རྩོད་དང་འཐབ་པའི་རྒྱུ།
།རྩལ་སྤྲོད་དྲག་ལས་ཅི་བྱེད་ཀྱང༌། །མ་རྒྱབ་གྲོགས་མདུན་གཏད་པ་གཅེས།
།གཞན་ཡང་བྱ་བའི་ལས་ཀུན་ལ། །ཕྱོགས་ཀྱི་གནད་འདི་གལ་ཆེན་ཡིན།
།དམག་དང་ལམ་ཞུགས་དོན་གཉེར་བ། །ཉི་མ་པ་སངས་མིག་དམར་དང༌། །རཱ་ཧུ་སྤེན་པ་ཟླ་ལྷག་ཕུར།
།ཤར་ནས་ཤར་ལྷོ་རིམ་པ་བཞིན། །དབང་ལྡན་མཐར་ཐུག་འགོད་པ་ལ།
།རང་ཕྱོགས་བཟང་ཞིང་ཐད་ཀར་ངན། །དཔེར་ན་ཉི་མར་ཤར་བཟང་ཞིང༌།། ནུབ་ཀྱི་ཕྱོགས་སུ་ངན་པ་བཞིན།།
༈ སྐར་མའི་དར་གུད་བཟང་ངན་བཤད།
།ནག་པ་ས་ག་སྣྲོན་ཆུ་སྟོད། །གྲོ་བཞིན་ཁྲུམས་སྟོད་དབྱུག་སྨིན་དྲུག
།མགོ་རྒྱལ་མཆུ་དབོ་རིམ་བཞིན་ཟླ། །གསུམ་པ་ནས་བརྩམས་གཉིས་པའི་བར།
།རགས་པར་ཉ་བའི་སྐར་མ་ཡིན།། གང་གིས་ཉ་བ་དར་བ་ཡིན། །སྟོང་ལ་བྱུང་བ་གྱོད་པའོ།
།གཞན་མ་རྣམས་ནི་གུད་པ་ཡིན། །སྨིན་དྲུག་ལ་སོགས་ཤར་སྐར་ཉ། །ཤར་སྐར་དར་ལ་ལྷོ་བྱང་གུད།
།ནུབ་སྐར་གྱོད་དེ་དེ་ལྟར་བརྩི།།
༈ ༧ ༡༢
༢༦ ༠ རྒྱལ་དང་མེ་བཞི་ནམ་གྲུ་དབྱུག །མི་བརྟན་འགྱུར་བའི་སྐར་བཞི་ཡིན། །མཆོད་ཆོག་ཆོས་འཆད་སྡོམ་པ་འབོཊ།།
གོང་མར་ཞུ་ནོར་འབུལ་བ་དང༌། །རང་དོན་མྱུར་པོ་སྒྲུབ་ན་བཟང༌།། ༈ ༣ ༢༠ ༢༣ ༡༡ སྣར་མ་ཆུ་སྨད་མོན་གྲུ་དབོ།
།རབ་ཏུ་བརྟན་པའི་སྐར་བཞི་ཡིན། །ཡུལ་གསར་འཛིན་དང་དཔོན་སར་བསྐོ། ། རབ་ཏུ་བརྟན་པའི་ཆོ་ག་བྱ།
།གཞན་ཕན་ཤིང་དང་མེ་ཏོག་བསྐྲུན། །ལྡུམ་ར་ཚལ་སོགས་བྱ་བ་དང༌།
།ཀུན་དགའ་ར་བ་བརྩིག་པ་བཟང༌།། ༈ ༡༣ ༡༦ ༢༥ ༤ ནག་པ་ལྷ་མཚམས་ཁྲུམས་སྨད་མགོ ། མྱུར་ལ་བཟང་བའི་སྐར་བཞི་ཡིན།
།རྒྱན་དང་རྩེད་མོ་ཞིང་ལས་དང༌།། མྱུར་བའི་ལས་རྣམས་སྒྲུབ་པར་བཟང༌།། ༈ ༥ ༨ ༡༧ ༡༨ ལག་དང་སྐག་དང་སྣྲོན་དང་སྣྲུབས།
།འབྲས་བུ་ངན་པའི་སྐར་བཞི་ཡིན། །དྲག་དང་ངན་པའི་ལས་རྣམས་བྱ།
།བཟང་དང་དགེ་བའི་ལས་རྣམས་སྤང༌།། ༈ ༦ ༡༤ ༢༡ ༢༡ ༢༢ ནབས་སོ་ས་རི་གྲོ་བཞིན་དང༌།
།བྱི་བཞིན་མོན་དྲེ་ཞེས་བྱ་བ། །མྱུར་ལ་འགྱུར་བའི་སྐར་ལྔ་ཡིན།
།གཞན་ཡུལ་ཐག་རིང་བགྲོད་པ་དང༌། །ཚོང་སོགས་བརྟན་མིན་མྱུར་ལས་བཟང༌།། ༈ ༩ ༡༠ ༡༩ ༢༤
མཆུ་གྲེ་ཆུ་སྟོད་ཁྲུམས་སྟོད་རྣམས། །བརྟན་པའི་དོན་གྲུབ་སྐར་བཞི་ཡིན།
།གཉེན་སྦྱོར་བྱ་དང་ཕྱུགས་སོགས་ཉོ། །འཁོར་བསྟེན་དབང་བསྐུར་རབ་གནས་ཚོང༌།
།མཁར་ལས་རྨང་འདིང་དགེ་ལས་བཟོ། །སྦྱིན་སྲེག་ལ་སོགས་བྱ་བར་བཟང༌།། ༈ ༢ ༡༥
སྨིན་དྲུག་དང་ནི་ས་ག་སྟེ། །བཏང་སྙོམས་བྱེད་པའི་སྐར་གཉིས་ཡིན།
།དེ་ལ་དོན་གཉེར་བཏང་སྙོམས་བྱེད། །རིན་ཆེན་ལྔ་དང་ས་ཡི་བཟོ།
།དེ་ལ་སོགས་པའི་བཟོ་རྣམས་དང༌། །སྦྱིན་སྲེག་ཆོ་ག་ལ་སོགས་བཟང༌།།
༈ སྨིན་དྲུག་བུད་མེད་སྣར་མ་ནི།
།གོས་དང་བོང་ཕྱུགས་མགོ་ལག་གཉིས། །སྐྱེས་པ་རྒྱལ་སྟོད་རྒྱལ་སྨད་དག
།མི་རྣམས་སྤྱི་ཡི་གཡང་སྐར་ཡིན། །རྒྱལ་ནི་རྟ་བོང་ལུག་གསུམ་དང༌།
།གྲོ་བཞིན་བོང་བུ་དབོ་ནི་ལུག །བྲ་ཉེ་མེ་བཞི་ར་དང་ནི། །ནག་པ་སྦྲ་ཡི་གཡང་སྐར་ཡིན།
།ས་རི་ས་ག་ས་ཞིང་དང༌། །ལྷ་མཚམས་ཟས་ནོར་སྤྱི་དང་སྣྲུབས། །རྟ་དང་ཆུ་སྟོད་ཆུ་སྨད་ནི།
།ནས་དང་བྱི་བཞིན་བྲན་གྱི་སྐར། །མོན་དྲེ་མོན་དྲུ་རྟ་བོང་དང༌།
།ནམ་གྲུ་གཡུ་ཡི་གཡང་སྐར་ཡིན། །རང་རང་གཡང་སྐར་ཕར་གཏོང་ངན།
།ཚུར་ལེན་ཕྱྭ་གཡང་འགུགས་པ་བཟང༌།།
༈ གཟའ་དང་སྐར་མའི་འཕྲོད་ཆུང་ནི།
།ས་གཉིས་ཕྲད་པ་དངོས་གྲུབ་སྦྱོར། །ཅི་བསམ་འགྲུབ་ཅིང་རྟེན་བཞེངས་དང༌།
།མཁར་བརྩིག་ཞིང་ཉོ་རྒྱས་པའི་ལས། །འདུན་མ་བྱེད་སོགས་བརྟན་ལས་བཟང༌།། ༢ ཆུ་གཉིས་ཕྲད་པ་བདུད་རྩི་སྦྱོར།
།ཚེ་སྟོབས་དང་ནི་གཉེན་ཚོང་འཕེལ། །ཞིང་ལས་ཁྱད་པར་སྨན་སྦྱོར་ཁྲུས།
།བག་མ་ཚེ་དབང་ཚེ་སྒྲུབ་དང༌། ། ཚེ་གཟུངས་ལ་སོགས་མཆོག་ཏུ་ཤིས།། ༢
ས་ཆུ་ཕྲད་པ་ལང་ཚོ་སྦྱོར། །ཤིན་ཏུ་སྐྱིད་ཅིང་གོས་གྱོན་དང༌།
།རྒྱན་འདོགས་རོལ་རྩེད་དགའ་སྟོན་བྱ། །ཆེ་སར་འདོན་པའི་ལས་རྣམས་བཟང༌།། ༢
མེ་གཉིས་ཕྲད་པ་འཕེལ་འགྱུར་སྦྱོར། །ཟས་གོས་རྙེད་དང་ཚོང་བྱ་ཞིང༌།
།འབྲུ་གདབ་སྦྱིན་གཏོང་ནོར་རྒྱུན་མ། །སྒྲུབ་དང་དགེ་ལས་ནོར་ལྷ་མཆོད། །དངོས་གྲུབ་དབང་བའི་ལས་རྣམས་བཟང༌།། ༢
རླུང་གཉིས་ཕྲད་པ་ཕུན་ཚོགས་སྦྱོར། །བསམ་མྱུར་འགྲུབ་ཅིང་ལམ་འགྲུལ་བྱ།
།དོན་གཉེར་ཁ་མཆུ་བསྡུམས་པ་དང༌། །གཡོ་བའི་ལས་དང་དྲག་པོའི་ལས།
།གཞན་ཡང་མྱུར་བའི་ལས་རྣམས་བཟང༌།། ༢ མེ་རླུང་ཕྲད་པ་སྟོབས་ལྡན་སྦྱོར།
།བཀྲ་ཤིས་བྱེད་ཅིང་རིམ་གྲོ་དང༌། །ལྷ་གསོལ་ཆོས་སྤྱོད་ཞི་རྒྱས་དབང༌།
།ལས་རྣམས་འགྲུབ་པར་བཟང་བ་ཡིན།། ༢ ས་རླུང་ཕྲད་པ་མི་འཕྲོད་སྦྱོར།
།ཟས་ནོར་འཛད་ཅིང་མྱ་ངན་འོང༌། །འདོད་དོན་མི་འགྲུབ་ཇག་རྐུན་དང༌།
།འཇོམས་འཕྲོག་ལ་སོགས་བྱེད་པ་བཟང༌།། ༢ ཆུ་རླུང་ཕྲད་པ་མི་མཐུན་སྦྱོར།
།གཉེན་བཤེས་འབྱེད་ཅིང་དབྱེན་ཕྲ་མ། །འཇུག་དང་དགྲ་བོ་ཕྱུང་ལས་བྱ།། ༢
ས་མེ་ཕྲད་པ་སྲེག་པའི་སྦྱོར། །སྡུག་བསྔལ་བསྐྱེད་དང་དམག་འདེགས་ཤིང༌།
།དགྲ་གཞོམ་དྲག་ལས་རྩོད་པ་དང༌། །གཞན་ཡང་ཕ་རོལ་སྡུག་བསྔལ་བའི།
།ལས་རྣམས་འགྲུབ་པར་བྱ་བ་ཡིན།། ༢ མེ་ཆུ་ཕྲད་པ་འཆི་བའི་སྦྱོར།
།སྲོག་འཕྲོག་བྱེད་ཅིང་ཕ་རོལ་གསོད། །མཐུ་གཏད་དུག་སྦྱོར་ལ་སོགས་བཟང༌།།
འདིར་ནི་བཟང་གསུམ་གསོ་ཐུབ་གསུམ།
།ངན་གསུམ་ཐ་ཆད་གཅིག་དང་བཅུས། །བྱ་བ་ཀུན་ལ་བཟང་ངན་བྱེད།
།དེ་ཕྱིར་འཕྲོད་འདི་བཟུང་བར་བྱོས། །གཟའ་སྐར་སོ་སོ་བཟང་ན་ཡང༌།
།འཕྲོད་ངན་དེ་ཡི་འབྲས་བུར་འགྱུར། །གཟའ་སྐར་དེ་ལས་ལྡོག་པའི་ཚེ།
།འཕྲོད་བཟང་འགྱུར་ན་དེ་འབྲས་འགྲུབ།།
༈ གཟའ་སྐར་འཕྲོད་ཆེན་འབྲསབུ་ནི། །ཀུན་དགའ་ལ་ནི་ནོར་རྙེད་འགྱུར།
།དུས་ཀྱི་དབྱིག་ལ་འཇིགས་པ་ཆེ། །དུལ་བ་ལ་ནི་ནོར་མང་ཕྱུག
།སྐྱེ་རྒུ་གནས་སུ་བུད་མེད་སྐྱིད། །གཞོན་ལ་བྱ་བ་ཐམས་ཅད་འགྲུབ།
།བྱ་རོག་ཁ་འཐབ་འཇིགས་ཤིང་བཀྲེས། །རྒྱལ་མཚན་གོས་སོགས་ཕུན་སུམ་ཚོགས།
།དཔལ་བེའུ་ལ་ནི་རིན་ཆེན་འདུ། །རྡོ་རྗེ་ཐོག་དང་དེ་བཞིན་འཇིགས།། ཐོ་བས་འཆི་བའི་འཇིགས་པ་བྱུང༌།
།གདུགས་ལ་དགྲ་བོ་གཞོམ་པར་འགྱུར། །གྲོགས་པོ་ལ་ནི་གྲོགས་དང་འཕྲད།
།ཡིད་ལ་དཔལ་ནི་ཐོབ་པའོ། །འདོད་པས་བྱ་བ་ཡིད་སྨོན་འགྲུབ།
།མགལ་མེ་ལ་ནི་འཐབ་རྩོད་འབྱུང༌། །རྩ་ཐོན་ལ་ནི་ཚེ་ཟད་འགྱུར།
།འཆི་བདག་ལ་ནི་འཆི་བ་འོང༌། །མདའ་ལ་སྣ་དང་ཡན་ལག་ཉམས། །གྲུབ་པ་བརྩམས་པའི་བྱ་བ་འགྲུབ།
།མདུང་ལ་ནད་ཀྱི་འཇིགས་པ་འབྱུང༌། །བདུད་རྩི་ལ་ནི་དགྲ་འཕུང་ངོ།
།གཏུན་ལ་གཏུན་ཤིང་རིག་པར་བྱ། །གླང་པོའི་དོན་ཀུན་འགྲུབ་པ་སྟེ།
།སྟག་མྱོས་ལ་ནི་བཞོན་པ་རྙེད། །ཟད་ལ་ནོར་དང་སྐྱེ་བོ་འཛད།
།གཡོ་ལ་རྒྱལ་པོའི་བྱ་བ་འགྲུབ། །བརྟན་པ་ལ་ནི་སྲིད་སྡེ་འཕུང༌།
།འཕེལ་བ་ལ་ནི་ནོར་འཕེལ་ལོ།།
༈ བཟང་ངན་འཕྲོད་སྦྱོར་བཅོ་ལྔ་ནི།
།འགྲུབ་སྦྱོར་བདུན་པོ་སྤྱིར་བཟང་ཡང༌། །དམིགས་བསལ་སྤང་བྱ་འདི་ལྟར་ཡོད།
།ཉི་མར་ཁང་ཕུབ་ཁྱིམ་དེ་ཕུང༌། །ཟླ་བར་དམག་ཇག་ཁ་ཉེས་འབྱུང༌།
།མིག་དམར་མཛོ་ཕྱུགས་ཕྱིར་གཏོང་ངན། །ལྷག་པར་བག་བྱས་ཁྱོ་བོ་འཆི།
།ཕུར་བུ་ཤིད་བྱས་མི་གཡང་ཉམས། །པ་སངས་བག་བླངས་བུ་མི་འབྱུང༌།
།སྤེན་པར་བུ་ཚ་ཕྱིར་གཏོང་ངན།། ༢
ཟུང་སྦྱོར་བདུན་ལ་ཞི་རྒྱས་དབང༌། །བཟང་ཞིང་དྲག་པོའི་ལས་ལ་འཛེམ།། ༢
བདུད་རྒྱལ་དགྲ་ལྷ་མཆོད་པ་དང༌། །དགྲ་མནན་ལ་སོགས་དྲག་ལས་བཟང༌།། ༢
གྲུབ་ཉི་གལ་ཆེའི་བྱ་བ་སྤྱི། །ཁྱད་པར་བསྙེན་སྒྲུབ་མཆོག་ཏུ་བཟང༌།། ༢
བཀྲ་ཤིས་ཉི་མར་དབང་བསྐུར་དང་། །རབ་གནས་ལྷ་གསོལ་དགེ་ལས་བཟང་།། ༢
འཕེལ་ཉི་ཡོན་ཏན་སློབ་པ་དང་། །ཆུ་འབེབས་ཁྲོན་འདྲུ་ཞིང་ལས་དགེ།། ༢
ཆུབ་ཉི་བདུན་འདི་ཁྲུམས་སྟོད་ལས། །ཟུང་སྦྱོར་དང་མཚུངས་བཟང་ལས་དགེ། ༢
མཐུན་ཉིར་བར་བསྡུམས་གཉེན་བཟོ་སོགས། །ཕན་བྱའི་ལས་རྣམས་ཐམས་ཅད་བཟང༌།། ༢ སྦྱོར་ཉིར་ལྷ་གསོལ་ལྟད་སྟོན་དང༌།
།དགེ་ལས་བཟང་ཞིང་དྲག་ལས་ངན།། ༢ བདུད་ཉིར་བྱ་བ་སྤྱིར་ངན་ཞིང༌།
།ཁྱད་པར་དམིགས་བསལ་འདི་ལྟར་ཡོད། །ཉི་མ་སྨིན་དྲུག་ལྷ་གསོལ་བདུད།
།ཟླ་བ་ཁྲ་གཞོན་བག་མའི་བདུད། །དམག་དཔོན་ཝ་གཞོན་དམག་གི་བདུད།
།ལག་ན་བྲེ་ཐོགས་ནས་འཇལ་བདུད། །ཕུར་བུ་མགོར་ཞུགས་བན་བོན་བདུད། །པ་སངས་རྒྱལ་འཛོམས་ཆེ་བཙུན་བདུད།
།སྤེན་པ་སྒྲོག་ཚུད་རྟ་བདུད་འཛེམ། །ཡོངས་འཇོམས་མཐུ་གཏད་ངན་བྱེད་བཟང༌།། ༢
འཆི་སྦྱོར་མཁར་ལས་ཚེ་སྒྲུབ་སོགས།། ལས་དང་བྱ་བ་ཕལ་ཆེར་ངན།། ༢
མི་འཕྲོད་ཉི་མར་ངན་ལས་བཟང༌། །སྨན་དང་མཐུན་སྦྱོར་ཕན་ལས་སྤང༌།། ༢
མི་མཐུན་ཉི་མར་ངན་བྱེད་བཟང༌། །བཟང་ལས་ཕལ་ཆེར་ངན་པས་སྤང༌།། ༢
འཇིག་ཉིར་བག་མ་ལམ་ཞུགས་སོགས། །བྱ་བ་སྤྱིར་ངན་ངན་བྱེད་ཤིས།། ༢
སྲེག་སྦྱོར་རམ་ནི་གཏན་སྤང་འདིར། །གལ་ཆེན་བྱ་བ་ཐམས་ཅད་དག
།ཁྱད་པར་གཏར་སྲེག་སྤང་བར་བྱ། །རྒྱུ་སྐར་སྔོན་མའི་ཆུ་སྲང་ནི།
།སུམ་ཅུ་དང་ནི་རྗེས་མ་ཡི། །ཆུ་སྲང་སུམ་ཅུ་ཆུ་ཚོད་གཅིག །སྐར་ཆུང་རྣམས་ཀྱིས་དབང་བ་སྟེ།
།སོ་སོའི་མིང་དང་བཟང་ངན་འབྲས། །སྒྲིབ་བཅོས་ལ་སོགས་གཞན་དུ་བལྟ།།
༈ ཟླ་ཉི་སྐར་མའི་སྦྱོར་འབྲས་ནི།
།སེལ་བ་ལམ་སེལ་བྱེད་པ་བཟང༌། ། མཛའ་བ་ཀུན་དང་མཛའ་བ་ཡིན། །ཚེ་ལྡན་ཚེ་རིང་དཔལ་ཐོབ་བོ།
། སྐལ་བཟང་ཕུན་སུམ་ཚོཊ་པ་ཡིན། །བཟང་པོ་ཀུན་གྱི་ཡིད་དུ་འོང༌།
།རབ་སྟོངས་ནོར་ཕྱུགས་ཟད་པར་འགྱུར། །ལས་བཟང་ཕྱི་མའི་ལམ་སྣ་འཛིན།
།འཛིན་པ་ནོར་བུ་ལོངས་སྤྱོད་རྙེད། །གཟེར་ལ་གདོན་བྱས་གནོད་པ་ཆེ།
།འབྲས་ནི་ཀླུ་ནད་ལྡང་བ་ཡིན། །འཕེལ་བ་ནོར་འཕེལ་ཀུན་ལ་བཟང༌།
།ངེས་པ་རྟག་ཏུ་དགྲ་རྣམས་འཇོམས། །རྨ་ཆེན་འབྲིང་སྟེ་མཛེ་ནད་ལྡང༌། །དགའ་བ་འབྲིང་ཡིན་ཚེ་ལ་དགའ།
།རྡོ་རྗེ་འདོད་པ་ཐམས་ཅད་འགྲུབ། །དངོས་འགྲུབ་ཅི་བསམ་འགྲུབ་པ་ཡིན།
།ཀུན་བརྡུང་བྱེས་སུ་འགྲོ་ན་ངན། །དཔའ་བོ་དགྲ་ལས་རྒྱལ་བ་ཡིན།
།ཡོངས་འཇོམས་བཙོན་དུ་འཆི་བར་འགྱུར། །ཞི་བ་འབྲས་བུ་ངེས་པར་ཐོབ།
།གྲུབ་པ་བསམ་པ་ཐམས་ཅད་འགྲུབ། །གྲུབ་བྱ་ཚོང་ལ་འགྲོ་བ་བཟང༌། །དགེ་བ་གསོན་སྟོན་བྱེད་པ་བཟང༌།
།དཀར་པོ་འགྲོ་འདུག་བྱེད་ན་བཟང༌། །ཚངས་པ་ལྷ་ཡི་གོ་འཕང་ཐོབ།
།དབང་པོ་སློབ་གཉེར་བྱེད་པ་བཟང༌། །ཤ་འཁོན་བུད་མེད་མཛའ་དང་འགྲས།།
༈ ཚེས་དང་གཟའ་འཛོམ་སྲེག་ཚེས་ནི།
།ཉི་མ་བཅུ་གཉིས་ཉི་ཤུ་བདུན། །ཟླ་བ་བཅུ་གཅིག་ཉི་ཤུ་དྲུག །མིག་དམར་བཅུ་དང་ཉི་ཤུ་ལྔ༌།
།ལྷག་པ་གསུམ་དང་བཅོ་བརྒྱད་དེ། །ཕུར་བུ་དྲུག་དང་ཉི་ཤུ་གཅིག
།པ་སངས་གཉིས་དང་བཅུ་བདུན་ཏེ། །སྤེན་པ་བདུན་དང་ཉི་ཤུ་གཉིས།།
༈
དེ་ལྟར་འཛོམས་ཚེ་བསྲེག་ཚེས་དང༌། །ཚེས་གྲངས་ཕྱི་མར་གྱུར་པའི་ཚེ།
།ཞབས་ཀྱུ་ཉིད་དུ་བཀོད་པ་འབྱུང༌། །སྦྱིན་སྲེག་ཚེ་ནོར་སྒྲུབ་པ་དང༌།
།གཏར་མེ་དབྱུག་བཅོས་གཤིན་ལས་འཛེམ། །སྒྲིབ་ན་མར་དཀར་གསུར་གཏང་ཞིང༌།
།རེས་གཟའི་ཁམས་མཐུན་དར་འཕྱར་ཐུབ།།
༈
རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། །མ་རིག་འདུ་བྱེད་རྣམ་ཤེས་དང༌།
།མིང་གཟུགས་སྐྱེ་མཆེད་རེག་དང་ཚོར། །སྲེད་ལེན་སྲིད་པ་སྐྱེ་བ་དང༌།
།རྒ་ཤི་རྣམས་ཀྱི་འཆར་ཚེས་ནི། །རང་རང་ལུགས་བཞིན་ཤོག་ཁྲར་གསལ།
།སྤང་བླང་གཏན་ལེ་བཞིན་དུ་བརྗོད།།
༈ ལོ་དང་ཟླ་བའི་འགོ་འཛིན་ཚུལ།
།མང་ཡང་ཁྱུང་ནག་ཕུག་པའི་ལུགས། །ཧོར་ལུགས་ཟླ་བ་བཅུ་གཅིག་པ། །སྐར་མ་མགོ་ཡི་ཉ་བ་དེ།
།དཔྱིད་ར་སྟག་ཟླར་གྲུབ་པའི་ཕྱིར། །ལོ་ཟླའི་ཐོག་མ་འདི་ནས་བཞེད།
།ཞག་ནི་ཕོ་དྲུག་ཟླ་བ་ཡི། །ཚེས་གཅིག་སྟག་གི་འགོ་བཟུང་ལ།
།མོ་དྲུག་ཟླ་བ་སྤྲེལ་གྱིས་ཚེས། །ཁམས་ནི་ལོ་ཟླ་ཟུང་རེ་དང༌།
།ཞག་དུས་རྐྱང་པ་བུ་འདེད་ཀྱིས། །རང་རང་ནང་གསེས་འགྲོ་བཞིན་འཁོར།
།གནམ་ལོའི་བུ་ཟླ་ཟླ་བའི་བུ། །ཞག་ཡིན་ཞག་བུ་དུས་ཚོད་དེ།
།ལེགས་ཉེས་སྤང་བླང་གཞན་དུ་ལྟོས།།
༈ སྤར་ཁ་ལི་མེ་ཁོན་ས་དང༌། །དྭ་ལྕགས་ཁེན་གནམ་ཁམ་ཆུ་དང༌།
།གིན་རི་ཟིན་ཤིང་ཟོན་རླུང་བརྒྱད། །སྟག་རྟ་ཁྱི་གསུམ་ལི་ཡིས་ཚེས།
།བྱི་འབྲུག་སྤྲེལ་གསུམ་ཁམ་གྱིས་ཚེས། །བྱ་གླང་སྦྲུལ་གསུམ་དྭ་ཡིས་ཚེས།
།ཕག་ལུག་ཡོས་གསུམ་ཟིན་གྱིས་ཚེས། །རིམ་བཞིན་འདེད་པས་ཚེས་ལ་འཆར།
།གང་ཚེས་ཉིན་མཚན་ཐོག་མ་ནས། །ཉིན་བརྒྱད་མཚན་བརྒྱད་དུས་ལ་སྦྱར།།
༈ སྨེ་བ་གཅིག་དཀར་གཉིས་ནག་དང༌།
།གསུམ་མཐིང་བཞི་ལྗང་ལྔ་སེར་དང༌། །དྲུག་དཀར་བདུན་དམར་བརྒྱད་དཀར་དང༌།
།དགུ་དམར་དང་བཅས་དགུ་རུ་ངེས། །ར་བ་བཞི་པོ་གཅིག་དཀར་ཚེས།
།འབྲིང་པོ་བཞི་ལ་བཞི་ལྗང་ཚེས། །ཐ་ཆུང་བཞི་ལ་བདུན་དམར་ཚེས། །རིམ་པར་འདེད་པས་ཚེས་ལ་འཁོར།
།ཉིན་མཚན་དུས་གཉིས་ཐོག་མ་ལ། །ཚེས་སྨེ་སྦྱར་ནས་འདེད་པ་ཡིས།
།ཉིན་དགུ་མཚན་དགུ་དུས་ལ་འཆར། ། སྤང་བླང་འབྲས་རྩིས་གཞུང་ནས་ལོན།།
༈ ཚེས་ལ་རྒྱུ་བའི་ས་བདག་ནི།
།ཉི་ནག་དབང་དང་རབ་གནས་བག །མཁར་ལས་དཀར་ཕྱོགས་དགེ་བའི་ལས།
།དགེ་བཤེས་ཆེ་འདོན་དུར་གདབ་ཚོང༌། །ནོར་རྫས་ཕྱིར་གཏོང་ལ་སོགས་པ། །གསོན་གཤིན་ལས་རྣམས་ཕལ་ཆེར་ངན།
།དྲག་ལས་ངན་བྱེད་འཕུང་བྱེད་བཟང༌། །གལ་ཆེན་བྱུང་ན་མར་དཀར་གསུར།
།དར་རས་ཁ་ཚར་མ་ཉམས་འཕྱར།།
༈ ནག་ཆུང་བག་མ་སྟོན་མོ་དང༌།
།རབ་གནས་དཀར་ཕྱོགས་སྒྱེད་འཛུགས་སམ། །བུ་བཙས་གསོན་གཤིན་ལས་ཀུན་འཛེམ།
།ཁྱད་པར་ནོར་རྫས་ཕྱིར་གཏོང་ངན། །ཟན་ལ་ལྷོར་སྟག་ནུབ་ཏུ་རྟ། །བྱང་ལུག་ཤར་དུ་ཁྱི་གཟུགས་བཅོས།
།དེ་ཉིད་ཉི་མ་གར་གནས་གཟུག།།
༈ པི་ལིང་འཕར་མ་ཞེས་བྱ་བ།
།ས་བདག་རྗེ་བློན་བཅུ་གཅིག་པ། །བཟང་ངན་ཀུན་ལ་ཀོ་ལོང་སྡོམ།
།མནན་གཏད་སེར་དང་ཟོར་འཕེན་པ༌། །སེལ་འཇུག་རླུང་འཁོར་འཛུགས་པ་དང༌།
།མདོས་གཏོར་ཕར་རྒོལ་དྲག་ལས་བཟང༌། །ཁོ་དང་བསྡོངས་ན་ཤིན་ཏུ་ཐེབས།
།མཁར་ལས་མཆོད་རྟེན་བརྩིག་པ་དང༌། །རབ་གནས་བག་མ་བུ་བཙས་པ། །གཤིན་གྱི་ལས་དང་ས་ལས་བྱས།
།ཆག་པ་དུ་བརྐོས་མི་གྲངས་འཆི།། སྐྱས་དང་འཕན་ཤིང་འཛུགས་པ་དང༌།
།ལྟད་སྟོན་ཤིད་བྱས་ཆེ་སར་འདོན། །དུར་གདབ་དཀྱིལ་འཁོར་བྲི་བ་སོགས།
།དགེ་བའི་ལས་རྣམས་འཛེམ་པར་བྱ། །དམག་འདྲེན་དར་སེར་འཕྱར་ན་བཟང༌།
།ཟན་སྲང་བཅུ་གསུམ་ཡོད་པ་གཅིག །ར་ཡི་གྲོད་པའི་ནང་དུ་བཅུག
།བཤོལ་ལྕགས་རྙིང་པ་ཅིག་དང་བསྡོངས། །ཁང་པའི་བྱང་གི་གོང་ལར་གཟེར།། གཡམ་པ་སྔོན་པོས་མནན་པའམ།
།རང་འཐག་ཡ་གབ་མནན་པས་ཐུབ།།
༈ ས་བདག་ཟིན་ཕུང་ནག་པོ་ནི།
།ལས་དང་བྱ་བ་ཀུན་ལ་ངན། །བུ་སྐྱེས་འཆི་ཞིང་ཕ་མ་འབྲལ། །གདོང་ཐུག་མི་བྱ་ངེས་པར་ཐེབས།
།དྲག་པོའི་ལས་ལ་འདི་དང་བསྟུན། །འདི་ཉིད་སྒྲིབ་ན་ར་མགོ་ལ།
།མེ་ལོང་བཏགས་ཏེ་གླིང་དགུ་བྲི། །ཕྱོགས་དེར་ར་མགོ་ཕྱར་བས་ཐུབ།། ༈
ཕུང་པོ་ཟོར་ཐོགས་ཉི་མ་ལ། །ཕ་རོལ་ཕུང་བྱེད་ངན་སྔགས་བཟང༌།
།སྒྲུབ་དང་དབང་བསྐུར་ཆོས་འཆད་དང༌། །སྡོམ་འབོགས་འདུན་གྲོས་གཏམ་གཏོང་ཕྱོགས།
།བྱིས་པ་སྒོར་ཁྲིད་དོན་གཉེར་བག །དགེ་ལས་སྟོན་ཤིད་མཁར་འདུ་ལོང༌།
།རོ་དྲངས་དུར་གདབ་ཕུང་བར་འགྲོ། །ཐབ་དང་རང་འཐག་འཛུགས་པ་སོགས།
།གསོན་གཤིན་བྱ་བ་ཕལ་ཆེར་ངན། །འཆོས་ན་ཟན་ལ་མི་ཡི་ལུས། །ར་མགོ་སྟག་རལ་གཟིག་ཤུབས་ཅན། །བཟོས་ནས་ཟོར་བ་དང་བཅས་ཏེ།
།སྐས་རུ་གཡས་པར་སྦྲགས་པས་ཐུབ།།
༈ ཀི་ཀང་མཁར་ལས་སྟོན་མོ་ཤིང༌། །གཤིན་ལས་བག་མ་ལྟད་མོ་དམག །བུ་ལོན་འཇལ་ལེན་བུ་བཙས་ངན།
།རྨ་བྱའི་མདོངས་དང་རྩྭ་ཀུ་ཤ། །ལག་ཆ་བལ་གྲི་རེ་བས་གྲིལ། །ཚེས་ལ་གནས་པའི་ཕྱོགས་སུ་གཟུག། ༈ ཧལ་ཁྱི་ཟས་འཚོལ་དུས་སུ་ཡང༌།
།ཁྱི་ལེན་བག་མ་མཁར་ལས་དང༌། །འཕོ་སྐྱས་གཏོ་བཤད་དགེ་བའི་ལས།
།དམག་རོ་ལྟད་སྟོན་གཤིན་ལས་འཛེམ། །མཐུ་གཏད་དྲག་པོའི་ལས་ལ་བཟང༌།
།འབྲུ་སྣ་ལ་ནི་ཁྱི་ནག་གཟུགས། །ཧལ་ཁྱི་ཕྱོགས་ལ་ཁ་བསྟན་སྒྲིབ།། ༈
གནམ་ཁྱི་ཧལ་ཁྱི་དང་མཚུངས་ཏེ། །རོ་གཏོང་ཆུང་དུར་མཁར་ལས་དང༌།
།ཁྲོམ་ཤིད་བག་མ་ལྟད་སྟོན་དམག །འབྲེལ་འཇལ་འཕོ་སྐྱས་ལས་ཀུན་འཛེམ།
།སྤྱང་ཀི་ཐོད་པས་སྒྲིབ་པ་དང༌། །བུད་མེད་ཆས་བཟང་གྱོན་པ་བྲིས།
།ལུག་ཤ་ལག་པ་སུག་པོ་ནི། །ཡོད་པ་གཅིག་གི་སུག་མཚམས་གདགས།
།གནམ་ཁྱི་རྒྱུ་བའི་ཕྱོགས་སུ་བཟུང༌། །ཟན་ལ་མི་ལུས་ཁྱི་མགོ་ཅན།
།རྩིས་མཁན་ཕུ་ཐུང་གཡོན་ནང་གཞུག །ཆ་གསུམ་གཏོར་མ་བཏང་བའི་རྗེས།
།གླུད་དེ་ཁྱི་ཡི་ཕྱོགས་བཏང་ཐུབ། །ཁྱི་ནག་རཱུ་བ་བྱས་པ་ལ།
།སྤྱིར་དགུ་དོ་གལ་ཐམས་ཅད་ནི། །སྡིགས་ཤིག་བྱས་ལ་དེ་ཕྱོགས་བཏང༌།
།རང་ཉིད་ཡོལ་བའི་ཕག་ཏུ་ཡིབ།། ༈ གནམ་སྦྱོར་བཟའ་གསར་མཉམ་སྦྱོར་དང༌།
།རོ་དུར་བག་མའི་ལས་རྣམས་སྤང༌། །བཅོས་ནི་གནམ་ཁྱི་དག་དང་མཚུངས།། ༈
གཟའ་རྒོད་འབྱུང་བ་ཟས་འཚོལ་དུས། །བག་མ་གཏོང་ལེན་བུ་བཙས་དང༌།
།ནད་ཐེབས་རོ་གཏོང་དྲག་ལས་ངན། །སྒྲིབ་ན་མར་དཀར་གསུར་དུད་དང༌།
།རེས་གཟའ་དང་མཐུན་དར་འཕྱར་ཐུབ།། ༈
དབུལ་ལག་མཁར་ལས་འགོ་འཛུགས་དང༌། །བག་མ་བུ་འབོགས་སྒྱེད་བུ་འཛུགས།
།བཤད་གསར་རྟེན་བཞེངས་རབ་ཏུ་གནས། །ལྟད་སྟོན་ཐོག་འབུབས་དར་འཕྱར་བ།
།ནོར་རྫས་དབུགས་ཆེན་དབུགས་མེད་རྣམས། །ཕྱིར་གཏོང་རོ་འདོན་ཞིང་འདེབས་དང༌།
།བང་མཛོད་ཁ་དབྱེ་ལ་སོགས་པ།། གསོན་གཤིན་ལས་རྣམས་ཕལ་ཆེར་འཛེམ།
།རེས་གཟའི་ཁ་དོག་དར་ཚོན་འཕྱར། །གཞན་ཡང་ཕྱུག་པོ་དགུའི་ཞིང་ས།
།བུ་མང་པོ་ཡི་ཁང་ས་དང༌། །བསོད་ནམས་ཅན་གྱི་དར་སྣ་དང༌། །སྤུ་རྟགས་ཅན་གྱི་སྤུ་སྣ་དང༌།
།ཕོ་ཞིང་དགུ་ཡི་ཞིང་ས་རྣམས། །ཟན་བསྲེས་རུས་སྦལ་གཟུགས་བཟོས་ལ།
།ཁྱེའུ་ལོ་བརྒྱད་ཁུ་ཚུར་ཙམ། །ཁྱི་ལོས་མཛོད་དུ་གཞུག་པར་བྱ།། ༈
གཟའ་བདུན་ཕོ་ཉ་འགྱེད་པ་ལ། ། རོ་ཤིད་མཁར་ལས་སྐྱེས་བུ་བཙས། །བག་མ་བྱིས་པ་སྒོར་ཁྲིད་ངན།
།ཀི་ཀང་ཉིད་དང་འབྲས་བུ་མཚུངས། །བཅོས་ན་གཟའ་ཡུམ་ཨུར་གནོན་བྱེད། །ཉི་མ་ཡོད་ན་དར་ནག་འཕྱར།
།ཆུ་གཏོར་དེ་ཡིས་ཀུན་ལ་འགྲེ།། ༈ ངམས་ཤིང་དགེ་བཤེས་ཆེ་འདོན་གྱི།
།ཁྲི་བརྩིག་བསྟོད་བཀུར་བྱ་བ་དང༌། །བཤད་གསར་མག་པ་བུ་སྲིང་ངན།
།སྒྲིབ་བཅོས་སྒེར་མེད་སྤྱི་བཞིན་སྒྲིབ།། ༈ བར་གནམ་ཧལ་ཁྱི་རྒྱུ་བའི་དུས།
།བག་མ་ཐོག་འབུབས་རོ་སྲེག་པ། །རབ་གནས་རྟེན་བཞེངས་མཁར་ལས་དང༌།
།སྒྱེད་འཛུགས་ལྟད་སྟོན་དོན་གཉེར་སོགས། །ལས་རྣམས་ཀུན་དང་དར་འཕྱར་འཛེམ།
།སྒྲིབ་ན་ཤིང་གི་བྱང་བུ་ལ། །བཅུ་གཉིས་ལོ་མིང་སྤར་བརྒྱད་ཀྱི།
།ཕྱག་རྒྱ་བྲིས་ལ་ཁམ་ས་ལ། །ཁྱི་ནག་གཟུགས་བཅོས་ལྤགས་དུམ་གཅིག
།བཏགས་ལ་མདུང་སྐྱོན་ཁོ་ལ་བསྟན། །དེ་ཡི་ནང་ངོས་གོམ་གསུམ་སར། །ཁམ་སར་ཁྱི་གཟུགས་བྱས་ལ་སྦ།། ༈ ཀ་ཁྱུང་ཀི་ཀང་དྲག་ལས་དགེ།
།ཞི་བའི་ལས་རྣམས་ཐམས་ཅད་སྤང༌། །སྒྲིབ་བཅོས་སྒེར་དུ་བཤད་པ་མེད།། ༈ དྲ་ཆེན་སྟོན་བག་རོ་བསྒུལ་བསྐྱོད།
།དམག་སོགས་གསོན་གཤིན་བྱ་རིགས་འཛེམ། །འདི་ལ་སྒྲིབ་བཅོས་བཤད་པ་མེད།། ༈ རཱ་ཧུ་ནག་པོའི་འབྲས་བུ་ནི། །དྲག་ལས་མ་གཏོགས་ལས་ཀུན་འཛེམ།
།ཕྱག་རྡོར་ཐང་ཀ་འཕྱར་བ་དང༌། ། གཟའ་ཡུམ་བཏོན་པས་ཉེས་པ་ཞི།། ༈ སྒྲ་གཅན་རྒྱུ་དུས་སྟོན་མོ་དང༌།
།བག་མ་དམག་རོ་བསྒུལ་བསྐྱོད་སྤང༌། །སྒྲིབ་ན་རི་བོང་ཐོད་པ་དང༌།
།གཡག་རུའི་ནང་དུ་སྡེ་བརྒྱད་ཀྱི། །འཁོར་ལོ་བྲིས་བཅུག་ཕྱག་རྡོར་གྱི།
།སྐུ་བསྟན་ཉེས་པ་ཐུབ་པར་བཤད།། ༈ སྒྲ་གཅན་གདོང་མཇུག་དྲག་གཟའ་ཡི།
།འཁྱུད་པ་མཆེ་གདོང་དུ་སོལ་སོཊ། །འབྲས་བུ་སྤྱིར་ངན་ཁྱད་པར་དུ།
།འཁྱུད་པས་ལུས་ལ་ནད་རྣམས་འབྱུང༌། །དུ་བས་ཡིད་ལ་འདོད་པ་མེད།
།སོལ་བས་འཆི་བའི་འཇིགས་པ་སྟོན། །མེ་དུད་སོལ་གསུམ་ལས་ཀུན་སྤང༌།
།དེ་ཡི་སྒྲིབ་ཐབས་དུ་བ་ལ། །ཟངས་དཀར་ཡང་ན་རྫ་སོའི་ནང༌།
།སྐྱེར་ཚེར་དུད་པ་ཆིལ་གྱི་གཏོང༌། །དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲིས།
།སླ་ང་ཁ་སྦུབ་མནན་པར་བྱ། །མེ་བཅོས་རས་སྔོན་སྐྱེར་ཚེར་གྱི།
།མེ་སྤར་དེ་སྟེང་སླ་ང་སྦུབ། །སོལ་བཅོས་བུད་མེད་དོར་མ་རུ།
།སོལ་ཕྱེ་བླུགས་ལ་རང་འཐག་བར། །བཅུག་ནས་སྒྱེད་བུའམ་རྡོ་སོལ་མནན། །བྱ་བ་གྲུབ་ནས་སོལ་བར་མེད།
།སྤར་ཏེ་ཐལ་བ་ཕྱོགས་བཞིར་གཏོར། །དེ་ཡིས་ཉེས་པ་ཐུབ་པར་བཤད།།
༈ སྡེ་བརྒྱད་ཐེབས་དུས་མདོས་གཏོར་དང༌།
།མཐུ་གཏད་ཐོག་སེར་མནན་སྲེག་ཟོར། །དམག་ཇག་ཕར་རྒོལ་བྱ་བ་བཟང༌།
།བཟློག་དུས་དེ་རྣམས་སྤང་བར་བྱ།། ༢ ཡས་ལམ་ཕྱོགས་སུ་ཡས་ཐགས་གཏོང༌།། ༈ ཀླུ་ཐེབས་དུས་སུ་ཆར་འབེབས་དང༌།
།ཀླུ་ཆོག་ཀླུ་གཏོར་གཏོང་བ་དང༌། །ཀླུ་ལ་མནན་གཏད་སྐྱེལ་སོགས་བཟང༌།
།བཟློག་དུས་དེ་རྣམས་སྤང་བར་བྱ། ། སྤྱིར་ནི་དྲག་པོའི་ས་བདག་རྣམས།
།དགེ་ལས་གསོན་པའི་བྱ་བ་སྤང༌།། དྲག་ལས་རྒྱུ་ཕྱོགས་བསྟུན་པས་ཐེབས།
།དེ་ཡང་འགྱུ་གདོང་ལས་སྦྱར་དར། །གོང་དུ་ལས་སྦྱར་ཞུད་པ་ཡིན། །འགྱུས་ཟིན་ལས་སྦྱར་གྱོད་པ་སྟེ།
།དར་བས་ལས་ཀུན་འགྲུབ་པ་ཡིན། །ཞུད་པས་རྣལ་འབྱོར་སྲོག་ལ་རྒོལ།
།གྱོད་པས་ཕན་གནོད་གང་ཡང་མེད།།
༈ གནམ་སྒོ་བཅུ་ཡི་འཆར་ཚུལ་ནི།
།གཅིག་གསུམ་མགྲོན་སྒོ་གཉིས་གསུམ་ཚོང༌། །གསུམ་གསུམ་བུ་སྒོ་བཞི་གསུམ་དམག
།ལྔ་གསུམ་གཉེན་སྒོ་དྲུག་གསུམ་མཁར། །བདུན་གསུམ་བག་སྒོ་བརྒྱད་གསུམ་དུར།
།དགུ་གསུམ་ཤིད་སྒོ་བཅུ་གསུམ་སྤྱིའི། །གནམ་སྒོ་ཡིན་ཏེ་ཁྱད་པར་དུ།
།ར་བ་བཞི་གསུམ་འབྲིང་བཞི་གཉིས། །ཐ་ཆུང་བཞི་དང་གཅིག་ནས་གཉན།།
༈ བྱེད་པ་བཅུ་གཅིག་འདི་ལྟ་སྟེ།
།གདབ་པ་བྱིས་པ་དགེ་བ་དང༌། །ཏིལ་བརྡུང་ཁྱིམ་སྐྱེས་ཚོང་པ་དང༌།
།བཀྲ་ཤིས་བཞི་མདོ་ཀླུ་དང་ནི། །མི་སྡུག་པ་དང་བི་ཥྚི་སྟེ།
།གཞན་ནི་ལས་རྣམས་ཕལ་ཆེར་བཟང༌།།
༈ བིཥྚི་ལ་ནི་གཞན་གསོད་དང༌། ། དུག་སྦྱོར་རྩུབ་པའི་ལས་རྣམས་བྱ།
།དགེ་ལེགས་རབ་གནས་དབང་བསྐུར་དང༌། །དོན་གཉེར་བག་མ་ལ་སོགས་ངན།
།དྲག་ལས་འགྲུབ་ཀྱང་གདོང་ལ་འཛེམ། །ཇི་ལྟར་རྒྱུ་བའི་ཕྱོགས་དང་དུས། །བཞི་ཡི་ཕྱི་ཆ་ཤར་ནས་ནུབ།
།བརྒྱད་ཀྱི་སྔ་ཆ་ལྷོ་ནས་བྱང༌། །བཅུ་གཅིག་ཕྱི་ཆ་ནུབ་ནས་ཤར།
།བཅོ་ལྔ་སྔ་ཆ་བྱང་ནས་ལྷོར། །བཅོ་བརྒྱད་ཕྱི་ཆ་ཤར་ལྷོ་ནས། །ནུབ་བྱང་ཉེར་གཉིས་སྔ་ཆ་ལ།
།ལྷོ་ནུབ་ནས་ནི་བྱང་ཤར་དང༌། །ཉེར་ལྔ་ཕྱི་ཆ་ནུབ་བྱང་ནས། །ཤར་ལྷོར་ཉེར་དགུ་སྔ་ཆ་ལ། །
བྱང་ཤར་ནས་ནི་ལྷོ་ནུབ་རྒྱུ། །ཞིབ་རྩིས་རི་མོའི་ལམ་ནས་རྟོགས། ། ཐུན་མོང་བཅོས་ཀ་མདོར་བསྡུས་ནི།
།ཕྱག་རྡོར་སྐུའམ་ཐང་ཀ་འཕྱར། །སྣང་བརྒྱད་ཀློག་ཅིང་བཟློག་པ་བྱ།།
༈ ཟླ་བ་ནག་པོ་འཆར་ཚུལ་ནི།
།གནམ་ལོ་གང་ཤར་ཡར་མར་གྱི། །བཞི་གཤེད་ཟླ་བ་ནག་པར་འདོད། །དེ་ཡང་ར་བཞི་སྟོད་ནག་དང༌།
།འབྲིང་བཞི་བར་ནག་ཐ་བཞི་སྨད། །ཁྱད་པར་ནག་པས་སྤང་བླང་བྱོས།།
༈ དེ་དག་ཉམས་སུ་བླང་ཚུལ་ནི།
།གཟའ་སྐར་ཚེས་བྱེད་སྦྱོར་དུས་ཉི། །སྔ་རིམ་སྟོབས་ཆེ་འོག་ནུས་ཆུང༌།
།གཟའ་སྐར་བཟང་ངན་མ་མཚུངས་ན། །དེ་ཚེ་གཟའ་དེ་གཙོ་བོ་ཡིན། །སྐར་ཚེས་འབྲས་བུ་མ་མཐུན་ན།
།སྐར་མ་དེ་ཉིད་གཙོ་བས་ཤེས། །བྱེད་སྦྱོར་ལས་ཐབས་མ་གཅིག་ན།
།ཤིན་ཏུ་གཉན་ཕྱིར་བྱེད་པ་གཙོ། །དུས་ཚོད་ཉི་མ་མི་འདྲ་ན།
།དུས་ཚོད་མཚོན་ཆ་རྣོ་བས་གཙོ། །ཐམས་ཅད་བཟང་ངན་མ་མཚུངས་ན།
།གང་ཚེས་འཕྲོད་ཉིད་གཙོར་འདོན་དགོས། །རྩིས་འགོ་གང་དང་གང་ལ་ཡང༌།
།དམིགས་བསལ་བྱུང་ན་དེ་ཉིད་གཙོ། །གཞན་ཡང་འབྲས་བུ་མ་མཚུངས་ན།
།མང་ཉུང་སྟོབས་ཁྱད་འདི་བཞིན་བརྩི། །རཱ་ཧུ་ལ་དང་རེས་ཀྱི་གཟའ། །རྒྱུ་སྐར་ཚེས་དང་བྱེད་པ་སྦྱོར།
།ཉི་མ་བདུན་པོ་རིམ་པ་བཞིན། །སྔ་མ་སྟོབས་ཆེ་ཕྱི་མ་ཆུང༌། །དེ་དག་ཀུན་གྱི་ནུས་པ་ཡང༌།
།ཏཏྐལ་དུས་སྦྱོར་ཉི་ལ་ཚང༌། །དེ་ཕྱིར་ལུག་གླང་འཁྲིག་ཀརྚ།
།སེངྒེ་བུ་མོ་སྲང་སྡིག་དང༌། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཟླ་ཞག་དུས་ལ་འཆར་ཚུལ་སོགས།
།རགས་ཞིབ་མ་འདྲེས་བརྟག་པ་གཅེས།།
དེ་སྐད་ལུང་རྟོགས་རིན་ཆེན་དར་བའི་སར། །མཐོ་རིས་མི་ཡི་འཁྲི་ཤིང་ཉེར་བཟུང་ཡང༌།།
རྣམ་གཡེང་དུས་བཞིའི་འགྱུར་ལྡོག་ངོམ་བཞིན་དུ།
།དོན་ལྡན་འབྲས་བུ་བཏང་བའི་སྐལ་ངན་པ།།
རྩིས་མིང་ནོར་བུ་དབང་ཕྱུག་ཅེས་འབོད་པས། །གནས་སྐབས་འགའ་ལ་ཕན་པའི་ཆ་རྐྱེན་དུ།།
མཁས་པའི་ལེགས་བཤད་བཏུས་ནས་བཀོད་པའི་དགེས།
།འགྲོ་ཀུན་འབྱུང་ལྔའི་རང་བཞིན་རྟོགས་པར་ཤོག།
ཅེས་པའང་རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ལོའི་ཟླ་བ་དྲུག་པའི་ནང་བཀྲ་ཤིས་སྒང་དུ་སྡོད་སྐབས་ཀྱི་སུག་ལས་སོ།། དགེའོ།།
No comments:
Post a Comment