Saturday, August 16, 2014

སྟོང་འཇུག་རིས་མོ།

༄༅། །གཟའ་རྣམས་སྟོང་པར་འཇུག་ཚུལ་བཤད་པ།
  གཟའ་རྣམས་རང་འཁོར་རྫོགས་པ་ལས། །ངེས་པ་དག་ཚུལ་བརྗོད་པར་བྱ། །དཔལ་ལྡན་རྒྱུད་ལས་གཟའ་ཐམས་ཅད། །མི་ལོ་ས་ཡ་ཕྲག་བཞི་དང༌། །སུམ་འབུ་ཉི་ཁྲིའི་ཚོགས་ལ་ལྔས༌། །ཐོབ་པ་གནས་བཞིར་བཀོད་པ་ཡི། །སྟེང་ནས་ཆུ་དང་མེ་དང་མིག། །གཟུགས་ཀྱིས་བསྒྱུར་བས་རིམ་པ་བཞིན། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང༌།
རྩོད་དུས་ཚད་ཡིན་བསྡོམས་པའི་མཐར།།དག་པའི་སྟོང་རྩིས་གསུངས་པ་ནི།། དགོས་པའི་དབང་གིས་མ་དག་པ༌། །བྱེད་པ་བརྗོད་པའི་རྩིས་སུ་སྣང༌། འདིར་ནི་གྲུབ་མཐའ་ལས་བརྩམས་ཏེ། །དུས་མེ་མ་གཏོགས་གཟའ་ཀུན་གྱི། །ངེས་པའི་ཚོགས་རྣམས་ཟད་བྱེད་ལོའི།དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར། །ལྷན་ཅིག་རྣམ་པར་དག་ཚུལ་བཤད། །དེ་ལ་ཐོག་མར་སྟོང་རྩིས་ལ། །འཇུག་པའི་སྒོ་ནི་ཞག་གསུམ་པོ། །ལོ་ཡི་མཚམས་སུ་སྣ་མཉམ་ཞིང༌། །དེ་སྟེང་རང་རང་འཁོར་ཚད་དང༌། །དེ་ཡང་ཟད་བྱེད་ལོ་ཡི་མཐར༌། །ལྷན་ཅིག་འགྲིག་པ་ཞིག་དགོས་ཏེ། །སྟོང་ཆེན་དཀྱིལ་འཁོར་ཞེས་བཤད་པ། །ངེས་པའི་ཚོགས་རྣམས་ལྷན་ཅིག་ཏུ། །སྟོང་པར་ཞུགས་ལ་འཇོགས་དགོས་ཕྱིར།།
  དེ་ལྟར་ངེས་པས་བྱེད་པ་ཡི། །ལོ་མཚམས་དང་བསྟུན་བརྩི་ཚུལ་ནི། །ཉི་མའི་ཚེས་དྷུ་ཟླ་བཤོལ་བཅས། །དྲུག་ཅུ་རྩ་ལྔའི་ལོ་མཐར་དག། ཚུལ་དེ་བཅུ་གཉིས་ཟློས་པ་ཡིས། །མཁའ་ཀླུ་རི་བོའི་ལོ་ཡི་མཐར། དྲུག་ཅུ་སྐོར་དང་མཐུན་པར་འཁོར།།    །།
  ཟླ་རྐང་དག་ཚུལ་ཀླུ་ལག་ནི། །དུས་ཉིས་བསྒྱུར་བའི་ཚེས་ཟླའི་ཚོགས། །མདའ་རོས་བསྒྱུར་ལ་ཉི་མ་ཡིས། །ཐོབ་པ་མཁའ་དྲག་བུག་གཟུགས་ཀྱི། །ལོ་མཐར་ཆ་རིལ་འཁོར་བ་ཡིན། །ལོ་དེ་མིག་གིས་བསྒྱུར་བའམ། །མཁའ་ཀླུ་རི་བོ་ཞེ་དགུས་བསྒྱུར། །ཐིག་ཟུང་མིག་སྦྲུལ་རྩེ་མོའི་མཐར། །ཟླ་བཤོལ་ཉི་མ་ཟླ་རྐང་བཅས། །དྲུག་ཅུ་སྐོར་དང་མཐུན་པར་འཁོར།།    །།
   གཟའ་ཚེས་ངེས་པ་དག་ཚུལ་ནི། །ནམ་མཁའ་མིག་ཀླུ་མེ་སྐྱོན་ལོར། །ཉིན་ཚེས་འགྲིགས་སྟེ་ཉི་མ་ཡི། །ཉིན་ཞག་ངེས་པའང་ལོ་མཚམས་སུ། །རྣམ་པར་དག་མོད་གཟའ་འཁོར་ནི། །མ་དག་དག་ཕྱིར་རི་ཡི་བསྒྱུར། །སྟོང་མཚོ་ཐུབ་དུས་སྦྲུལ་ཉིའི་ལོར། །གཟའ་དྷུ་དག་ཅིང་ལོ་དེ་ལ། །མིག་གིས་བགོས་ཐབ་ལོ་དེའི་ཕྱེད། །མཁའ་རི་མེ་མེ་ཆུ་རོ་ཡི། །ལོར་ཡང་དག་སྟེ་འདྲ་བ་ཡིན། །ལོ་ཚོགས་སྔ་མ་མེས་བསྒྱུར་རམ། །ཕྱི་མ་རོ་ཡིས་བསྒྱུར་ཡང་རུང༌། །མཁའ་མིག་མིག་མཁའའའ་དུས་ཀླུ་མེའི། །ལོ་མཐར་གཟའ་ཚེས་ངེས་པ་ནི། །དྲུག་ཅུ་སྐོར་གྱི་མཚམས་སུ་དག། སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །ཐིག་ཟུང་མིག་སྦྲུལ་རྩེ་མོའི་ལོ། །གཟུགས་མཁའ་གཟུགས་ཀྱིས་བསྒྱུར་བྱས་པས། །སྔར་ལྟར་མཁའ་མིག་མིག་མཁའ་སོགས། །འཆར་ཏེ་འདི་ལ་ལྔ་བསྡུས་རྣམས།། དྲུག་ཅུ་སྐོར་དང་མཐུན་པར་འཁོར།།    །།
  སྒྲ་གཅན་ཆེད་དུ་མཁའ་མེ་ལག །མིག་མཁའ་ཆུ་བོས་བསྒྱུར་བ་ལ།། ཟླ་བཤོལ་འཁོར་གྲངས་བརྒྱད་བརྒྱ་བཞིས། །བགོས་པས་ལོར་འདྲི་འབྱུང་བ་དྲག །ལོ་དེ་མདའ་རོས་བསྒྱུར་བ་ཡིས། །ལྔ་རི་མཚོ་བདུན་ལོ་ཡི་མཐར། སྒྲ་གཅན་ཚེས་ཀྱི་ངེས་པ་དག །ལོ་དེ་ཉི་མས་བསྒྱུར་བ་ཡིས། །སྟོང་མཁའི་རི་གཏེར་བཀྲ་ཤིས་མཐར། །སྒྲ་གཅན་ཟད་བྱེད་ལོ་མཐར་འཁོར། །སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །ལྔ་བསྡུས་འཁོར་བའི་ལོ་ཚོགས་དེ། །ཚེས་ཀྱི་ཟླས་བསྒྱུར་མཁའ་སྟོང་གསུམ། །དེ་ཉིད་རྩ་གསུམ་རིག་བྱེད་མཚོའི། །ལོ་མཐར་ལྔ་སྒྲ་ལྷན་གཅིག་ཏུ། །དྲུག་སྐོར་དང་མཐུན་པར་འཁོར།།   །།
  བཀྲ་ཤིས་ཆེད་དུ་རི་ཀླུ་རོ།།འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས།། འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར་བ་ལ། །དེ་ཉིད་མཁའ་མིག་རི་དབང་རྩེར།། མེ་ཡིས་ཐོབ་པ་བུག་མིག་ལག །ཉིན་ཚེས་འགྲིགས་པའི་ལོ་དེ་ཉིད། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་བུག་མེ་རི་མཚོ་ཕྱོགས་གཉིས།།  ༼ཡང་ན་ཉིན་ཞག་རི་ཀླུ་རོ། །ཉི་མ་འདོད་ཟླས་བསྒྱུར་བ་ཡིས། །མཚོ་ཆུ་འདོད་ཐུབ་ས་འཛིན་གླིང༌། །འཆར་བ་ཚེས་ཞག་གྲངས་ཡིན་ཏེ།། ལྔས་བསྒྱུར་མཁའ་མེས་ཐོབ་པའི་ཚོགས༌། །གཟུགས་ཟད་མིག་གིས་བསྒྱུར་བ་ལ།། མཚོ་ཟད་ཀླུས་ཐོབ་ཚོགས་མདའ་རོས།། བསྒྱུར་བས་མཁའ་བུག་མེ་རི་སོགས། སྔར་ལྟར་འཆར་ཏེ་ལོ་འདིའི་མཐར།༽ །བཀྲ་ཤིས་ངེས་པ་རྣམ་པར་དག།    ལོ་དེ་རོས་བསྒྱུར་མཁའ་ཆུའི་རྩེར།། ཆུ་སྦྲུལ་འཁྲིག་དུས་ཉི་མའི་ལོར། །དྲུག་ཅུ་སྐོར་གྱི་མཚམས་སུ་དག། སྔར་དང་སྒྲིག་ཕྱིར་ལྔ་སྒྲ་རྣམས། །འཁོར་གྲངས་མཁའ་སྟོང་གསུམ་སོགས་ལོ། །བུག་མིག་ལག་པས་བསྒྱུར་བ་ཡིས། །ཐིག་ཟད་རི་གསུམ་གཏེར་དབྱིག་བརྒྱད། དབང་རྒྱལ་ཕྱོགས་ཀྱི་ལོ་ཡི་ཐར༌། །བཀྲ་ཤིས་དང་བཅས་ལྔ་སྒྲ་རྣམས༌།། ཟད་པའི་ལོ་མཐར་སྟོང་པར་འཇུག།   །།
  ཕུར་བུ་སོ་ཡོན་རིག་བྱེད་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར་བ་ལ། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་རིག་བྱེད་རྒྱ་མཚོ་ཡིད། །ཕྱོགས་བུ་ག་གཟུགས་བུ་གིས་བསྒྱུར་ལོ། །མཁའ་བཞི་ཟད་སྐྱོན་འཁོར་ལོ་འདོད། འདིའི་མཐར་ཕུར་བུའི་ངེས་པ་དག། ལོ་དེ་མེས་བསྒྱུར་སྟོང་ཁྱིམ་བཞི། །ཚེས་བརྒྱད་རྩ་གསུམ་ལོ་ཡི་མཐར། །ཟད་བྱེད་མཐའ་རུ་རྣམ་པར་དག།  སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དམར། །འཁོར་བའི་ཐིག་ཟད་རི་གསུམ་སོགས། །ལག་མིག་ཐུབ་པས་བསྒྱུར་བ་ཡིས། །སྟོང་པ་མཁའ་ཡི་དེ་ཉིད་གཟུགས། །མིག་རི་རི་བུག་མེ་མེ་རིའི། །ལོ་མཐར་ལྔ་སྒྲ་མིག་ཕུར་དག། །།
  སྤེན་པ་རོ་དུས་ཐུབ་ཕྱོགས་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །ཚེས་མཁའ་མེ་ཡིས་བསྒྱུར་བ་ལ། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་རོ་དུས་ཐུབ་ཕྱོགས་སོ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །སྟོང་དུས་སྟོང་གསུམ་མཁའི་དབང་པོ། །གདེང་ཅན་དགུ་མཐར་སྤེན་པ་དག། ཚོགས་དེ་མེས་བསྒྱུར་ནམ་མཁའི་སྐྱོན། །གཏེར་མཁའ་འབྱུང་བཤུལ་ལྷ་རོ་དགུ། །བརྩེགས་མཐར་ཟད་བྱེད་ལོ་མཐར་འཁོར།།  དལ་བ་སྟོང་པ་མཁའ་ཡིད་སོགས། །སྲིན་པོ་རོ་བདུན་གྱིས་བསྒྱུར་བས། །མཁའ་ཟུང་རོ་ཟུང་སོ་མིག་བཞི། །རོ་གླིང་ཆུ་སྦྲུལ་འཁྲིག་སྡེའི་མཚོ། །དུས་སུ་འབྱུང་ཚེ་གོང་བཅས་དག།    །།
    པ་བ་སངས་ལ་རི་རྒྱལ་མིག །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར་བ་ལ། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་སྲིན་པོ་ཆུ་རིར་གནས། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་གཏེར་ལྔ་ཟད་ཆུ་སྦྲུལ་བརྒྱད། །དྲོ་བའི་ལོ་མཐར་དཀར་པོ་དག། ཚོགས་དེ་རོས་བསྒྱུར་ཟད་མཐར་དག།   སངས་སྔོན་རི་བོ་ཕྱོགས་ཀྱིས་བསྒྱུར། །སྟོང་ཟུང་འཁྲིག་དུས་ཆུ་རྩ་བརྒྱད། །བགྲོད་རྟ་རི་རྩའི་མཚམས་བཞི་ནོར། །དཀོན་མཆོག་རྩ་གསུམ་ཟད་དུས་དག།  །།
  ལྷག་པའི་རི་བུག་རི་ཀླུ་ནི།།འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས།། ཚེས་མཁའ་མེ་ཡིས་བསྒྱུར་བ་ལ། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་རི་བུག་རོ་ཀླུ་དེ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །ནམ་མཁའི་འཁོར་ལོ་སོ་དབང་བརྒྱད། །ཟད་པའི་ནོར་འཆར་ལྷག་པ་ཡི། །མྱུར་བ་ལོ་མཚམས་རྣམ་པར་དག། ལྷག་པ་དྲན་པས་བསྒྱུར་བ་ན། །མཁའ་བགྲོད་དུས་གསུམ་སྐྱེ་རྒུའི་ཟླ། །རང་དབང་ནོར་བཞིའི་མཐའ་མར་དག། ལྷག་སྔོན་མེ་རོ་ཆུ་ཡིས་བསྒྱུར།། མཁའ་སྟོང་དུས་མེད་གཏེར་ཟད་ཐབས། །སྟོང་འབྱུང་ལྷ་སྡེའི་མཁའ་དབང་དྲག །དབང་གསུམ་འཁྲིག་དུས་རྩ་དབང་ཉམས། །ཡོངས་རྫོགས་ཟད་བྱེད་ལོ་མཐར་འཁོར།།   །།
    དེ་ལས་འཁོར་ཚུལ་གཞན་མེད་པས། །སླར་ཡང་སྔར་བཞིན་འཁོར་བ་ཡིན། །དེ་ལྟར་རང་རང་ཟད་བྱེད་མཐར། །སྟོང་པར་འཇུག་ཐེངས་རེའི་ཡུན་ལ། །ལོ་མཚམས་དག་ཐེངས་འདི་ལྟ་སྟེ། །ཉི་མ་སྒྲ་གཅན་ལན་བཅུ་གཉིས། །རིལ་པོ་ཆ་ཤས་ལན་གཉིས་ཏེ། །ཚེས་གཟའི་དྷུ་བ་མིག་དམར་དང། །ལྷག་པ་པ་སངས་ལན་དྲུག་རེ། །ཕུར་བུ་སྤེན་པ་ལན་གསུམ་མོ། །ཉི་མ་དག་པས་ཟླ་བ་དང༌། །དུ་བ་ཞི་གཉིས་བཅས་པ་ཡི།། རྩ་བའི་ལོངས་སྤྱོད་དག་འགྱུར་ཞིང༌། །དུས་མེ་དེ་ཚེ་ནག་པ་ཡི།། ཕྱེད་ན་གནས་པས་དག་པ་མེད། །དེ་ཕྱིར་རྩ་བའི་ལོངས་སྤྱོད་ལ། །བརྟེན་ནས་སྟོང་རྩིས་ལ་འཇུག་ན། །ལྔ་སྒྲ་དྲག་གསུམ་ལྷན་ཅིག་ཏུ། །དག་པའི་ལོ་གནས་བཅུ་བདུན་པས། །ཆོག་མོད་འོན་ཀྱང་རྩིས་འཕྲོ་ཡི། །ངེས་པ་རྟེོགས་ཕྱིར་ཞི་གཉིས་ཀྱི། །རྐང་པ་དང་བཅས་ལྷན་ཅིག་ཏུ། །འཁོར་བའི་ལོ་གནས་ཉེར་གཉིས་བཀོད། །འདི་ལས་ད་ལྟའི་ཤིང་རྟ་ཡན། །འདས་ལོ་ཇི་ཙམ་སོང་བའི་གྲངས། །ལེའུ་བཞི་པར་སྔར་བཤད་དོ། །དེ་དག་སྟེང་དུ་འདས་ལོའི་གྲངས། །བསྣན་ཏེ་རྩིས་འཕྲོའི་ངས་པ་འཚོལ། །དེ་ཡིས་སྟོང་ཆེན་ལོ་ཚོགས་ལ། །ཕྲ་བས་ད་ནས་ཇི་ཙམ་ན། །།སྟོང་པར་འཇུག་པའི་དུས་ངེས་འགྱུར།།
   རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རང་རང་གི་འཁོར་ལོས་སྟོང་པས་ངེས་པ་སྡུད་པའི་ཚུལ་བཤད་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།

   སླར་ཡང་ངེས་པ་སྐྱེ་བའི་ཚུལ་བཤད་པ།

  དེ་ལྟར་ཟད་པ་མེ་སྟག་ལོའི། །དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར།། གཟའ་རྣམས་ངེས་པ་དག་པ་ལས། །སླར་ཡང་རབ་བྱུང་ལོའི་ནག་ཟླའི།། ཚེས་གཅིག་ནས་གཟུང་བརྩི་བ་ན། །དྷུ་བ་སྟོང་པའི་གནས་རྣམས་སུ། རང་རང་རྟག་ལོངས་གནམ་སྟོང་བར། །བརྩེགས་ལ་རྐང་རྩིས་ཚུལ་བཞིན་དུ། །བྱས་པས་ནག་པ་ཟླ་བ་ཡི། །ཚེས་གཅིག་རི་ཐུར་གཟའ་གཅིག་དང༌། །ཆུ་ཚོད་བཅོ་ལྔ་ཉི་དག་ལ། །སྐར་མ་ནམ་མཁའ་ཆུ་ཚོད་ཚེས། །རེས་འགྲོགས་ཟླ་བར་སྐར་མ་ཐིག །ཆུ་ཚོད་མཚོ་དབང་སྦྱོར་བ་གཅིག །ཚུ་ཚོད་དགུ་ལ་སོགས་པ་དང༌། །བྱེད་པར་གཅིག་ཡིག་རྣམས་འཆར་ཞིང༌། །ནག་ཟླ་རྫོགས་ནས་ཟླ་བ་ཡིས། །ངེས་པ་སྐྱེས་བས་བྱ་སླར་ཟད། །དེ་ཕྱིར་རྒྱུད་ལས་ལོ་རབ་བྱུང༌། །ནག་ཟླ་དཀར་པོའི་ཚེས་གཅིག་དང༌། །རེས་གཟའ་ཉི་མ་སྦྱོར་སེལ། །བྱེད་པ་བ་བཾ་སོགས་ཐམས་ཅད།། དང་པོ་ཁོ་ནང་འཆར་བ་རུ། །གསུངས་པ་ཇི་བཞིན་འགྲིག་པ་ཡིན།།


  རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །སླར་ཡང་ངེས་པ་སྐྱེ་ཚུལ་བཤད་པའི་སྐབས་ཏེ་བཅུ་དགུ་པའོ།།    །།

No comments: