Saturday, August 16, 2014

ཁྱབ་འཇུག་གི་སྔོན་རབས། ཁོ་བོ་རང་གིས་ཕབས་བསྒྱུར་ཞུས་པ་ཡིན།

༄༅།   །དཔལ་ཁྱབ་འཇུག་གི་སྔོན་རབས། ཆ་ཤས་གཉིས་པའི་ལེའུ་དང་པོ།
དཔལ་བྱམས་པས་ཞུས་པ།
ཀྱེ་བཅོམ་ལྡན༑ ཀྱེ་བླ་མ༑ ངས་ཁྱེད་ལ་འཇིག་རྟེན་དང་འབྲེལ་བའི་སྐོར་ཅུང་ཟད་ཞུས་པ་དེ་ནི་ཁྱེད་ཀྱི་ལེགས་པར་གསུངས་ཟིན་ལ།། །།  ཀྱེ་ཐུབ་པ་མཆོག༑ ཁྱེད་ཀྱི་འཇིག་རྟེན་གྲུབ་ཚུལ་དང་འབྲེལ་བའི་ཆ་ཤས་དང་པོ་གསུངས་པ་དེ་ལ། ད་དུང་ཁོ་བོ་ཅུང་ཟད་ཉན་པར་འདོད་དོ།། །།
  རང་བྱུང་ལ་པྲི་ཡ་བྲཏ་དང༌། ཨུཏ྄ཏན་པཱད་ཞེས་པའི་སྲས་གཉིས་བྱུང་ཞིང༌། དེ་ལས་ཨུཏ྄ཏན་པཱདའི་སྲས་དྷྭུབའི་སྐོར་ལ་ཁྱེད་ཀྱིས་གསུངས་ཟིན་ལ།། །།  ཀྱེ་གཉིས་སྐྱེ་མཆོག༑ ཡིན་ནའང་ཁྱེད་ཀྱིས། པྲི་ཡ་བྲཏའི་སྐོར་ལ་གང་ཡང་གསུངས་མེད་དོ། དེས་ན་བདག་ཉིད་དེའི་བརྗོད་པ་ཉན་པར་འདོད་ན། ཁྱེད་ཀྱི་ཐུགས་དགྱེས་པའི་ངང་ནས་གསུངས་དུ་གསོལ།། །།
ཤྲི་པ་རཱ་ཤཱར་ནས་གསུངས་པ།
པྲི་ཡ་བྲཏ་ནི་ཀརྡ་མའི་སྲས་མོ་དང་འདུས་པ་ལས་སམྲཱཊ་དང༌། ཀུཀྵི་ཞེས་པའི་བུ་མོ་གཉིས་དང་བུ་བཅུ་བྱུང་ངོ༌།། །། པྲི་ཡ་བྲཏའི་སྲས་རྣམས་བློ་གྲོས་ཆེ་ཞིང༌། བརྩོན་འགྲུས་ཆེ་ལ། ཚུལ་དང་མཐུན་ཞིང་ཡབ་ཀྱིས་ཤིན་ཏུ་བྱམས་པ་ཡིན་ཏེ། དེ་དག་གི་མིང་ཉོན་ཅིག། །།  དེའང་ཨགྣི་དྷྭ། ཨགྣི་བཱ་ཧུ། བ་པུཥ྄མཱན། ད྄ཡུཏི་མཱན། མེ་དྷ། མེ་དྷ་ཏི་ཐི། བྷ་བྱ། ས་བན། བུ་དང༌། དེ་བཞིན་བཅུ་པ་ནི་མིང་དོན་མཐུན་པའི་ཇ་ཡོ་ཏིཥ྄་མཱན་བཅས་སོ།། རྒྱལ་པོ་པྲི་ཡ་བྲཏའི་སྲས་རྣམས་རང་གི་སྟོབས་དང་གཞན་ཟིལ་གིས་གནོན་པའི་རྐྱེན་ལས་ཡོངས་སུ་གྲགས་པ་ཡིན་ནོ།།༧ཿ༨།།            དེ་དག་ལས་མེ་དྷ་དང༌།  ཨགྣི་བཱ་ཧུ། བུ་བཅས་གསུམ་ནི་བསོད་ནམས་དང་ལྡན་ཞིང༌། རྣལ་འབྱོར་གྱི་ཕ་རོལ་ཏུ་སོན་པ་དང༌། སྐྱེ་བ་དང་འཆི་བའི་མཐའ་མཁྱེན་པ་ཡིན་པས་རྒྱལ་པོའི་སྲིད་ལ་ཆགས་པ་མེད་དོ།། །།  ཀྱེ་ཐུབ་པ༑ དེ་དག་ནི་སེམས་ལ་དྲི་མ་མེད་ཅིང་ལས་ཀྱི་ལན་ལ་རེ་བ་མེ་དཔ་དང༌། རྒྱུན་དུ་བྱ་བ་ཐ་དག་ལ་ཚུལ་དང་མཐུན་པར་བྱེད་པ་ཡིན་ནོ།། ༡༠ །།  ཀྱེ་ཐུབ་པ་མཆོག༑ རྒྱལ་པོ་པྲི་ཡ་བྲ་ཏ་ནས་རང་གི་སྲས་ལྷག་མ་བདུན་པོ་ལ་གླིང་བདུན་པོ་གནང་ངོ༌།། ༡༡ །།    ཀྱེ་སྐལ་ལྡན༑ ཡབ་པྲི་ཡ་བྲཏ་ནས་ཨགྣི་དྷྭ་ལ་འཛམ་བུའི་གླིང་དང༌། མེ་དྷ་ཏི་ཐི་ལ་པ྄ལཀྵའི་གླིང་གནང་ངོ༌།། ༡༢ །།  དེ་དག་གིས་བ་པུཥ྄་མཱན་ནི་ ཤཱལྨ་ལའི་གླིང་གི་རྒྱལ་པོར་དབང་བསྐུར་བ་དང༌། ཇ་ཡོ་ཏིཥ྄་མཱན་ནི་ ཀུ་ཤའི་གླིང་གི་བདག་པོར་བསྐོས་ལ།། ༡༣ །།  ད྄ཡུ་ཏི་མཱན་ནི་ཀྲཽཉ྄་ཅའི་གླིང་གི་ཁྲིམས་འཛིན་དུ་བསྐོས་ཤིང༌། རྒྱལ་པོ་པྲི་ཡ་བྲཏ་ནས་ བྷ་བྱ་ནི་ཤཱ་ཀའི་གླིང་གི་བདག་པོར་བསྐོས་པ་དང༌། ས་བན་ནི་པུཥ྄་ཀར་གླིང་གི་བདག་པོར་བསྐོས་སོ།། ༡༤ །།  ཀྱེ་ཐུབ་པ་མཆོག༑ དེ་དག་ལས་གང་ཞིག་ཛམ་བུའི་གླིང་གི་རྒྱལ་པོ་ཨགྣི་དྷྭ་ཡིན་པ་དེ་ལ་ཡང་འབངས་ཀྱི་བསོད་ནམས་དང་མཐུན་པའི་སྲས་དགུ་བྱུང་ངོ༌། དེ་དག་ནི་ནཱ་བྷི་དང༌། ཀིཾ་པུ་རུ་ཥ། ཧ་རི་བརྵ། ཨི་ལ་བྲྀཏ། ར་མྱ། ཧི་རན་བཱན། ཀུ་རུ། བྷ་དྲཱཤྭ་དང༌། དམ་པའི་ཚུལ་དང་ལྡན་པའི་རྒྱལ་པོ་ཀེ་ཏུ་མཱལ་བཅས་སོ།། ༡༥ཿ ༡༧ །།
ཀྱེ་གཉིས་ཀྱེ༑ ད་ནི་འཛམ་བུའི་གླིང་གི་རྣམ་པར་དབྱེ་བ་ཉོན་ཅིག ཡབ་རྒྱལ་པོ་ཨགྣི་དྷྭ་ནས་ལྷོའི་ཕྱོགས་ཀྱི་ཡུལ་ཧི་མ་བརྵ་ནི་ནཱ་བྷི་ལ་གནང་ངོ༌།། ༡༨ །།  དེ་བཞིན་ཧི་མ་ཀུ་ཊ་ནི་ཀིཾ་པུ་རུ་ཥ་ལ་གནང་བ་དང༌། གསུམ་པ་ ནི་ཥ་དྷ་ནི་ཧ་རི་བརྵ་ལ་གནང་ངོ༌།། ༡༩ །།            གང་གི་དབུས་སུ་རི་རབ་ཡོད་པའི་ཨི་ལ་བྲྀཏ་བརྵ་ནི་ཨི་ལ་བྲྀཏ་ལ་གནང་བ་དང༌། ནི་ལཱཅལ་ལ་བརྟེན་པ་ནི་ར་མྱ་ལ་གནང་ངོ།། ༢༠ །།            ཡབ་རྒྱལ་པོ་ཨགྣི་དྷྭ་ནས་བྱང་ཕྱོགས་ཀྱི་ཤྭེ་ཏ་བརྵ་ནི་ཧི་རན་བཱན་ལ་གནང་བ་དང༌།། ༢༡ །།  གང་ཞིག་ཤྲིངྒ་བཱནའི་བྱང་དུ་གནས་པ་ནི་ཀུ་རུ་ལ་གནང་ངོ༌།། ཡང་རི་རབ་ཀྱི་ཤར་དུ་ཡོད་པ་དེ་ནི་བྷ་དྲཱཤྭ་ལ་གནང་བ་དང༌། གན྄་དྷ་མཱ་དན་བརྵ་ནི་ཀེ་ཏུ་མཱལ་ལ་གནང་ངོ༌།། དེ་ལྟར་རྒྱལ་པོ་ཨགྣི་དྷྭ་ནས་རྒྱལ་སྲས་རྣམས་ལ་ཡུལ་སྡེ་དེ་དག་གནང་ངོ༌།། ༢༢ཿ ༢༣ །། ཀྱེ་བྱམས་པ༑ རང་གི་སྲས་རྣམས་ཡུལ་སྡེ་དེ་དག་ལ་མངོན་པར་དབང་བསྐུར་ནས་གང་ཉིད་དཀའ་ཐུབ་ཀྱི་ཆེད་དུ་ཤཱལགྲམ་ཞེས་བྱ་བའི་ཤིན་ཏུ་དག་པའི་ཞིང་དུ་གཤེགས་སོ།། ༢༤ །།  ཀྱེ་ཐུབ་པ་མཆོག༑ ཀིཾ་པུརུ་ཥ་ལ་སོགས་པའི་ཡུལ་སྡེ་བརྒྱད་ཡོད་པ་དེ་དག་ལ་བདེ་བ་རྒྱ་ཆེ་བ་དང༌། རྩོལ་བ་མེད་པར་རང་བཞིན་གྱིས་ལོངས་སྤྱོད་དང་དངོས་གྲུབ་ཡོངས་སུ་རྫོགས་པ་འཐོབ་པར་བྱེད་པ་ཡིན་ནོ།། ༢༥ །།  དེ་དག་ལ་མི་མཐུན་པའི་རྐྱེན་དང༌། རྒས་པ་དང་འཆི་བ་སོགས་ཀྱི་འཇིགས་སྣང་གང་ཡང་ཡོད་པ་མིན་ནོ།། ཡང་ཆོས་དང་ཆོས་མིན་དང༌། མཆོག་དམན་བར་མའི་དབྱེ་བ་དང༌། ཡུལ་སྡེ་དེ་དག་ལ་དུས་ཀྱི་འགྱུར་བ་གང་ཡང་ཡོད་པ་མིན་ནོ།། ༢༦ །།   བདག་ཉིད་ཆེན་པོ་ནཱ་བྷི་ལ་ཧི་མ་བཱན་ཞེས་པའི་ཡུལ་ཡོད་ཅིང༌། དེའི་བཙུན་མོ་ལྷུན་པོའི་ལྷ་མོ་ནས་སྲས་རྀ་ཥ་བྷ་ཞེས་བྱ་བ་འཁྲུངས་སོ།། ༢༧ །།            རྀ་ཥ་བྷ་ནས་བུ་བརྒྱའི་རྒན་པ་བྷ་ར་ཏ་འཁྲུངས་སོ། ས་གཞིའི་བདག་པོ་སྐལ་ལྡན་རྀ་ཥ་བྷ་ནི་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང༌། སྣ་ཚོགས་པའི་མཆོད་སྦྱིན་པའི་རྗེས་སུ་མཐུན་པར་བྱེད་བཞིན་པའི་བར་དེར། རང་གི་སྲས་དཔའ་བོ་བྷ་ར་ཏ་ལ་སྲིད་ཀྱི་རྒན་དབང་གཏད་ནས། རང་ཉིད་དཀའ་ཐུབ་ཀྱི་ཆེད་དུ་པུ་ལའི་བསྟི་གནས་སུ་ཕྱིན་ནོ།། ༢༨ཿ ༢༩ །།    རྒྱལ་པོ་ཆེན་པོ་རྀ་ཥ་བྷ་ནས། དེར་ནགས་ཀྱི་བསྟི་གནས་ཀྱི་ཚུལ་དང་མཐུན་པའི་དཀའ་ཐུབ་མཛད་ཅིང༌། ཚུལ་དང་མཐུན་པའི་རིགས་ཀྱི་མཆོད་སྦྱིན་ཡང་མཛད་དོ།། ༣༠ །།    གང་ཉིད་དཀའ་ཐུབ་ཀྱི་རྐྱེན་ལས་ལུས་ཤིན་ཏུ་རིད་ནས་ལུས་ཀྱི་རྩ་ཕྱིར་མངོན་པར་བྱེད་པ་དང༌། མཐར་བཅུད་ལེན་མཛད་ནས་གོས་མེད་ཀྱི་གནས་སུ་ཕྱིན་ནོ།། ༣༡ །།            ཡབ་རྒྱལ་པོ་ནགས་སུ་ཕྱིན་པའི་དུས་དེར་རང་གི་རྒྱལ་སྲིད་བྷ་ར་ཏ་ལ་གནང་བ་དེ་ནས་བཟུང༌། ཧི་མ་བརྵ་དེ་ལ་བྷཱ་ར་ཏའི་ཡུལ་ཞེས་ཡོངས་སུ་གྲགས་སོ།། ༣༢ །།        བྷ་ར་ཏ་ལ་སུ་མ་ཏི་ཞེས་བྱ་བའི་སྲས་འཁྲུངས་ཤིང༌། ཡབ་རྒྱལ་པོས་མཆོད་སྦྱིན་སྔོན་དུ་འགྲོ་བའི་སྒོ་ནས་ཇི་ལྟར་འདོད་པ་བཞིན་རྒྱལ་སྲིད་ཀྱི་བདེ་བ་མྱོང་ནས་མཐར་སུ་མ་ཏི་ལ་རྒྱལ་སྲིད་གཏད་དོ།། ༣༣ །།     ཀྱེ་ཐུབ་པ༑ རྒྱལ་པོ་ཆེན་པོ་བྷ་ར་ཏ་ནས་སྲས་ལ་རྒྱལ་སྲིད་གཏད་ནས་རྣལ་འབྱོར་ལ་བརྩོན་ཞིང༌། མཐར་སཱ་ལའི་ལྗོངས་སུ་སྲོག་དོར་བར་བྱས་སོ།། ༣༤ །།            སླར་ཡང་གང་གིས་རྣལ་འབྱོར་མའི་དག་པའི་རིགས་སུ་བྲམ་ཟེའི་གཟུགས་ཀྱིས་སྐྱེ་བ་ལེན་ནོ། ཀྱེ་བྱམས་པ༑ དེའི་སྤྱོད་པ་སླར་ཡང་ཁྱེད་ལ་བརྗོད་པར་འགྱུར་རོ།། ༣༥ །།            བར་དེར་དཔའ་བོ་སུ་མ་ཏི་ལས་ཨིན྄་དྲ་ད྄ཡུམ྄་ན་འཁྲུངས་ཤིང༌། དེ་ལས་པ་ར་མཥ྄་ཋི་དང༌། དེའི་སྲས་པྲ་ཏི་ཧ་ར་ཡིན་ནོ།། ༣༦ །།     དེའི་སྲས་ནི་པྲི་ཏི་ཧ་ར་ཏ་ཞེས་གྲགས་ཤིང༌། དེ་སྲས་ནི་བྷ་བའོ། དེའི་སྲས་ནི་ཨུད་གི་ཐ་དང༌། དེའི་སྲས་ནི་པྲཱས་ཏ་བའོ།། ༣༧ །།      དེའིསྲས་པྲྀ་ཐུ་དང༌། དེ་ལས་ནཀྟའོ། ནཀྟའི་སྲས་ནི་ག་ཡའོ། ག་ཡའི་ན་ར་དང༌། དེའི་སྲས་ནི་བི་རཱཊའོ།། ༣༨ །།            དེའི་སྲས་མ་ཧཱ་བཱིར་དང༌། དེ་ལས་དྷི་མཱནའོ། དེའི་ནི་མཧཱནྟ་དང༌། དེའི་ནི་མ་ན་ས྄ཡུའོ།། ༣༩ །།  མ་ན་ས྄ཡུའི་ནི་ཏ྄བཱཥ྄ཊ་ཀཱ་བི་རཱ་ཇ་དང༌། དེའི་སྲས་ནི་རཱ་ཇའོ།། ཀྱེ་ཐུབ་པ༑ དེའི་སྲས་ཤཏ་ཇི་ཏ་ལ་སྲས་བརྒྱ་འཁྲུངས་སོ།། ༤༠ །།         དེ་དག་ལས་བིཤྭགྗ྄ཡོརྟི་ནི་གཙོབོའོ། སྲས་བརྒྱ་པོ་དེ་དག་ལས་འདིའི་འཁོར་འབངས་འཕེལ་བར་བྱས་སོ། དེ་ནས་དེ་ཡིས་བྷཱ་ར་ཏའི་ཡུལ་སྡེ་འདི་ཉིད་དུམ་བུ་དགུར་ཕྱེ་བ་ཡིན་ནོ།། ༤༡ །། དེ་དག་གི་རིགས་བརྒྱུད་འཛིན་པ་རྣམས་ཉིད་ཀྱིས་སྔོན་འདས་པའི་དུས་ཀྱི་རྫོགས་ལྡན་དང་གསུམ་ལྡན་སོགས་དུས་ཀྱི་རིམ་པས་དུས་བཞི་ཆེན་པོ་དོན་ཅུ་རྩ་གཅིག་གི་བར། བྷཱ་ཏ་ཏའི་ས་གཞི་འདི་ལ་ལོངས་སུ་སྤྱོད་པར་བྱས་སོ།། ༤༢ །།  ཀྱེ་ཐུབ་པ༑ བསྐལ་པ་བཅུ་གཉིས་འདི་ལ་ཡིད་ཀྱི་བར་མཚམས་ཀྱི་ཐོག་མའི་མངའ་བདག་ཏུ་གྱུར་པ་ནི། གང་གིས་དུས་དེར་འཇིག་རྟེན་ཡོངས་སུ་ཁྱབ་པར་བྱེད་པའི་རང་བྱུང་གི་རིགས་བརྒྱུད་འདི་ཉིད་ཡིན་ནོ།། ༤༣ །།     དཔལ་ཁྱབ་འཇུག་གི་སྔོན་རབས་ལས་ཆ་ཤས་གཉིས་པའི་ལེའུ་དང་པོའོ།།    །།

དཔལ་ཁྱབ་འཇུག་གི་སྔོན་རབས་ལས་ཆ་ཤས་གཉིས་པའི་ལེའུ་གཉིས་པ་བཞུགས།།
དཔལ་བྱམས་པས་ཞུས་པ།
ཀྱེ་ཚངས་པ༑ ཁྱེད་ཀྱི་བདག་ལ་རང་བྱུང་གི་རིགས་བརྒྱུད་ཀྱི་སྐོར་གསུངས་ཟིན་ཅིང༌། ད་ནི་ཁོ་བོ་ཁྱེད་ཀྱི་ཞལ་ལས་ས་གཞིའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འདིའི་རྣམ་པར་དབྱེ་བ་མཉན་པར་འདོད་དོ།། །།            ཀྱེ་ཐུབ་པ༑ མཚོ་དང་གླིང་དང་ཡུལ་སྡེ། རི་བོ་རི་ནགས་ཆུ་བོ་དང༌། ལྷའི་གྲོང་ཁྱེར་ཇི་ཙམ་ཡོད་པ་དང༌། དེ་དག་ཐམས་ཅད་ཀྱི་ཚད་ཇི་ཙམ་ཡིན་པ་དང༌། དེ་དག་གི་རྟེན། འབྱུང་བའི་རྒྱུ་རྐྱེན་དང༌། དབྱིབས་ཇི་ལྟར་ཡིན་པ་ཐམས་ཅད་ཇི་ལྟ་བ་བཞིན་གསུང་དུ་གསོལ།། ༢ཿ །།
ཤྲི་པ་རཱ་ཤཱར་ནས་གསུངས་པ།
ཀྱེ་བྱམས་པ༑ ཉོན་ཅིག ངས་གཏམ་དེ་ཐམས་ཅད་མདོར་བསྡུས་ནས་བརྗོད་པར་བྱའི་རྒྱས་པར་ནི་ལོ་བརྒྱ་ལའང་བརྗོད་པར་མི་ནུས་སོ།། །། ཀྱེ་གཉིས་སྐྱེ༑ གླིང་ནི་འཛམ་བུའི་གླིང་དང༌། པ྄ལཀྵ། ཤཱལྨ་ལ། ཀུ་ཤ། ཀྲཽཉ྄ཅ། ཤ་ཀ པུཥ྄ཀརའི་གླིང་སྟེ་བདུན་ནོ།། །། གླིང་བདུན་པོ་དེ་དག་མཚོ་བདུན་གྱིས་བསྐོར་བ་སྟེ། དེ་དག་ནི་ལ་བཎ༌། ཨིཀྵུ་རས། མ་དི་ར། གྲྀཏ། ད་དྷི། དུག྄་དྷ་དང༌། ཆུའོ།། །། ཀྱེ་བྱམས་པ༑ འཛམ་བུའི་གླིང་ནི་དེ་དག་རྣམས་ཀྱི་དབུས་སུ་གནས་པའོ། དེའི་ཡང་དབུས་སུ་གསེར་གྱི་རང་བཞིན་གྱི་རི་རབ་བོ།། །། དེ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གྱེན་དུ་འཕགས་ཤིང༌།  བཅུ་དྲུག་ནི་འོག་ཏུ་བྱིང་བའོ། སྟེང་གི་བརྒྱར་ནི་སུམ་ཅུ་རྩ་གཉིས་དང༌། དེའི་རྩ་བའི་རྒྱར་ནི་སྟོང་ཕྲག་བཅུ་དྲུག་གོ། ༨ཿ །། ས་གཞིའི་རི་བོ་འདི་ནི་པདྨའི་མགོ་ལྕོགས་ཀྱི་ཚུལ་དུ་གནས་སོ།། ༡༠ །།  དེའི་ལྷོར་ཧི་མ་བཱན། ཧི་མ་ཀུ་ཊ་དང༌། ནི་ཥ་དྷ་གནས་པ་དང༌། བྱང་དུ་ནཱིལ། ཤྭེ་ཏ་དང༌། ཤྲིངྒ་ཞེས་བྱ་བའིཡུལ་གྱི་རི་བོ་ཡོད་དོ།། ༡༡ །། དབུས་ཀྱི་རི་བོ་གཉིས་ནི་འབུམ་གྱི་ཚད་དོ། གཞན་ནི་སྟོང་ཕྲག་བཅུ་རེ་ཕྲི་བའོ། དེ་དག་རྣམས་ཀྱི་མཐོ་ཚད་སྟོང་ཕྲག་གཉིས་རེ་དང༌། དེ་དག་གི་རྒྱར་ཡང་དེ་བཞིན་ནོ།། ༡༢ །། ཀྱེ་གཉིས་སྐྱེ༑ རི་རབ་ཀྱི་ལྷོ་ཕྱོགས་སུ་༼མས་ནས་༽ཐོག་མར་བྷཱ་ར་ཏའི་ཡུལ་དང༌། དེ་ནས་ཀིཾ་པུ་རུ་ཥ། དེ་བཞིན་ཧ་རིའི་ཡུལ་ལོ།། ༡༣ །། བྱང་དུ་ཡིད་དུ་འོང་བའི་ཡུལ་དང༌། དེའི་རྗེས་སུ་མཐུན་པའི་གསེར་གྱི་རང་བཞིན་དང༌། དེབཞིན་བྱང་སྒྲ་མི་སྙན་པ་སྟེ་བྷཱ་ར་ཏའི་ཡུལ་དང་འདྲ་བའོ།། ༡༤ །།  ཀྱེ་གཉིས་སྐྱེ་མཆོག༑ དེ་དག་རེ་རེའི་རྒྱར་སྟོང་ཕྲག་དགུ་དགུའོ།  དེ་དག་གི་དབུས་ན་རི་བོ་ཨི་ལ་བྲྀཏ་དང༌། དེའི་དབུས་ན་གསེར་གྱི་རང་བཞིན་གྱི་རི་རབ་གྱེན་དུ་འཕགས་སོ།། ༡༥ །། ཀྱེ་སྐལ་ལྡན༑ རི་རབ་ཀྱི་ཕྱོགས་བཞིར་ཨི་ལ་བྲྀཏ་ཞེས་པའི་ཡུལ་སྡེ་རྒྱར་སྟོང་ཕྲག་དགུར་ཁྱབ་པ་དང༌། དེའི་ཕྱོགས་བཞིར་ཡང་རི་བོ་བཞིའོ།། ༡༦ །། དཔག་ཚད་སྟོང་རེ་གྱེན་དུ་འཕགས་པ་རི་རབ་ལ་མི་འགྱུར་བའི་གཟེར་དུ་བྱས་པ་སྟེ། ཤར་དུ་མནྡ་ར་ཞེས་བྱ་བ་དང༌། ལྷོར་གན྄་དྷ་མཱ་ད་ན། ནུབ་ཏུ་བི་པཱུལ། བྱང་དུ་སུ་པཱར྄ཤ་བའོ།། ༡༧ ༡༨ །། དེ་དག་རྣམས་སུ་དཔག་ཚད་བརྒྱ་ཕྲག་བཅུ་གཅིག་གི་བདག་ཉིད་ཅན་གྱི་རྒྱལ་མཚན་བཞི་སྟེ། རིམ་པ་བཞིན་ཀ་དམ྄་པ། འཛམ་བུ། པི་པལ། དེ་བཞིན་བཊའོ།། ༡༩ །། ཀྱེ་ཐུབ་པ༑ འཛམ་བུའི་ཤིང་ལ་བརྟེན་ནས་འཛམ་བུའི་གླིང་ལ་འཛམ་བུ་ཞེས་པའི་མིང་ཐོབ་ཅིང༌། དེའི་འབྲས་བུ་ནི་གླང་པོ་ཆེན་པོའི་ཚད་དང་མཉམ་པ་སའི་སྟེང་དུ་ལྷུང་བ་ན་གས་ནས་ཕྱོགས་ཐམས་ཅད་འཐོར་བར་བྱེད་ཅིང༌། དེ་དག་གི་བཅུད་ལས་ཡོངས་སུ་གྲགས་པའི་འཛམ་བུའི་ཆུ་བོ་དེར་བབ་པ་དང༌། དེར་གནས་པ་རྣམས་ཀྱིས་འཐུང་བར་བྱེད་དོ།། ༢༡ །། དེར་གནས་པའི་མི་རྣམས་དེ་འཐུང་བ་ལས་ལུས་ལ་རྔུལ་ཆུ་དང་དྲི་ངན། རྒས་པ་དང་དབང་པོ་ཉམས་པ་མེད་དོ།།༢༢ །། མཐའ་ཟུར་གྱི་འཇིམ་པ་དང་འདྲེས་ཤིང་རླུང་གིས་སྐམ་པ་ལས་ འཛམ་བུའི་སྙིར་པོར་གྲགས་པའི་གསེར་དུ་འགྱུར་ཏེ། གྲུབ་པ་རྣམས་ཀྱིས་བརྒྱན་དུ་བྱས་པ་ཡིན་ནོ།། ༢༣ །། རི་རབ་ཀྱི་ཤར་དུ་རྟ་བཟང་གི་ཡུལ་དང༌། ནུབ་ཏུ་ཀེ་ཏུ་མཱལའོ།། ཀྱེ་ཐུབ་པ་མཆོག༑ ཡུལ་སྡེ་དེ་གཉིས་ཀྱི་དབུས་སུ་ཨི་ལ་བྲྀཏའོ།། ༢༤ །། དེའི་ཕྱོགས་བཞིའི་ཤར་དུ་ཤིང་རྟ་སྣ་ཚོགས་དང༌། ལྷོར་གན྄་དྷ་མཱ་དན། ནུབ་ཏུ་བཻ་བྷྭ་ཇམ། དེ་བཞིན་བྱང་དུ་དགའ་བའི་ནགས་སོ།། ༢༥ །། རྟག་ཏུ་ལྷ་རྣམས་ཀྱིས་ལོངས་སྤྱོད་པའི་འཛིང་བུ་བཞི་སྟེ། ཨ་རུ་ཎོ་དཾ། མ་ཧཱ་བྷ་དྲ། ཨ་སི་ཏོད་དང༌། མ་ན་སའོ།། ༢༦ །། ཀྱེ་བྱམས་པ༑ ཤཱི་ཏམ྄་བྷ། ཀུ་མུན྄་ད། ཀུ་ར་རི། མཱལ྄་པ་བཱན་དང་བཻ་ཀཾ་ཀ་ལ་སོགས་པ་ནི་ལྷུན་པོའི་ཤར་ཕྱོགས་ཀྱི་གཙུག་ཕུད་ཀྱི་རི་བོའོ།། ༢༧ །། ཏྲི་ཀུ་ཊ། ཤི་ཤི་ར། པ་ཏངྒ༌། རུ་ཅ་ཀ ནི་ཥ་དྷ་ལ་སོགས་པ་ནི་དེའི་ལྷོ་ཕྱོགས་སུའོ།། ༢༨ །། ཤི་ཁི་བཱས། བཻ་ཌུརྱ༌། ཀ་པི་ལ། གན྄་དྷ་མཱ་དན་དང༌། ཇཱ་རུ་ལ་སོགས་པ་ནི་བྱང་ཕྱོགས་ཀྱི་གཙུག་ཕུད་ཀྱི་རི་བོའོ།། ༣༠ །།  ཀྱེ་བྱམས་པ༑ ལྷུན་པོའི་སྟེང་གི་ནམ་མཁའའ་ལ་དཔག་ཚད་སྟོང་ཕྲག་བཅུ་བཞིའི་རྒྱ་ཁྱོན་ཅན་གྱི་ཚངས་པའི་ཡུལ་འཁོར་ཆེན་པོའོ།། ༣༡ །།  དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཤིན་ཏུ་ཡིད་དུ་འོང་ཞིང་གྲགས་པའི་གྲོང་ཁྱེར་བརྒྱད་གནས་སོ།། ༣༢ །།  ཁྱབ་འཇུག་གི་ཞབས་ལས་སྐྱེས་པའི་ལྷ་མོ་གངྒཱ་ཟླ་བའི་ཕྱོགས་ཀུན་ནས་བརླན་པར་བྱས་ཏེ།  ལྷ་ཡུལ་ནས་ཚངས་པའི་ཡུལ་དུ་བབས་སཽ།། ༣༣ །།  དེར་བབས་ནས་ཕྱོགས་བཞིར་རིམ་པ་བཞིན། སཱི་ཏཱ། ཨ་ལ་ཀ་ནནྡ། ཅཀྵུ་དང༌། བྷ་དྲཞེས་བྱ་བ་བཞིར་གྱེས་སོ།། ༣༤ །།  དེ་དག་ལས་སཱི་ཏཱ་ནི་ཤར་གྱི་ཕྱོགས་སུ་ནམ་མཁའི་ལམ་ནས་རི་བོ་གཅིག་ནས་གཅིག་ཏུ་བགྲོད་ཅིང༌། མཐར་ཤར་ཕྱོགས་སུ་གནས་པའི་བྷ་དྲཱཤ྄་བའི་ཡུལ་བརྒལ་ནས་རྒྱ་མཚོར་འདྲེས་པར་བྱེད་དོ།། ༣༥ །།  ཀྱེ་ཐུབ་པ༑ དེ་བཞིན་དུ་ཨ་ལ་ཀ་ནནྡ་ལྷོའི་ཕྱོགས་སུ་བྷཱ་ར་ཏའི་ཡུལ་དུ་བབ་ཅིང༌། སྡེ་ཚན་བདུན་དུ་གྱེས་ནས་རྒྱ་མཚོར་འདྲེས་པར་བྱེད་དོ།།༣༦།། ཅཀྵུ་ནི་ནུབ་ཀྱི་རི་བོ་ཡོངས་སུ་རྫོགས་པ་བརྒལ་ནས་ཀེ་ཏུ་མཱལ་འི་ཡུལ་སྡེར་བབ་ཅིང༌། མཐར་རྒྱ་མཚོར་ལྷུང་བར་བྱེད་དོ།།༣༧།། ཀྱེ་ཐུབ་པ། དེ་བཞིན་དུ་བྷ་དྲ་ནི་བྱང་གི་རི་བོ་དང༌། བྱང་སྒྲ་མི་སྙན་བརྒལ་ནས་བྱང་གི་རྒྱ་མཚོར་འདྲེས་པར་བྱེད་དོ།།༣༨།།  མཱ་ལ་བཱན་ནི་བྱང་གི་བར་དུ་དང༌། གན྄་དྷ་མཱ་དན་ནི་རི་བོ་ནི་ཥ་དྷའི་བར་དུ་འཕེལ་བར་བྱེད་དོ། དེ་གཉིས་ཀྱི་དབུས་སུ་པདྨའི་འབྲས་བུའི་དབྱིབས་ཅན་གྱི་རི་བོ་རི་རབ་གནས་སོ།།༣༩།།  ཀྱེ་བྱམས་པ༑ མཚམས་ཀྱི་རི་བོའི་ཕྱི་རོལ་དུ་གནས་པའི་ཡུལ་སྡེ་བྷཱ་ར་ཏ་དང༌། ཀེ་ཏུ་མཱ་ལ། བྷ་དྲཱཤ྄བ་དང༌། ཀུ་རུའི་ཡུལ་གྱི་འཇིག་རྟེན་ནི་པདྨའི་ལོ་འདབ་ལྟ་བུའོ།།༤༠།།  ཇ་ཋར་དང༌། དེ་བ་ཀུཊ་གཉིས་ཀྱང་བར་མཚམས་ཀྱི་རི་བོ་སྟེ། བྱང་གི་རི་སྔོན་དང༌། ལྷོའི་ནི་ཥ་དྷའི་བར་དུ་འཕེལ་བར་བྱེད་དོ།།༤༡ །། ཤར་དང་ནུབ་ཏུ་འཕེལ་བའི་རི་བོ་གན྄་དྷ་མཱ་དན་དང་ཀཻ་ལཱ་ས་གཉིས་སྟེ། དེ་གཉིས་ཀྱི་རྒྱ་ཁྱོན་ནི་དཔག་ཚད་བརྒྱད་ཅུ་དང༌། རྒྱ་མཚོའི་ནང་དུ་གནས་པའོ།།༤༢།།  ཤར་གྱི་ཇི་ལྟ་བ་བཞིན་ལྷུན་པོའི་ནུབ་ཏུ་ཡང་ནི་ཥ་དྷ་དང༌། པཱ་རི་ཡཱ་ཏྲ་ཞེས་བྱ་བའི་མཚམས་ཀྱི་རི་བོ་གཉིས་སོ།།༤༣།།  བྱང་གི་ཕྱོགས་སུ་ཏྲི་ཤྲིངྒ་དང༌། ཇ་རུ་དི་ཞེས་བྱ་བའི་ཡུལ་སྡེའི་རི་བོ་གནས་ལ། དེ་གཉིས་ནི་ཤར་དང་ནུབ་ཀྱི་ཕྱོགས་སུ་རྒྱ་མཚོའི་ལྟེ་བར་གནས་པའོ།། ༤༤།། མཚམས་ཀྱི་རི་བོ་བརྗོད་པ་དེ་དག་ལ་གཉིས་གཉིས་ནི་ལྷུན་པོའི་ཕྱོགས་རེ་རེར་གནས་པའོ།།༤༥།།  ཀྱེ་ཐུབ་པ༑ ཤཱི་ཏཱ་ལ་སོགས་པ་ཤིན་ཏུ་ཡིད་དུ་འོང་བའི་ལྷུན་པོའི་ཕྱོགས་བཞིའི་རི་བོ་དེ་དག་གི་བར་དུ་གྲུབ་པ་དང༌། དྲི་ཟའི་གླུ་དབྱངས་པ་དག་གནས་སོ།།༤༦།།  ཀྱེ་ཐུབ་པ་མཆོག༑ དེར་ཉམས་དགའི་གྲོང་དང༌། ཉེ་བའི་གྲོང་ཡོད་ཅིང༌། དཔལ་མོ་དང༌། ཁྱབ་འཇུག མེ་ལྷ། ཉི་མ་ལ་སོགས་པའི་ལྷ་རྣམས་ཀྱི་ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་གནས་པ་དེ་དག་ལ་རྒྱུན་དུ་མི་མ་ཡིན་མཆོག་རྣམས་ཀྱིས་བསྟེན་ཅིང་གནས་སོ།།༤༧།།  ཡིད་དུ་འོང་བའི་རི་ནགས་དེ་དག་ལ་དྲི་ཟ་དང༌། གནོད་སྦྱིན། སྲིན་པོ། ལྷ་མ་ཡིན། ད་ན་བ་སོགས་ཉིན་མཚན་དུ་བརྩེ་དགའ་ལ་རོལ་བར་བྱེད་དོ།།༤༨།།  ཀྱེ་ཐུབ་པ༑ དེ་ལྟ་བུའི་གནས་ཡོངས་སུ་རྫོགས་པ་དེ་ནི་ས་སླའི་མཐོ་རིས་ཞེས་བརྗོད་པ་ཡིན་ལ། དེར་ཆོས་ཀྱི་སྐལ་བ་དང་ལྡན་པ་རྣམས་གནས་ཤིང༌། སྡིག་ཅན་གྱི་སྐྱེས་བུ་རྣམས་སྐྱེ་བ་བརྒྱ་ན་ཡང་དེར་སྐྱེ་བ་མེད་དོ།། ༤༩།།  ཀྱེ་གཉིས་སྐྱེ༑ བཅོམ་ལྡན་ཁྱབ་འཇུག་ནི་ཤར་ཕྱོགས་རྟ་བཟང་གི་ཡུལ་དུ་རྟ་མགོའི་གཟུགས་དང༌། ནུབ་ཀྱི་ཀེ་ཏུ་མཱལ་ལ་ཕག་མོ་དང༌། ལྷོ་ཕྱོགས་བྷཱ་ར་ཏའི་ཡུལ་དུ་རུས་སྦལ་གྱི་གཟུགས་ཀྱིས་གནས་སོ།། ༥༠།།  དེ་བཞིན་དུ་དད་ལྡན་རྗེས་སུ་འཛིན་པའི་ཤྲི་གོ་བིན྄་དས་བྱང་གི་སྒྲ་མི་སྙན་པའི་ཡུལ་དུ་ཉའི་གཟུགས་ཀྱིས་གནས་སོ། དེ་ལྟར་གང་ཉིད་ཀུན་གྱི་རང་བཞིན་དང༌། ཀུན་ལ་འགྲོ་བ། འཕྲོག་བྱེད་འཇིག་རྟེན་གྱི་གཟུགས་ཀྱིས་ཀུན་ལ་གནས་པར་བྱེད་དོ།། ཀྱེ་བྱམས་པ༑ དེ་ཉིད་ཀུན་གྱི་གཞི་རྟེན་དང༌། ཀུན་གྱི་བདག་ཉིད་ཡིན་ནོ།། ༥༡ཿ ༥༢།།  ཀྱེ་ཐུབ་པ་ཆེན་པོ༑ ཀིམ་པུ་རུ་ཥ་ལ་སོགས་པའི་ཡུལ་སྡེ་བརྒྱད་པོ་དེ་དག་ལ་མྱ་ངན་དང༌། ངལ་རྩོལ། སེམས་སྡུག བཀྲེས་པ། འཇིགས་པ་སོགས་གང་ཡང་མེད་དོ།།༥༣།།  དེར་གནས་པའི་སྐྱེ་དགུ་རྣམས། བདེ་བ་དང༌། འཚེ་བ་དང་བྲལ་ཞིང་སྡུག་བསྔལ་ཀུན་ལས་གྲོལ་བ་ཡིན་ནོ།། དེ་བཞིན་དེར་གནས་པ་རྣམས། ཚེ་ལོ་སྟོང་ཕྲག་བཅུ་ནས་བཅུ་གཉིས་ཀྱི་བར་དུ་གནས་པའོ།། ༥༤།།  དེར་ཆར་པ་ནམ་ཡང་མི་བབ་ཅིང༌། དེར་ས་གཞིའི་ཆུ་ལ་བརྟེན་པའོ། གནས་དེར་རྫོགས་ལྡན་གསུམ་ལྡན་ལ་སོགས་པའི་དུས་ཀྱི་རྣམ་རྟོག་ཀྱང་མེད་དོ།།༥༥།།  ཀྱེ་གཉིས་སྐྱེ་མཆོག༑ ཡུལ་སྡེ་དེ་དག་ལ་རིགས་ཀྱི་རི་བོ་བདུན་བདུན་དང༌། དེ་དག་ལ་ཆུ་བོ་བརྒྱ་ཕྲག་མང་པོ་བབ་བོ།།༥༦།།
དཔལ་ཁྱབ་འཇུག་གི་སྔོན་རབས་ལས་ཆ་ཤས་གཉིས་པའི་ལེའུ་གཉིས་པའོ།།      །།


དཔལ་ཁྱབ་འཇུག་གི་སྔོན་རབས་ལས་ཆ་ཤས་གཉིས་པའི་ལེའུ་གསུམ་པ་བཞུགས།།

ཤྲི་པ་རཱ་ཤཱ་ར་ནས་གསུངས་པ།
ཀྱེ་བྱམས་པ༑ རྒྱ་མཚོའི་བྱང་དང༌། ཁ་བའི་རིའི་ལྷ་ཕྱོགས་སྟེ་གང་དུ་བྷ་ར་ཏའི་མི་བརྒྱུད་གནས་པ་དེ་ལ་བྷཱ་ར་ཏའི་ཡུལ་ཞེས་བྱ་བ་ཡིན་ནོ།། ༡།།  ཀྱེ་ཐུབ་པ་ཆེན་པོ༑ དེའི་རྒྱ་ཁྱོན་ནི་དཔག་ཚད་སྟོང་ཕྲག་དགུའོ། འདི་ཉིད་བདེ་འགྲོ་དང་ངན་འགྲོ་འཐོབ་པར་བྱེད་པའི་ལས་ཀྱི་ས་ཡིན་ནོ།།༢།།  འདིར་མ་ཧེན྄་དྲ་དང༌། མ་ལ་ཡ། ས་ཧྱ། ཤུཀྟི་མཱན། རྀཀྵ། བིན྄་དྷཡ༌། པ་རི་ཡཱ་ཏྲ་སྟེ་རི་རྒྱུད་བདུན་གནས་སོ།།༣།།  ཀྱེ་ཐུབ་པ༑ ཡུལ་སྡེ་འདིའི་མི་རྣམས་དགེ་བའི་ལས་ཀྱིས་མཐོ་རིས་དང་ཐར་པ་འཐོབ་པར་བྱེད་ནུས་པ་དང༌། ཡང་འདི་ཉིད་ནས་དམྱལ་བ་དང་དུད་འགྲོའང་འཐོར་པར་བྱེད་དོ།། ༤།། འདི་ཉིད་ནས་མཐོ་རིས་དང་ཐར་པ། མཁའ་དབྱིངས་སམ། ས་འོག་ལ་སོགས་པ་འཐོབ་པར་བྱེད་ནུས་པ་དང༌། ས་གཞི་ལ་འདི་ཉིད་ལས་གཞན་གང་དུའང་མི་རྣམས་ལ་ལས་བསགས་པའི་ཐབས་ནི་མེད་དོ།།༥།།  བྷཱ་ར་ཏའི་ཡུལ་སྡེ་འདི་ཉིད་ལ་དབྱེ་བ་དགུ་སྟེ། ཨིན་དྲ་དེ་བ་དང༌། ཀ་སེ་རུ། ཏཱ་མྲ་པརྞ། ག་བྷསྟི་མཱན། ནཱ་ག་དེ་བ། སཽ་མྱ། ན྄་དྷ་ར ཝཱ་རུ་ཎ། དེ་བཞིན་དགུ་པ་ནི་བརྒྱ་མཚོས་བསྐོར་བའོ།། ༦ཿ །།  འདི་ཉིད་ཀྱི་བྱང་ནས་ལྷོའི་བར་དཔག་ཚད་སྟོང་ཕྲག་གཅིག་གོ། དེའི་ཤར་གྱི་ཕྱོགས་སུ་ཀི་རཱཏ་རྣམས་དང༌། ནུབ་ཀྱི་ཕྱོགས་སུ་ཡ་བ་ན་རྣམས་གནས་པའོ།།༨།།  དེར་བྲམ་ཟེ། རྒྱལ་རིགས། རྗེའུའི་རིགས་དང༌། དམངས་རིགས་རྣམས་ཀྱང་མཆོད་སྦྱིན་དང༌། དམག ཚོང་ལ་སོགས་པ་རང་རང་གི་ལས་ཀྱི་རཇེས་སུ་མཐུན་པར་སྤྱོད་པའི་སྒོ་ནས་གནས་པ་ཡིན་ནོ།། ༩།།  ཀྱེ་ཐུབ་པ༑ འདིར་ཆུ་བོ་ཤ་ཏ་དྲུ་དང༌། ཅན྄་དྲ་བྷཱ་གཱ་ལ་སོགས་པ་ཧི་མ་ལའི་རོང་ནས་འགྲོ་ཞིང༌། བེ་ད་དང་སྨྲྀ་ཏི་ལ་སོགས་པ་པཱ་རི་ཡཱ་ཏྲའི་རི་བོ་ནས་དང༌། ནརྨ་ད་དང་ས་ར་ས་ལ་སོགས་པ་རི་བོ་འབིགས་བྱེད་ནས་དང༌། ཏཱ་པི་དང་པ་ཡོཥ་ནི། ནིར་བིན་དྷཡ་ལ་སོགས་པ་རྀཀྵ་རི་བོ་ནས་བབ་བོ།།༡༠ཿ ༡༡།།  གོ་དཱ་བ་རི་དང༌། བྷི་མར་ཐི། ཀྲྀཥ྄་ཎ་བེ་ཎི་ལ་སོགས་པ་སྡིག་སྒྲིབ་དག་པར་བྱེད་པའི་ཆུ་བོ་རྣམས་ས་ཧྱའི་རི་བོ་ནས་བྱུང་ཞིང་བབ་བོ།།༡༢།།  ཀྲྀཏ་མཱ་ལཱ་དང་ཏཱ་མྲ་པརྞི་ལ་སོགས་པ་ནི་མ་ལ་ཡའི་རི་བོ་ནས་དང༌། ཏྲི་སཱ་མཱ། ཨརྱ་ཀུལ྄ཡ་ལ་སོགས་པ་ནི་མ་ཧེན྄་དྲ་རྀ་བརྒྱུད་ནས་དང༌། རྀ་ཥི་ཀུ་ལ྄ཡ་དང་ཀུ་མ་རི་ལ་སོགས་པ་ནི་ཤུཀྟི་མཱནའི་རི་བོ་ནས་བབ་བོ།། དེ་དག་གཞན་ཡང་ཉེ་བའི་ཆུ་བོ་སྟོང་ཕྲག་མང་པོ་ཡོད་དོ།།༡༣ཿ ༡༤།།  ཆུ་བོ་དེ་དག་གི་ངོགས་ན་སྒྲ་ངན་དང༌། པཉ྄་ཅཱལ། ཡུལ་དབུས་པ་རྣམས་དང༌། ཤར་ཕྱོག་ཀ་མ་རུ་པ། པུཎ྄་ཌ། ཀ་ལིངྒ༌། མ་ག་དྷ། ལྷོ་ཕྱོགས་པ། ཨ་པ་རཱནྟ་པ། སཽ་རཱཥ྄་ཊ྄ར། ཤཱུ་ར། ཨཱ་བྷིར། ཨ་ར་བྷུ་ད། ཀཱ་རུ་ཥ། མཱ་ལ་བ། པཱ་རི་ཡཱ་ཏྲ། སཽ་བཱིར། སཻན྄་དྷ་བ། ཧུ་ན། སཱ་ལ་བ། ཀོ་ཤ་ལ། མཱ་དྲ། ཨཱ་ར་མ། ཨམ྄་བཥ྄ཋ། རྣམས་དང༌། པར་སིག་པ་རྣམས་གནས་པའོ།། ༡༥ཿ ༡༧།། ཀྱེ་སྐལ་ལྡན༑ དེ་རྣམས་རྒྱུན་དུ་ཆུ་བོ་དེ་དག་འཐུང་ཞིང་ཕན་ཚུན་འབྲེལ་ཞིང་གནས་ལ། དེའི་རྐྱེན་ལས་དགའ་ཞིང་སྤྲོ་བར་གནས་པ་ཡིན་ནོ།། ༡༨།།  ཀྱེ་ཐུབ་པ༑ བྷཱ་ར་ཏའི་ཡུལ་སྡེ་འདི་ཁོ་ན་ལ་རྫོགས་ལྡན་གསུམ་ལྡན་གཉིད་ལྡན་རྩོད་ལྡན་ཞེས་བྱ་བའི་དུས་བཞི་ཡོད་ལ། གཞན་གང་དུའང་མེད་དོ།།༡༩།།  ཡུལ་འདིར་གཞན་ཕན་གྱི་ཆེད་དུ། ཐུབ་པ་རྣམས་དཀའ་ཐུབ་བྱེད་ཅིང༌། མཆོད་སྦྱིན་པ་རྣམས་མཆོད་སྦྱིན་གྱི་བྱ་བ་བྱེད་པ་དང༌། ནོར་ལྡན་རྣམས་གུས་པ་དང་བཅས་པའི་སྒོ་ནས་སྦྱིན་པ་གཏོང་བར་བྱེད་པ་ཡིན་ནོ།།༢༠།།  ཛམ྄་བུའི་གླིངའདིར་མཆོད་སྦྱིན་གྱི་སྐྱེས་བུ་རྣམས་ཀྱིས་ཁྱབ་འཇུག་ལ་མཆོད་སྦྱིན་བྱེད་ཅིང༌། གླིང་གཞན་དུ་ནི་ཐབས་གཞན་སྣ་ཚོགས་པས་མཆོད་པར་བྱེད་དོ། ཀྱེ་ཐུབ་པ་ཆེན་པོ༑ ཛམ་བུའི་གླིང་འདིའི་ནང་ནས་ཀྱང་བྷཱ་ར་ཏའི་ཡུལ་སྡེ་འདི་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། གང་གིས་ཞེ་ན།  འདི་ཉིད་ལས་ཀྱི་ས་ཡིན་ཞིང་གཞན་རྣམས་ལོངས་སྤྱོད་ཀྱི་ས་པ་ཡིན་པའི་ཕྱིར་རོ།། ༢༢།། ཀྱེ་དམ་པ༑ སྐྱེ་ལྡན་རྣམས་སྐྱེ་བ་སྟོང་ཕྲག་གི་བར་མཚམས་སུ་བསོད་ནམས་རྒྱ་ཆེན་པོའི་སྟོབས་ཀྱིས་ནམ་ཞིག་ན་འདིར་མིའི་སྐྱེ་བ་ལེན་པར་བྱེད་དེོ། གང་ཞིག་བདེ་འགྲོ་དང་ངན་འགྲོ་འདས་ནས་བྷཱ་ར་ཏའི་ཡུལ་དུ་སྐྱེ་བ་ལེན་པའི་མི་རྣམས་རང་ཅག་ལྷ་རྣམས་ལ་ལྟོས་ནས་ཀྱང་སྐལ་བ་དང་ལྡན་པའོ། ཞེས་ལྷའི་མཆོག་རྣམས་ཀྱང་གླུ་ལེན་པར་བྱེད་དོ།།༢༤།།  གང་ཞིག་ལས་ཀྱི་ས་དེར་སྐྱེ་བ་ལེན་ནས་འབྲས་བུའི་རེ་བ་དང་བྲལ་ཞིང༌། ལས་རྣམས་མཆོག་གི་བདག་ཉིད་བཅོམ་ལྡན་ཁྱབ་འཇུག་ལས་གཏད་ནས་དྲི་མ་ཟད་དེ་མཐའ་མེད་པ་ཉིད་དུ་ཐིམ་པར་བྱེད་པ་ཡིན་ནོ།།༢༥།།   མཐོ་རིས་ཀྱི་ལས་ཟད་པ་ན་རང་ཅག་གང་དུ་སྐྱེ་བ་ལེན་ནམ། དགེ་བ་ནི་འདི་ཉིད་དེ། བྷཱ་ར་ཏའི་ཡུལ་དུ་སྐྱེ་བ་ལེན་ནས། དབང་པོ་རྣམས་ཀྱི་ནུས་པ་ལ་བརྟེན་ནས་ཉམས་པ་མེད་པ་གང་ཡིན་པའོ།།༢༦།།  ཀྱེ་བྱམས་པ༑ དེ་ལྟར་རྒྱ་ཁྱོན་དཔག་ཚད་འབུམ་ཕྲག་ཅན་གྱི་ཡུལ་སྡེ་དགུས་ཁྱད་པར་དུ་འཕགས་པའི་ཛམ་བུའི་གླིང་འདི་ཉིད་ངས་མདོར་བསྡུས་སུ་བཤད་ཟིན་ཏོ།།༢༧།།
ཀྱེ་བྱམས་པ༑ ཛམ་བུའི་གླིང་འདི་ཉིད་ཀྱི་ཕྱི་རོལ་གྱི་ཕྱོགས་བཞིར་རྒྱ་ཁྱོན་དཔག་ཚད་འབུམ་ཕྲག་ཅན་གྱི་བ་ཚྭའི་རྒྱ་མཚོས་བསྐོར་བའོ།།༢༨།།       དཔལ་ཁྱབ་འཇུག་གི་སྔོན་རབས་ལས་ཆ་ཤས་གཉིས་པའི་ལེའུ་གསུམ་པའོ།།





No comments: