Thursday, September 13, 2018

མངོན་པ་མཛོད་ གནས་བཞི་པའི་བར་གྱི་ གལ་ཆེ་བའི་ཚིགས་བཅད།



༄༅། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་བཞུགས།། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།



༼མཆོད་བརྗོད་རྩོམ་པར་དམ་བཅའ།༽ གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ།།
༼མཛོད་ཀྱི་འགྲེལ་བཤད།༽ ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་འཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད།། ༼ཆོས་མངོན་པ་གསུངས་པའི་དགོས་པ།༽ ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།།
༼ཟག་བཅས་ཟག་མེད།༽ ཟག་བཅས་ཟག་པ་མེད་ཆོས་རྣམས། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས།།
༼འདུས་མ་བྱས་གསུམ།༽ དེ་ལ་ནམ་མཁའ་མི་སྒྲིབ་པ་འོ། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས།།
༼འདུས་བྱས་ཆོས་ཀྱི་མདོར་བསྟན།༽ འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ།། ༼འདུས་བྱས་ཀྱི་མིང་གི་རྣམ་གྲངས།༽ དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས།། ༼ཉེར་ལེན་གྱི་ཕུང་པོའི་མིང་གི་རྣམ་གྲངས།༽ གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན།།

མཛོད་གནས་དང་པ། བརྗོད་བྱ་ཕུང་ཁམས་སྐྱེ་མཆེད།
༼འདུས་བྱས་ཕུང་པོ་ལས་དང་པོ་གཟུགས་ཀྱི་ཕུང་པོ།༽ གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད།། ༼དབང་པོ་ལྔ།༽ དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས།། ༼དོན་ལྔ།༽ གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ།། ༼རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས།༽གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད།།
༼དབང་པོ་ལྔ་དང་དོན་ལྔ་པོ་སྐྱེ་མཆེད་དང་ཁམས་སུ་གཏོང་བ།༽ དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད།།
༼ཚོར་བ་འདུ་ཤེས་འདུ་བྱེད་གསུམ།༽ ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན།།
༼དེ་གསུམ་སྐྱེ་མཆེད་དང་ཁམས་སུ་གཏོང་བ།༽ དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ།།
༼རྣམ་ཤེས་ཀྱི་ཕུང་པོ།༽ རྣམ་ཤེས་སོ་སོར་རྣམ་རིག་པ།།
༼དེ་སྐྱེ་མཆེད་དང་ཁམས་སུ་གཏོང་བ། ༽ ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད།། ༼ཡིད་ཀྱི་ངོས་འཛིན།༽ དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ།། ༼ཡིད་བཤད་དགོས་པའི་རྒྱུ་མཚན།༽ དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད།།
༼བསྡུ་ཚུལ།༽ ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར།། ༼དབང་པོ་གཉིས་གཉིས་བཤད་པའི་རྒྱུ་མཚན།༽ མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་།། ༼ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲ་བཤད།༽ སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན།། ༼ཕུང་ཁམས་སྐྱེ་མཆེད་ལོགས་སུ་བཤད་དགོས་པའི་རྒྱུ་མཚན།༽ རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ།། ༼ཚོར་བ་དང་འདུ་ཤེས་ལོགས་སུ་བཤད་དགོས་པའི་རྒྱུ་མཚན།༽ རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་གཞག། ༼ཕུང་པོའི་ནང་འདུས་མ་བྱས་མ་བཤད་པའི་རྒྱུ་མཚན།༽ ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད།། ༼ཕུང་པོའི་གོ་རིམ།༽ རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ།། ༼དབང་པོ་ལྔའི་གོ་རིམ།༽ ད་ལྟའི་དོན་ཕྱིར་དང་པོ་ལྔ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ།། ༼གཟུགས་ཀྱི་སྐྱེ་མཆེད་དང་ཆོས་ཁམས་ལ་མིང་དེ་ལྟར་བཏགས་པའི་རྒྱུ་མཚན།༽ བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད།། ༼ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ།༽ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས།། ༼ཆོས་ཕུང་གི་ཚད།༽ ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས།། ༼ཆོས་གཞན་རྣམས་བསྡུ་ཚུལ།༽ དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ།།
མཛོད་གནས་གཉིས་པ།
བརྗོད་བྱ། དབང་པོ་ཉེར་གཉིས། འདུས་བྱས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུ་དང་བཅས་པའོ།། དང་པ་དབང་པོ་ཉེར་གཉིས།
དབང་པོ་ཉེར་གཉིས་ནི། མིག་སོགས་ལྔ། ཕོ་མོའི་དབང་པོ་གཉིས། སྲོག་ཡིད་གཉིས། བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་བཅས་ཚོར་བ་ལྔ་དང་བཅས་འཁོར་བའི་དབང་པོ་བཅུ་བཞི། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་བཅས་དད་སོགས་ལྔ། ཀུན་ཤེས་བྱེད་པ། ཀུན་ཤེས་པ། ཀུན་ཤེས་ལྡན་པ་བཅས་དྲི་མེད་གསུམ་སྟེ་རྣམ་བྱང་གི་དབང་པོ་བརྒྱད་དོ།
༼བྱེ་སྨྲའི་ལུགས་ཀྱི་དབང་པོའི་ངོ་བོ།༽ ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་བཞི་རྣམས་གཉིས་ལ་ལོ།། ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ།། ༼ལུས་མཛེས་པ། བསྲུང་བ། རང་གི་རྣམ་ཤེས་སྐྱེད་པ། ཐུན་མོང་མ་ཡིན་པའི་ལས་གཟུགས་བལྟ་བ་སོགས་ལ་དབང་བྱེད་དོ། ཕོ་མོའི་དབང་པོ་གཉིས་ཀྱིས་སེམས་ཅན་གྱི་བྱེ་བྲག་འབྱེད་པ་དང་། ཁྱད་པར་བྱེད་ལས་ལ་དབང་བྱེད་དོ། སྲོག་གིས་རིགས་མཐུན་མཚམས་སྦྱོར་བ་དང་། རྒྱུན་གནས་པ་ལ་དབང་བྱེད་དོ། ཡིད་ཀྱིས་ཡང་སྲིད་དུ་ཉིང་མཚམས་སྦྱོར་བ་དང་། དགེ་དང་མི་དགེ་སོགས་རང་གི་ངོ་བོ་དང་མཐུན་པར་དབང་བྱེད་དོ། ཚོར་བ་ལྔས་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་དང་། དད་སོགས་ལྔ་དང་དྲི་མེད་གསུམ་པོས་ནི་རྣམ་བྱང་ལ་དབང་བྱེད་དོ།༽
༼མདོ་སྡེ་པའི་ལུགས་ཀྱི་དབང་པོའི་ངོ་བོ།༽ རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག །རིགས་གནས་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང་། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ།།
༼བྱེ་སྨྲའི་ལུགས་ཀྱི་དབང་པོའི་གྲངས་ངེས།༽ སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དུ།། ༼སེམས་ཀྱི་རྟེན་བྱེད་པའི་ཕྱིར་དབང་པོ་དྲུག སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཕྱིར་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པའི་དབང་དུ་བྱས་ནས་སྲོག་སྟེ་ཀུན་ཉོན་གྱི་གཞིའི་དབང་པོ་དགུ། ཀུན་ཉོན་གྱི་བོ་དང་འབྲས་བུའི་ཚོར་བ་ལྔ། རྣམ་བྱང་གཞི་དད་སོགས་ལྔ། རྣམ་བྱང་གི་ངོ་བོ་འབྲས་བུའི་དབང་པོ་དྲི་མེད་གསུམ་མོ།།༽
༼མདོ་སྡེ་པའི་ལུགས་ཀྱི་དབང་པོའི་གྲངས་ངེས།༽ ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ།། ༼འཁོར་བར་འཇུག་པའི་རྟེན་མིག་སོགས་དབང་པོ་དྲུག སྐྱེ་བའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་གཉིས། གནས་པའི་དབང་དུ་བྱས་ནས་སྲོག ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་ཚོར་བ་ལྔ་བས་བཅུ་བཞི་དང་། རྣམ་བྱང་གི་རྟེན་དད་སོགས་ལྔ། སྐྱེ་བའི་དབང་དུ་བྱས་ནས་ཀུན་ཤེས་བྱེད་པ། གནས་པའི་དབང་དུ་བྱས་ནས་ཀུན་ཤེས་པ། ཉེར་སྤྱོད་ཀྱི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའོ།།༽
༼ཉེར་གཉིས་ལས་ཚོར་བ་ལྔ། ལུས་ཚོར་སིམས་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་སིམས་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན། །སེམས་ཀྱི་སིམ་པ་མ་ཡིན་གང་། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །བར་མའོ་གཉིས་ཀའི་མི་རྟོག་ཕྱིར།།  ༼དྲི་མེད་གསུམ། ༽ མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད།།

གཉིས་པ་འདུས་ཀྱི་སྐྱེ་ཚུལ་བཤད་པ།
༼བྱེ་བྲག་སྨྲ་བའི་ལུགས་ལ་ཤེས་བྱ་གཞི་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་རྟག་པའི་གཞི་དང་ལྔ་ལས། འདུས་མ་བྱས་ལ་སྐྱེ་འགག་མེད་པས། སྐྱེ་ཚུལ་བཤད་དགོས་དོན་མེད་ལ། འདུས་བྱས་ཀྱི་སྐྱེ་ཚུལ་ལས་དང་པོ་གཟུགས་ཅན་གྱི་སྐྱེ་ཚུལ་ནི།༽
འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་འོ། །དབང་པོ་གཞན་ལྡན་རྫས་བཅུ་འོ།།
༼གཉིས་པ་གཟུགས་ཅན་མ་ཡིན་པ་ལ་གཙོ་བོ་སེམས་དང་འཁོར་སེམས་བྱུང་གྱི་སྐྱེ་ཚུལ།༽ སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཐོབ་པའམ་་་་་།།
༼སེམས་བྱུང་གི་སྡེ་ཚན།༽ སེམས་བྱུང་རྣམ་ལྔ་སྟེ། །ས་མང་ལ་སོགས་ཐ་དད་ཕྱིར།། ༼སེམས་ཀྱི་ས་མང་བཅུ།༽ ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ།། ༼དགེ་བའི་ས་མང་བཅུ།༽ དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་།། ༼ཉོན་མོངས་ཆེན་པོའི་ས་མང་དྲུག༽ རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་།། ༼མི་དགེ་བའི་ས་མང་གཉིས།༽ མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ ༼ཉོན་མོངས་ཆུང་ངུའི་ས་མང་བཅུ།༽ ཁྲོ་བ་དང་། །ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས།། ༼མ་ངེས་པ་བརྒྱད།༽ རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད།།

མངོན་པ་འོག་མའི་ལུགས།
མངོན་པ་གོང་མའི་ལུགས།
སེམས་ཀྱི་ས་མང་བཅུ།
ཚོར་བ། སེམས་པ། འདུ་ཤེས།
འདུན་པ། རེག་པ། བློ་གྲོས། ༼ཤེས་རབ།༽ དྲན་པ། ཡིད་ལ་བྱེད་པ། མོས་པ། ཏིང་ངེ་འཛིན།
ཀུན་འགྲོ་ལྔ།
ཚོར་བ། འདུ་ཤེས། སེམས་པ། ཡིད་ལ་བྱེད་པ། རེག་པ།
ཡུལ་ངེས་ལྔ།
འདུན་པ། མོས་པ། དྲན་པ། ཏིང་འཛིན། ཤེས་རབ།
དགེ་བའི་ས་མང་བཅུ།
དད་པ། བག་ཡོད། ཤིན་སྦྱངས།
བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད། འདོད་ཆགས་མེད་པ། ཞེ་སྡང་མེད་པ། རྣམ་པར་མི་འཚེ་བ། བརྩོན་འགྲུས།
དགེ་བ་བཅུ་གཅིག
དད་པ། བག་ཡོད། ཤིན་སྦྱངས།
བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད། འདོད་ཆགས་མེད་པ། ཞེ་སྡང་མེད་པ། རྣམ་པར་མི་འཚེ་བ། བརྩོན་འགྲུས། གཏི་མུག་མེད་པ།
ཉོན་མོངས་ཆེན་པོའི་
ས་མང་དྲུག
རྨོངས་པ། ༼མ་རིག་པ།༽ བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པ།
རྩ་བའི་
ཉོན་མོངས་དྲུག
འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ༼མ་ངེས་པ།༽  མ་རིག་པ། ༼ཆེན་པོ།༽
ལྟ་བ།
མི་དགེ་བའི་ས་མང་གཉིས།
ཁྲེལ་མེད་པ། ང་ཚ་མེད་པ།


ཉོན་མོངས་ཆུང་ངུའི་
ས་མང་བཅུ།
ཁྲོ་བ། འཁོན་དུ་འཛིན་པ། གཡོ། ཕྲ་དོག འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་པར་འཚེ་བ།
ཉེ་ཉོན་ཉི་ཤུ།
བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པ། ༼ཆེན་པོ།༽ ཁྲེལ་མེད་པ། ང་ཚ་མེད་པ། ༼མི་དགེ།༽
ཁྲོ་བ། འཁོན་དུ་འཛིན་པ། གཡོ། ཕྲ་དོག འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་པར་འཚེ་བ། ༼ཆུང་ངུ།༽ རྣམ་གཡེང་། བརྗེད་ངེས། ཤེས་བཞིན་མིན་པ།
མ་ངེས་པ་བརྒྱད།
རྟོག་པ། དཔྱོད་པ། འགྱོད་པ། གཉིད། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ།
གཞན་འགྱུར་བཞི།
རྟོག་པ། དཔྱོད་པ། འགྱོད་པ། གཉིད། ༼མ་ངེས་པ།༽
༤༦
༥༡
༼མཛོད་ལུགས་བྱུང་ཞེ་དྲུག་སྟེ། །མ་ངེས་བརྒྱད་དང་ངེས་སོ་བརྒྱད། །བདུན་ཅུ་རྩ་བདུན་འདོད་པའང་ཡོད། །གོང་མར་ལྔ་བཅུ་རྩ་གཅིག་ཡིན། །མཛོད་ལུགས་སེམས་ཀྱི་ས་མང་བཅུར། །གོང་མས་ཀུན་འགྲོ་ཡུལ་ངེས་ལྔ། །གཏི་མུགས་མེད་བསྣན་དགེ་བཅུ་གཅིག །མ་ངེས་འདོད་ཆགས་ཁོང་ཁྲོ་དང་། །ང་རྒྱལ་ཐེ་ཚོམ་ཉོན་མོངས་པ། །ཆེན་པོའི་རྨོངས་དང་ལྟ་བསྣན་པས། །རྩ་བའི་ཉོན་མོངས་དྲུག་ཏུ་འདོད། །དྲུག་པོའི་ལྷག་མ་ལྔ་པོ་དང་། །མི་དགེ་གཉིས་དང་ཁྲོ་སོགས་བཅུ། །རྣམ་གཡེང་བརྗེད་ངེས་ཤེས་བཞིན་མིན། །གསུམ་བསྣན་ཉེ་ཉོན་ཉི་ཤུ་ཡིན། །མ་ངེས་རྟོག་དཔྱོད་གཉིད་འགྱོད་བཞི། །གཞན་འགྱུར་བཞི་ཞེས་བྱ་བ་ཡིན།།༽
༼གསུམ་པ་ལྡན་མིན་འདུ་བྱེད་ཀྱི་སྐྱེ་ཚུལ།༽ མི་ལྡན་པ་ཡི་འདུ་བྱེད་རྣམས།། ༡ཐོབ་དང་༢མ་ཐོབ་༣སྐལ་མཉམ་དང་།། ༤འདུ་ཤེས་མེད་༥་༦སྙོམས་འཇུག་པ་དང་།། ༧སྲོག་དང་༨་༡༡མཚན་ཉིད་རྣམས་དང་ནི།། ༡༢་༡༤མིང་གི་ཚོགས་ལ་སོགས་པ་ཡང་།། ༼༤འདུ་ཤེས་མེད་པ་པ། ༥འདུ་ཤེས་མེད་པའི་སྙོམས་འཇུག ༦འགོ་པའི་སྙོམས་འཇུག ༨སྐྱེ་བ། ༩གནས་པ། ༡༠རྒ་བ། ༡༡མི་རྟག་པ། ༡༢ མིང་། ༡༣ཚིག ༡༤ཡི་གེ།༽
༈ ཐོབ་པ་རྙེད་དང་ལྡན་པ་འོ།། ༈ མ་ཐོབ་མ་བསྒྲིབས་ལུང་མ་བསྟན།། ༈ སྐལ་མཉམ་སེམས་ཅན་འདྲ་བ་འོ།། ༈ འདུ་ཤེས་མེད་པ་བ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ་རྣམ་སྨིན་དེ་འབྲས་ཆེ།། ༈ དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །བསམ་གཏན་ཐ་མར་འབྱུང་འདོད་པས། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པའི་མ་ཡིན་དུས་གཅིག་འཐོབ།། ༈ འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེས། །དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས་འཕགས་པའི་སྦྱོར་བས་འཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་འཐོབ་བྱ། ། ༈ སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པ་འོ།། ༈ མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག། ༈ མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས།།

གསུམ་པ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ།
༼རྒྱུ་དྲུག༽ བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།། ༈ རང་ལས་གཞན་པ་བྱེད་རྒྱུའི་རྒྱུ།། ༈ ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས།། ༈ སྐལ་མཉམ་རྒྱུ་ནི་འདྲ་བ་འོ། །རང་རིགས་ས་པའོ་སྔར་སྐྱེས་རྣམས།། ༈  མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ།། ༈ ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་སྔ།། ༈ རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན།།
༼འབྲས་བུ་ལྔ།༽རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་།། ༈ རྒྱུ་མཐུན་རྒྱུ་དང་འདྲ་བ་འོ།། ༈ བྲལ་བ་བློ་ཡིས་ཟད་པ་འོ།། ༈ གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས།། ༈ སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས།། ༼འབྲས་བུ་དེ་དག་རྒྱུ་གང་གི་ཡིན་པ།༽ རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་ ༼ལྷན་འབྱུང་དང་མཚུངས་ལྡན།༽ གཉིས་ཀྱི་ཡིན།།
༼རྐྱེན་བཞི།༽ རྐྱེན་ནི་བཞི་པོ་དག་ཏུ་གསུངས།། ༈ རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན།། ༈ སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག།དམིགས་པ་ཆོས་རྣམས་ཐམས་ཅད་དོ།། ༈ བྱེད་རྒྱུ་ཞེས་བྱ་བདག་པོར་བཤད།། ༈ ༼རྐྱེན་གྱིས་འབྲས་བུ་སྐྱེད་ཚུལ།༽ ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ་སྐྱེ་མཉམ་ཀུན་འགྲོ་རྣམ་སྨིན་གསུམ་པོ་ནི། །སྐྱེ་ལའོ་དེ་ལས་གཞན་པ་ཡི། །རྐྱེན་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་དག་དེ་ལས་བཟློག་པ་ཡིན།། ༼འབྲས་བུ་སྐྱེད་པ་ལ་རྐྱེན་ཇི་ཙམ་དགོས་པ།༽ བཞི་ཡིས་སེམས་དང་སེམས་བྱུང་རྣམས། །དམིགས་རྐྱེན་མ་གཏོགས་པའི་གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ལྡན་མི་འདུ་བྱེད་ཀྱི་ལྷག་མ་དང་གཟུགས་ཅན་རྣམས་ནི་གཉིས་པོ་དག་ལས་སྐྱེ།། ༈ ༼རྒྱུ་གཞན་འདོད་པ་དགག་པ།༽ དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར།།


མཛོད་གནས་གསུམ་པ་འཇིག་རྟེན་བསྟན་པ།
  ༼ཁམས་གསུམ་འགྲོ་བའི་དབྱེ་བ།༽ དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ།། ༼དམྱལ་བ་ལ་ཚ་དམྱལ་བརྒྱད། ཡི་དྭགས། དུད་འགྲོ། མི་ལ་གླིང་བཞི། འདོད་པའི་ལྷ་ལ་རྒྱལ་ཆེན་རིགས་བཞི། སུམ་ཆུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་འདོད་ཁམས་ཀྱི་དབྱེ་བ་ཉི་ཤུའོ།།༽ ༈ གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན།།
གཟུགས་ཁམས་གནས་རིས་བཅུ་བདུན།
བསམ་གཏན་དང་པོའི་གནས།
ཚངས་རིས། ཚངས་པའི་མདུན་ན་འདོན། ཚངས་ཆེན།
བསམ་གཏན་གཉིས་པའི་གནས།
འོད་ཆུང་། ཚད་མེད་འོད། འོད་གསལ།
བསམ་གཏན་གསུམ་པའི་གནས།
དགེ་ཆུང་། ཚད་མེད་དགེ། དགེ་རྒྱས།
བསམ་གཏན་བཞི་པའི་གནས།
སྤྲིན་མེད་སྐྱེས། བསོད་ནམས་སྐྱེས། འབྲས་བུ་ཆེ་བ།
མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམ་སྣང་བ། འོག་མིན།

༈ གཟུགས་མེད་ཁམས་ན་གནས་མེད་དོ།། ༈ སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན།།  ༼ ནམ་མཁའ་མཐའ་ཡས། ནམ་ཤེས་མཐའ་ཡས། ཅི་ཡང་མེད་པ། སྲིད་པའི་རྩེ་མོ།༽
༼གང་དུ་འཇུག་པའི་སྐྱེ་གནས་བཞི།༽ དེར་ནི་སྒོ་ང་ལས་སྐྱེས་སོགས།། ༼མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས།༽ སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན།། ༼གང་གིས་འཇུག་པའི་བར་སྲིད་ལ་རང་གི་༡ངོ་བོ།༽ འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བ་འོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན།། ༼༢བར་སྲིད་སྒྲུབ་པའི་རིགས་པ།༽ འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །གཟུགས་བརྙན་མ་གྲུབ་ཕྱིར་ན་དང་། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར།། ༼སྒྲུབ་བྱེད་ཀྱི་ལུང་།༽ མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ།། ༼གནས་གསུམ་མངོན་གྱུར་གྱི་མདོ་ལས། གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། གསུམ་གང་ཞེ་ན། མར་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་པ་ནའོ།།༽ ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ།། ༼ཕྱིར་མི་འོང་ལྔར་གསུངས་པའི་མདོ་དང་། འགྲོ་བ་བདུན་བསྟན་པའི་མདོ་ལས་གསུངས།༽
༼བར་སྲིད་ཀྱི་ཁྱད་ཆོས་གཞན།༽ དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ།། ༼སྲིད་པ་བཞི་ནི། སྐྱེ་སྲིད། སྔོན་དུས་ཀྱི་སྲིད་པ། འཆི་སྲིད། བར་སྲིད་དོ།།༽ རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ཟློག་དེ་ནི་དྲི་ཟ་འོ།། ༼སྐྱེ་སྲིད་དུ་འཇུག་ཚུལ།༽ བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དྲི་དང་གནས་ལ་མངོན་འདོད་གཞན། །དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན།། ༈ ༼འཇུག་གནས་འབྱུང་གསུམ་ཤེས་དང་མི་ཤེས་ཀྱི་ཁྱད་པར།༽ གཅིག་ནི་ཤེས་བཞིན་དུ་འཇུག་གོ །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །སྒོ་ང་ལས་སྐྱེས་རྟག་ཏུ་འོ།། ༈ མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན།།
༼རྟེན་འབྲེལ་མདོར་བསྟན།༽ ༈ བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ།།

རྟེན་འབྲེལ་བཅུ་གཉིས།
༼མ་རིག་འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ།།༽
༼རྟེན་འབྲེལ་བཅུ་གཉིས་ལས། གནས་སྐབས་ པའི་རྟེན་འབྲེལ།༽ སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །འཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་པའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་པར་འདོད་ལོ།། ༈ གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས།། ༈ ༼འདིའི་དགོས་པ།༽ སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ།། ༼གསུམ་དུ་བསྡུ་ཚུལ།༽ ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན།། ༼རྒྱུ་འབྲས་ཀྱི་དབྱེ་བ།༽ གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས།། ༼རྟེན་འབྲེལ་མདོ་འགྲེལ།༽ འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད།།
༼རྒྱུན་ཆགས་པའི་རྟེན་འབྲེལ།༽ རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན།། ༈ མིང་ནི་གཟུགས་ཅན་མིན་ཕུང་པོ། །རེག་དྲུག་འདུས་ཏེ་བྱུང་བ་ཡིན།། ༈  དེ་ལས་བྱུང་བའི་ཚོར་བ་དྲུག། བཤད་དང་འཆད་པར་འགྱུར་བ་གཞན།། ༼ཉོན་མོངས་ལས་དང་གཞི་གསུམ་མཚོན་བྱེད་ཀྱི་དཔེ།༽ འདིར་ནི་ཉོན་མོངས་ས་བོན། །ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད།། ༈ ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །གཞི་ནི་བཟའ་བཏུང་གྲུབ་པ་བཞིན།།
༼གང་གི་གནས་པ་ཟས་ཀྱི་རྟེན་འབྲེལ།༽ འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་༼དྲི་རོ་རེག་བྱ།༽གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན།། ༼བར་སྲིད་ཀྱི་མིང་གི་རྣམ་གྲངས།༽ ཡིད་ལས་བྱུང་དང་སྲིད་ཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ་ ༼ཟས་བཞི་བཤད་པའི་དགོས་པ།༽ འདི་ལ་གནས་དང་ནི། །བརྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམ་བཞིན།། ༼གནས་དབང་པོ་དང་བཅས་པའི་ལུས་རྒྱས་པའི་ཕྱིར་དུ་ཁམ་ཀྱི་ཟས། རྟེན་པ་སེམས་དང་སེམས་བྱུང་རྒྱས་པའི་དོན་དུ་རེག་པའི་ཟས། སྲིད་པ་ཕྱི་མ་གཞན་འཕེན་པའི་ཕྱིར་དུ་སེམས་པའི་ཟས། ལས་ཀྱིས་འཕགསང་པའི་རྣམ་ཤེས་ཀྱིས་སྲི་པ་ཕྱི་མ་འགྲུབ་པའི་དོན་དུ་རྣམ་པར་ཤེས་པའི་ཟས་སོ།།༽
༼འཆི་བ་བཤད་པ་ལ་དང་པོ་འཆི་བའི་སེམས།༽ ཆད་དང་མཚམས་སྦྱོར་འདོད་ཆགས་འབྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །རྩེ་གཅིག་སེམས་མེད་ལ་དེ་མེད། །མྱ་ངན་འདའ་ལུང་བསྟན་མིན་གཉིས།། ༈ ༼གཉིས་པ་འཆི་བའི་ཚུལ།༽ འོག་མའི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ།། ༈ གནད་གཅོད་པ་ནི་ཆུ་སོགས་ཀྱིས།། ༼གསུམ་པ་འཆི་ནས་ཇི་ལྟར་འགྱུར་བ།༽ འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས།།


༼མི་མཇེད་འཇིག་རྟེན་གྱི་དབང་དུ་བྱས་ནས་སྣོད་ཀྱི་འཇིག་རྟེན་བཤད་པ་ལ་སེམས་ཅན་གྱི་གནས་ཀྱི་བཀོད་པ་དང་། མཇལ་བྱེད་ཀྱི་ཚད་བཤད་པ་གཉིས་སོ། དང་པོ་ཕྱིའི་བཀོད་པ་ལ་རྟེན་གཞི་རླུང་དང་ཆུའི་དཀྱིལ་འཁོར།༽ དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུ་འོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ན་འོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ།། ༼རྟེན་པ་རི་དང་གླིང་གི་མདོར་བསྟན།༽ དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་ ༈ དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི །ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ།། ༈ ༼རྒྱས་བཤད་ལས། རི་རབ།༽ ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་བོ་དེ་བཞིན་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲི་འོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུའང་འཕང་དང་མཉམ།། ༈ ༼མཚོ།༽ དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུ་འོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ་དེ་ལ་ནི།། ༈ ༼མིའི་གནས་ལས་གླིང་བཞི།༽ འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི།། ༈ ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུ་འོ།། ༈ བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ།། ༼གླིང་ཕྲན།༽ དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན།། ༈ སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ།། ༼གངས་ལྡན་དང་མ་དྲོས་མཚོ།༽ འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ།།
༼དམྱལ་བ་ལས་ཚ་དམྱལ།༽ འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན།། ༼མནར་མེད། རབ་ཏུ་ཚ་བ། ཚ་བ། ངུ་འབོད་ཆེན་པོ། ངུ་འབོད། བསྡུས་འཇོམས། ཐིག་ནག ཡང་སོས།༽ བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན།། ༼གྲང་དམྱལ།༽ ཆུ་བུར་ཅན་སོགས་གྲང་བརྒྱད་གཞན།། ༼ཆུ་བུར་ཅན། ཆུ་བུར་བརྡོལ་བ། སོ་ཐམ་པ། ཨ་ཆ་ཟེར་བ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨའི་འདབ་མ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ།༽༼འདོད་ལྷའི་གནས་ལས་རྒྱལ་ཆེན་རིགས་བཞི།༽ ཉི་ཟླ་ལྷུན་པོའི་ཕྱེད་ན་འོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས།། ༼ཞར་བྱུང་། ཉི་མས་གླིང་བཞིར་བྱ་བ་བྱེད་ཚུལ།༽ ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག། ༼ཉིན་མཚན་རིང་ཐུང་།༽ དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉི་མོ་ལྡོག། །ཉིན་མཚན་རིང་བ་ཐང་གཅིག་གོ། །ཉི་མ་ལྷོ་བྱང་འགྲོ་ཚེ་འོ།། ༼ཟླ་བའི་འཕེལ་འགྲིབ་ཀྱི་རྒྱུ་མཚན།  ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་།། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ།། ༈ དེ་ལ་ལག་ན་གཞོང་ཐོགས་དང། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་ཡི་ལྷ་རྣམས་གནས། །རི་ནི་བདུན་པོ་དག་ལ་ཡང་།། ༼སུམ་ཅུ་རྩ་གསུམ།༽ ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲི་འོ།། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས་དབུས་ན། གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད།། དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་ཅུ་པ།། ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ནས་ས་གཞི་བཟང་། །བྱང་ཤར་མཚམས་ན་ཡོངས་བསྡུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ།། དེ་སྟེང་ལྷ་རྣམས་གཞན་མེད་ཁང་། །འདོད་པ་སྤྱོད་པ་དྲུག་ཡིན་ནོ།།
༼དེ་དག་གི་འདོད་པ་སྤྱོད་ཚུལ།༽ གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །རྒོད་དང་བལྟས་པས་འཁྲིག་པ་ཡིན།། ༼དེ་དག་ཏུ་སྐྱེ་ཚུལ།༽ བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེས་གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད།། ༼བར་གྱི་ཚད།༽ གནས་ནས་གནས་འོག་ཇི་སྲིད་པ། །དེ་སྲིད་དེ་ཡི་གོང་དེ་སྲིད། །རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མ་མཐོང་བ་མེད།། ༈
༼སྟོང་གསུམ།༽ གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན།།
༼གཟུགས་ཚད།༽ འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ།། ༼ཚེ་ཚད།༽ སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པ་འོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད།།
༼ཚེ་ཚད་མཇལ་བྱེད།༽ མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱ་འོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །སྒྲ་མི་སྙན་མ་གཏོགས་པར་འཆི།།
༼གཟུགས་ཚད་མཇལ་བྱེད།༽ གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱ་འོ།།

གྲངས་ཀྱི་སྟོབས།

རྡུལ་སོ་སོའི་མིང་།
ཕྲ་རབ་རྡུལ་གྲངས།
12
Anguli       
སོར་མོ།
1977326743
11
Yava
ནས་རྡུལ།
282475249
10
Udbhaba
དེ་ལས་བྱུང་བ། ༼ཤིག་རྡུལ།༽
40353607
9
Licha
སྲོ་མའི་རྡུལ།
5764801
8
Chidra
ཉི་ཟེར་རྡུལ།
823543
7
Gou
གླང་རྡུལ།
117649
6
Avi
ལུག་རྡུལ།
16807
5
Shasha
རི་བོང་རྡུལ།
2401
4
Abra
ཆུ་རྡུལ།
343
3
Loha
ལྕགས་རྡུལ།
49
2
Anu
རྡུལ་ཕྲན།
7
1
Paramanu
ཕྲ་རབ་རྡུལ།
1

༼དུས་ཚོད་མཇལ་བྱེད།༽ སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག།
༼བསྐལ་པའི་ཚད།༽ བསྐལ་པ་རྣམ་པ་མང་བཤད་པ། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུ་འོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུ་འོ། །དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར།། ༈ དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །འཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །རང་སངས་རྒྱས་རྣམས་གཉིས་ཀ་ལ། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི།།
༼འཁོར་སྒྱུར་རྒྱལ་པོ།༽ གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན།།
༼སེམས་ཅན་གྱི་བསོད་ནམས།༽ སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ།། ༼བསྐལ་པ་འཇིག་ཚུལ།༽ བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམ་བཞིན། །མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམ་བཞིན། །དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའོ།། 



གནས་བཞི་པ།

 ༼ལས་ཀྱི་རང་བཞིན།༽ ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་རྣམ་རིག་མིན།།
༼ལུས་ངག་གི་རྣམ་པར་རིག་བྱེད།༽ ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ངག་རྣམས་རིག་བྱེད་ནི་ངག་སྒྲ།།
༼རྒྱུ་ཀུན་སློང་།༽ ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན།།
༼རྣམ་རིག་མིན་པའི་གཟུགས།༽ རྣམ་རིག་མིན་རྣམ་གསུམ་ཤེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས།།
༼སོ་ཐར།༽ སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ།། ༼བསྙེན་གནས། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས།༽
མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད།།
༼སོ་ཐར་གྱི་སྡོམ་པ་འཐོབ་ཚུལ།༽ སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད།། ༼དགེ་བསྙེན་ལ། ༡སྲོག་གཅོད། ༢མ་བྱིན་ལེན། ༣ལོག་གཡེམ། ༤རྫུན། ༥ཆང་བཅས་ལྔ། བསྙེན་གནས་ལ། མི་ཚངས་སྤྱོད་དང་ལྔའི་སྟེང་དུ། ༦གར་སོགས་ཕྲེང་སོགས། ༧མལ་སྟན་ཆེས་མཐོ། ༨དུས་མིན་ཁ་ཟས་བཅས་བརྒྱད། དགེ་ཚུལ་ལ་བསྙེན་གནས་ཀྱི་རྩ་བ་ལྔའི་སྟེང་དུ། ༦གར་སོགས། ༧ཕྲེང་སོགས། ༨མལ་སྟན་ཆེས་མཐོ། ༩དུས་མིན་ཁ་ཟས། ༡༠གསེར་དངུལ་ལེན་པ་བཅས་བཅུ། དགེ་སློང་ལ་༢༥༣།
༼སྒྲ་བཤད།༽ ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱ་འོ། །དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ།། ༼ལྡན་པའི་གང་ཟག༽ སོ་སོར་ཐར་དང་ལྡན་པ་བརྒྱད།། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཐ་མ་གཉིས་ནི་སེམས་རྗེས་འབྲང་།།
༼ཐ་མ་གཉིས་ཀྱི་འཐོབ་ཚུལ།༽ བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ་ ༈ ཟག་མེད་ནི། །འཕགས་དེས་ ༈ སོ་སོར་ཐར་ཞེས་པ། །གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས།།
༼དུས་ཡུན།༽ ༈ ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ།། ༈ ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲག། ༈  ༼ལེན་ཚུལ།༽ དམའ་བར་འདུག་སྨྲས་བཟླས་པ་ཡི། །མི་བརྒྱན་ནམ་ནི་ནངས་པར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནངས་པར་གཞན་ལས་ནོད་པར་བྱ།།
༼སྡོམ་མིན་འཐོབ་ཚུལ།༽ ༈ སྡོམ་པ་མིན་པ་བྱ་བ་འམ། །ཁས་ལེན་པ་ལས་འཐོབ་པར་འགྱུར།། ༼བར་མའི་འཐོབ་ཚུལ།༽ ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་པས་འཐོབ།།
༼སྡོམ་པ་གཏོང་ཚུལ།༽ ༈ བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་།། ༈ ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད།། ༈ བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་།། ༈ དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས།།
༼སྡོམ་མིན་གཏོང་ཚུལ།༽ ༈ སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས།། ༼བར་མའི་གཏོང་ཚུལ།༽ བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས།།
༼རྟེན་གྱི་གང་ཟག༽ ༈ ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ནོ། །ལྷ་ལའང་མི་རྣམས་ལ་གསུམ་མོ།།
༼མདོ་ལས་གསུངས་པའི་ལས་ཀྱི་དབྱེ་བ་བཅོ་ལྔ་བཤད་པ། ༼༡༽ ལས་སུམ་ཚན་དུ་དབྱེ་བ། ༼༢༽ མྱོང་འགྱུར་གྱི་དབྱེ་བ། ༼༣༽ དཀར་ནག་ལ་སོགས་པ་བཞིར་དབྱེ་བ། ༼༤༽ ཐུབ་པ་གཙང་བྱེད་ཀྱི་དབྱེ་བ་དང་། ༼༥༽ ལེགས་སྤྱད་ཉེས་སྤྱད་ཀྱི་དབྱེ་བ་དང་། ༼༦༽ དགེ་བཅུ་མི་དགེ་བཅུར་དབྱེ་བ་དང་། ༼༧༽ ལས་འབྲས་བུ་དང་བཅས་པར་དབྱེ་བ་དང་། ༼༨༽ རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་དབྱེ་བ་དང་། ༼༩༽ འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་དང་།  ༼༡༠༽ སྒྲིབ་པ་གསུམ་བཤད་པ་དང་། ༼༡༡༽ མཚམས་མེད་ལྔ་བཤད་པ་དང་། ༼༡༢༽ དེ་དང་ཉེ་བ་ལྔ་བཤད་དཔ་དང་། ༼༡༣༽ བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་དང་། ༼༡༤༽ ཆ་མཐུན་གསུམ་བཤད་པ་དང་། ༼༡༥༽ རིགས་པས་རབ་ཏུ་བཅུག་པའི་ལས་གསུམ་བཤད་པ་དང་བཅོ་ལྔའོ།༽
༼༡༽ ལས་སུམ་ཚན་དུ་དབྱེ་བ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན།། ༼བསོད་ནམས་སོགས་གསུམ།༽ ༢བསོད་ནམས་བསོད་ནམས་མིན་མི་གཡོ། །བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར།། ༼བདེ་བ་མྱོང་འགྱུར་སོགས་གསུམ།༽ བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ།
༼༢༽ མྱོང་འགྱུར་གྱི་དབྱེ་བ། ངོ་བོ་ཉིད་དང་མཚུངས་ལྡན་དང་། །དམིགས་པ་དང་ནི་རྣམ་སྨིན་དང་། །མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ།། དེ་ཡང་ངེས་དང་མ་ངེས་དང་། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ།།
༼མྱོང་བར་ངེས་པའི་ལས།༽ ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་པའོ།། ༼མཐོང་ཆོས་མྱོང་འགྱུར།༽ མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས།། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ།། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་ཕྲལ་དུ་མྱོང་བར་འགྱུར།། ༼སེམས་སྨྱོ་བའི་རྒྱུ་བཞི།༽ གཡེངས་པའི་སེམས་ནི་ཡིད་སེམས་ལ། །སྐྲག་གནོད་མི་མཉམ་མྱ་ངན་གྱིས།།
༼༣༽ དཀར་ནག་ལ་སོགས་པ་བཞིར་དབྱེ་བ། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན།།
༼༤༽ ཐུབ་པ་གཙང་བྱེད་ཀྱི་དབྱེ་བ་དང་། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། །ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ནོ།།
༼༥༽ ལེགས་སྤྱད་ཉེས་སྤྱད་ཀྱི་དབྱེ་བ་དང་། ལུས་ཀྱི་ལས་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །བཟློག་པ་ལེགས་པར་སྤྱད་པ་ཡིན།།
༼༦༽ དགེ་བཅུ་མི་དགེ་བཅུར་དབྱེ་བ༽ དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ།། ༼དེ་དག་རྒྱས་བཤད་ལས། དང་པ་ཀུན་སློང་།༽སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས།། ༼རྫོགས་བྱེད།༽ གསོད་དང་གནོད་སེམས་ཚིག་རྩུབ་མོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད།། ༼གཞི།༽ གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་ནི་མིང་ཡིན་ནོ།། ༼ཁྱད་པར།༽ སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན།། ༼ངོ་བོ།༽ སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ།། ༈ མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད།། ༈ བགྲོད་མིན་འགྲོ་བ་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི།། ༈ རྫུན་ཚིག་འདུ་ཤེས་གཞན་སྒྱུར་པའི། །ཚིག་དོན་མངོན་པར་གོ་བ་འོ།། ༈ ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག། ༈ ཚིག་རྩུབ་པོ་ནི་མི་སྙན་པ།། ༈ ཉོན་མོངས་ཅན་ཀུན་བཀྱལ་པ་ཉིད།། གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན་ ༈ བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས།། ༈ གནོད་སེམས་སེམས་ཅན་ལ་སྡང་བ།། ༈ དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་ ༈ འདི་ལ། །གསུམ་ལམ་བདུན་ནི་ལས་ཀྱང་ཡིན།། ༼འབྲས་བུ།༽ ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ།།
༼༧༽ ལས་འབྲས་བུ་དང་བཅས་པར་དབྱེ་བ། དྲིར་བཅས་སྤོང་བའི་ལམ་དག་གི །ལས་ནི་ལྔ་ཡི་འབྲས་བུར་བཅས། །དྲི་མེད་བཞི་ཡི་ཟག་བཅས་གཞན། །དགེ་དང་མི་དགེ་གང་ཡིན་པའང་། །ཟག་པ་མེད་པ་ལྷག་མ་དང་། །ལུང་བསྟན་མིན་གང་གསུམ་གྱིས་སོ།།
༼༨༽ རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་དབྱེ་བ། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། །ཁ་ཅིག་ཆོ་ག་ཉམས་པའང་ཞེའོ།།
༼༩༽ འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་དང་།  གཅིག་གིས་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན།།
༼༡༠༽ སྒྲིབ་པ་གསུམ་བཤད་པ་དང་། མཚམས་མེད་པ་ཡི་ལས་རྣམས་དང་།། ༈ ཉོན་མོངས་ཤས་ཆེན་ ༈ ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད།། ༼ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། རྣམ་སྨིན་གྱི་སྒྲིབ་པ།༽
༼༡༡༽ མཚམས་མེད་ལྔ་བཤད་པ་དང་། ༼ ཕ་བསད་པ། བསད་པ། དགྲ་བཅོམ་བསད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཕྲག་འབྱིན་པ། དགེ་འདུན་གྱི་དབྱེན།༽ དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན།།
༼༡༢༽ དེ་དང་ཉེ་བ་ལྔ་བཤད་དཔ་དང་། མ་དགྲ་བཅོམ་མ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན།།
༼༡༣༽ བསོད་ནམས་བྱ་བའི་གཞི་གསུམ་བཤད་པ་དང་། གསུམ་པོ་བསོད་ནམས་བྱ་བ་དང་། །དེའི་གཞི་དཔེར་ན་ལས་ལམ་བཞིན།། ༼སྦྱིན་པ་ལས་བྱུང་བ། ཚུལ་ཁྲིམས་ལས་བྱུང་བ། བསྒོམ་པ་ལས་བྱུང་བའི་བསོད་ནམས།༽
༼ཞིང་གི་ཁྱད་པར།༽ འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་བ། །སྐྱེ་མཐའི་བྱང་ཆུབ་སེམས་པ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན།། ༼ལྕི་ཡང་།༽ མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད།།

༼༡༤༽ ཆ་མཐུན་གསུམ་བཤད་པ་དང་། བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ།། ༼བསོད་ནམས་ཆ་མཐུན། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན།༽
༼༡༥༽ རིགས་པས་རབ་ཏུ་བཅུག་པའི་ལས།༽ རིགས་པས་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་རྒྱ་དང་བགྲང་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམ་བཞིན།།
ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ལས་བསྟན་པ་ཞེས་བྱ་བ་སྟེ་གནས་བཞི་པའོ།།

No comments: