སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བ་གསལ་བྱེད་ཉི་མའི་འོད་སྣང་བཞུགས་སོ།
།
རྩ་བ། དབྱངས་ཅན་གྲུབ་པའི་རྡོ་རྗེ། འགྲེལ་པ། ཚེ་རིང་བསམ་གྲུབ།
མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
༄༅།
།ཕུལ་བྱུང་མཁྱེན་པའི་ཡེ་ཤེས་ཡོངས་རྫོགས་སྟོན་མཆོག་མཉམ་མེད་ཟླ་ཤེལ་དབང༌།།གཞན་ཕན་བརྩེ་བའི་སྙིང་རྗེའི་བསིལ་ཟེར་མཁའ་ཁྱབ་འགྲོ་ལ་ལེགས་སྙོམས་ཤིང༌།
།གང་འདུལ་ཕྲིན་ལས་སྣ་ཚོགས་ཐབས་ཀྱིས་རེ་འབྲས་ཀུ་མུད་ཅིག་ཅར་བཞད།
།གསང་གསུམ་ཡོན་ཏན་བྱེ་བའི་མངའ་བདག་གུས་པས་འདུད་དོ་བདག་སྐྱོངས་ཤིག །
རང་སྣང་རིག་པ་གདོད་ནས་ཡོངས་དག་རྒྱལ་ཀུན་ཐུགས་ཀྱི་ཆུ་གཏེར་ཆེ།
།ཡོངས་སུ་བསྲུབས་ལས་མཁྱེན་རབ་མཆོག་ཉིད་དམར་སེར་དྷིཿཡིག་ཁམས་སུ་རྩེན།
།འཁོར་འདས་ཡེ་དག་ཆོས་དབྱིངས་ཀློང་ན་མཁྱེན་གཉིས་ཡེ་ཤེས་རླབས་ཕྲེང་ངོམ།།
བསྔགས་བརྗོད་སྙན་པའི་སྒྲ་བརྒྱ་ལྡིར་བའི་འཇམ་དཔལ་ལྷ་གཅིག་ཕྱག་གི་ཡུལ།
།ཚོགས་གཉིས་རྒྱ་མཚོའི་རྦ་རླབས་ཁྲོད་ནས་དམ་ཆོས་ཉི་མ་མཁའ་རུ་ཤར།
།མཁའ་ཁྱབ་འགྲོ་བའི་སྡུག་ཀུན་མུན་པ་ཧུབ་ཀྱིས་གཞིབ་པའི་རྩེ་དགའ་ལས།
།རྟེན་འབྱུང་དགེ་བའི་ལམ་བཟང་བརྒྱུད་དེ་ཟླ་མེད་གོ་འཕང་མཆོག་གི་སར།
།འདྲེན་པའི་དེད་དཔོན་ཁྱེད་ལས་མི་འདུག་སྙིང་གི་དབུས་སུ་ལན་བརྒྱར་བསྙེན།
།གངས་རིའི་མུ་ཁྱུད་འཛུམ་པའི་ཞིང་དུ་གཙུག་ལག་ཉི་ཟླའི་དཀྱིལ་འཁོར་ཆེ།
།ལེགས་པར་གསལ་བྱེད་ཡི་གེའི་བྱེད་པོ་དཔལ་ལྡན་ཐུ་མི་སམ་བྷོ་ཊས། །
རྨད་བྱུང་རྒྱལ་བསྟན་གསེར་གྱི་སྒྲོན་མེ་བརྒྱ་ཕྲག་ངལ་བས་ལྗོངས་འདིར་དྲངས།
།རྨོངས་མུན་བསལ་བའི་བརྗེད་དཀའི་བཀའ་དྲིན་གདོང་དམར་འགྲོ་བའི་སྙིང་ལ་ལྕི།
།སྐ་ཅོག་ཞང་སོགས་སྔོན་བྱོན་ལོ་ཙཱ་བརྒྱས།
།རྣམ་དཔྱོད་སྤྲིན་སྔོན་དཀྲིགས་པའི་ཁང་བཟང་ལས།
།བརྡ་སྤྲོད་གཙུག་ལག་སྙན་པའི་རྔ་གསང་སྒྲ། །ཆོས་སྲིད་ལྷ་ལམ་རྒྱན་དུ་ལན་དགུར་བསྒྲགས།
།དམ་པའི་གཞུང་བཟང་སྐབས་གསུམ་ལྷ་ཡི་ཆབ། །བདག་བློའི་ཁྲོན་པར་ཆུ་ཡི་རླན་ཐིགས་ཙམ།
།བྱུང་བ་སྐལ་མཉམ་གཞན་ལ་ཕན་སེམས་ཀྱིས། །སྨྲ་འདོད་རོ་འཛིན་གཡོ་ལ་འགལ་བ་ཅི།
།གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་མིན། །ལོངས་སྤྱོད་མཛོད་ལ་དབང་བའི་བདག་པོ་མིན།
།གྲྭ་རྐྱང་ང་ལ་མཁས་པའི་གྲགས་སྙན་སྟོངས། །དེ་ཕྱིར་སུ་དང་གང་གིས་ཚད་མར་ལྟ།
།རབ་འབྱམས་ཤེས་བྱ་རྒྱ་མཚོའི་ཕ་རོལ་ལ།
།བགྲོད་བྱེད་བསྟན་བཅོས་རིག་པའི་གྲུ་གཟིངས་ཆེར།
།གང་འདོད་ཁ་ལོ་སྒྱུར་བའི་མཐུ་མེད་ཀྱང༌། །བློ་གསལ་བློ་ཡིས་བསྐུལ་བ་མ་བཟློགས་ཙམ།
།མང་མང་མཁས་པ་དགྱེས་པའི་གཞུང་མིན་ཡང༌། །དག་དག་ཁུངས་ལྡན་གཞུང་ལ་འགྲེལ་བ་ཙམ།
།གསལ་གསལ་ཚིག་གི་བརྗོད་བྱ་ལ་བརྟེན་ནས། །ལྷོད་ལྷོད་སྨྲ་བའི་འབབ་སྟེགས་ཅུང་ཟད་རྐྱོང༌།།
དེ་ཡང་སྙན་ངག་མེ་ལོང་ལས།
ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ།
།ཞེས་གསུངས་པ་ལྟར་ཚིགས་སུ་བཅད་པ་ཉུང་ངུའི་ངག་གིས་ལམ་ཡངས་པོར་བྱས་ཏེ་གང་
གླེང་བར་བྱ་བ་ནི།
འདིར་མཁས་པའི་དབང་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་བོད་ཀྱི་བརྡ་
སྤྲོད་པའི་བྱེ་བྲག་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང༌།
རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་གཉིས་དེང་དུས་མཁས་པ་བྱིངས་ལ་གྲགས་ཆེ་
ཞིང་ཚད་མར་འཛིན་པ་དང༌།
བློ་གྲོས་གསར་བུ་བ་དག་གིས་ཀྱང་བློར་འཛིན་བདེ་བ་ཞིག་ཏུ་གྱུར་ཡོད་པ་ཡིན་ལ།
དེ་ཕྱིར་གཞུང་འདི་གཉིས་ལས་དང་པོ་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་
པོ་འདི་ཉིད་འཆད་པར་བྱེད་པ་ལ། ཀླད་དོན། གཞུང་དོན། མཇུག་དོན་གསུམ་ལས། དང་པོ།
ཐུ་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ།།
ཞེས་པ་སྟེ།
འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་ཐུ་མིའི་ ཞེས་ཐུ་མི་སཾ་བྷོ་ཊས།
བོད་འདིར་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་(སུམ་རྟགས་གཉིས་དང༌།
ཡི་གེའི་རྣམ་འགྱུར་གྱི་བཟོ། ཀ་མད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ།
ཐུ་མིའི་མདོ་རྫིའི་སྒྲ་མདོ། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ།
ཀླུ་དབང་མགུལ་རྒྱན་བཅས་བརྒྱད་ཡོད་པར་མངོན།)སོགས་ལེགས་པར་བཤད་པའི་གཞུང་རྣམས་ལས།
འདིར་སུམ་ཅུ་པའི་གཞུང་ལས་ཉེ་བར་མཁོ་བའི་སྙིང་པོའི་དོན་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་བསྟན་བཅོས་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ།།
ཞེས་པས་བསྟན་བཅོས་འདི་ལ་དཔེའི་སྒོ་ནས་མིང་བཏགས་པའོ།།
གཉིས་པ་གཞུང་དོན་ལ།
བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག
བསྟན་བཅོས་ཀྱི་ལུས་དངོས་བཤད་པ་གཉིས་ལས། དང་པོ་ལ། མཆོད་བརྗོད་དང༌།
རྩོམ་པར་དམ་བཅའ་བ། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
ཞེས་
གསུངས་པའི་དོན་ནི། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའོ།།
གཉིས་པ།
བླ་མ་མཆོག་དང་དབྱེར་མེད་པའི།
།འཇམ་པའི་དབྱངས་ལ་གུས་བཏུད་ནས།།
ཞེས་པ་སྟེ།
སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་མཆོག་དང་ངོ་བོ་དབྱེར་མེད་པའི།
ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང་འཇམ་པའི་ཡོན་ཏན་དང་ལྡན་པའི་རྒྱལ་བ་ཀུན་
ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། གསུང་དབྱངས་ཀྱི་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས་དེ་ཉིད་ལ་སྒོ་གསུམ་གུས་པས་བཏུད་པ་སྔོན་དུ་བཏང་བར་བྱས་པའོ།
།ནས་ཞེས་ པ་མཚམས་སྦྱོར་ལྷག་བཅས་ཀྱི་སྒྲའོ།།
གཉིས་པ།
རྩོམ་པར་དམ་བཅའ་བ།
ཐུ་མིའི་ལེགས་བཤད་སུམ་ཅུ་པའི།
།སྙིང་པོ་མདོར་བསྡུས་བཤད་པར་བྱ།།
ཞེས་པ་སྟེ།
ལོ་ཙཱ་བ་ཆེན་པོ་ཐུ་མིའི་ཞེས་ཐུ་མི་སཾ་བྷོ་ཊས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཙོ་བོར་གྱུར་བའི་བསྟན་བཅོས་བརྒྱད་མཛད་པར་གྲགས་པ་ལས་འདིར་ལེགས་པར་བཤད་པ་སུམ་ཅུ་པའི་གཞུང་གི་སྙིང་པོའི་དོན་ནམ་ཉེར་མཁོའི་ཆ་རྣམས་མདོར་བསྡུས་ཏེ་བཤད་པར་བྱའོ་
ཞེས་སོ།།
གཉིས་པ་གཞུང་དོན་བཤད་པ་ལ།
སྦྱར་བྱ་ཡི་གེའི་རྣམ་བཞག་བཤད་པ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་གཉིས་ལས།
དང་པོ། བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ། ཁྱད་པར་གྱི་དབྱེ་བ་བསྟན་པ་གཉིས་ལས།
དང་པོ། བོད་ཡིག་གི་དབྱངས་གསལ་ངོས་བཟུང་བ།
དབྱངས་ཀྱི་བྱ་བ་གསལ་པོ་རུ།
།བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།།
ཞེས་པས་བསྟན་ཏེ།
ལེགས་སྦྱར་བརྡ་སྤྲོད་པའི་གཞུང་ལ་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་བཞི་སོགས་
ཡོད་མོད་ཀྱང༌།
བོད་འདིར་མིང་ཚིག་བརྗོད་པ་མཐའ་དག་གི་གཞིར་གྱུར་བའི་ཡི་གེ་ལ་དབྱངས་གསལ་གཉིས་ ལས།
ལེགས་སྦྱར་གྱི་ཨཱ་ལི་སྟེ་དབྱངས་བཅུ་དྲུག་སོགས་དབྱངས་ཀྱི་བྱ་བ་མཐའ་དག་བོད་ཀྱི་སྐད་གདངས་ལ་གསལ་བོ་རུ་མཚོན་པར་བྱེད་ནུས་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་སྟེ།
གི་གུ ཞབས་ཀྱུ། འགྲེང་བུ། རྣ་རུ་བཅས་དབྱངས་བཞི་དང༌།
ལེགས་སྦྱར་གྱི་ཀཱ་ལི་སྟེ་གསལ་བྱེད་སོ་བཞིའི་བྱ་བ་གསལ་བར་བྱེད་པ་བོད་ཀྱི་སྐད་གདངས་ལ་ཀ་སོགས་གསལ་བྱེད་སུམ་ཅུ་ཡིན་ཏེ།
ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས།
ཧ་ཨ་སྟེ་ཡིག་འབྲུ་བཞི་བཞི་སྡེ་བ་རེ་བྱས་པས་སྡེ་བ་ཕྱེད་དང་བརྒྱད་དུ་གནས་སོ།
།ཕྱེད་དང་བརྒྱད་ནི་སྡེ་བ་ཕྱེད་ལོངས་ཚེ་བརྒྱད་ཡོད་པའི་དོན་ནམ་དོན་དུ་བདུན་
དང་ཕྱེད་ཡོད་པའི་དོན་ནོ།།
གཉིས་པ་ཁྱད་པར་གྱི་དབྱེ་བ་བསྟན་པ་ལ།
རྗེས་འཇུག་བཤད་པ། ཡང་འཇུག་བཤད་པ། སྔོན་འཇུག་བཤད་པ།
ཞར་བྱུང་མི་འཇུག་པ་བཤད་པ་སྟེ་བཞི་ལས།
དང་པོ། རྗེས་འཇུག་བཤད་པ།
ག་ང་ད་ན་བ་མ་འ།
།ར་ལ་ས་རྣམས་རྗེས་འཇུག་བཅུ།།
ཞེས་པ་ལྟར།
མིང་གཞིའི་ཡི་གེའི་རྗེས་སུ་འཇུག་པའི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་རྣམས་རྗེས་འཇུག་བཅུའམ་
མཐའ་རྟེན་གྱི་ཡི་གེ་བཅུ་ནི། མིང་གཞིའི་ཡི་གེ་ཐམས་ཅད་ལ་ཁྱབ་མཉམ་དུ་འཇུག་པའོ།
།སྦྱོར་ཚུལ་ནི་དཔེར་ན། བདག མཐོང༌། བཀོད། ཡིན། བཏབ། གསུམ། དགའ། སྦྱར། གསལ།
དགོས་ལྟ་བུའོ། །
གཉིས་པ།
ཡང་འཇུག་བཤད་པ།
ད་དང་ས་གཉིས་ཡང་འཇུག་སྟེ།
།ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ།།
ཅེས་པ་སྟེ།
རྗེས་འཇུག་བཅུ་པོ་དེ་ལས་ད་དང་ས་གཉིས་པོ་ནི་རྗེས་འཇུག་ཡིན་པར་མ་ཟད་རྗེས་འཇུག་གི་རྗེས་སུའང་འཇུག་པས་ཡང་འཇུག་སྟེ།
ཡང་འཇུག་དེ་གཉིས་འཇུག་ཡུལ་གང་ལ་འཇུག་ཅེ་ན། ཡང་འཇུག་ད་ནི་རྗེས་འཇུག་ན་ར་ལ་གསུམ་དང༌།
ཡང་འཇུག་ས་ནི་རྗེས་འཇུག་ག་ང་བ་མར་བཅས་ཀྱི་མཐར་འཐོབ་པ་
ཡིན་ནོ། །དཔེར་ན། ཕྱིནད། གྱུརད། རོལད་ལྟ་བུ་དང༌། འཁྲིགས། དགོངས། ཐབས།
གདམས་ལྟ་བུ་མང་དུ་སྦྱར་བར་བྱའོ།།
གསུམ་པ།
སྔོན་འཇུག་བཤད་པ།
ག་ད་བ་མ་འ་སྔོན་འཇུག།
ཅེས་པ་སྟེ།
གོང་གི་རྗེས་འཇུག་བཅུ་པོ་རྣམས་ལས་ག་ད་བ་མ་འ་བཅས་ནི་རྗེས་འཇུག་ཡིན་པར་མ་ཟད།
ཡི་གེ་རྣམས་ཀྱི་སྔོན་དུའང་འཇུག་པས་སྔོན་འཇུག་ལྔ་ ཞེས་བརྗོད་དོ།
།སྔོན་འཇུག་དེ་དག་གི་འཇུག་ཚུལ་ནི་འོག་ཏུ་རྟགས་འཇུག་དཀའ་གནད་གསལ་མེའི་འགྲེལ་
བའི་གཞུང་ལས་རྒྱས་པར་འཆད་དོ།།
བཞི་པ།
ཞར་བྱུང་མི་འཇུག་པ་བཤད་པ། སྔོན་རྗེས་གང་དུའང་མི་འཇུག་པའི་ཡི་གེ་ཉི་ཤུ་སྟེ།
ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་བཅས་ལ་མི་འཇུག་པ་ཉི་ཤུ་ཞེས་བརྗོད་དོ།། སྤྱིར་མིང་གཞི་ལ་གསུམ་སྟེ།
མིང་ཚིག་བརྗོད་པ་ཀུན་ཀྱི་གཞིར་གྱུར་པའི་མིང་གཞི་དབྱངས་གསལ་སོ་བཞི་དང༌།
རྗེས་འཇུག་འཇུག་རུང་གི་མིང་གཞི་གསལ་བྱེད་སུམ་ཅུ་དང༌།
སྔོན་རྗེས་མིང་གསུམ་ལས་མིང་གཞི་ནི་མི་འཇུག་པ་ཉི་ཤུ་བཅས་དབྱེ་བ་ཡོད་པའང་
རྟོགས་པར་བྱེད་དགོས་སོ།།
གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ།
རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང༌།
ཕྲད་རང་དབང་ཅན་བཤད་པ་གཉིས་ལས། དང་པོ་ལ། སླར་བསྡུ། ལ་དོན། ཨི་ལྡན། རྒྱན་སྡུད།
ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་སྒྲ་བཅས་བརྒྱད་ལས། དང་པོ། སླར་བསྡུ་བཤད་པ།
གོ་ངོ་དོ་ནོ་བོ་མོ་འོ།
།རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ།།
དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།
ཞེས་པས་བསྟན་ཏེ།
རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་རྣམས་ལ། རྣ་རུ་རེ་སྦྱར་བ་ན་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་བཅས་དང༌།
ད་དྲག་ཅན་གྱི་མཐར་འཇུག་པའི་ཏོ་བཅས་བཅུ་གཅིག་པོ་མིང་ཚིག་སོགས་ཀྱི་མཐར་སྦྱར་ཚེ་དེ་ལ་སླར་བསྡུ་ཞེས་བྱ་སྟེ།
མིང་ཚིག་བརྗོད་པ་གང་གི་མཐར་སྦྱར་ཡང་སླར་རང་གི་ཚིག་གྲོགས་འབྱུང་བ་བསྡུ་བའམ་
མི་འབྱུང་བར་བྱས་པས་དེ་སྐད་ཅེས་བརྗོད་པ་དང༌། སྐབས་བབ་ཀྱི་དོན་དེ་རྫོགས་པར་སྟོན་པས་ན་རྫོགས་ཚིག་ཏུ་གྲགས་པ་དང༌།
རང་གི་མཇུག་ཐོགས་ཀྱི་ཚིག་གི་ཟླ་བོ་གཞན་མི་འབྱུང་བར་བྱས་པས་ན་སྨྲ་སྒོ་ལས་ཟླ་སྡུད་ཅེས་ཀྱང་བྱའོ།
།འདི་རྗེས་འཇུག་ལ་ལྟོས་པའི་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ་ཡིན་ནོ།
།ཕྲད་འདིའི་སྒྲ་སྦྱོར་ནི་ད་དྲག་ཡོད་པའི་མཐར་ཏོ་འཐོབ་པ་དང༌། མཐའ་རྟེན་མེད་པ་དག་གི་རྗེས་སུ་འོ་ཉིད་སྦྱར་བར་བྱ་ཞིང༌།
ཕྲད་གཞན་རྣམས་ནི་མིང་ཚིག་གང་ཡང་རུང་བའི་མཐའི་རྗེས་འཇུག་གི་ཡི་གེ་གང་ཡིན་པ་དེ་དང་མཐུན་པར་སྦྱར་དགོས་
པ་ཡིན་ནོ།།
དཔེར་ན།
སྙན་པའི་ངག་གོ ། ཤིན་ཏུ་བཟང་ངོ་། །དེ་རུ་ཡོད་དོ། །བདེན་པ་ཡིན་ནོ།
།བགོ་སྐལ་འཐོབ་བོ། །ཡང་དག་པའི་ལམ་མོ། །འདི་ནི་བླ་རུང་ཆོས་གྲྭའོ།
།ལྷ་སྐུ་འདི་ནི་གསེར་རོ། །སྐྱིད་པའི་ཞིང་ས་ནི་བདག་གི་ཕ་ཡུལ་ལོ།
།ཞིབ་ཏུ་བརྟགས་སོ།
།བཀའ་བསྩལད་ཏོ་ལྟ་བུའོ།
།སྐབས་འདིར་སླར་བསྡུ་ཞེས་པ་ནི་གཙོ་བོ་མིང་ཚིག་བརྗོད་པ་གང་རུང་གི་མཐའི་རྗེས་
འཇུག་རང་དང་འདྲ་བའི་མཐར་སྦྱར་བ་ཡིན་ན་རྫོགས་ཚིག་ཏུ་འགྱུར་བ་ལས་གོ་སོགས་ཡིག་འབྲུ་བཅུ་གཅིག་པོ་ཡིན་ན་སླར་བསྡུའི་ཕྲད་ཡིན་པས་ཁྱབ་བམ་ཞེ་ན་མ་ཁྱབ་སྟེ།
དཔེར་ན་བྱ་ཚིག་ལ་འཇུག་པ། དོན་རྟོགས་པའི་གོ་དང༌། མིང་ལ་འཇུག་པ། གདོང་གི་ངོ༌།
གྲངས་ལ་འཇུག་པ་དོ། ཕོ་མོ་གཉིས་ཀྱི་མོ། ཤི་ཟིན་པའི་རོ། ལོ་གྲངས་ཀྱི་ལོ།
ཁའི་སོ་སོགས་སླར་བསྡུའི་ཕྲད་མ་ཡིན་པ་དང༌། བྱེད་པ་པོ། ཚོར་བ་པོ། བཙུན་མོ།
བུ་མོ་སོགས་ཀྱང་སླར་བསྡུའི་ཕྲད་མིན་པ་ཤེས་དགོས།
སླར་བསྡུའི་ཕྲད་རྣམས་དོན་ཅི་འདྲ་ཞིག་སྟོན་བྱེད་དུ་འཇུག་ཅེ་ན།
སྤྱིར་བོད་ཀྱི་བརྗོད་པ་ཇི་སྙེད་པ་ནི་ཆོས་ཆོས་ཅན་བརྗོད་ཀྱི་མིང་དང༌།
བྱ་ཚིག་ཕྲད་རྣམ་དབྱེ་བཅས་གྲུབ་ཆ་གསུམ་ལས་གྲུབ་པ་ཞིག་ཡིན་ལ།
དེ་གསུམ་གྱི་མཐར་སླར་བསྡུའི་ཕྲད་འཇུག་པ་ཡིན་ནོ།།
སྤྱིར་སླར་བསྡུ་ལ་དངོས་དང་ཙམ་པོ་བའི་ཁྱད་པར་དང་རྣམ་དབྱེ་དང་པོའི་དོན་དུ་
བཤད་པ་དག་ཀྱང་འཐད་པར་མ་མཐོང་སྟེ།
འོན་ཀྱང་འདིར་བློ་གྲོས་གསར་བུ་བ་དག་འཇུག་བདེ་བའི་ཕྱིར་ཚིག་འགྲེལ་ཙམ་ལས།
གཞན་གྱི་འདོད་པ་སོགས་བཀོད་དེ་དགག་བཞག་གི་སྤྲོས་པ་ཆེར་མི་བྱའོ།།
འདིར་ཞར་བྱུང་དུ་རྣམ་དབྱེ་དང་པོ་ཤེས་དགོས་ཏེ།
དེ་ནི་ཆོས་རང་རང་གི་ངོ་བོ་དེ་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་ཞིང་དོན་གྱི་
ངོ་བོ་ཙམ་སྟོན་པ་ཞིག་ལ་རྣམ་དབྱེ་དང་པོ་ཞེས་བྱ་སྟེ། དཔེར་ན། ས་གཞི། ནམ་མཁའ། རི་བོ།
ལྗོན་ཤིང༌། རྒྱལ་ཁབ། གཞུང་ལམ། བོད་ལྗོངས་སོགས་མིང་ཙམ་ལས་ལོགས་སུ་མེད།
དཔེར་ན་བུམ་པ་ཞེས་བརྗོད་པའི་སྒྲ་དེ་ལས་གཞན་ས་ཆུ་མེ་རླུང་ལྗོན་ཤིང་སོགས་ཀྱི་
མིང་གང་ལའང་མ་འདྲེས་པར་སོ་སོར་འབྱེད་པའི་ནུས་པ་ཞིག་ཡོད་པ་དེ་ལ་རྣམ་དབྱེ་དང་
པོ་མིང་ཙམ་བརྗོད་པ་ཞེས་བྱའོ།།
གཉིས་པ་ལ་དོན་བཤད་པ་ལ།
ངོ་བོ་ངོས་བཟུང་བ། དོན་གྱི་འཇུག་ཚུལ། སྒྲ་ཡི་འཇུག་ཚུལ་བཤད་པ་གསུམ་ལས། དང་པོ།
སུ་ར་རུ་དུ་ན་ལ་ཏུ།
།ལ་དོན་རྣམ་པ་བདུན་ཡིན་ཏེ།།
ཞེས་པ་སྟེ།
རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་དང་རྣམ་དབྱེ་གཉིས་ཀ་ཡིན་པའི། སུ་ར་རུ་དུ་ན་ལ་ཏུ་བཅས་ལ་དོན་གྱི་རྐྱེན་ལ་རྣམ་པ་བདུན་དུ་གྲངས་ངེས་པ་ཡིན་ཏེ།
དེ་ལ་ལ་དོན་ཞེས་བརྗོད་དོན་ནི།
ལ་སྒྲ་དེ་ལས་སུ་བྱ་བ་སོགས་དོན་ལྔ་བོ་ཕལ་ཆེར་ལ་སུ་སོགས་ལ་དོན་གཞན་དྲུག་པོ་
དང་འཇུག་པ་མཚུངས་པ་དང༌། དངོས་བསྟན་དུ་ལ་སོགས་པ་དྲུག་པོའི་ཐ་མ་ལ་ཡིག་ཡིན་པས།
དེ་བཟུང་ནས་ཐམས་ཅད་ལ་ལ་སྒྲ་ཞེས་པའི་མིང་གིས་བཏགས་པ་ཡིན་ཏེ།
དཔེར་ན་གསལ་བྱེད་སུམ་ཅུའི་ཐོག་མ་ཀ་ཡིན་པས་ཀ་མད་སུམ་ཅུ་ཞེས་བཏགས་པ་ལྟ་བུའོ།།
དེ་ལའང་ལ་དོན་བདུན་པོ་ནང་ཕན་ཚུན་སྦྱོར་བདེ་མིན་གྱི་ཁྱད་པར་མང་དུ་ཡོད་དེ།
དཔེར་ན། རྣམ་དབྱེ་གཉིས་པའི། གཟུགས་ལ་ལྟ། དྲི་ལ་སྣོམ། ལྷ་ལ་ཕྱག་འཚལ།
ཁྱོད་ལ་སྟེར་སོགས་ལ་ལ་ཡིག་སྦྱོར་རུང་བ་ལས། གཟུགས་སུ་ལྟ། དྲི་ན་སྣོམ།
ལྷ་ན་ཕྱག་འཚལ།
ཁྱོད་དུ་སྟེར་སོགས་སྦྱོར་མི་བདེ། དེ་བཞིན་བཞི་བར་ཤིང་གཅོད་དུ་སྟ་རེ་ཉོ།
ལྟོ་འགྲངས་སུ་ཟས་ཟ་ལྟ་བུ་ལ་ན་ཡིག་སྦྱོར་མི་བདེ། བདུན་པར་ཤར་ན་ཤིང་ཡོད་དང༌།
ལྷོ་ན་ཆུ་ཡོད་ལྟ་བུ་ལ་ལ་ཡིག་སྦྱོར་མི་བདེ། དེ་ཉིད་ལ་ཤིན་ཏུ་བཟང༌།
ལྷག་པར་མཛེས་སོགས་ལ་ལ་ཡིག་སྦྱོར་མི་བདེ། ཚེ་སྐབས་ལ་རྟག་ཏུ་བརྩོན།
ཉི་མ་ཤར་བ་ན་འགྲོ་སོགས་ལ་ལ་ཡིག་སྦྱོར་མི་བདེ་བ་སོགས་ཀྱི་ཁྱད་པར་མང་དུ་ཡོད་
པ་དག་ཀྱང་གསལ་བོར་ཤེས་པར་བྱའོ།།
གཉིས་པ་དོན་གྱི་འཇུག་ཚུལ།
རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།
ཅེས་པ་སྟེ།
ལ་དོན་རྣམས་དོན་ལྔ་ལ་འཇུག་པར་བཤད་པ་སྟེ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། བཞི་པ་དགོས་ཆེད།
བདུན་པ་གནས་གཞིའམ་རྟེན་གནས་དང་དེ་ཉིད། ཚེ་སྐབས་རྣམས་ལ་འཇུག་གོ །
དང་པོ། གཉིས་པ་ལས་སུ་བྱ་བ་ནི།
སྐབས་འདིར་སྤྱིར་རྣམ་དབྱེ་ཞེས་པའི་གོ་དོན་ངེས་དགོས་ཏེ།
ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་སོ་སོར་དབྱེ་ཞིང་
འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱའོ།།
དེ་ལས་རྣམ་དབྱེ་གཉིས་པ་ནི་བྱེད་པ་པོ་གང་གིས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པ་ཙམ་སྟོན་པ་དང༌།
བྱ་བའི་ཡུལ་གཙོ་བོར་སྟོན་པ་ཞིག་དགོས་ལ། འདི་ལ། བྱ་ཡུལ་དང༌། བྱེད་པོ།
དེས་བྱས་པའི་བྱ་བ་སྟེ་གསུམ་ཚང་དགོས་པ་ཡིན།
དེ་ཡང་བྱེད་པོ་དངོས་ཤུགས་གང་རུང་དུ་བསྟན་པ་ཞིག་སྟེ། དཔེར་ན།
བྲམ་ཟེ་དབེན་གནས་སུ་གཤེགས། ལྷ་ལྡན་དུ་བཏང༌།
ལྟ་བུའི་བྱེད་པོ་དངོས་བསྟན་དང་ཤུགས་བསྟན་གཉིས་འབྱུང༌། བྱ་ཡུལ་དབེན་རི་དང་ལྷ་ལྡན།
བྱེད་པོ་བྲམ་ཟེ་དངོས་བསྟན་དང་གཞན་ཤུགས་བསྟན། བྱ་བ་གཤེགས་པ་དང་བཏང་བ་སྟེ་གསུམ་ག་ཚང་བ་ཡིན་ནོ།།
གཉིས་པ།
བཞི་བ་དགོས་ཆེད། བྱེད་པ་པོ་གང་གིས་བྱ་བ་བྱེད་པའི་ཚེ།
བྱ་བ་དེ་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་པའམ།
གཙོ་བོ་བྱ་བའི་དོན་གྱི་ཡུལ་ལ་ཕན་འདོགས་པར་སྟོན་པ་ཞིག་དགོས་ཏེ། དཔེར་ན།
ལྟད་མོ་ལྟ་བར་ཕེབས་སྐབས་སྐུ་ལ་ངལ་བ་མ་བྱུང་ངམ།
མཛེས་པའི་ཕྱིར་དུ་རྒྱན་གྱིས་བརྒྱན།
ཁྱེད་ལ་ན་བཟའ་ཉོས།
ལྟ་བུར་མཚོན་ན་ལྟད་མོ་ལྟ་བ་དང་མཛེས་པའི་ཕྱིར་དང་ཁྱེད་གསུམ་པོ་དེ་བྱ་བའི་
དོན་གྱི་ཡུལ་དང༌། ར་དུ་ལ་གསུམ་རྣམ་དབྱེ་བཞི་པའི་རྐྱེན།
ཕེབས་དང་རྒྱན་ཉོས་གསུམ་བྱ་བ་ཡིན་པ་ལྟ་བུའི་བྱ་བའི་ཡུལ་ལ་ཕན་ཐོགས་པ་དང༌།
གཞན་ལ་ཕན་ཐབས་སུ་ཧུར་བརྩོན་བྱེད་དགོས། ཤིང་གཅོད་དུ་སྟ་རེ་བརྡར།
རི་དྭགས་བདའ་རུ་རི་མགོར་སོང༌། ལྟ་བུར་མཚོན་ན་གོང་དང་མི་འདྲ་བར།
ཕན་པ་སྒྲུབ་པ་དང་གཅོད་པ་བདའ་བ་གསུམ་ནི་བྱ་བའི་དོན་གྱི་ཡུལ་ཡིན་པ་ལས།
གཞན་ཤིང་རི་དྭགས་རྣམས་དོན་གྱི་ཡུལ་མིན་པས་འདི་རིགས་ལ་ཡུལ་དེ་དང་འབྲེལ་བའི་
ལས་ལ་ཕན་འདོགས་པར་དངོས་སུ་བསྟན་པ་ལྟ་བུའོ།
།གཞན་ཆེད་ཕྱིར་སླད་དོན་སོགས་དགོས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་ཡོད་པ་རྣམས་
ལྷག་པར་བཞི་བ་ཡིན་པར་གསལ།
རྣམ་དབྱེ་གཉིས་པ་དང་བཞི་བའི་ཁྱད་པར་བྱ་བ་བྱས་པ་ཙམ་འདྲ་ན་ཡང༌།
བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་དངོས་སུ་ཡོད་མེད་ཇི་ལྟར་ཡང་ཡུལ་དང་དེ་འབྲེལ་
ལས་ལ་ཕན་དངོས་སུ་འདོགས་པར་དངོས་ཤུགས་གང་རུང་དུ་བསྟན་པ་ལྟ་བུ་བཞི་པ་དང༌།
བྱ་ཡུལ་གསལ་བར་བསྟན་ནས་དེ་ལ་ཕར་བྱ་བ་བྱས་ཙམ་ལས་གཞན་མི་སྟོན་པ་གཉིས་པའོ།
།གཉིས་པ་དང་བཞི་བ་ཡིན་མིན་གཙོ་བོ་དགོས་པ་གསལ་མི་གསལ་གྱི་ཆ་ནས་གསལ་བ་དགོས་
ཆེད་དང༌།
མི་གསལ་བ་གཉིས་པ་ཡིན། དཔེར་ན།
རྟ་ལ་དུག་སྦྱིན་དང་ལམ་དུ་འགྲོ་ལྟ་བུ་གཉིས་ནི་ཅིག་ཤོས་གསོད་པའི་ཆེད་ཡིན་པ་
གསལ་བ་དང༌། ཅིག་ཤོས་གང་དུ་འགྲོ་བ་དང་དོན་ཅི་ཡིན་པ་མི་གསལ་བ་ལྟ་བུའོ།།
འདི་ལྟར་ཁྱད་པར་བྱས་ན་ཚིག་དོན་གཉིས་ཕན་ཚུན་མི་འཆོལ་ཞིང་དོན་གྱི་གོ་བ་ལེན་
ཕྱོགས་ལའང་འཐད་པར་སྣང་ངོ༌།།
ཡང་བྱ་བའི་དོན་གྱི་ཡུལ་དངོས་སུ་ཚིག་ཟིན་ལ་མི་གསལ་བ།
ཞིང་ལ་ཆུ་འདྲེན་ལྟ་བུའི་བྱ་བའི་དོན་གྱི་ཡུལ་ལོ་ཏོག་རྒྱས་པ་ཡིན་ཡང་དངོས་སུ་མི་གསལ་བ་ལྟ་བུ་ནི།
དེ་འབྲེལ་ལས་ལ་ཕན་ཐོགས་པའོ།
།རྣམ་དབྱེ་བཞི་པའི་རྐྱེན་ཡིན་ན་བྱ་ཚིག་གཉིས་ཀྱི་བར་དུ་སྦྱོར་དགོས་ཞེས་བཤད་
པ་ཡོད་ཀྱང་དེར་ངེས་པ་མེད་དེ།
སྐབས་འགར་སློང་མོ་བ་ལ་ཟས་སྦྱིན་ལྟ་བུ་མིང་གི་མཐར་སྦྱར་བའང་མང་དུ་འབྱུང་བ་ཡིན་ནོ།།
གསུམ་པ། རྣམ་དབྱེ་བདུན་པ།
གང་ཞིག་གང་ལ་བརྟེན་པའམ་ཡོད་པའི་དོན་ཅན་དུ་འཇུག་པ་ལས་གཙོ་ཆེར་བྱ་བ་བྱས་པ་མི་
སྟོན་པ་ཞིག་དགོས། དཔེར་ན། སྟེང་ཕྱོགས་སུ་ཉམས་དགའ་བའི་ལྷ་གནས་ཤིག་ཡོད།
འཛམ་གླིང་ན་རྙེད་པར་དཀའ་བའི་རྟེན་གྱི་གཙོ་བོ་ཇོ་ཤཱཀྱ་རྣམ་གཉིས་ཕོ་བྲང་པོ་
ཏཱ་ལ་རུ་གཟི་འོད་འབར་བཞིན་ཡོད།
ང་ཚོའི་ཕ་ཡུལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ཕྱུགས་རིགས་དཀར་ནག་གི་ཁྱུ་སྐར་
ཚོགས་ལྟར་བཀྲ་བ།
ལྟ་བུའི་རྟེན་གང་ཞིག་ལ་བརྟེན་པ་གང་ཞིག་ཡོད་པའམ་གནས་པར་སྟོན་ལ།
ཡང་ལ་དོན་གྱི་འོག་ཏུ་བརྟེན་པར་བྱ་བའི་རང་བཞིན་ཅན་དེ་ལ་བྱ་ཚིག་ཙམ་ཡང་ཡོད་མི་འོས་པ་མིན་ཏེ།
མཁས་དབང་སི་ཏུ་དང་པྲ་ཏི་སོགས་ཀྱིས་ཀྱང༌། གཡུལ་དུ་གོ་བགོས།
རབ་གསལ་དུ་དཔོན་པོ་བཞུགས།
སོགས་བྱ་ཚིག་ཅི་རིགས་བཀོད་ཀྱང་སྐབས་ཐོབ་ཀྱི་གོ་བའི་དབང་གིས་ལས་སུ་བྱ་བ་དང་
དགོས་ཆེད་ལ་འཁྲུལ་གཞི་མེད་ཅིང་བདུན་པ་གནས་གཞི་ལས་མ་འདས་པ་སོགས་ཤེས་པར་བྱའོ།
།བཞི་པ། དེ་ཉིད། རྣམ་དབྱེ་གཉིས་པའི་ནང་གསེས་དེ་ཉིད་ཀྱི་དོན་ནི།
ཡུལ་གང་ཞིག་ལ་བྱ་བ་གང་ཞིག་བྱེད་པའི་ཚེ་ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཅིང་དོན་
གྱི་དབྱེ་བ་སོ་སོར་འབྱེད་རྒྱུ་མེད་པར་སྟོན་པ་ཞིག་དགོས་ཏེ། དཔེར་ན།
ཤར་རིའི་ཕྲག་པའི་རྩེ་ནས་ཉི་མའི་དཀྱིལ་འཁོར་འོད་དུ་འཚེར།
དམར་སེར་འདུས་པའི་ཆོས་སྡེ་ཆེན་པོ་མངོན་པར་མཛེས།
མཚུངས་མེད་བླ་མ་འགྲོ་བ་ཀུན་ཀྱི་མགོན་དུ་གྱུར། ལྟ་བུའོ།
།འོད་དུ་འཚེར་ལྟ་བུར་མཚོན་ན། འོད་ལས་དང༌། དུ་དེ་ཉིད་སྟོན་པའི་ལ་དོན།
འཚེར་བྱ་བ་ཡིན་ཞིང༌། སྤྱིར་འོད་དང་འཚེར་གཉིས་མིང་ཙམ་ལ་ཐ་དད་པར་སྣང་མོད།
ངོ་བོའི་སྟེང་ནས་འཚེར་རྒྱུའི་བྱ་བ་ནི་འོད་ཁོ་ན་དང༌།
འོད་ལས་གཞན་པའི་འཚེར་རྒྱུའི་ལས་ཤིག་མེད་པས་བྱ་ལས་ངོ་བོ་གཅིག་པ་ཡིན་ནོ།
།སྤྱིར་གཞི་གང་ལ་བྱ་བ་བྱས་པར་སྟོན་པས་གཉིས་པ་ཡིན་པ་ལ།
བྱ་ལས་ངོ་བོ་གཅིག་པའི་རིགས་འདི་འདྲ་ལ་དེ་ཉིད་ཅེས་བརྗོད་པའོ།།
ལྔ་པ།
ཚེ་སྐབས། རྣམ་དབྱེ་བདུན་པའི་ནང་གསེས་ཚེ་སྐབས་ནི།
ལ་དོན་བདུན་པོ་གང་རུང་ཞིག་གིས་ཚེ་དང་སྐབས་ཀྱི་དོན་སྟོན་པ་ཞིག་དགོས་ཏེ། དཔེར་ན།
ཚེས་གཅིག་ཏུ་ས་སྙིང་ཆོས་ཚོགས་འཚོགས་རྒྱུ་རེད།
སློབ་གྲོགས་ཚོ་འུ་ཅག་རྗེས་སུ་མཇལ་ཡོང༌། དམ་ཆོས་ལ་རྟག་ཏུ་འབད་བརྩོན་བྱེད་དགོས།
ནམ་ཞིག་ན་འཆི་ངེས་རེད། ལྟ་བུ་གནས་སྐབས་དེ་དང་དེར་བརྟེན་ནས་དེ་འདྲ་འབྱུང་བས་བདུན་པ་ཉིད་དུས་བརྗོད་
པ་ལ་ལ་དོན་སྦྱར་ན་ཚེ་སྐབས་ཀྱི་སྒྲར་འགྱུར་བའི་ཕྱིར་རོ།
།ཡང་སྐབས་འདིར་ལས་སུ་བྱ་བ་སོགས་ཀྱི་དོན་དགག་སྒྲ་དང་འབྲེལ་བས།
ལས་སོགས་སོ་སོའི་མཚན་ཉིད་དང་མི་ལྡན་པར་གྱུར་པ། ཤར་ཕྱོགས་སུ་མི་འགྲོ།
ལྟད་མོ་ལྟ་བར་མི་འགྲོ། འཇིག་རྟེན་ན་བདེ་བ་མེད།
ལྟ་བུ་རྣམས་ཀྱི་ལ་དོན་དེ་དག་ལས་སུ་བྱ་བ་སོགས་སུ་འགྱུར་རམ་སྙམ་ན།
དངོས་སུ་མི་འགྱུར་ཡང་དགག་བྱའི་ཚིག་དེ་རྣམས་ལ་དོན་དག་དང་འབྲེལ་བའི་ཕྱིར་རྣམ་
དབྱེ་རྗེས་མཐུན་པ་ཙམ་དུ་ཤེས་པར་བྱའོ། །ཞེས་གསུངས་སོ།།
གསུམ་པ།
སྒྲ་ཡི་འཇུག་ཚུལ་ནི།
ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ།
།འ་དང་མཐའ་མེད་ར་དང་རུ། །
ཞེས་པ་སྟེ།
སུ་སོགས་ལ་དོན་ཀྱི་རྐྱེན་རྣམས་རྗེས་འཇུག་གང་དང་གང་གི་རྗེས་སུ་འཐོབ་ཅེ་ན། དེ་ཡང་ས་མཐར་སུ་དང༌།
ག་དང་བ་ད་དྲག་བཅས་ཀྱི་མཐར་ཏུ། ང་ད་ན་མ་ར་ལ་དྲུག་གི་མཐར་དུ་འཐོབ་
སྟེ། དཔེར་ན། དབེན་གནས་སུ་གཤེགས། རྟག་ཏུ་དྲན་ཤེས་བསྟེན། དམ་ཆོས་ཀུན་ཁྱབ་ཏུ་སྤེལ།
ལྔ་རིག་སློབ་གྲྭ་འདི་ཤིནད་ཏུ་སྐྱིད། སོགས་རྒྱ་ཆེར་སྦྱར་ནས་ཤེས་པར་བྱའོ། །འ་ཡིག་རྗེས་འཇུག་ཅན་དང་མཐའ་མེད་དག་གི་རྗེས་སུ།
ར་དང་རུ་འཐོབ་ པ་ཡིན་ཏེ། དཔེར་ན། མཐའ་རུ་ཕྱིན། ཕྱོགས་བཅུར་བཞུགས།
རྐང་པ་སྐོང་ཚེ་རུ་སྦྱོར་བ། དཔེར་ན། ངོ་མཚར་ཤེས་བྱའི་གཟིགས་མོ་རུ་ཕེབས་དང༌།། ལྟ་བུའོ།།
གསུམ་པ།
ཨི་ལྡན་གྱི་རྣམ་དབྱེ་བཤད་པ་ལ། འབྲེལ་སྒྲ་བཤད་པ། བྱེད་སྒྲ་བཤད་པ།
སྒྲའི་འཇུག་ཚུལ་བཤད་པ་གསུམ་ལས། དང་པོ།
གི་ཀྱི་གྱི་འི་ཡི་ལྔ་པོ།
།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌།།
ཞེས་པ་སྟེ།
གི་དང་ཀྱི་གྱི་འི་ཡི་བཅས་ལྔ་པོ་འདི་རྣམས་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས།
མིང་དོན་ཕན་ཚུན་འབྲེལ་བ་སྟོན་པའི་དོན་ལ་འཇུག་ཅིང༌། དང་ནི་ སྡུད་པའི་སྒྲའོ།
།ཆོས་དང་ཆོས་ཅན་གྱི་མིང་དོན་ཕན་ཚུན་འབྲེལ་བར་སྟོན་མི་ནུས་པ་ལ།
རྣམ་དབྱེ་དྲུག་པའི་རྐྱེན་སྦྱར་ནས་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་ནམ་
འབྲེལ་བ་ཡོད་པར་གོ་བ་ཞིག་དགོས་ཏེ། དེའང་འབྲེལ་སྒྲ་མེད་ཀྱང༌། དཔེར་ན། ཆུ་ཆེན་པོ།
མེ་དམར་པོ། ཤིང་སྐམ་པོ། མེ་ཏོག་མཛེས། རི་མཐོན་པོ། ཆུ་དྭངས་མོ། མེ་ཏོག་དམར་པོ།
ཤོག་བུ་དཀར་པོ།
སོགས་ཆོས་ཆོས་ཅན་ཕན་ཚུན་བར་འབྲེལ་སྒྲའི་ཕྲད་མེད་ཀྱང་འབྲེལ་བར་གོ་བ་དག་ལ་
རྣམ་དབྱེའི་རྐྱེན་སྦྱོར་མི་དགོས་པའང་ཡོད་པ་ཤེས་པར་བྱ་དགོས།
དེ་དག་ཀྱང་སྐབས་འགར་ཆོས་དང་ཆོས་ཅན་དུ་སྦྱོར་བ་ལྟ་བུའི་ཚིག་སྦྱོར་གྱི་དབང་
གིས་འབྲེལ་སྒྲའི་ཕྲད་འཇུག་པ་ཡོད་ལ། དཔེར་ན། ཆེན་པོའི་ཆུ། དམར་པོའི་མེ།
སྐམ་པོའི་ཤིང༌། མཛེས་པའི་མེ་ཏོག མཐོན་པོའི་རི་སོགས་མང་དུ་ཡོད།
དེས་ན་འབྲེལ་བ་ལ། དཔེར་ན། བྲག་དཀར་གྱི་རི་བོ་ལྟ་བུ་ངོ་བོ་བདག་གཅིག་གི་འབྲེལ་བ་དང༌།
ལྗོན་ཤིང་གི་མེ་ཏོག་ཚར་དུ་དངར་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ།
རྣམ་ཐོས་སྲས་ཀྱི་བང་མཛོད་ལྟ་བུ་བདག་པོ་དང་ཡུལ་གྱི་འབྲེལ་བ་དང༌།
དེ་བཞིན་མཛེས་པའི་མེ་ཏོག་ལྟ་བུའི་ཆོས་དང་ཆོས་ཅན།
ཁབ་ཀྱི་རྩེ་དང་ཁང་བའི་ཤར་ལྟ་བུའི་ཆ་ཤས་དང་ཆ་ཤས་ཅན་སོགས་ཀྱི་དབྱེ་བའང་ཡོད་ དོ།
།གི་ལ་སོགས་པ་དེ་རྣམས་རྣམ་དབྱེའི་དོན་མ་ཡིན་པ་གཞན་ལའང་འཇུག་པ་ཡོད་པར་གསུངས་ ཏེ།
དཔེར་ན། དགེ་སྦྱོང་འདི་ནི་བདེན་གྱི་གཞན་དག་ཆ་མ་མཆིས།
རང་ཅག་ནང་པ་སངས་རྒྱས་པ་ཡིན་གྱི་མུ་སྟེགས་པ་མ་ཡིན་ནོ།
།ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པར་སྟོན་པའི་ཚིག་རྒྱན་ལའང་འཇུག་པའི་ཕྱིར་ རོ།།
གཉིས་པ་བྱེད་སྒྲ་བཤད་པ།
དེ་རྣམས་ས་མཐའ་ཅན་ལྔ་ནི།
།རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།།
ཞེས་པས་བསྟན་ཏེ།
སྔར་བཤད་པའི་འབྲེལ་སྒྲའི་སྐབས་ཀྱི་གི་ལ་སོགས་པ་ཡིག་འབྲུ་ལྔ་པོ་དེ་རྣམས་སོ་སོར་ས་ཡིག་རེ་སྦྱར་བས།
གིས་ཀྱིས་གྱིས་འིས་ཡིས་སོགས་མཐའ་རྟེན་ཅན་ལྔ་པོ་འདི་རྣམས་ནི། རྣམ་དབྱེ་གསུམ་པ་བྱེད་པའི་སྒྲ་སྟེ་
བྱེད་པ་པོ་ཞིག་གིས་བྱ་བ་བྱས་པར་སྟོན་པའི་དོན་ཅན་ལ་འཇུག་སྟེ།
དེ་ཡང་རྣམ་དབྱེ་གསུམ་པའི་རྐྱེན་སྦྱར་ཡུལ་ལ་བྱེད་པོ་དང་བྱེད་པ་གང་རུང་ཞིག་ ཡིན་ཚེ།
ཉེ་འགྱང་གང་རུང་དུ་བྱ་བ་བྱས་པར་སྟོན་པ་ཞིག་ཡིན་ཏེ། དཔེར་ན། མཚུངས་མེད་བླ་མ་མཆོག་གིས་དམ་ཆོས་གནང་ལྟ་བུ་ཉེ་བ་དང༌།
ཐུ་མི་སཾ་བྷོ་ཊས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་དང་རང་ཉིད་བྱང་ཆུབ་
མཆོག་གི་སྨོན་ལམ་ཁྱད་པར་ཅན་གྱི་མཐུས་འཕགས་པའི་ཡུལ་དུ་བརྟོལ།
ལྟ་བུ་ཅུང་འགྱང་སར་བྱ་བ་བྱས་པ་ཞིག་གོ །
ཡང་ལྕགས་བཟོ་བས་ལག་པས་ཐོ་བ་ཆེན་པོས་ལྕགས་བརྡུངས་ལྟ་བུ་བྱེད་སྒྲ་སུམ་བརྩེགས་དང༌།
ཉི་མ་ཤར་བས་མུན་པ་བསལ་ལྟ་བུ་རྒྱུ་མཚན་སྟོན་པའི་བྱེད་སྒྲའོ།
།ཡང་སྐབས་འགར་བཀྲ་ཤིས་ཀྱི་ལག་པས་རི་མོ་འབྲི་ལྟ་བུ་ལ་བྱེད་སྒྲ་གཉིས་མ་སྦྱར་ཡང་བྱེད་པོ་སུ་ཡིན་འཁྲུལ་གཞི་མི་འབྱུང་བ་དང༌།
བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་ལྟ་བུ་ལ་བྱེད་སྒྲ་ཉིས་བརྩེགས་མ་སྦྱར་ན་བྱེད་པོ་སུ་ཡིན་འཁྲུལ་གཞི་འབྱུང་སྲིད་པའང་ཡོད།
གཞན་ཡང་ཀྱིས་སོགས་དཔེར་ན། བསམ་གྱིས་མི་ཁྱབ། བརྗོད་ཀྱིས་མི་ལང༌། ལྷུན་གྱིས་གྲུབ།
ང་ལས་ཁྱེད་ལོ་གསུམ་གྱིས་རྒན་ལྟ་བུ་སོགས་ཀྱང་བྱེད་སྒྲ་རྗེས་མཐུན་པའམ་ཁོངས་
གཏོགས་སུ་འདོད་པར་མངོན་ནོ།།
གསུམ་པ།
སྒྲའི་འཇུག་ཚུལ་བཤད་པ།
སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི
།འ་དང་མཐའ་མེད་འི་དང་ཡི།།
ཞེས་པ་ལྟར།
གོང་གི་ཨི་ལྡན་གྱི་རྣམ་དབྱེ་ཀྱི་ཀྱིས་སོགས་ཀྱི་སྒྲ་ཡི་སྦྱོར་ཚུལ་ནི།
རྗེས་འཇུག་ན་མ་ར་ལ་དག་གི་རྗེས་སུ་གྱི་དང༌། ད་བ་ས་གསུམ་གྱི་རྗེས་སུ་ཀྱི།
ག་ང་གཉིས་ཀྱི་རྗེས་སུ་གི རྗེས་འཇུག་འ་དང་མཐའ་མེད་མཐར་རྐང་པ་ཁ་སྐོང་མི་དགོས་ཚེ་འི་དང༌།
ཁ་སྐོང་དགོས་ཚེ་ཡི་བཅས་ འཇུག་པ་ཡིན་ཏེ། དཔེར་ན། གསེར་གྱི་ཏོག
ཁྱེད་ཀྱི་བྱ་བ། བདག་གིས་དཔྱད། སློབ་ཕྲུག་ཡོངས་ཀྱིས་བལྟས། ནམ་མཁའི་སྤྲིན།
ལྟ་བུ་དང༌། དྭངས་གསལ་ནམ་མཁའ་ཡི་སྤྲིན་པ། །དཔའ་བོ་དེ་ཡིས༷་རྒྱལ་ཁ་བླངས།
།ལྟ་བུ་ཁ་སྐོང་དགོས་ཚེ་ཡི་དང་ཡིས་སྦྱར་དགོས་པ་སོགས་རྒྱ་ཆེར་ཤེས་པར་བྱའོ།
།
བཞི་པ།
རྒྱན་སྡུད་བཤད་པ།
ཀྱང་ཡང་འང་གསུམ་རྒྱན་སྡུད་དེ།
།ག་ད་བ་ས་དྲག་མཐར་ཀྱང༌།།
ང་ན་མ་ར་ལ་མཐར་ཡང༌།
།འ་དང་མཐའ་མེད་འང་དང་ཡང༌།།
ཞེས་པས་དོན་དང་སྒྲ་ཡི་སྦྱོར་ཚུལ་བསྟན་པ་ལྟར།
ཀྱང་དང་ཡང་འང་གསུམ་ནི་མཐུན་པའི་ཚིག་རྒྱན་དང༌། མི་མཐུན་པའི་ཚིག་རྒྱན།
སྡུད་པའི་དོན་བཅས་ལ་འཇུག་ཅིང༌། དེ་ནི་ལྷག་བཅས་ཀྱི་སྒྲའོ།
།སྒྲའི་སྦྱོར་ཚུལ་རྗེས་འཇུག་ག་ད་བ་ས་བཞི་དང་ད་དྲག་ཅན་མཐར་ཀྱང༌།
ང་ན་མ་ར་ལ་བཅས་ཀྱི་མཐར་ཡང༌། རྗེས་འཇུག་འ་དང་མཐའ་མེད་བཅས་ཀྱི་མཐར་རྐང་པ་ཁ་སྐོང་མི་དགོས་ཚེ་འང་དང་དགོས་ཚེ་ཡང་ཉིད་
འཇུག་པ་ཡིན། མཐུན་པའི་ཚིག་རྒྱན་ཞེས་ཚིག་སྔ་ཕྱི་མཐུན་པའི་བར་དུ་འཇུག་པ། དཔེར་ན།
མདོ་སྨད་གསེར་ལྗོངས་མཛེས་ཀྱང་མཛེས། བླ་རུང་ཆོས་གྲྭ་སྐྱིད་ཀྱང་སྐྱིད།
སློབ་མ་ང་རང་དགའ་ཡང་དགའ། ལྟ་བུ་དང༌།
ཚིག་སྔ་ཕྱི་གཉིས་མི་མཐུན་པ་ཞིག་གི་བར་དུ་འཇུག་པ་མི་མཐུན་པའི་ཚིག་རྒྱན་ཏེ། དཔེར་ན།
རྒྱལ་ཁྲིམས་བཙན་ཡང་སྙིང་སྟོབས་ཆེ། སྲིད་དབང་ཆུང་ཡང་ཤེས་རྒྱ་ཆེ།
ལོ་ན་མཉམ་ཡང་སྟོབས་མི་འདྲ། ལྟ་བུའོ།
།ཚིག་དང་དོན་གཞན་ཞིག་གོ་རྒྱུ་ཡོད་པ་ཞིག་ལ་འཇུག་པའི་སྡུད་སྒྲ་ནི། དཔེར་ན།
གུར་ཀུམ་ཡང་ཡིན་ལ་སེར་པོའང་ཡིན། སློབ་མས་མ་ཟད་བླ་མས་ཀྱང་བཀུར་རོ།
།གནས་འདིར་སྐྱོ་བ་ཙམ་ཡང་སྐྱེ་མི་འགྱུར། ལོ་ཙཱ་བ་ཡང་གནས་འདིར་བཞུགས།
།ལྟ་བུ་རྐང་པ་ཁ་སྐོང་དགོས་ཚེ་ཡང་ཉིད་སྦྱར་བར་བྱའོ།།
ལྔ་པ།
ལྷག་བཅས་བཤད་པ།
ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ།
།ན་ར་ལ་ས་དྲག་མཐར་ཏེ།།
ད་དེ་ག་ང་བ་མ་འ།
།མཐའ་མེད་རྣམས་ལ་ས་སྟེ་འཐོབ།།
ཅེས་པས་བསྟན་ཏེ།
ཏེ་དེ་སྟེ་གསུམ་ནི་མིང་ཚིག་གང་ཡང་རུང་བའི་མཐར་སྦྱར་ཚེ།
བརྗོད་པ་སྔ་མས་མིང་ཚིག་གཞན་འདྲེན་པར་བྱེད་པའམ་འདྲེན་རྒྱུ་ཡོད་པ་ཞིག་སྟོན་པས་ན་ལྷག་བཅས་ཞེས་ཟེར་ཏེ།
དེ་དག་གི་སྦྱོར་ཚུལ་ནི། རྗེས་འཇུག་ན་ར་ལ་ས་བཞི་དང་ད་དྲག་མཐར་ཏེ་འཐོབ།
རྗེས་འཇུག་ད་ཡིག་གི་རྗེས་སུ་དེ་ག་ང་བ་མ་འ་དང་མཐའ་རྟེན་མེད་པ་རྣམས་ལ་ས་ཡིག་དང་ལྡན་པའི་སྟེ་སྒྲ་ཉིད་འཐོབ་བོ།
།དེ་དག་ལྷག་མ་འདྲེན་ཚུལ་གྱི་སྒོ་ནས་དབྱེ་ན། མཚམས་སྦྱོར་ལྷག་བཅས་དང༌།
དམ་བཅའ་ལྷག་བཅས། གཞན་འདྲེན་ལྷག་བཅས་ཏེ་གསུམ་ལས། དང་པོ།
འདྲེན་བྱ་འདྲེན་བྱེད་ཀྱི་ཚིག་སྔ་ཕྱི་མཚམས་སྦྱོར་བ་ཞིག་སྟེ།
དེ་ལ་རིམ་དང་ཅིག་ཅར་གཉིས་ལས། དང་པོ། དཔེར་ན། གུས་འདུད་དང་བཅས་ཏེ་ཆོས་ཞུ།
བརྩོན་འགྲུས་བསྐྱེད་དེ་མཁས་པར་བྱ།
བློ་སྔོན་དུ་བཏང་སྟེ་བྱ་བ་བསྒྲུབ་ལྟ་བུའོ།
།གཉིས་པ། རིག་པ་བསྒྲིམས་ཏེ་དཔེ་ཀློག་བྱེད་ཀྱིན་འདུག
ཡིད་དགའ་སྤྲོ་དང་བཅས་ཏེ་ཉམས་རྒྱས། ལྟ་བུའོ། ། གཉིས་པ།
ཚིག་སྔ་མས་དམ་བཅས་པ་ལ་དེ་གསལ་བྱེད་དམ་སྒྲུབ་བྱེད་དུ་ཚིག་ཕྱི་མ་འདྲེན་པ་ཞིག་
སྟེ།
དེ་ལ་དབྱེ་བ་འདྲེན་པ། གཏན་ཚིག་འདྲེན་པ། ངེས་ཚིག་འདྲེན་པ།
རྒྱས་བཤད་འདྲེན་པ་ལས།
དཔེར་ན། ཆོས་མཆོག་ནི་ལྔ་སྟེ། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན།
ཤེས་རབ་རྣམས་སོ།
།མཛེས་ལྗོངས་འདི་ཤིན་ཏུ་སྐྱིད་དེ་དཀར་དམར་མེ་ཏོག་གིས་ཕྱོགས་ཀུན་བཀྲ་བའི་
ཕྱིར། འདི་ལ་གསར་བྱོན་ཞེས་བྱ་སྟེ་གསར་དུ་ཕེབས་པའི་གང་ཟག་ཡིན་པའི་ཕྱིར།
བསླབ་པ་ཀུན་ཀྱི་གཞི་འཛིན་ཅིང༌། །སོགས་གསུངས་ཏེ།
དེའང་ལྷག་པ་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་སོགས་རིམ་པར་སྦྱར་བ་ལྟ་བུའི་ཕྱི་མ་
གྲངས་འབོར་ལ་ངེས་གཏན་མེད་པ་ཞིག་གོ ། གསུམ་པ།
བརྗོད་བྱ་ལྷག་མ་ཡོད་པ་ཙམ་སྟོན་པ་ཞིག་སྟེ།
དཔེར་ན། དཔེ་ཆ་དེ་མཐོང་སྟེ་ཀློག་མ་མྱོང༌། དོན་གསལ་ཏེ་བློར་མ་ངེས།
རྣ་བ་གཏད་དེ་མཉན་པར་བྱ་ལྟ་བུའོ།།
དྲུག་པ།
འབྱེད་སྡུད་བཤད་པ།
གམ་ངམ་དམ་ནམ་བམ་མམ་འམ།
།རམ་ལམ་སམ་ཏམ་འབྱེད་སྡུད་དེ།།
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།
།ར་རུ་འི་ཡི་འང་ཡང་རྣམས།།
རྐང་པ་མི་སྐོང་སྐོང་བའི་ཁྱད།
།འོ་འུ་འམ་གྱི་གོང་དུ་ཚེག།
མེད་དང་ཡོད་པའང་དེ་བཞིན་ཡིན།།
ཞེས་པ་ལྟར།
རྗེས་འཇུག་གི་ཡི་གེ་བཅུ་ལ་རྗེས་འཇུག་དྲུག་པ་མ་ཡིག་སྦྱར་བས་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ་བཅས་བཅུ་གཅིག་པོ་རྣམས་ནི།
ཚིག་དོན་སོ་སོར་འབྱེད་པ་དང་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འཇུག་པར་བཤད་དེ།
འབྱེད་པ་ཞེས་དབྱེ་གཞི་གཅིག་ཐོག་མར་བཀོད་དེ་བྱེ་བྲག་གཉིས་སམ་མང་པོར་འབྱེད་པ་ ནི།
དཔེར་ན། སློབ་མའི་ཆོས་བཞི་སྟེ། མི་ཕྱེད་པའི་དད་པའམ། མི་ལྡོག་པའི་བརྩོན་འགྲུས་སམ།
གཞན་དྲིང་མི་འཇོག་པའི་ཤེས་རབ་བམ། བཤེས་གཉེན་ལ་གུས་པ་བཅས་སོ།
།སྡུད་པ་ཞེས་ཚིག་དོན་མང་པོའི་བསྡུ་གཞི་ཞིག་མཐར་བཀོད་དེ་བསྡུ་བྱའི་དོན་རྣམས་
སྡུད་པ། དཔེར་ན། མཁན་པོ་འམ། སློབ་དཔོན་ནམ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་མཁན་སློབ་ཆོས་གསུམ་མོ་ལྟ་བུ་དང༌།
གཞན་ས་བོན་སྐྱེ་ཐུབ་བམ་མི་ཐུབ་ལྟ་བུའི་ཐེ་ཚོམ་དང༌།
ཁྱེད་སྐུ་ཁམས་བདེ་འམ་ལྟ་བུའི་འདྲི་བ། རྩེད་མོར་གཡེང་ངམ་སློབ་སྦྱོང་བྱེད་ལྟ་བུའི་འདམ་ང་ཅན་བཅས་ལ་འཇུག་པའང་ཤེས་པར་
བྱ། དེ་དག་གི་སྒྲའི་སྦྱོར་ཚུལ་ནི་སླར་བསྡུའི་སྐབས་དང་མཚུངས་པར།
རྗེས་འཇུག་རང་འདྲའི་མཐར་དང་དྲག་མཐར་ཏམ་བཅས་འཇུག་པ་ཡིན་ནོ། །གོང་གི་ལ་དོན་དག་ལས་ར་དང་རུ།
འབྲེལ་སྒྲའི་འི་དང་ཡི། རྒྱན་སྡུད་ཀྱི་འང་དང་ཡང་རྣམས་སྐབས་གང་དང་གང་ལ་སྦྱོར་ཚུལ་ཅི་འདྲའང་ཤེས་དགོས་ཏེ།
ཚིག་ལྷུག་སོགས་རྐང་པ་ཁ་མི་སྐོང་བ་དང༌། ཚིགས་བཅད་སོགས་རྐང་པ་ཁ་སྐོང་བའི་ཁྱད་པར་
ལས་ཁ་སྐོང་དགོས་ཚེ་རུ་དང་ཡི་ཡིས་ཡང་རྣམས་སྦྱོར་ཞིང༌།
མི་དགོས་ཚེ་ར་འི་འིས་འང་རྣམས་ཚེག་བར་མེད་པར་སྦྱོར་དགོས་ཏེ། དཔེར་ན།
གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང༌། ། གཞན་དང་བསྟུན་པ་དེ་ཡང་རྩ་བ་ཡིན།
།ལས་དང་བྱ་བ་ཇི་ལྟ་བུ་ཞིག་བྱེད་ནའང་མཛད་སྤྱོད་མི་དང་མཐུན་ན་ལེགས།
ལྟ་བུའི་མཚོན་ནས་ཤེས་པར་བྱའོ། །ཡི་གེ་འདི་སུས་བྲིས། ལྟ་བུ།
འིས་ཞེས་པའང་ས་ཁོ་ནས་གོ་ཐུབ་པ་ཡིག་ཟོར་ཡང་བའི་ཆེད་ལས།
ཐོབ་ཐང་མེད་པ་མ་ཡིན་པ་ཤེས་དགོས། དེ་བཞིན་དུ། འོ་འུ་འམ་གྱི་གོང་དུ་ཚེག་མེད་པ་དང་ཡོད་པའི་ཁྱད་པར་དེའང༌།
ཚིག་གི་རྐང་པ་ཁ་སྐོང་དགོས་མིན་གྱི་ཁྱད་པར་དེ་བཞིན་དུ་སྦྱར་བར་བྱེད་པ་ཡིན་པའང་
ཤེས་པར་བྱའོ།།
བདུན་པ།
འབྱུང་ཁུངས་བཤད་པ།
ནས་ལས་འབྱུང་ཁུངས་དགར་སྡུད་དེ། ། འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།།
རིགས་མཐུན་དགར་ནས་མི་མཐུན་ལས། །
སྡུད་ལ་ནས་སྒྲ་ཁོ་ན་འཇུག།
ཅེས་པས་བསྟན་པ་ལྟར་ནས་དང་ལས་གཉིས་ནི་འབྱུང་ཁུངས་དང༌།
དགར་བ་དང༌། སྡུད་པ་བཅས་ལ་འཇུག་པར་བཤད་དེ།
དགར་སྡུད་སོགས་མ་ཡིན་པའི་འབྱུང་ཁུངས་དངོས་ལ་ནི་ནས་ལས་གཉིས་གང་སྦྱར་ཡང་འཐུས་པའམ་
ཆོག་པ་ཡིན་ལ། དེ་ལ་དངོས་དང་ཆ་འདྲ་གཉིས་སུ་དབྱེ་བའི། དང་པོ་དངོས་ནི།
གང་ཞིག་གང་ལས་བྱུང་བ་དང་བྲལ་བར་སྟོན་པ་ཞིག་དགོས་ཏེ། དཔེར་ན།
གང་འདབས་ནས་ཆུ་མིག་རྡོལ། གནས་རི་ནས་གཏེར་ཁ་གྲངས་མེད་བླངས།
འདོད་འཇོའི་བ་ལས་འོ་མ་བཞོས། འོ་མ་ལས་མར་བྱུང་ལྟ་བུ་དང༌། འབྱུང་ཁུངས་དང་འདྲ་བ།
ཤིང་རྩེ་ནས་སྤྲེའུ་ལྷུང་། ནགས་ཚལ་དེ་ལས་ཁུ་བྱུག་ལྷོ་ལ་འཕུར།
མི་དབང་གནམ་གྱི་སྐས་ལས་བབས་ལྟ་བུ་དངོས་ཀྱི་མཚན་ཉིད་གང་ཞིག་གང་ལས་བྱུང་བ་དང་
བྲལ་བ་གཉིས་ཀ་མི་ཚང་བས་ཆ་འདྲ་ཞེས་བརྗོད་པ་ཡིན། དགར་བ་ལ་གཉིས་ཏེ་རིགས་མཐུན་དགར་བ་ལ་ནས་སྒྲ་དང༌།
རིགས་མི་མཐུན་དགར་བ་ལ་ལས་སྒྲ་ སྦྱར་ན་འཚམ་ཞིང༌། དེ་དག་དཔེར་བརྗོད་ན།
དགར་གཞི་དང་དགར་ཆོས་གཉིས་རིགས་མཐུན་པར་དགར་བ།
རྐང་གཉིས་རྣམས་ཀྱི་ནང་ནས་ཤཱཀྱ་སེངྒེ་སྐྱབས། བྱ་རྣམས་ཀྱི་ནང་ནས་ལྤགས་བྱེའུ་མཁས།
དགར་གཞི་དང་དགར་ཆོས་རིགས་མི་མཐུན་པར་དགར་བ། མི་ལས་ལྷ་བདེ་སྐྱིད་ཕུན་སུམ་ཚོགས།
ཆུ་ཚན་ལས་འོ་ཇ་ཞིམ་མངར་ཆེ། ལྟ་བུ་དང༌། བྱ་བ་དང་ཡོན་ཏན་གྱི་ཁྱད་པར་ལས་དགར་བའང་ཡོད་དེ།
རྒྱུན་དུ་རྣམ་གཡེང་ངང་སྡོད་པ་ལས་སྐོར་བ་རེ་གཉིས་བྱེད་པ་མཆོག
མི་འགའ་ཞིག་ལས་ཝ་མོ་ཁོ་གཡོ་སྒྱུ་ཆེ། ལྟ་བུའོ། །སྡུད་པ།
གང་ཞིག་གང་ལས་མགོ་བརྩམས་པ་དེ་ནས་བསྡུ་བྱ་རྫོགས་པར་སྟོན་པ་ཞིག་སྟེ། དེ་འདྲའི་སྡུད་པ་ལ་ནི་ནས་སྒྲ་ཁོ་ན་འཇུག་པ་
ལས་ཅིག་ཤོས་མི་འཇུག་པ་ཡིན། དཔེར་ན། བླ་རུང་ནས་རྒྱ་གར་བར་ལྟ་བུ་ཡུལ་སྡུད་པ།
ན་ནིང་ནས་ད་ལོའི་བར་ལྟ་བུ་དུས་སྡུད་པ།
གཅིག་ནས་གྲངས་མེད་བར་ལྟ་བུ་གྲངས་སྡུད་པ་སོགས་ཡོད།དགར་བ་ནི་དགར་གཞི་དེ་ལས་
དགར་ཆོས་བྱུང་བ་ལྟར་སྣང་བ་དང༌།
སྡུད་པ་ནི་ཐོག་མར་གང་ནས་མགོ་བརྩམས་པ་དེ་ལས་བསྡུ་རྒྱུའི་གནས་སྐབས་ཐམས་ཅད་ བྱུང་བ་ལྟར་སྣང་བས་ལྔ་བའི་ཡན་ལག་ཏུ་རྟོགས་པར་བྱའོ།
།
བརྒྱད་པ།
བོད་སྒྲ་བཤད་པ།
ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ།
།ཕལ་ཆེར་མིང་གི་ཐོག་མར་སྦྱོར།།
ཞེས་པ་སྟེ།
གང་ཡང་རུང་བའི་མིང་གི་ཐོག་མར་ཀྱེ་དང་ཀྭ་ཡེ་ཞེས་སྦྱར་བ་ནི་བོད་པ་གསལ་བྱེད་ཀྱི་སྒྲ་སྟེ།
དེའང་ཕལ་ཆེར་མིང་གི་ཐོག་མར་སྦྱོར་བ་ ལས་ཚིགས་བཅད་སོགས་ཀྱི་སྐབས་སུ་མིང་གི་མཐའ་དང་བར་དུ་སྦྱར་བའང་ཡོད།
དེ་དག་དཔེར་ན། ཀྱེ་སློབ་དཔོན་ཆེན་པོ། ཀྭ་ཡེ་བརྩེ་ལྡན་གྲོགས་པོ་དམ་པ།
ལྷ་མཆོག་ཀྱེ་བདག་ལ་དངོས་གྲུབ་སྩོལ། ལེགས་པར་གསོན་དང་སྤུན་ཟླ་ཀྱེ།
ཝ་ཡེ་ང་དང་མཉམ་དུ་འགྲོའམ། ཀྭའི་ཚུར་ཤོག་ལྟ་བུ་དག་ཀྱང་བོད་པ་གསལ་བྱེད་ཀྱི་སྒྲའོ།
།ཀྱེ་སོགས་བོད་པ་གསལ་བྱེད་ཀྱི་སྒྲ་ལས་རྣམ་དབྱེ་མཚན་ཉིད་པ་མིན་པ་སི་འགྲེལ་
ལས་གསུངས་པ་ལྟར་ཤེས་དགོས་སོ།།
གཉིས་པ།
རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་བཤད་པ་ལ། ནི་སྒྲ། དང་སྒྲ། དེ་སྒྲ།
གང་སྒྲ། བདག་སྒྲ། དགག་སྒྲ་བཅས་དྲུག་ལས། དང་པོ། ནི་སྒྲ་བཤད་པ།
ནི་ནི་དགར་དང་བརྣན་པའི་སྒྲ། །
ཞེས་གསུངས།
དེས་ན་ཐོག་མར་ཚིག་ཕྲད་ཅེས་པ་ངེས་དགོས་ཏེ།
ཕྲད་རང་རྐྱང་གིས་བརྗོད་བྱ་སྤྱི་བམ་ཞིག་ལས་དོན་གསལ་བོ་གང་ཡང་མི་སྟོན་པར་མིང་
ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་གྱི་ཚིག་སྔ་ཕྱི་ཕྲད་པར་བྱེད་པའི་ནུས་པ་
བཏོན་ཏེ་དོན་གསལ་བར་སྟོན་པའི་སྒྲའི་ཆ་ཤས་ཤིག་ལ་ཚིག་ཕྲད་ཅེས་ཟེར་བ་ཡིན།
ཕྲད་དང་རྣམ་དབྱེ་ལ་མུ་བཞི་ཡོད། རྣམ་དབྱེ་ཡིན་ལ་ཚིག་ཕྲད་མ་ཡིན་པ།
མིང་རྐྱང་རྣམས་དང༌། ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ། སླར་བསྡུ། ལྷག་བཅས།
འབྱེད་སྡུད། རྒྱན་སྡུད། ནི་སྒྲ། དང་སྒྲ། དེ་སྒྲ། སྤྱི་སྒྲ། བདག་སྒྲ། དགག་སྒྲ།
ཞིང་སོགས་མང་དུ་ཡོད། གཉིས་ཀ་ཡིན་པ། ལ་དོན། ཨི་ལྡན། འབྱུང་ཁུངས། འབོད་སྒྲ། གཉིས་ཀ་མིན་པ།
དབྱངས་གསལ་སོ་བཞི་ལྟ་བུའོ།།
དེས་ན་ནི་ཞེས་པ་དེ་ནི་དགར་དང་བརྣན་པའི་དོན་གཉིས་ལ་འཇུག་པའི་སྒྲ་སྟེ།
དགར་བ་ལ་ནང་གསེས་གསུམ་ལས། དཔེར་ན།
ཡོན་ཏན་ཕུན་སུམ་ཚོགས་པ་ནི་མི་རྣམས་ཀྱི་མཆོག་གོ་ལྟ་བུ་དགར་བྱ་ཡོན་ཏན་ཅན་དང༌།
དགར་གཞི་མི་རྣམས།
དགར་བྱེད་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ཁྱད་པར་ལས་མཆོག་ཏུ་དགར་བ་དང༌།
གདོལ་བ་ནི་རིགས་ཀུན་ཀྱི་ཐ་མ་ཞིག་གོ་ལྟ་བུའི་དམན་པར་དགར་བ་དང༌།
ཙན་དན་ནི་ཤིང་གཞན་ཞིག་དང་མི་འདྲའོ་ལྟ་བུའི་ཐ་དད་ཙམ་དུ་དགར་བ་སྟེ་གསུམ་མོ།
།བརྣན་པ་ནི་དོན་གང་ཡིན་པ་དེ་ནན་ཏན་བྱས་པའི་དོན་ཏེ། དཔེར་ན། སློབ་མ་ང་རང་ཚོ་ནི་།
རྙེད་པར་དཀའ་བའི་མི་ལུས་ནི་ཐོབ། རང་དབང་ནི་ཡོད། ན་ཚོད་ནི་གཞོན། བློ་རིག་ནི་བཀྲ།
འཚོ་བའི་ཆ་རྐྱེན་ནི་ཕུན་སུམ་ཚོགས། སློབ་དཔོན་ནི་མང་དུ་འཛོམས།
སློབ་ཅི་འདོད་ནི་དཔེ་ཁྲིད་བྱེད། དེས་ན་ཤིན་ཏུ་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་གཏོང་མི་རུང་
ལྟ་བུའོ།།
གཉིས་པ།
དང་སྒྲ་བཤད་པ།
དང་ནི་སྡུད་འབྱེད་རྒྱུ་མཚན་དང༌།
།ཚེ་སྐབས་གདམས་ངག་ལྔ་ལ་འཇུག།
ཅེས་པ་སྟེ།
དང་སྒྲ་ནི་སྡུད་པ་དང༌། འབྱེད་པ། རྒྱུ་མཚན་དང་ཚེ་སྐབས་གདམས་ངག་སྟེ་དོན་ལྔ་ལ་འཇུག་པར་
བསྟན་པ་སྟེ། དཔེར་ན། དོན་དམ་པའི་དགེ་བ་དང་། ངོ་བོ་ཉིད་ཀྱི་དགེ་བ་དང་
མཚུངས་ལྡན་གྱི་དགེ་བ་དང་།
ཀུན་སློང་གི་དགེ་བ་རྣམས་དགེ་བ་བཞིའོ་ལྟ་བུའི་བསྡུ་བྱའི་རིམ་པ་རྣམས་ཐོག་མར་
བགྲངས་ཏེ་སྡུད་གཞི་མཇུག་ཏུ་བཀོད་པས་སྡུད་པ་དང༌། མེས་དབོན་རྣམ་གསུམ་སྟེ།
སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་དང་། མངའ་བདག་ཁྲི་རལ་བ་ཅན་རྣམས་སོ་ལྟ་བུའི་དབྱེ་གཞི་ཐོག་མར་བཀོད་དེ་དབྱེ་ཆོས་
རྣམས་རིམ་བཞིན་བགྲངས་པས་འབྱེད་པ་དང༌།
ཕན་སེམས་ཅན་གྱི་དགེ་རྒན་མཐོང་བ་དང་དགའ་སྤྲོ་ཚད་ལས་འདས་ལྟ་བུའི་རྒྱུ་མཚན་ལ་ འཇུག་པ།
ང་ཚོ་ནམ་ལངས་པ་དང་ལྷ་ལྡན་དུ་འགྲོ་ལྟ་བུའི་དུས་གཙོ་བོར་བརྗོད་པའི་ཚེ་སྐབས་ དང༌།
ལེགས་པར་སློབ་དང་མཁས་པར་འགྱུར་ལྟ་བུའི་སྐུལ་ཚིག་དང་འབྲེལ་བའི་གདམས་ངག་ལ་ འཇུག་པ་སོགས་མང་དུ་ཡོད་པ་ཤེས་པར་བྱའོ།།
གསུམ་པ།
དེ་སྒྲ་བཤད་པ།
མིང་གི་ཐོག་མའི་དེ་སྒྲ་ནི།
།ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།
ཅེས་པ་སྟེ།
མིང་ཚིག་གང་གི་ཐོག་མའི་དེ་སྒྲ་དེ་ནི་གཞུང་རྣམས་སུ་དོན་མང་དུ་འཇུག་པར་བཤད་པ་ལས།
མདོར་བསྡུས་ན་ཐ་སྙད་འདས་མ་ཐག་པ་དང༌། རྣམ་གྲངས་གཞན་ཅན་གྱི་དེ་སྒྲ་སྟེ་གཉིས་ལ་འཇུག་པའམ་
འཇུག་ཡུལ་མཐའ་དག་དེ་གཉིས་སུ་འདུ་བ་ཡིན་ལ།
དེའང་དབྱེ་ན་དོན་དགུ་ལ་འཇུག་ཚུལ་བཤད་དེ།
ཐ་སྙད་དབང་དུ་གསུམ། དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་གི་གཉིས་ལས།
དང་པོ་སྒྲའི་བརྗོད་པ་ཙམ་གྱི་དབང་དུ་བྱས་པའི་ཐ་སྙད་དུ་འཇུག་པ་གསུམ་ལས།
དཔེར་ན། ཕ་གི་རྫ་རི་དེ་ཤིན་ཏུ་མཐོ། དེའི་རྩེ་མོ་སྤྲིན་གྱིས་གཡོགས།
དེའི་སྐེད་པར་ནགས་ཚལ་རྒྱས། དེའི་གཤམ་དུ་རི་དྭགས་སྣ་ཚོགས་འཁོར།
དེའི་འདབས་སུ་མཚོ་དང་མཚེ་འུས་བརྒྱན།
དེ་ང་ཚོའི་རྒྱབ་རི་ཡིན་ལྟ་བུའི་བརྗོད་བྱ་སྤྱིའི་དོན་ལ་མ་དཔྱད་པར་བརྗོད་ཚུལ་
དེ་ཉིད་ལ་ཐད་ཀར་བཏགས་པའི་དུས་འདས་པ་ལ་འཇུག་པ་ཐ་སྙད་འདས་མ་ཐག་པ་དང༌།
དེ་ལ་དཔྱད་པ་བྱེད་དགོས། དེ་ནི་ཤིན་ཏུ་ལེགས། དེ་བཞིན་མཁས་པ་ཡིན།
དེ་ལས་ཀྱང་ཁྱད་དུ་འཕགས་ལྟ་བུའི་ཚིག་ཟིན་དུ་དངོས་སུ་གསལ་མི་གསལ་ཇི་ལྟར་ཡང་
དོན་གྱི་རྣམ་གྲངས་གཞན་ཞིག་སྦྱར་ཞིང་དྲང་དུ་ཡོད་པའི་རྣམ་གྲངས་གཞན་ལ་འཇུག་
པའོ།
།དེ་ཕྱིར་ལྷག་བཅས་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ཀྱི་འཇུག་ཡུལ།
ཁག་གཉིས་སུ་གྲངས་ངེས་པར་མཛད་པ་ནི་རྟོགས་པར་བྱ་བའི་གནད་ཅིག་གོ །
གཞུང་ལམ་བརྒྱུད་དེ་རང་ཡུལ་དུ་འགྲོ། འདིར་གཏམ་བཤད་དེ་ཅི་བྱེད།
ཚེ་སྔ་ཕྱི་ཡོད་དེ་དྲན་མཁན་མང་བའི་ཕྱིར་ལྟ་བུའི་དེ་སྒྲའི་ཤུལ་དུ་བརྗོད་བྱ་
ལྷག་མ་འདྲེན་པ་ཙམ་ལས་དོན་གཞན་མི་སྟོན་པའི་ལྷག་བཅས་ལ་འཇུག་པ།
དངོས་པོའི་དབང་དུ་བཞི་སྟེ། དཔེར་ན། དེ་མཛེས་ཤིང་ཡིད་དུ་འོང༌།
གདུང་འདེགས་པའི་དོན་བྱེད་པ་དེ་ཀ་བའོ་ལྟ་བུ་བདེན་པ་ལ་འཇུག་པ་དང༌།
ཁ་སང་གི་དེ་སུ་ལའང་མ་སྟོན་ལྟ་བུ་གསང་བ་ལ་འཇུག་པ།
རང་ཉིད་ཀྱི་དཔེ་ཆ་དེ་ལྟ་བུ་བདག་གི་བའི་དངོས་པོ་ལ་འཇུག་པ། ཉིད་ཀྱི་བུམ་པ་དེ།
ཁྱོད་ཀྱི་སྡོད་ཁང་དེ་ལྟ་བུ་ཕ་རོལ་བོའི་དངོས་པོ་ལ་འཇུག་པ་བཅས་བཞིའོ།
།དུས་རྐྱང་བའི་དབང་གིས་གཉིས་ལ་འཇུག་སྟེ། དཔེར་ན། དུས་རབས་སྔོན་མ་དེ་ལ།
སྔར་གྱི་དོན་དེ་མ་བརྗེད་ལྟ་བུ་འདས་པ་དང༌།
དེའི་དུས་ན་བྱམས་པའི་ཆོས་འཁོར་སྐོར།
སང་ཉི་མ་ཤར་བའི་དུས་དེར་ཆོས་ཞུ་རུ་འགྲོ་ལྟ་བུ་མ་འོངས་པ་ལ་འཇུག་པའོ།
།དུས་རྐྱང་བའི་ད་ལྟ་བ་ལ་མི་འཇུག་སྟེ།
ད་ལྟའི་ལོ་འདི་ཟེར་བ་ལས་ལོ་དེ་སོགས་མི་སྦྱོར་བ་མངོན་སུམ་གྱིས་གྲུབ་བོ།
།སྤྱིར་དངོས་པོ་གཙོ་ཆེ་བའི་སྒོ་ནས་ཕྱེས་པས་དུས་གསུམ་ལ་འཇུག་པ་ཡོད་དེ།
སི་འགྲེལ་ལས།
སྔོན་ཚེ་འཕགས་ཡུལ་དེ་ན། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ།
འཚང་རྒྱ་བར་འགྱུར་བ་དེ་སོགས་དུས་གསུམ་ག་ལ་འཇུག་པ་ཡོད་པར་ཤེས་པར་བྱའོ།།
བཞི་པ།
སྤྱི་སྒྲ་བཤད་པ།
ཅི་ཇི་སུ་གང་སྤྱི་སྒྲ་སྟེ།
།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།
།སུ་ནི་གང་ཟག་གང་ཀུན་ལའོ།།
ཞེས་པས་བསྟན་ཏེ།
ཅི་ཇི་སུ་གང་བཞི་པོ་དེ་གཙོ་བོ་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་སྟེ།
འདི་སྐབས་སྤྱི་ཞེས་པ་ནི་དངོས་པོ་ཀུན་ལ་འཇུག་རུང་གི་ཆ་ནས་སྤྱི་སྒྲ་ཞེས་བཏགས་
པ་ལས་བྱེ་བྲག་ལ་མི་འཇུག་པར་བསྟན་པ་མིན་ནོ།
།སྤྱིར་གང་ནི་སེམས་ཅན་དང་སེམས་མེད་ཀྱི་དངོས་པོ་ཀུན་ལ་འཇུག་པ་དང༌།
སུ་ནི་མི་ཁོ་ན་ལ་འཇུག ཅི་ནི་རྒྱུ་མཚན་དང་བྱ་བ་དགོས་པ་སོགས་དང༌།
ཇི་ནི་དཔེ་དང་ཚད་གཞལ་བ་སོགས་ལ་འཇུག་གོ ། དེ་དག་ཚིག་ཏུ་བསྡེབས་ནས་སྦྱོར་སྐབས།
དཔེར་ན། ཅི་ཞིག་དགོས། ཅི་སྟེ་མི་བཤད། ཅི་སླད་འགྲོ། ཅི་འདྲ་བྱུང་ཡང༌།
ཅི་ཕྱིར་མི་སློབ་ལྟ་བུ་དག་ལ་སྔོན་དུ་ཅི་འཇུག་པ་དང༌། བྱ་བ་ཇི་སྙེད་ཅིག་ཡོད་ནའང༌།
ད་ནས་བཟུང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། ད་ནི་ཇི་ལྟར་བྱས་ཀྱང་བདེ་ནས་བདེ་བར་འགྲོ།
དོན་ཇི་བཞིན་ཤེས་པར་དཀའ་ནའང༌། སྦྱིན་བདག་གི་མིང་ལ་ཇི་སྐད་ཟེར་ལྟ་བུ་དག་ལ་ཇི་འཐོབ་པ་ཡིན་ནོ།
།སུ་ནི་གང་ཟག་སྟེ་ཕལ་ཆེར་མི་ཞིག་ལ་འཇུག་སྟེ། དཔེར་ན། བདག་པོ་སུ་རེད།
རིན་པོ་ཆེ་འདི་འདྲ་སུ་ལ་ཡོད། སུ་འགྲོ་རྒྱུ་རེད། ལྟ་བུའོ། །གང་ནི་དབྱེ་བ་མེད་པར་ཀུན་ལ་ཁྱབ་པར་འཇུག་པའོ།
།དཔེར་ན། གང་གིས་རྒྱུན་དུ་བསླབས་ན། གང་ཡང་འགྲུབ་པར་འགྱུར།
སློབ་དཔོན་གང་གིས་བདག་ལ་གནང༌། དངོས་པོ་འདི་གང་ནའང་ཡོད་ལྟ་བུའི་སྤྱི་དང་བྱེ་བྲག་དག་ལའང་འཇུག་པ་ཡོད་དོ།།
ལྔ་པ།
བདག་སྒྲ་བཤད་པ།
ན་རོ་ཡོད་མེད་པ་བ་མ།
།བདག་པོའི་སྒྲ་སྟེ་ག་ད་ན།།
བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ།།
བདག་སྒྲ་ཡར་གྱུར་བ་དང་ནི།
།ཆ་ལ་པ་ཉིད་སྦྱོར་བ་ལེགས།།
མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར།།
ཞེས་པ་ལྟར་ན་རོ་སྟེ་དབྱངས་ཨོ་སྦྱར་བ་ཡོད་མེད་གང་རུང་ཡང་པ་དང་བ་མ་གསུམ་ནི།
མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་བས།
གང་ཡང་རུང་བའི་དངོས་པོ་རྣམས་གང་ལ་ཡོད་པའི་གང་ཟག་གམ་བདག་པོ་སྟོན་པའི་སྒྲ་སྟེ།
དེའང་རྗེས་འཇུག་ག་ད་ན་བ་མ་ས་བཅས་དྲུག་དང་ད་དྲག་ཅན་གྱི་མཐར་བདག་སྒྲ་པ་དང་
པོ་གཉིས་འཇུག་སྟེ། དཔེར་ན། མཁས་པ། བླུན་པོ། འབྲོག་པ།
ལྟ་བུའི་བདག་སྒྲ་ལ་འཇུག་པ་དང༌། ཡང་དཔེར་ན། བུམ་པ། ཀ་བ། ལྷུན་པོ། སྙིང་བོ། ར་མ།
ལྟད་མོ་ལྟ་བུ་དག་ནི་སྔར་མེད་གསར་དུ་སྦྱར་བ་མིན་པས་དེ་དག་བདག་སྒྲ་མིན་པར་
མིང་གི་ཆ་ཤས་ཡིན། རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་དག་གི་རྗེས་ལ་བ་འཇུག་པ་ཡིན་ཏེ།
དཔེར་ན། ལས་གཉེར་བ། གྲོང་མཐའ་བ། དོན་གཉེར་བ། ལྟད་མོ་བ། གཏོང་བ་བོ།
སོགས་མང་དུ་སྦྱར་བར་བྱ། དེའང་བདག་སྒྲ་ཡར་གྱུར་བ་ཞེས། དཔེར་ན། ལྷ་ས་བ།
སེ་ར་བ་ལྟ་བུའི་ཚེག་ཁྱིམ་གསུམ་ལྡན་གྱི་ཚིག་ཡ་ཉིད་དུ་གྱུར་བའི་བདག་སྒྲ་ལ་བ་ཡིག་སྦྱར་བར་བྱེད་པ་དང་ནི།
མཁས་པ། བོད་པ་ལྟ་བུའི་ཚེག་ཁྱིམ་གཉིས་ལྡན་གྱི་ཚིག་ཆ་ཉིད་དུ་གྱུར་བའི་བདག་སྒྲ་ལ་པ་ཉིད་སྦྱོར་བ་ལེགས་པར་
གསུངས་སོ།
།སྤྱིར་འདི་ཙམ་མ་ཟད་མ་དང་མོ་ཅན་ལྡན་དག་ཀྱང་གང་ཞིག་གང་ལ་ཡོད་པའམ་ལྡན་པ་སྟོན་
པའི་ཆ་ནས་བདག་སྒྲ་དང་མཚུངས་པར་འཇུག་སྟེ། དཔེར་ན། གཞོན་ནུ་མ། དཔའ་མོ། རིག་གནས་ཅན།
སྟོབས་ལྡན་སོགས་ཡོད་པ་ཞར་བྱུང་དུ་ཤེས་པར་བྱ་དགོས་སོ། །སྤྱིར་མིང་སོ་སོའི་རྗེས་འཇུག་གི་མཐའི་པ་བ་སོགས་འཐོབ་པའང་ཕལ་ཆེར་སྔ་མ་རྣམས་དང་འཇུག་པ་འདྲ་བ་ཡིན།
མ་དང་མོ་ནི་བདག་སྒྲ་ལ་འཇུག་ཚུལ་ཇི་ལྟ་བུ་ཞེ་ན། ངེས་པ་མེད་པར་སྐབས་ཐོབ་དང་བསྟུན་ནས་གང་བདེར་སྦྱར་ཆོག་
པར་གསུངས་སོ། །སྤྱིར་དངུལ་ཆུ་ཡབ་སྲས་ནི། སི་ཏུ་པཎ་ཆེན་གྱི་རྗེས་འབྲངས་ཡིན་ལ།
འོན་ཀྱང་བདག་སྒྲའི་སྐབས་བཤད་ཚུལ་ཙམ་ལ་མི་མཐུན་པར་སྣང་ཡང༌།
དེ་ནི་དངུལ་ཆུ་ཆོས་བཟང་རང་ཉིད་ཀྱིས། སི་ཏུའི་ཞལ་ལུང་གི་དགག་ལན་ཚངས་པའི་ཐིག་ཅེས་པར།
ཁོང་གིས་བདག་སྒྲའི་སྐབས་འདིར་སི་ཏུའི་འགྲེལ་ཆེན་དཔེ་མི་གསལ་བ་ཞིག་ལས་མ་ རྙེད་པས།
སི་ཏུའི་དགོངས་པར་སོང་མིན་མི་ཤེས་ཀྱང༌། ཁོང་བཀྲ་ཤིས་ལྷུན་པོར་བཞུགས་སྐབས།
ཀརྨ་ཞྭ་དམར་པཎྜི་ཏས་འགྲེལ་ཚུལ་ཞིག་མཐོང་བ་དེ་བཞིན་བྱས་པས།
བདག་སྒྲའི་སྐབས་འདིར་གཞན་ལུགས་ཡིན་ཞེས་གསལ་བར་གསུངས་ཡོད་ཀྱང༌།
འདིར་མཁས་པ་ལ་ལས་སི་ཏུའི་རང་ལུགས་འཛིན་པ་དངུལ་ཆུ་ཡབ་སྲས་ཀྱིས་བདག་སྒྲའི་
སྐབས་སི་ཏུའི་རྗེས་སུ་མ་འབྲངས་བ་ལ་དགོས་པ་ཆེ་ཞེས་རྩལ་བཏོན་ཆེས་ཆེར་བྱས་ ནའང༌།
དགག་ལན་ཚངས་ཐིག་ཏུ་དངུལ་ཆུ་དྷརྨ་བྷ་དྲ་རང་གི་དགོངས་པ་མིན་པར་གསལ་བར་གསུངས་ ཡོད་པས།
ཞེ་འདོད་ཀྱི་བསྒྲུབ་བྱ་འགྲུབ་པར་མི་འགྱུར་རོ།།
དྲུག་པ།
དགག་སྒྲ་བཤད་པ།
མ་མི་མེད་མིན་དགག་སྒྲ་སྟེ།
།མ་མི་ཐོག་མ་མེད་མིན་མཇུག།
མ་ནི་བར་གྱི་གསལ་བྱེད་ལའང༌།།
ཞེས་པ་ལྟར་མ་མི་མེད་མིན་བཞི་ནི་མིང་ཚིག་གང་ཞིག་ལ་སྦྱར་རུང་སྦྱར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་སྟོན་པས་དགག་པའི་སྒྲ་ཞིག་སྟེ།
དེའང་མ་དང་དེ་དང་འབྲེལ་བའི་མི་གཉིས་མིང་གི་ཐོག་མ་རུ་ འཇུག་པ།
དཔེར་ན། མ་མཐོང་ནའང་མེད་ངེས་མིན། །མ་ལུས་རྟོགས་པ་ཤིན་ཏུ་དཀའ།
།མི་འགྱུར་དམ་བཅའ་བརྟན་པ་ན། །མི་འགྲུབ་བྱ་བ་ཡོད་དམ་ཅི། །ལྟ་བུ་དང༌།
མ་ཡིག་དང་འབྲེལ་བའི་མེད་མིན་གཉིས་མིང་གི་མཇུག་ཏུ་འཇུག་པ། དཔེར་ན།
དམན་ལ་སྤྱོད་པ་བཟང་ཡང་བཅོས་མིན་མེད། རྟག་ཏུ་ཁྲོ་བ་དམ་པ་མིན། ལྟ་བུའོ། །མ་ཡིག་ནི་བར་གྱི་གསལ་བྱེད་ལའང་འཇུག་
པར་བཤད་དེ།
མིང་ཚིག་གང་ཡང་རུང་བའི་བར་དུ་སྦྱར་ཚེ་མིང་གོང་འོག་གཉིས་ཀ་དགག་པའི་ཕྲད་ཡིན་
པར་གསུངས་ཏེ། དཔེར་ན། ཆ་ལུགས་ཡ་མ་ཟུང་མིག་ལ་མི་མཛེས།
རྒྱ་མ་བོད་ཀྱི་སྐད་རྣ་བར་མི་འགྲོ། ཕྱི་མ་ནང་གི་མི་ལ་བློ་མི་གཏོད་ལྟ་བུ་སོགས་རྒྱ་ཆེར་སྦྱར་བར་བྱའོ།
།སྤྱིར་གཙོ་ཆེར་བཤད་ན་མ་ནི་བྱུང་ཟིན་དགག་པའི་དགག་སྒྲ་སྟེ། དཔེར་ན། མ་བྱས།
མ་རིག་མ་བལྟས། མ་བཞག་ལྟ་བུ་དང༌། མ་འགྲོ། མ་འདུག
མ་འབྲི་ལྟ་བུའི་བྱེད་འགྱུར་དགག་པའང་ཡོད། མི་ནི་འབྱུང་འགྱུར་དགག་པའི་དགག་སྒྲ་སྟེ།
མི་འཛིན། མི་འགྲོ། མི་འདུག མི་འབྲི། མི་བཤད། མི་ཉན། མི་ཟ།
མི་བྱེད་ལྟ་བུ་མང་དུ་ཡོད་དོ།།
གསུམ་པ།
ཚིག་ཕྲད་གཞན་བཤད་པ། འ་མཐའ་འདོར་ལེན་བྱེད་ཚུལ་བཤད་པ།
ཚེག་ཤད་སྦྱོར་ཚུལ་བཤད་པ་གསུམ་ལས། དང་པོ། ཚིག་ཕྲད་སྦྱོར་ཚུལ་བཤད་པ།
ཚིག་ཕྲད་ཞིང་སོགས་ང་ན་མ།
།འ་དང་ར་ལ་མཐའ་མེད་མཐར།།
ཞིང་ཞེས་ཞེ་འོ་ཞེ་ན་ཞིག ། ག་ད་བ་དང་ད་དྲག་མཐར།།
ཅིང་ཅེས་ཅེ་འོ་ཅེ་ན་ཅིག །
ས་མཐར་དམིགས་བསལ་ཞེས་མ་གཏོགས།།
ཤིང་ཤིག་ཤེ་འོ་ཤེ་ན་འཐོབ།
།འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།
མིང་གི་ཆ་དང་མ་ནོར་གཅེས།།
ཞེས་པ་ལྟར་རྗེས་འཇུག་ལ་ལྟོས་དགོས་པའི་ཚིག་ཕྲད་ཞིང་སོགས་ལྔ་པོ་དག་གི་སྒྲའི་སྦྱོར་ཚུལ་ནི།
རྗེས་འཇུག་ང་ན་མ་འ་དང་ར་ལ་མཐའ་མེད་བཅས་ཀྱི་མཐར། ཞིང་ཞེས་ཞེའོ་ཞེ་ན་ཞིག་རྣམས་འཐོབ་པ་དང༌།
རྗེས་འཇུག་ག་ད་བ་དང་ད་དྲག་ཅན་བཅས་ཀྱི་མཐར། ཅིང་ཅེས་ཅེའོ་ཅེ་ན་ཅིག་རྣམས་འཐོབ་པ་དང༌།
རྗེས་འཇུག་ས་ཡི་མཐར་དམིགས་བསལ་ཤེས་ཀྱི་ཚབ་ཏུ་ཞེས་སྦྱོར་དགོས་པ་མ་གཏོགས་གཞན་ཤིང་ཤིག་ཤེའོ་ཤེ་ན་རྣམས་འཐོབ་པ་
ཡིན། ཕྲད་འདི་དག་གི་སྒྲ་སྦྱོར་གྱི་དཔེར་བརྗོད་ལོགས་སུ་འགོད་པ་དགོས་གལ་མི་ཆེ་བས།
དོན་སྦྱོར་གྱི་དཔེར་བརྗོད་དང་ཆབས་ཅིག་ཏུ་རྟོགས་པར་བྱ་སྟེ། དཔེར་ན།
སྣོད་གསེར་གྱིས་བཀང་ཞིང་གཏེར་དུ་སྦས། བློ་སྟོབས་ཆེ་ཞེས་བཤད་ནའང༌།
དོན་དེ་གལ་ཆེན་ཡིན་ཞེའོ། །ཆོས་རྣམ་དག་གསུང་ཞེ་ན་མཉན་པར་བྱ། འཆི་སོས་སྨན་ཞིག་ཁྱོད་ལ་ཡོད་དམ།
ལྟ་བུས་མཚོན་ནས་གཞན་དག་ཀྱང་རིགས་བསྒྲེ་བར་བྱའོ། །རྒྱུག་ཆུ་བཀག་ཅིང་ཁྲུས་བྱས།
ཡོན་ཏན་སློབ་ཅེས་ཡང་ཡང་བཤད། དབེན་པའི་གནས་འདིར་འདུག་ཅེའོ།
།བྱ་བ་མཐར་ཕྱིན་པར་བྱེད་ཅེ་ན་དེ་ལྟར་གྱིས། བཀའ་ལན་སྐུརད་ཅིག ལྟ་བུ་དང༌།
དེ་ལྟར། གསུངས་ཤིང༌། ཁོ་ལ་དགོས་ཤེའོ། །བྱ་བ་ལེགས་ཤེ་ན།
མིག་གིས་ལྟོས་ཤིག་ལྟ་བུ་དང༌། དམིགས་བསལ་ས་མཐར། དཔེར་ན། ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ།
།མཁས་པར་གྱུར་ན་དུལ་བར་གནས། །ཞེས་དང༌། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ།
།རྒྱ་མཚོས་ཅ་ཅོ་ག་ལ་སྒྲོགས། །ཞེས་གསུངས་པ་ལེགས་བཤད་དོ།
།ལྟ་བུ་སོགས་ལ་ཞེས་སྦྱར་བ་བདེའོ། །འོན་ཀྱང་སྐབས་འགར། ཁ་ཅིག་དང༌། ལྷན་ཅིག
ཆབས་ཅིག་སོགས་ཀྱི་ཅིག་གི་སྒྲ་རྣམས་ནི་མིང་གི་ཆ་ཤས་ཙམ་ཡིན་པ་ལས།
ཕྲད་མིན་པས་དེ་རྣམས་དང་མ་ནོར་བར་འཛིན་པ་ནི་ཤིན་ཏུ་གཅེས་སོ།།
གཉིས་པ།
འ་མཐའ་འདོར་ལེན་བྱེད་ཚུལ།
རྐྱང་པ་འཕུལ་ལ་འ་མཐའ་དགོས།
།གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌།།
ཞེས་པས་བསྟན་པ་ལྟར།
དབྱངས་བཞི་དང༌། མགོ་འདོགས་སོགས་མེད་པའི་མིང་གཞི་རྐྱང་པ་ལ།
སྔོན་འཇུག་གང་རུང་གི་འཕུལ་ཅན་རྗེས་འཇུག་གཞན་མེད་པ་རྣམས་ལ་ངེས་པར་འ་མཐའ་སྦྱོར་དགོས་ཏེ།
དཔེར་ན། དགའ། གདའ། མངའ།
མདའ་ལྟ་བུ་དག་ལ་འ་མཐའ་མ་སྦྱར་ན་མིང་གཞི་རྗེས་འཇུག་ཏུ་འཁྲུལ་ནས་དག་དང་གད་ལྟ་
བུ་འབྱུང་སྲིད་པས་འ་མཐའ་སྦྱར་བར་བྱའོ། །ཡང་གུག་ཅེས་པས་གི་གུ་ཞབས་ཀྱུ་ཅན་གཉིས་དང༌།
ཀྱེད་ཅེས་པས་འགྲེང་བུ་རྣ་རུ་ཅན་གཉིས་དང༌། བརྩེགས་ཞེས་པས་ར་ལ་ས་གསུམ་གྱི་མགོ་ཅན།
འདོགས་ཞེས་པས་ཡ་ར་ལ་ཝའི་འདོགས་ཅན་བཅས་ལ་འ་མཐའ་སྤང་དགོས་
པ་ཤེས་པར་བྱ་སྟེ། དཔེར་ན། མི། ཀྱེ། མགོ མགུ། སྒོ། རྔ། རྒྱ། དགྲ།
ཉྭ་ལྟ་བུ་རྣམས་ལ་དོན་དུ་འ་མཐའ་ཡོད་ཀྱང་སྐད་གསར་བཅད་ཀྱི་སྐབས་སུ་འཁྲུལ་གཞི་
མེད་པ་དང༌།
ཡིག་ཟོར་ཡང་པའི་ཆེད་དུ་འ་མཐའ་བསྡུས་ཏེ་དངོས་སུ་སྦྱོར་མི་དགོས་པར་བྱས་པའོ།།
གསུམ་པ།
ཚེག་དང་ཤད་སྦྱོར་ཚུལ།
ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།།
ཚིགས་བཅད་ག་མཐར་ཆིག་ཤད་བྱ།
།རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌།།
ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང༌།།
ལེ་འུའི་མཚམས་སུ་བཞི་ཤད་དགོས།
།ང་ཡིག་མ་གཏོགས་ཡིག་ཤད་བར།།
ཚེག་མེད་དེ་སོགས་ཞིབ་ཏུ་འབད།།
ཅེས་པ་ལྟར་ཚིག་ལྷུག་པའི་སྐབས་སུ་བརྗོད་བྱའི་དོན་མང་པོའི་མིང་གི་མཚམས་རྣམས་སུ་ཤད་རེ་འཐོབ་པ་དང༌།
དོན་འབྲིང་སོ་སོར་འབྱེད་པའི་མཚམས་དང་དོན་ཉུང་རྫོགས་མཚམས་དང༌།
ཚིགས་བཅད་ཀྱི་རྐང་པའི་ག་ཀ་ཤ་དག་མཐར་བྱུང་ཚེ་ཆིག་ཤད་རེ་སྦྱར་བར་བྱ་ཞིང༌།
དེ་དག་དཔེར་ན། དོན་མང་མཐར། མིག རྣ། སྣ། ལྕེ། ལུས། ཡིད་ལྟ་བུའོ། །དོན་ཉུང་མཐར།
མིག་གིས་མཐོང༌། རྣ་བས་མཉན་བྱ། སྣ་ཡིས་དྲི་སྣོམ། ལྟ་བུའོ། །ཚིགས་བཅད་ག་སོགས་མཐར།
ཀྱེ་མ་འདུས་བྱས་ཆོས་མི་རྟག ། རྟག་པར་འདོད་པ་ལོག་རྟོག་གོ ། ལྟ་བུའོ། །རྫོགས་ཚིག་གི་མཐའ་ཅན་གྱི་ཚིག་ལྷུག་པ་དང་ཚིགས་བཅད་ཀྱི་རྐང་མཐར་ཉིས་ཤད་རེ་འཐོབ་སྟེ།
དཔེར་ན། ཚིག་ལྷུག་སྐབས། སུམ་རྟགས་དག་གསུམ་བོད་རང་གི་བརྡ་སྤྲོད་པ་ཡིན་པས་ལེགས་པར་སློབ་དགོས་སོ།
།ཚིགས་བཅད་སྐབས། དེ་དག་བདག་གིས་བསླབ་པར་བྱ། །ལྟ་བུའོ། །གཞུང་སོགས་ཀྱིས་དོན་ཚན་ཆེན་མོ་རྣམས་རྫོགས་པ་དང༌།
རབ་བྱེད་དང་སརྒ་ལེའུའིམཚམས་རྣམས་སུ་བཞི་ཤད་རེ་སྦྱར་དགོས་ཏེ།
དཔེར་ན། སུམ་ཅུ་པའི་གཞུང་དོན་བཤད་ཟིན་ཏོ།། །།རྟགས་འཇུག་གི་བརྗོད་བྱ་ཡོངས་སུ་རྫོགས་སོ།།
།།ལྟ་བུ་དང༌། ལེའུ་སྟེ་བརྒྱད་པའོ།། །། ལྟ་བུ།
གཙོ་ཆེར་ལག་ལེན་སྐབས་དབུ་ཅན་སོགས་སྐབས་འགར་ང་ཡིག་ལ་ཤད་ཀྱི་བར་དུ་ཚེག་ཡོད་པ་མ་གཏོགས།
གཞན་པའི་ཡིག་ཤད་ཀྱི་བར་ན་ཚེག་མེད་པར་བྱ་སྟེ། དཔེར་ན།
བསླབ་པ་ཀུན་ཀྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།
།ཞེས་སོགས་ཚེག་ཡོད་མེད་ཀྱི་ཁྱད་པར་དེ་ལྟ་བུ་ཡོད་པ་སོགས་ཞིབ་ཏུ་འབད་ནས་
རྟོགས་པར་བྱའོ།
།ཡིག་ཕྲེང་སོ་སོའི་མགོ་རྣམས་སུ་ཚིག་གྲོགས་མེད་པའི་ཚེག་བར་གཅིག་ཅན་གྱི་ཡི་
གེ་བྱུང་བ་རྣམས་ལ། ༑ ཚུགས་ཐུབ་པའི་ཕྱིར་རིན་ཆེན་སྤུངས་ཤད་སྦྱར་བ་དང༌།
སྐབས་དོན་གཞན་དག་གི་མགོ་འཛིན་པའི་ཚེ་ཤད་ཀྱི་བར་སོགས་ལ། ༈
སྦྲུལ་ཤད་སྦྱར་དགོས་པ་རྣམས་ཀྱང་ཞར་ལས་རྟོགས་པར་བྱ་དགོས་སོ།།
གསུམ་པ་མཇུག་གི་དོན།
ཚིག་གི་ལོ་མས་མ་བསྒྲིབས་ཤིང༌།
།དོན་གྱི་འབྲས་བུ་གཡུར་ཟ་བའི།།
ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།།
ཞེས་པ་སྟེ་རྟོགས་པར་དཀའ་བ་སོགས་རྗོད་བྱེད་རབ་རིབ་ཀྱི་ཚིག་གི་ལོ་མས་མ་བསྒྲིབས་ཤིང༌།
བརྗོད་བྱ་དོན་གྱི་འབྲས་བུ་ཡང་དག་པ་རྣམས་གཡུར་དུ་ཟ་བའི་ལེགས་པར་བཤད་པའི་བསྟན་བཅོས་ལྗོན་པའི་དབང་པོ་ཞེས་བྱ་བ་འདི་ཉིད།
ཀུན་བཤད་ཀྱི་མིང་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་མཚན་དོན་དང་ལྡན་པ་གང་གིས་གཞན་ལ་ཕན་པའི་ལྷག་བསམ་དཀར་པོས་སྤེལ་བའོ།
།སུམ་ཅུ་པའི་བསྟན་བཅོས་ཀྱི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་ཚིག་འགྲེལ་
ཙམ་རེ་ཞིག་བཤད་ཟིན་ཏོ།། །།
སྨྲས་པ།
སྡེབ་སྦྱོར་ཚིག་གི་སྤྲས་པས་འདི་མ་བཅིངས།
།དེ་ཕྱིར་རྟོགས་དཀའི་བསྟན་བཅོས་འདི་ཉིད་མིན།།
སྙན་ཚིག་སྒྲ་ཡི་རྒྱུད་དུ་འདི་མ་བཀུག
། དེ་ཕྱིར་གྲགས་པའི་རིན་ཐང་འདི་ལ་མེད།།
དགག་སྒྲུབ་བམ་བཤད་ཚིག་གི་ན་བུན་ཁྲོད།
།རང་ལུགས་གསར་དུ་འཇོག་པའི་ལས་མ་བརྩམས།།
ཟླ་མེད་མཁས་པའི་གསུང་གི་རྗེས་འབྲངས་ནས།
།བློ་ལྡན་དག་ལ་ཕན་ཕྱིར་ངས་འདི་བྲིས།།
འོན་ཀྱང་རྣམ་དཔྱོད་བྱེའུ་ཆུང་གཤོག་རྩལ་གྱིས།
།བརྡ་སྤྲོད་རིག་པའི་མཁའ་ལམ་མི་ཆོད་པས།།
ཇི་བཞིན་མ་རྟོགས་འོལ་ཚོད་བྲིས་པ་ཡི།
།ནོངས་པ་ཀུན་ཀྱང་གཟུར་གནས་སྤྱན་སྔར་བཤགས།།
ཞེས་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བ་ལེགས་བཤད་ཉི་
མའི་འོད་སྣང༌།
འདི་ཉིད་བླ་རུང་ལྔ་རིག་སློབ་གླིང་རིག་གནས་འཛིན་གྲྭའི་རང་དང་སྐལ་བ་མཉམ་པའི་
གསར་སློབ་འགའ་ཞིག་ལ་དཔེ་ཁྲིད་བྱེད་སྐབས།
དེ་དག་འགས་བསྐུལ་ངོར་མ་བཟློགས་ཙམ་དུ་གངས་ལྗོངས་མཁས་དབང་འདུས་པའི་གྲོང་ཁྱེར།
བླ་རུང་ལྔ་རིག་ཆོས་ཀྱི་ཞིང་ཁམས་ཀྱི་འདོད་དགུ་ཀུན་འབྱུང་གླིང་གི་བྱ་འདབ་རང་
གནས་སྐྱིད་པའི་ལྡིང་ཁང་དུ་ཐ་ཤལ་བ།
རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཏུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཤིང་བྱ་ལོའི་ཆུ་
སྟོད་ཟླ་བའི་དཀར་ཕྱོགས་ལ་ས་སྙིང་དུང་སྒྲུབ་ཆེན་མོའི་སྐབས།
མཚན་མོའི་ཀུན་འབྱུང་གློག་གི་འོད་ལ་བརྟེན་ནས།
གློག་རྡུལ་རྩིས་འཕྲུལ་དུ་སོར་རྩེའི་འདབ་མ་གར་དུ་བསྒྱུར་ནས་གྲུབ་པར་བྱས་པ་འདིས་ཀྱང་གཞན་ལ་ཕན་པར་གྱུར་ཅིག
། དགེའོ།། །།
1 comment:
རྗེས་འཇུག་ན་ར་ལ་ས་བཞི་དང་ད་དྲག་མཐར་ཏེ་འཐོབ་རྗེས་འཇུག་ས་ཡིན་པའི་སྐབས་སུ་ཐོབ་པ་གསལ་བ་ཡིན་ཡང་ དོགས་སེལ་གྱི་ཞུ་བ། ལྷག་བཅས་ཀྱི་ཕྲད་ཚུ་ལས་ ཏེ་རྐྱང་འདི་ རྗེས་འཇུག་བཅུའི་མཐར་ རྗེས་མཇུག་གི་མཇུག་ཚུལ་དང་བསྟུན་ བྲི་དགོཔ་ཨིན་རུང་ དཔེར་ན་ རླུང་རྟ་ཉམས་ཏེ་དབང་བབས། ཟེར་བའི་སྐབས་ ཉམས་ཟེར་མིའི་ཚིག་ལུ་ མིང་གཞི་ རྗེས་འཇུག་ ཡང་འཇུག་ གསུམ་ཡོདཔ་ལས་ མཐའ་མ་འདི་ ཡང་འཇུག་ཨིནམ་ལས་ ཡང་འཇུག་གི་ཡི་གེ་ སའི་མཐར་ལུ་ ལྷག་བཅས་ཀྱི་ཕྲད་ ཏེ་ བྲིས་དགོས་པ་དེའི་ དོགས་སེལ་མཛད་གནང་ལགས།
དེ་བཞིན་ རྗེས་འཇུག་རྟགས་ཀྱི་དབྱེ་བ་ཟེར་བའི་སྐབས་ རྟགས་ཟེར་བའི་སྐབས་ ས་མཐར་ཀྱི་ཐོབ་ཀྱང་ དེ་སྐབས་ ས་འདི་རྗེས་འཇུག་མ་ཡིན་པ་ ཡང་འཇུག་ཨིན་མས་དོགས་གོང་བཞིན་ནོ།
Post a Comment