Tuesday, December 29, 2020

མངོན་པ་མཛོད་ཀྱི་འདས་པའི་ལོ་ཚུ་གི་དྲི་བའི་ལན་བཞུགས།

མངོན་པ་མཛོད་ཀྱི་འདས་པའི་དྲི་བ་ཚུ་ མཛོད་གནས་རེ་རེ་བཞིན་དུ་ཕྱི་བསལ་རྐྱབ་སྟེ་ལན་ཞུ་གེ།

 སྤྱི་དོན་དང་འབྲེལ་བའི་དྲི་བ།

དྲི་བ། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་མདོར་བསྡུས་ཅིག་བྲིས།

ལན། སློབ་དཔོན་དབྱིག་གཉེན་འདི་ དུས་རབས་ལྔ་པའི་ནང་ རྒྱ་གར་ནུབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་ཟེར་སར་ ཡུམ་གསལ་བའི་ཚུལ་ཁྲིམས་ཟེར་མི་འདི་གི་སྲས་ལུ་འཁྲུངས་ནུག། དུས་ཚོད་དེ་སྒང་ ཕྱོགས་གཅིག་ལས་བལྟ་བ་ཅིན་ སངས་རྒྱས་ཀྱི་བསྟན་པ་བྱང་ལས་བྱང་ལུ་དར་བའི་སྐབས་དང་། ཕྱོགས་གཅིག་ལས་བལྟ་བ་ཅིན་ རྒྱ་གར་ནུབ་བྱང་ཕྱོགས་ལུ་བསྟན་པ་རིམ་གྱིས་ཉམས་པའི་དུས་ཚོད་ཅིག་ཨིན་མས། འདི་འབདཝ་ལས་ སློབ་དཔོན་ཁོ་གི་ཡུམ་འདི་ ཧེ་མ་ཨ་ཎིམ་གཅིག་ཨིན་རུང་ བསྟན་པ་ལུ་ཉམས་ཆགས་བྱུང་མི་འདི་ལུ་ཐུགས་ཀྱིས་མ་བཟོད་པར་ བསྟན་པ་འཛིན་སྐྱོང་འབད་ཚུགས་པའི་བུ་བརྒྱུད་སྤེལ་ནི་གི་སྨོན་ལམ་བཏབ་ཞིནམ་ལས་ འཇིག་རྟེན་སྐྱོང་སྟེ་སྲས་སྐུ་མཆེད་གཉིས་འཁྲུངས་ས་ལས་ སྦོམ་ཤོས་འདི་ འཕགས་པ་ཐོགས་མེད་དང་། ཆུང་ཤོས་འདི་སློབ་དཔོན་དབྱིག་གཉེན་ཨིན་མས། སྲས་གཉིས་ཡུམ་ཆེན་མོ་རང་གི་གཅེས་སྐྱོང་འབད་བའི་ཐ་མར་ སྤུན་ཆ་གཉིས་ཆ་ར་ དམ་པའི་ཆོས་ལུ་བཙུགས་ནུག། ཁོང་གཉིས་སློབ་སྦྱོང་ཧ་ལམ་འབད་ཞིནམ་ལས་ གཅེན་པོ་ཐོགས་མེད་རྒྱ་གར་གཡུས་ཕྱོགས་ལུ་བྱོན་ཏེ་ སེམས་ཙམ་པའི་ལྟ་བ་ལུ་སྦྱངས་བརྩོན་གནང་ཡོདཔ་དང་། གཅུང་པོ་དབྱིག་གཉེན་ཁོ་ར་ བྱང་ཕྱོགས་ཀཥྨིར་ལུ་བྱོན་ཏེ་ ཁ་ཆེ་བྱེ་བྲག་སྨྲ་བའི་གཞུང་ལུ་སློབ་སྦྱོང་གནང་ཡོདཔ་མ་ཚད། མངོན་པ་མཛོད་ཀྱི་གཞུང་འདི་ཡང་ ཀཥྨིར་ལུ་མཛད་ཡོདཔ་ཨིན་མས།

 

དྲི་བ།     སློབ་དཔོན་དབྱིག་གཉེན་འདི་ འཛམ་གླིང་གི་རྒྱན་ཡིན་ཚུལ་གྱི་ཁུངས་རྗོད།

ལན། སྟོན་པ་བཅོམ་ལྡན་འདས་ཀྱིས་ དབུ་མ། མངོན་པ། འདུལ་བ་ཚུ་གི་དོན་དག་གསུངས་ཡོདཔ་ཨིན་རུང་ དོན་དག་ག་ར་ ཁ་ཐོར་སྦེ་ལུས་སོང་ནི་འདི་གིས་ སྟབས་བདེ་ཏོག་ཏོ་དང་ཧིང་སངས་ས་ཅིག་རྩ་ལས་མེདཔ་ཨིན་མས། འདི་འབདཝ་ལས་ ཟབ་མོ་དབུ་མའི་ལྟ་བ་ཚུ་ཕྱོགས་བསྡོམས་རྐྱབ་པ་གིས་མི་ཚད་ ཁ་གསལ་དང་སྟབས་བདེ་ཏོག་ཏོ་བཟོ་མི་འགོ་དང་པ་འདི་ ཀླུ་སྒྲུབ་ཡབ་སྲས་གཉིས་ཨིནམ་ལས་ ཁོང་གཉིས་ཡང་འཛམ་གླིང་རྒྱན་གྱི་གྲངས་སུ་ཚུད་དོ་ཡོདཔ་དང་། དེ་བཟུམ་སྦེ་ རྒྱ་ཆེན་སྤྱོད་པའི་མངོན་པའི་གཞུང་ཚུ་ ཁ་གསལ་བཟོ་མི་འདི་ ཐོགས་མེད་དབྱིག་གཉེན་གཉིས་ཨིནམ་ལས་ ཁོང་སྐུ་མཆེད་གཉིས་ཡང་ འཛམ་གླིང་རྒྱན་དྲུག་གི་གྲངས་ཚུད་ཡོདཔ་ཨིན་མས།

 

དྲི་བ།     སློབ་དཔོན་དབྱིག་གཉེན་གྱི་གསུངས་པའི་མངོན་པ་མཛོད་འདི་ མངོན་པ་འོག་མ་ཨིན་པའི་ཁུངས་བཀོད།

ལན། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་འདི་ ཐེག་དམན་བྱེ་བྲག་སྨྲ་བའི་ལུགས་གཙོ་བོར་སྟོན་ཏེ་ཡོད་ནི་འདི་གིས་ མངོན་པ་འོག་མ་ཟེར་སླབ་ཨིནམ་དང་། གཅེན་པོ་ཐོགས་མེད་ཀྱིས་མཛད་པའི་ མངོན་པ་ཀུན་བཏུས་འདི་ ཐེག་ཆེན་སེམས་ཙམ་པའི་ལུགས་གཙོ་བོར་སྟོན་ཏེ་ཡོད་ནི་འདི་གིས་ མངོན་པ་གོང་མ་ཟེར་སླབ་ཨིན་མས།

 

དྲི་བ། མངོན་པ་མཛོད་ལུ་གནས་ཇི་ཙམ་ཡོད། དེ་དག་རེ་རེ་བཞིན་དུ་བཀོད།

ལན། མངོན་པ་མཛོད་ལུ་གནས་བརྒྱད་ཡོད། འདི་ཡང་ཟག་བཅས་ཟག་མེད་སྤྱིར་བཏང་གི་དབང་དུ་བཏང་སྟེ་ གནས་དང་པོ་ཁམས་བསྟན་པ་དང་། གནས་གཉིས་པ་དབང་པོ་བསྟན་པ། སྡུག་བསྔལ་བདེན་པའི་དབང་དུ་བཏང་སྟེ་གནས་གསུམ་པ་འཇིག་རྟེན་བསྟན་པ། ཀུན་འབྱུང་བདེན་པའི་དབང་དུ་བཏང་སྟེ་ གནས་བཞི་པ་ལས་བསྟན་པ་དང་། གནས་ལྔ་པ་ཕྲ་རྒྱས་བསྟན་པ། འགོག་བདེན་དང་ལམ་བདེན་གྱི་དབང་དུ་བཏང་སྟེ་ གནས་དྲུག་པ་ལམ་དང་གང་ཟག་བསྟན་པ་དང་། གནས་བདུན་པ་ཡེ་ཤེས་བསྟན་པ། ལམ་བདེན་གྱི་རྒྱུའི་དབང་དུ་བཏང་སྟེ་གནས་བརྒྱད་པ་སྙོམས་འཇུག་བསྟན་པ་ཟེར་མི་འདི་ཚུ་ཨིན་མས།

 

དྲི་བ། མངོན་པ་མཛོད་ཀྱི་དགོས་སོགས་ཆོས་བཞི་མདོར་བསྡུས་ཅིག་བྲིས།

ལན། མངོན་པ་མཛོད་ཀྱི་བརྗོད་བྱ་འདི་ ཟག་བཅས་ཟག་མེད་ཨིན་ཟེར་སླབ་དོ་ཡོདཔ་ཨིན་རུང་། མཛོད་གནས་བརྒྱད་ཀྱི་གོ་རིམ་ཚུ་ལུ་བལྟཝ་ད་ གཙོ་བོ་བདེན་པ་བཞི་ལུ་དམིགས་པ་བསྐྱེད་དེ་གསུངས་ཡོདཔ་ལས་ བརྗོད་བྱ་བདེན་པ་བཞི་ཨིན་ཟེར་བཞག་པ་ཅིན་ལེགས་ཤོམ་འདུག། དགོས་པ་འདི་ བདེན་བཞིའི་གནས་ལུགས་ཤེས་པའི་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་བསྐྱེད་ནི་དང་། ཉིང་དགོས་འདི་ ཉོན་མོངས་ཞི་བའི་ཐར་པ་ཐོབ་ནི་འདི་ཨིན་མས། བདེན་བཞིའི་གནས་ལུགས་ཤེས་པ་བརྟེན་ཏེ་ ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་ནི་དང་། དེ་ལས་བརྟེན་ཐར་པ་འཐོབ་ནི་ཚུ་འབྲེལ་བ་ཡོད་ནི་འདི་གིས་འབྲེལ་བ་ཟེར་བཞགཔ་ཨིན་མས།

 

 

མཛོད་གནས་དང་པ་དང་འབྲེལ་བའི་དྲི་བ།

དྲི་བ། ༼༡༽ ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།། ཟེར་བའི་ཚིག་གི་གོ་དོན་འགྲེལ་པ་བྲིས།

ལན།  སྲིད་པའི་མཚོ་ལས་ཉེ་བར་ཞི་བའི་ཐབས། །ཆོས་རབ་རྣམ་འབྱེད་ཤེས་རབ་བསྐྱེད་པའི་ཕྱིར། །ཁམས་ཀྱི་ཚོགས་སོགས་མངོན་པ་སྡེ་བདུན་པོ། །སྟོན་པས་གསུངས་སོ་ཞེས་པའི་དོན་ཡིན་ནོ།།

 

 དྲི་བ། ༼༢༽ ཟག་བཅས་དང་ཟག་མེད་གཉིས་ལས། ཟག་བཅས་ཀྱི་མཚན་ཉིད། མཚན་གཞི། ངོ་བོ། དབྱེ་བ་བཅས་བྲིས།

ལན།  དམིགས་པ་མཚུངས་ལྡན་གང་རུང་སྒོ་ནས་ནི། །ཉོན་མོངས་རྒྱས་པའི་ཆོས་ལ་ཟག་བཅས་ཟེར། །མཚན་གཞི་གཟུགས་ཀྱི་ཕུང་པོ་ལྟ་བུ་དང་། །ངོ་བོ་ཉོན་མོངས་རྒྱས་པའི་ཆོས་ལ་ཟེར། །དབྱེ་བ་ཟག་བཅས་ཕུང་པོ་ལྔ་ཡིན་ནོ།།

 

   

དྲི་བ།     ཕུང་པོ། སྐྱེ་མཆེད། ཁམས་གསུམ་གྱི་ངོ་བོ། དེ་དག་གི་དབྱེ་བ། སོ་སོའི་མཚན་ཉིད། དེ་གསུམ་སོ་སོར་བཤད་དགོ་པའི་རྒྱུ་མཚན། གྲངས་ངེས་བཅས་བྲིས།

    (དྲི་བ་འདི་གི་དོན་ཚན་ཆ་ཚང་ དྲི་བ་གཅིག་ནང་མི་བཀོདཔ་འོང་། དེ་འབདཝ་ད་  ཕུང་ཁམས་སྐྱེ་མཆེད་གི་དྲི་བ་ག་ཅི་བཀོད་རུང་ ལན་ འདི་ན་ལས་ཐོན་ཚུགསཔ་སྦེ་ཡོད།)


ལན།  ངོ་བོ། སྒྲ་བཤད། མཚན་ཉིད། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། ཟེར་གསུངས་དོ་བཟུམ་སྦེ། དུ་མ་སྤུངས་པའི་ཆོས་ཅིག་ལུ་ཕུང་པོ་དང་། སྐྱེ་ཞིང་མཆེད་པའམ་སྐྱེ་བའི་སྒོར་གྱུར་པའི་ཆོས་ལུ་སྐྱེ་མཆེད་ཟེར་བཞག་ནི་དང་། རིགས་སམ་འབྱུང་བའི་སྒོ་ཨིན་པའི་ཆོས་ལུ་ཁམས་ཟེར་བཞགཔ་ཨིན།

 

 

 དབྱེ་བ། རྐང་གྲངས།

ཕུང་པོ་ལུ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ལྔ།  

སྐྱེ་མཆེད་ལུ། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད་བཅས་དབང་པོ་ལྔ། གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱེའི་སྐྱེ་མཆེད་བཅས་དོན་ལྔ། ཡིད་ཀྱི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་བཅས་བཅུ་གཉིས།

ཁམས་ལུ། མིག་གི་ཁམས། རྣ་བའི་ཁམས། སྣའི་ཁམས། ལྕེའི་ཁམས། ལུས་ཀྱི་ཁམས། ཡིད་ཀྱི་ཁམས་བཅས་ནང་གི་ཁམས་དྲུག། གཟུགས་ཀྱི་ཁམས། སྒྲའི་ཁམས། དྲིའི་ཁམས། རོའི་ཁམས། རེག་བྱའི་ཁམས། ཆོས་ཀྱི་ཁམས་བཅས་ཕྱིའི་ཁམས་དྲུག། མིག་གི་རྣམ་པར་ཤེས་པའི་ཁམས་ལས་ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཚུན་ བར་རྣམ་ཤེས་ཀྱི་ཁམས་དྲུག་བཅས་བཅོ་བརྒྱད་ཡོདཔ་ཨིན།

            ཕུང་པོ་སོ་སོའི་མཚན་ཉིད། གཟུགས་སུ་རུང་བའམ་ ཐོགས་རེག་ཡོད་པའི་ཆོས་དེ་གཟུགས་ཀྱི་ཕུང་པོའི་མཚན་ཉིད། རང་སྟོབས་ཀྱིས་ཡུལ་ཉམས་སུ་མྱོང་བའི་བྱེད་ལས་ཅན་དེ་ཚོར་བའི་ཕུང་པོའི་མཚན་ཉིད། རང་སྟོབས་ཀྱིས་ཡུལ་གྱི་མཚན་མ་སོ་སོར་འབྱེད་པ་འདུ་ཤེས་ཀྱི་ཕུང་པའི་མཚན་ཉིད། ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཀྱི་ཆོས་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། ཡུལ་གྱི་ངོ་བོ་སོ་སོར་རིག་པའི་བློ་རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད།

                སྐྱེ་མཆེད་དང་ཁམས་རེ་རེ་བཞིན་གྱི་མཚན་ཉིད་བཞག་ནི་མིན་འདུག།

 

    དེ་གསུམ་སོ་སོར་བཤད་དགོས་པའི་རྒྱུ་མཚན་ནི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་དོ།། ཟེར་གསུངས་དོཝ་བཟུམ་སྦེ། རྨོངས་པ་མི་འདྲ་བ་གསུམ། དབང་པོ་མི་འདྲ་བ་གསུམ། འདོད་པ་མི་འདྲ་བ་གསུམ་ཡོད་ནི་འདི་གིས་ ཕུང་པོ་སྐྱེ་མཆེད་ཁམས་ཚུ་སོ་སོ་སྦེ་གསུངས་གསུངསམ་ཨིན་མས།

རྨོངས་པ་གསུམ། ༡གཟུགས་ཟེར་མི་འདི་གཅིག་རང་ཨིན་མནོ་བའི་རྨོངས་པ། དེ་བསལ་ནི་དོན་ལུ་ སྐྱེ་མཆེད་གསུངས། ༢སེམས་ཟེར་མི་གཅིག་རང་ཨིན་མནོ་བའི་རྨོངས་པ། དེ་བསལ་ནི་གི་དོན་ལུ་ཁམས་བཅོ་བརྒྱད་གསུངས། ༣སེམས་བྱུང་འདི་ཡང་གཅིག་རང་ཨིན་མནོ་བའི་རྨོངས་པ། དེ་བསལ་ནི་གི་དོན་ལུ་ ཕུང་པོ་ལྔ་གསུངས།

དབང་པོ་རབ་འབྲིང་ཐ་གསུམ་དང་། ཉུང་ངུར་འདོད་པ། འབྲིང་ཙམ་འདོད་པ། རྒྱས་པར་འདོད་པའི་འདོད་པ་སོ་སོ་གི་དོན་ལུ་ རིམ་པ་བཞིན་དུ་ཕུང་པོ་སྐྱེ་མཆེད་ཁམས་བཅས་གསུངས་ནུག།

ཕུང་པོའི་གྲངས་ངེས། དངོས་པོ་འདུས་བྱས་ཀྱི་ཆོས་ལུ་གཟུགས་དང་གཟུགས་མ་ཡིན་པ་གཉིས་སྦེ་ཡོདཔ་ལས་ གཟུགས་འདི་གཟུགས་ཀྱི་ཕུང་པོ་སྦེ་བཞག།  གཟུགས་མ་ཡིན་པ་ལུ། སེམས་དང་སེམས་མ་ཡིན་པ་གཉིས་ཡོདཔ་ལས་ སེམས་འདི་རྣམ་ཤེས་ཀྱི་ཕུང་པོ་སྦེ་བཞག། སེམས་མ་ཡིན་པ་ལུ་ ཚོར་བ། འདུ་ཤེས། འདུ་བྱེད་གསུམ་ཡོདཔ་ལས་ ཕུང་པོ་གཞན་གསུམ་གྲུབ་ནི་འདི་གིས་ ཕུང་པོ་འདི་ལུ་ལྔ་སྦེ་གྱངས་ཁ་ངེས་ཏིག་འགྱོཝ་ཨིན་མས།

སྐྱེ་མཆེད་ཀྱི་གྲངས་ངེས། གཟུགས་ལུ་ དབང་པོ་ལྔ་དང་དོན་ལྔ་སོ་སོར་གྲུབ་སྟེ་ཡོདཔ་ལས་ གཟུགས་ཅན་བཅུ་སྦེ་ངེས་བརྟན་འགྱོ་དོ་ཡོདཔ་དང་། གཟུགས་ཅན་མ་ཡིན་པ་འདི་ལུ་ སེམས་དང་ཆོས་གཉིས་སྦེ་ཡོདཔ་ལས་ སེམས་འདི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་འདི་ཆོས་ཀྱི་སྐྱེ་མཆེད་ལུ་འགྱོ་དོ་ཡོདཔ་ལས་ སྐྱེ་མཆེད་བཅུ་གཉིས་སྦེ་ངེས་ཏིག་ཐག་ཆོདཔ་ཨིན་མས།  

    ཁམས་ཀྱི་གྲངས་ངེས། གཟུགས་ལུ་གཟུགས་ཅན་བཅུ་ཐམ་དང་། གཟུགས་མ་ཡིན་པ་ལ་ སེམས་དང་ཆོས་གཉིས་ལས་ ཆོས་འདི་ཆོས་ཁམས། སེམས་འདི་ལུ་དབྱེ་བ་ཕྱེ་བའི་སྐབས་ སེམས་ཁམས་བདུན་ཐོན་དོ་ཡོདཔ་ལས་ ཁམས་བཅོ་བརྒྱད་སྦེ་གྱངས་ཁ་ངེས་ཏིག་འགྱོཝ་ཨིན་མས།

དྲི་བ།  ཁམས་ཀྱི་ངོ་བོ། རྐང་གྲངས། གྲངས་ངེས་ཚུལ་བཅས་རང་བློ་སྤོབས་ནས་འཇོག།

དྲི་བ།  ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེད་མཆེད་བཅུ་གཉིས་ཀྱི་རྐང་གྲངས་བྲིས་ནས་ དེ་གསུམ་དབྱེ་དགོས་པའི་རྒྱུ་མཚན་མངོན་པ་མཛོད་ལྟར་བཀོད།

ལན།  གོང་གི་ལན་ཚུ་ལས་ཤེས་ཚུགས།

 

དྲི་བ།     སྒྲ་ལུ་དབྱེ་བ་ཅིན་ ལུང་དུ་སྟོན་པ་དང་མི་སྟོན་པ། ཤེས་རྒྱུད་ཀྱི་ཟིན་པ་དང་མ་ཟིན་པ། སྙན་པ་དང་མི་སྙན་པའི་སྒོ་ལས་ རྣམ་པ་བརྒྱད་འབད་ དབྱེ་ནི་ཡོད་མི་འདི་ གོ་དོན་ག་དེ་སྦེ་ཨིན་ན་ དཔེ་དང་བཅས་བྲིས།

ལན། སྒྲའི་དབྱེ་བ་བརྒྱདཔ་འདི་ དང་པ་ ཤེས་རྒྱུད་ཀྱིས་ཟིན་པ་དང་མ་ཟིན་པའི་རྩ་བའི་དབྱེ་བ་གཉིས། གཉིས་པ་དེ་གཉིས་རེ་རེ་ལུ་ ལུང་དུ་སྟོན་པ་དང་མི་སྟོན་པའི་ཡན་ལག་གཉིས་རེ་ཕྱེ་སྟེ་བཞི། གསུམ་པ་དེ་རེ་རེ་ལུ་སྙན་པ་དང་མི་སྙན་པ་རེ་རེ་ཕྱེཝ་ད་ ཉིན་ལག་གྱི་དབྱེ་བ་བརྒྱད་འགྱོཝ་ཨིན་མས།

   

གོ་དོན། ཤེས་རྒྱུད་ཀྱིས་ཟིན་པ་ཟེར་མི་འདི་ སེམས་ཀྱིས་ཟིན་ཏེ་ཡོད་མི་དཔེར་ན་ ཁ་ལས་བརྗོད་པའི་སྒྲ་དང་ སེ་གོལ་དཀྲོགས་པའི་སྒྲ་ལྟ་བུ། མ་ཟིན་པ་ཟེར་མི་འདི་སེམས་ཀྱིས་མ་ཟིན་པ། དཔེར་ན། ཆུ་སྒྲ་རླུང་སྒྲ་ལྟ་བུ། ལུང་དུ་སྟོན་པ་ཟེར་མི་འདི་ངག་ལས་བརྗོད་པའི་སྒྲ། མི་སྟོན་པ་ཟེར་མི་འདི་ངག་སྒྲ་མ་ཡིན་པ། དཔེར་ན། སེ་གོལ་དཀྲོགས་པའི་སྒྲ་ལྟ་བུ་ལུ་གོཝ་ཨིན།

 

 

དཔེར་བརྗོད།





ཟིན་པའི་སྒྲ་བཞི།

ཟིན་པ་ལུང་དུ་སྟོན་པ་སྙན་པ། སྐྱེས་བུས་གླུ་ལེན་པ་ལྟ་བུ།

ཟིན་པ་ལུང་དུ་སྟོན་པ་མི་སྙན་པ། ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུ།

ཟིན་པ་ལུང་དུ་མི་སྟོན་པ་སྙན་པ། སེ་གོལ་དཀྲོགས་པའི་སྒྲ་ལྟ་བུ།

ཟིན་པ་ལུང་དུ་མི་སྟོན་པ་མི་སྙན་པ། ལྡན་ལྕགས་དྲངས་པའི་སྒྲ་ལྟ་བུ།

མ་ཟིན་པའི་སྒྲ་བཞི།

མ་ཟིན་པ་ལུང་དུ་སྟོན་པ་སྙན་པ།       བྲག་དང་ཤིང་ལས་ ཕན་པའི་ལུང་བསྟན་གནང་བའི་སྒྲ་ལྟ་བུ།

མ་ཟིན་པ་ལུང་དུ་སྟོན་པ་མི་སྙན་པ།      བྲག་དང་ཤིང་ཚུ་ལས་ ཤི་ནི་གི་ལུང་བསྟན་གནང་བའི་སྒྲ་ལྟ་བུ།

མ་ཟིན་པ་ལུང་དུ་མི་སྟོན་པ་སྙན་པ། ཁང་ཟུར་གྱི་དྲིལ་བུའི་སྒྲ་ལྟ་བུ།

མ་ཟིན་པ་ལུང་དུ་མི་སྟོན་པ་མི་སྙན་པ། བྲག་རལ་བའི་སྒྲ་ལྟ་བུ།

 

 

དྲི་བ། གཟུགས་ལུ་དབྱེ་བ་ཉི་ཤུ། རོ་དྲུག། དྲི་བཞི་པོ་རེ་རེ་བཞིན་དུ་བཀོད།

ལན།      སྣང་མུན་སྤྲིན་དང་དུ་བ་དང་། །རྡུལ་གྲིབ་ཁུག་སྣ་ཉི་མ་བཅས།།

ཡན་ལག་ཁ་དོག་བརྒྱད་ལ་ནི། །སྔོ་སེར་དཀར་དམར་རྩ་བའི་མདོག།

                     རིང་ཐུང་མཐོ་དམའ་གྲུ་བཞི་ཟླུམ། །ཕྱ་ལེ་མིན་དང་ཕྱ་ལེ་དབྱིབས།།

                     རོ་ཡི་དབྱེ་བ་རྣམ་དྲུག་ནི། །དངར་སྐྱུར་ལན་ཚྭ་ཁ་ཚ་སྐ།།

དྲི་ནི་ལྷན་སྐྱེས་སྦྱར་བྱུང་གཉིས། །རེ་རེར་སྙོམས་དང་མི་སྙོམས་གཉིས།།

 

མཛོད་གནས་གཉིས་པ་དང་འབྲེལ་བའི་དྲི་བ།

དྲི་བ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་རྐང་གྲངས་དྲངས་ནས་ དབང་པོ་དེ་དག་གིས་ཡུལ་ལ་དབང་བྱེད་ཚུལ། སོ་སྐྱེ་ཐ་མལ་པ་ལ་དབང་པོ་ཇི་ཙམ་ལྡན་ཚུལ་བཅས་བྲིས།

ལན། དབང་པོ་ཉི་ཤུ་རྩ་གཉིས་འདི་ཡང་ འཁོར་བའི་དབང་པོ་བཅུ་བཞི་དང་། རྣམ་བྱང་གི་དབང་པོ་བརྒྱད་ཡོད་མི་འདི་ཚུ་ཨིན་མས།

            འདི་ཡང་ མིག་སོགས་དབང་པོ་དྲུག། ཕོ་དབང་མོ་དབང་གཉིས། སྲོག། ཚོར་བ་ལྔ་(ལུས་ཚོར་བདེ་སྡུག་གཉིས། སེམས་ཚོར་ཡིད་བདེ་དང་ཡིད་མི་བདེ་གཉིས། ལུས་སེམས་ཀྱི་བཏང་སྙོམས) དང་བཅས་བཅུ་བཞི་འདི་འཁོར་བའི་དབང་པོ་དང་། དད་སོགས་ལྔ་དང་དྲི་མི་གསུམ་བཅས་བརྒྱདཔ་འདི་རྣམ་བྱང་གི་དབང་པོ་ཨིན་མས། (དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ། ཀུན་ཤེས་བྱེད་པ། ཀུན་ཤེས་པ། ཀུན་ཤེས་ལྡན་པ།

            དབང་བྱེད་ཚུལ་ཟེར་མི་འདི་ དབང་པོ་རང་རང་སོ་སོ་ལུ་ ཐུན་མོང་མ་ཡིན་པའི་ལཱ་རེ་རེ་ཡོདཔ་དང་། རང་གི་ལཱ་འབད་མི་འདི་ལུ་དབང་བྱེད་པ་ཟེར་སླབ་ཨིན་མས། འདི་འབདཝ་ལས་ མིག་གིས་གཟུགས་ལུ་བལྟ། རྣས་སྒྲ་ཉན། སྣས་དྲི་ཚོར། ལྕེས་རོ་མྱོང་། ལུས་ཀྱིས་རེག་བྱ་མྱོང། ཡིད་ཀྱིས་ཆོས་ལུ་དམིགས་པའི་སྒོ་ལས་རང་རང་སོ་སོའི་ཡུལ་ལུ་དབང་བྱེད་ནི་དང་། ཕོ་དབང་གིས་མོ་དང་། མོ་དབང་གིས་ཕོ་དབང་ལུ་ལཱ་འབད། སྲོག་གིས་རིས་མཐུན་རྒྱུན་མ་ཆད་པར་གནས་ནི་གི་ལཱ་འབད། ཚོར་བ་ལྔ་གིས་བདེ་སྡུག་མྱོང་ནི་གི་ལཱ་འབད། དད་སོགས་ལྔ་གིས་རྣམ་བྱང་མཐོང་ལམ་འཐོབ་ནི་གི་ལཱ་དང། དྲི་མེད་གསུམ་གྱིས་མཐོང་ལམ་ལས་ མྱང་འདས་མི་སློབ་ལམ་ཚུན་ལུ་བཀལ་ནི་གི་ལཱ་འབད་བའི་ཐོག་ལས་ རང་གི་ཡུལ་ལུ་དབང་བྱེདཔ་ཨིན་མས།

                   སོ་སྐྱེ་ཐ་མལ་པ་ལུ་ དབང་པོ་བཅུ་དགུ་ལྡན་ཆོགཔ་ཨིན། ག་ཅི་སྦེ་ཟེར་བ་ཅིན། ཁོ་འཕགས་པའི་ལམ་མ་འཐོབ་ནི་འདི་གིས་ དྲི་མེད་ཀྱི་དབང་པོ་གསུམ་འདི་ཁོ་ལུ་མེདཔ་ལས་བརྟེན་ དབང་པོ་ལྷག་མ་བཅུ་དགུ་རྐྱངམ་ཅིག་ཡོད་ཆོག་ནི་ཨིན་མས།

 

དྲི་བ། མངོན་པ་མཛོད་ཀྱི་གཞུང་ནས་རྒྱུ་དྲུག་གི་རྩ་ཚིག་དྲངས་ནས་རྒྱུ་དྲུག་པོ་མ་ནོར་བ་བཀོད།

ལན། རྒྱུ་དྲུག་ནི། (རྩ་བ་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།། ཅེས་གསུངས་པ་ལྟར།)  བྱེད་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་དང་བཅས་དྲུག་ཨིན་མས།


དྲི་བ། འབྲས་བུ་ལྔ་པོ་ རྒྱུ་དྲུག་གང་དང་གང་གི་ཡིན་ནམ་ཁ་གསལ་བྲིས།

ལན། རྣམ་སྨིན་འབྲས་བུ་ཐ་མའི་(རྣམ་སྨིན་གྱི་རྒྱུ།)ཡིན། །བདག་པོའི་འབྲས་བུ་དང་པོའི་(བྱེད་རྒྱུ།) ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་ (ལྷན་འབྱུང་དང་མཚུངས་ལྡན།) གཉིས་ཀྱི་ཡིན།།

 

མཛོད་གནས་གསུམ་པ་དང་འབྲེལ་བའི་དྲི་བ།

དྲི་བ། རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ བརྟེན་པ་ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ་གྱི་ རྣམ་གཞག་སྐོར་བཤད་པ་ཚིག་འབྲུ་༢༥༠ཙམ་གྱི་ནང་དུ་བསྡུས་ཏེ་འཁོད།

ལན། མི་མང་ཤོས་ཀྱིས་ར་ མཛོད་ཀྱི་འཇིག་རྟེན་ཆགས་ཚུལ་ཟེར་གསུངསམ་ཨིན་མས། དེ་འབདཝ་ད་ མཛོད་ནང་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ལས། ཆགས་པ་དང་པོའི་རླུང་ལས་ནི། །དམྱལ་བའི་སྲིད་པའི་བར་དུ་འོ།། ཟེར་བའི་ཚིག་རྐང་གཉིས་ལས་མིན་འདུག། མཛོད་གནས་གསུམ་པའི་འཇིག་རྟེན་གྱི་བཀོད་པ་འདི་ ཆགས་ཚུལ་མེན་པར་ ཆགས་པའི་ཤུལ་ལུ་ག་དེ་སྦེ་གནས་ཏེ་ཡོད་པའི་སྐོར་ལས་ཨིན་མས།

འདི་ཡང་ འོག་གཞི་རླུང་གི་དཀྱིལ་འཁོར་ལུ་ཆུའི་དཀྱིལ་འཁོར་ཆགས། ཆུའི་དཀྱིལ་འཁོར་འདི་གི་བརྒྱ་བདུན་ཅུ་ཆུ་དང་། བརྒྱ་ཆ་ཉེར་དགུ་དེ་ཅིག་གསེར་གྱི་ཞག་སྦེ་ཆགས་པའི་ གསེར་གྱི་ས་གཞི་འདི་ལུ་བ་ཚྭའི་རྒྱ་མཚོ་གནས་ཏེ་ཡོདཔ་དང་། བ་ཚྭའི་རྒྱ་མཚོ་འདི་ནང་ལས་ སྦུག་ལུ་རིའི་རྒྱལ་པོ་རི་རབ། དེ་གི་མཐའ་འཁོར་ལུ་གསེར་གྱི་རི་བདུན། དེ་ཚུ་གི་བར་ན་རོལ་པའི་མཚོ་བདུན། དེ་གི་མཐའ་ལུ་ཡོད་པའི་ བ་ཚྭའི་རྒྱ་མཚོ་ནང་ གླིང་བཞི་དང་གླིང་ཕྲན་བརྒྱད། ཐ་མ་ལུ་ལྕགས་རི། རི་རབ་ཀྱི་བང་རིམ་ལུ་རྒྱལ་ཆེན་རིགས་བཞི། སྟེང་ལུ་སུམ་ཅུ་ཙ་སུམ། དེ་གི་བར་སྣང་ལུ་ འདོད་ལྷ་དང་། དེ་གི་སྟེང་ལུ་གཟུགས་ཁམས་དང་། གཟུགས་མེད་ཀྱི་ལྷ་གནས་ཆགས་ཏེ་ཡོདཔ་སྦེ་བཤདཔ་ཨིན་མས།

ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ་འབད་བ་ཅིན་ འཇིག་རྟེན་གྱི་ཁམས་ཧེ་མམ་འདི་ མེ་གིས་འཇིག་ཡོདཔ་ལས་ བསམ་གཏན་དང་པོའི་གནས་ཚུན་ཚོད་འཇིག་ཡོདཔ་སྦེ་ཡིད་ཆེས་བསྐྱེད་དོ་ཡོདཔ་དང་། ད་ལྟོ་གི་འཇིག་རྟེན་འདི་ཆགས་པའི་སྐབས་ལུ་ བཅུད་ཀྱི་སེམས་ཅན་གྱི་ཐོག་མ་འདི་ བསམ་གཏན་གཉིས་པའི་འོད་གསལ་གྱི་གནས་ལས་ ལྷ་གཅིག་བསམ་གཏན་དང་པོའི་གནས་ལུ་སྐྱེས། དེ་ལས་རིམ་པ་བཞིན་དུ་ འདོད་ལྷ་དྲུག། གླིང་བཞི། མཇུག་རང་དམྱལ་བའི་གནས་ཚུན་ཚོད་སྦེ་ ཡ་ལས་མར་ཆགས་ཡོདཔ་སྦེ་བརྩིཝ་ཨིན་མས།

ཧི་མཱ་ལ་ཡའི་གངས་ལྗོངས་འདི་གི་ བླ་མའི་བརྒྱུད་པ་དག་པ་ཅིག་གིས་ ཁོང་གི་བརྒྱུད་པ་འདི་ འོད་གསལ་གྱི་ལྷ་ལས་འོངམ་སྦེ་བཤད་དོ་ཡོད་མི་འདི་གི་ཁུངས་ཡང་ མཛོད་ལུགས་ཀྱི་སེམས་ཅན་ཆགས་ཚུལ་འདི་ལས་རྟ་དྲངས་ཏེ་བཤད་ཡོདཔ་དང་། གལ་སྲིད་ལྟ་གྲུབ་འདི་བདེན་པ་ཅིན་ ང་བཅས་ག་ར་འོད་གསལ་ལྷའི་བརྒྱུད་པ་ཨིན་ཟེར་སླབ་རུང་བཏུབ། 

དྲི་བ། འདོད་ཁམས་ཉི་ཤུ། གཟུགས་ཁམས་བཅུ་བདུན། གཟུགས་མེད་བཞི་བཅས་རེ་རེ་བཞིན་དུ་བྲིས།

ལན།  འདོད་ཁམས་ཉི་ཤུ་འདི་ཡང་། འདོད་ལྷ་དྲུག། མི་ལུ་གླིང་བཞི། ཚ་གྲང་གི་དམྱལ་བ་བརྒྱད། དུད་འགྲོ་དང་ཡིད་དྭགས་བཅས་ཨིན་མས།

    འདོད་ལྷ་དྲུག་པོ་འདི་ཡང་། རྒྱལ་ཆེན་རིས་བཞི། སུམཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཚུ་ཨིན་མས། 

གཟུགས་ཁམས་བཅུ་བདུན་འདི་ བསམ་གཏན་བཞི་པ་ལུ་གནས་བརྒྱད། བསམ་གཏན་ལྷག་མ་གསུམ་ལུ་གནས་གསུམ་གསུམ་བསྡོམས་ཏེ་བཅུ་བདུན་དང་།

གཟུགས་མེད་བཞིཔ་འདི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། སྲིད་པའི་རྩེ་མོ་ཟེར་མི་འདི་ཚུ་ཨིན་མས།

གཟུགས་ཁམས་གནས་རིས་བཅུ་བདུན།

བསམ་གཏན་བཞི་པའི་གནས།

འོག་མིན། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། མི་གདུང་བ། མི་ཆེ་བ།

སྤྲིན་མེད་སྐྱེས། བསོད་ནམས་སྐྱེས། འབྲས་བུ་ཆེ་བ།

བསམ་གཏན་གསུམ་པའི་གནས།

དགེ་ཆུང་། ཚད་མེད་དགེ། དགེ་རྒྱས།

བསམ་གཏན་གཉིས་པའི་གནས།

འོད་ཆུང་། ཚད་མེད་འོད། འོད་གསལ།

བསམ་གཏན་དང་པོའི་གནས།

ཚངས་རིས། ཚངས་པའི་མདུན་ན་འདོན། ཚངས་ཆེན།

 

དྲི་བ། མངོན་པའི་ཚད་འཇལ་ལུགས་ཀྱི་རྣམ་བཞག་ལ་ ཕྲ་རབས་རྡུལ་ནས་བཟུང་སྟེ་ དཔག་ཚད་གཅིག་གི་བར་ཇེ་རྒྱས་སུ་འཕར་ནས་བརྩི་ཚུལ་བྲིས།

ལན།  མངོན་པའི་གཟུགས་ཚད་མཇལ་ལུགས་འདི་ཡང་། (གཞུང་ལས། ་་་་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱ་འོ།། ཟེར་གསུངས་དོ་བཟུམ་སྦེ།) ཕྲ་རབ་རྡུལ། རྡུལ་ཕྲན། ལྕགས་རྡུལ། ཆུ་རྡུལ། རི་བོང་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་རྡུལ། སྲོ་མའི་རྡུལ། ཤིག་རྡུལ། ནས་རྡུལ། སོར་མོའི་རྡུལ་ཚུན་ཚོད། གོང་ལས་གོང་དུ་བདུན་སྒྱུར་རྩིས་ནི་དང་། འདི་ཡང་དཔེར་ན། ཕྲ་རབ་བདུན་གྱིས་རྡུལ་ཕྲན་གཅིག། རྡུལ་ཕྲན་བདུན་གྱིས་ལྕགས་རྡུལ་གཅིག་ལ་སོགས་པ་བདུན་སྒྱུར་རྩིས་ཏེ་སོར་མོའི་རྡུལ་ཚུན་ཚོད་བཀལ་ནི་དང་། སོར་མོ་༢༤ལུ་ཁྲུ་གང་། ཁྲུ་བཞི་གིས་གཞུ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་གིས་རྒྱང་གྲགས་གཅིག། རྒྱང་གྲགས་བརྒྱད་ཀྱིས་དཔག་ཚད་གཅིག་ཟེར་རྩིཝ་ཨིན་མས།

 

མཛོད་གནས་བཞི་པ་དང་འབྲེལ་བའི་དྲི་བ།

དྲི་བ། ལས་ཀྱི་མཚན་ཉིད། ལས་ཀྱི་དབྱེ་བ་གང་ཤེས་བརྗོད་དེ་ འགྲོ་བ་རིགས་དྲུག་པོ་ཁམས་གསུམ་འཁོར་བའི་ནང་དུ་ སྐྱེ་བྱེད་ཀྱི་ལས་ངོས་བཟུང་ནས་ཇི་ལྟར་སྐྱེ་ཚུལ་བཅས་འཇོག།

ལན། ལས་ཀྱི་མཚན་ཉིད་ནི། སེམས་བྱུང་སེམས་པ་དང་ དེས་བསྐྱེད་པའི་རིག་བྱེད་དང་ རིག་བྱེད་མ་ཡིན་པའོ།།

ལས་ཀྱི་དབྱེ་བ་ཕྱེ་ཐངས་མ་འདྲཝ་ལེ་ཤ་འདུག། རྩ་བའི་དངོས་བསྟན་ལྟར་དུ་འབད་བ་ཅིན། རིག་བྱེད་དང་ རིག་བྱེད་མ་ཡིན་པ་གཉིས། རིག་བྱེད་མ་ཡིན་པ་ལུ་ཡང་ སྡོམ་པ། སྡོམ་མིན། བར་མ་བཅས་ཕྱེ་ཚུལ་ཡོད་པའི་ཁར། མདོ་ལས་བྱུང་བའི་རྣམ་གྲངས་ལྟར་དུ་འབད་བ་ཅིན། ལེགས་སྤྱད་དང་ཉེས་སྤྱད། དགེ་བཅུ་དང་མི་དགེ་བཅུ། སྒྲིབ་པ་གསུམ། མཚམས་མེད་ལྔ་ལ་སོགས་པའི་དབྱེ་བ་ཕྱེ་ཐངས་མ་འདྲཝ་བཅོ་ལྔ་དེ་ཅིག་འདུག།

ཁམས་གསུམ་འཁོར་བའི་ནང་སྐྱེ་བྱེད་ཀྱི་ལས་ངོ་མ་འདི་ར་ རྣམ་པར་རིག་བྱེད་མ་ཡིན་པའི་ སྡོམ་པ་སྡོམ་མིན་བར་མའི་ལས་འདི་ཚུ་ཨིནམ་དང་།

འདི་ནང་སྐྱེ་ཚུལ་འདི་ཡང་ སོ་ཐར་རིགས་བརྒྱད་དང་ བར་མའི་དགེ་བའི་ལས་བསགས་པ་ལས་བརྟེན་ཏེ་  འདོད་ཁམས་ཀྱི་ལྷ་དང་མིའི་གནས་ལུ་སྐྱེ་ནི་དང་། སྡོམ་མིན་དང་། བར་མའི་མི་དགེ་བ་ཚུ་ལས་བརྟེན་ཏེ་ དམྱལ་བ། ཡིད་དྭགས། དུད་འགྲོའི་གནས་ལུ་སྐྱེ་ནི། བསམ་གཏན་གྱི་སྡོམ་པ་ལས་བརྟེན་ཏེ་གཟུགས་ཁམས་ཀྱི་གནས་ལུ་སྐྱེ་ནི་དང་། གཟུགས་མེད་སྙོམས་འཇུག་ལས་བརྟེན་ཏེ་གཟུགས་མེད་ཀྱི་གནས་ལུ་སྐྱེ་སྟེ་ ཡང་ལས་ཡང་དུ་འཁོར་བ་འདི་ནང་འཁོར་དོ་ཡོདཔ་ལས། ལས་འདི་ཚུ་སྤངས་ཏེ་ཟག་མེད་ཀྱི་དགེ་བ་བསགས་ཞིནམ་ལས་ འཁོར་བ་འདི་ལས་གྲོལ་དོ་ཡོདཔ་ཨིན་མས། 

མཛོད་གནས་གསུམ་པའ་སྐབས་ལུ་ ལྷ་མ་ཡིན་གྱི་སྐོར་མ་བཤདཔ་མ་ཚད། མཛོད་གནས་བཞི་པ་འདི་གི་སྐབས་ལུ་ཡང་ ལས་གང་རུང་ལས་བརྟེན་ཏེ་ ལྷ་མ་ཡིན་ལུ་སྐྱེ་ཚུལ་མ་པ་ལས་མ་གསུངས་པས

 

དྲི་བ། མྱོང་བར་ངེས་པའི་ལས་ཀྱི་གོ་དོན་དང་། དེ་ལུ་ མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་ཟེར་ བརྩི་ནི་ཡོད་མི་གི་ གོ་དོན་ཁ་གསལ་བྲིས།

ལན།  མྱོང་བར་ངེས་པའི་ལས་ཟེར་མི་འདི་། (གཞུང་ལས། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་པའོ།། ཟེར་གསུངས་དོ་བཟུམ་སྦེ།) རྒྱུ་ཉོན་མོངས་པ་ཤུགས་དྲག་པོ་གིས་ཀུན་བསླངས། ཡུལ་ ཕ་མ་བྲམ་ཟེ་སློབ་དཔོན་ལ་སོགས་པ་ཡོན་ཏན་གྱི་ཞིང་དམ་པ་ལུ་འབད། དུས་ཡུན་རྒྱུན་ཆགས་སུ་འབད་བའི་ལས་དང་། ཕ་མ་གསོད་པ་ལ་སོགས་པའི་ལས་ཚུ་ འབྲས་བུ་མྱོང་ནི་ཨིནམ་ངེས་བདེན་ཨིནམ་ལས་ མྱོང་བར་ངེས་པའི་ལས་ཟེར་སླབ་ཨིན་མས།

        འབྲས་བུ་མྱོང་བར་ངེས་པའི་ལས་ཀྱི་གྲལ་ལས། མཐོང་ཆོས་མྱོང་འགྱུར་ཟེར་མི་འདི་ ལས་ཚེ་འདི་ལུ་བསགས། འབྲས་བུ་ཡང་ཚེ་འདི་ལུ་སྨིན་པའི་ལས་ཚུ་ལུ་སླབ་ནི་དང་། ལས་ཚེ་འདི་ལུ་བསགས་ཞིནམ་ལས་ འབྲས་བུ་ཚེ་ཤུལ་མ་འདི་ནང་མྱོང་ནི་ཨིན་པ་ཅིན་ སྐྱེ་ནས་མྱོང་འགྱུར། འབྲས་བུ་འདི་ ཚེ་གཉིས་གསུམ་ལ་སོགས་པའི་ཤུལ་ལས་མྱོང་ནི་ཨིན་པ་ཅིན་ འདི་ལུ་ལན་གྲངས་གཞན་ལ་མྱོང་འགྱུར་ཟེར་སླབ་ཨིན་མས།

 

 

མཛོད་གནས་ལྔ་པ་དང་འབྲེལ་བའི་དྲི་བ།

དྲི་བ།     ཕྲ་རྒྱས་ཞེས་པའི་དོན་དང་ སྲིད་པའི་རྩ་བར་གྱུར་པའི་ཕྲ་རྒྱས་ཇི་ཙམ་ཡོད་པའི་སྐོར་ཁ་གསལ་བྲིས།

ལན། འཁོར་བར་འཕེན་བྱེད་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ཉོན་མོངས་པ་ཚུ་ལུ་ཕྲ་རྒྱས་ཟེར་སླབ་ཨིནམ་དང་། དེ་ལུ་རྩ་བའི་དབྱེ་བ་དྲུག། ནང་གསེས་ཕྱེ་བ་ཅིན་ བདུན་དང་བཅུ་ཐམ་སྦེ་ཡང་བཞག་སྲོལ་འདུག། རྩ་བའི་དབྱེ་དྲུག་པོ་འདི་ཡང་། (རྩ་བ་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ།། ཟེར་གསུངས་མི་ལྟར་དུ) འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཚོམ་བཅས་དྲུག་ཨིན་མས།

                འདོད་ཆགས་ལུ་ འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་ཟེར་ཁག་གཉིས་སྦེ་ཕྱེ། གཞན་ལྔ་རང་འཇག་བཞག་པའི་སྐབས་ལུ་འབད་བ་ཅིན་ ཕྲ་རྒྱས་བདུན་སྦེ་རྩི་ནི་དང་། ལྟ་བ་ལུ་ལྔ་སྦེ་ཕྱེ། ལྷག་མ་ལྔ་རང་འཇག་བཞག་པའི་སྐབས་ལུ་འབད་བ་ཅིན་ ཕྲ་རྒྱས་བཅུ་སྦེ་ཡང་བརྩིཝ་མ་ཚད། མཐོང་སྤང་༨༨བརྩི་བའི་སྐབས་ལུ་འབད་བ་ཅིན་ ཕྲ་རྒྱས་བཅུ་ཐམ་འདི་ར་ བརྩི་དོ་ཡོདཔ་ཨིན།

 

དྲི་བ།     ཕྲ་རྒྱས་དྲུག་གིས་ སྲིད་པར་ཇི་ལྟར་འཁྲུལ་ཚུལ་རང་བློས་དཔག་ནས་བྲིས།

ལན།  ཕྲ་རྒྱས་དྲུག་ལས་ མ་རིག་པའི་དབང་གིས་རང་རྒྱུད་རྨོངས། དེ་ལས་འདོད་ཆགས་ཁོང་ཕྲོ་ལ་སོགས་པའི་ཕྲ་རྒྱས་གཞན་ཚུ་སྐྱེ། དེ་ཚུ་གི་དབང་གིས་ འདུ་བྱེད་ཀྱི་ལས་བསགས། དེའི་དབང་གིས་ རྣམ་ཤེས་ཡང་སྲིད་ཕྱི་མར་འཕེན་ཏེ་ སྲིད་པ་ཁམས་གསུམ་འཁོར་བའི་གནས་ལུ་འཁོརཝ་ཨིན་མས།

 

དྲི་བ། འདོད་ཆགས་ལུ་དབྱེ་བ་ སྲིད་པའི་འདོད་ཆགས་དང་། འདོད་པའི་འདོད་ཆགས་ཟེར་མི་གཉིས་ཀྱི་ཁྱད་པར་བྲིས།

ལན།  ཕྲ་རྒྱས་བདུན་སྦེ་བརྩི་བའི་སྐབས་ལུ་ འདོད་ཁམས་ཀྱི་ཁུངས་གཏོགས་ཀྱི་འདོད་ཆགས་འདི་ལུ་ འདོད་པའི་འདོད་ཆགས་དང་། གཟུགས་ཁམས་གཟུགས་མེད་ཀྱི་ཁུངས་གཏོགས་ཀྱི་འདོད་ཆགས་ལུ་སྲིད་པའི་འདོད་ཆགས་ཟེར་ཕྱེཝ་ཨིན་མས།

དྲི་བ།     ལྟ་བ་ལྔ་ཟེར་མི་ག་ཅི་ར་ཨིན་ན་དང་། འདི་ཚུ་མཐོང་སྤང་དང་བསྒོམ་སྤང་ག་ཅི་ཨིན་ན།

ལན།  ལྟ་བ་ལྔ་པོ་འདི་ཡང་། (རྩ་བ་ལས། ལྟ་བ་ལྔ་སྟེ་འཇིགས་ཚོགས་དང་། ལོག་དང་མཐར་འཛིན་ལྟ་བ་དང་། ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ།། ཟེར་གསུངས་མི་ལྟར་དུ།) འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་བཅས་ལྔ་ཨིནམ་དང་། ལྟ་བ་ལྔ་པོ་འདི་ཚུ་ ལྷན་སྐྱེས་ཀྱི་བློ་མེན་པར་ ཀུན་བརྟག་ཀྱི་བློ་ཨིན་ནི་འདི་གིས་ མཐོང་སྤང་གི་གྲངས་སུ་ཚུད་ནི་ཨིན་མས།

དྲི་བ། ང་རྒྱལ་གྱི་དབྱེ་བ་བདུན་པོ་བྲིས་ཏེ་ གོ་དོན་ཁ་གསལ་བྲིས།

ལན།  ང་རྒྱལ་བདུན་ནི། ཁེངས་པའི་ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་ཚུ་ཨིནམ་དང་། དེ་ཚུ་གི་དོན་ཡང་  

༡ ཁེངས་པའི་ང་རྒྱལ།    རང་ལས་དམའ་བ་ཚུ་ལས་རང་ཁྱད་དུ་འཕགས་སྙམ་པའི་བློ།

༢ ལྷག་པའི་ང་རྒྱལ།    རང་མཉམ་ཚུ་ལས་ཀྱང་རང་ཁྱད་དུ་འཕགས་སྙམ་པའི་བློ།

༣ ང་རྒྱལ་ལས་ཀྱང་ང་རྒྱལ།      གོང་མ་ཚུ་ལས་ཀྱང་རང་ཁྱད་དུ་འཕགས་སྙམ་པའི་བློ།

༤ ངའོ་སྙམ་པའི་ང་རྒྱལ། རང་གི་ཕུང་པོ་ལུ་བདག་དང་བདག་གིར་འཛིན་པའི་བློ།

༥ མངོན་པའི་ང་རྒྱལ།    ཡོན་ཏན་མེད་པ་ལུ་ཡོད་སྙམ་པའི་བློ།

༦ ཅུང་ཟད་སྙམ་པའི་ང་རྒྱལ། དྲག་ཤོས་ཚུ་དང་ཕྱདཔ་ད་ང་ཨ་ཙི་ཅིག་ཞན་སྙམ་པའི་བློ།

༧ ལོག་པའི་ང་རྒྱལ།    རང་གི་ཉེས་སྤྱོད་ལུ་ཡོན་ཏན་སྦེ་བལྟ་སྟེ་དཔའ་རྔམ་བསྐྱེད་པའི་བློ།

                        མཛོད་གནས་དྲུག་པ་དང་འབྲེལ་བའི་དྲི་བ།

དྲི་བ། ཚོགས་ལམ་སྦྱོར་ལམ་གཉིས་ཀྱི་མཚན་ཉིདདང་། དབྱེ་བ་བྲིས།

ལན། འཕགས་པའི་རིགས་དང་ལྡན་པའི་གང་ཟག་གིས་ དབུགས་འབྱུང་རྔུབ་གིས་གཙོས་པའི་ཞི་གནས་དང་ དྲན་ཉེར་བཞག་བསྒོམ་པའི་བར་གྱི་ཉམས་ལེན་ཚུ་ལུ་ཚོགས་ལམ་ཟེར་བཞག་ནི་དང་། དོན་དམ་མངོན་སུམ་དུ་གཟིགས་པའི་མཐོང་ལམ་ལ་སྦྱོར་བར་བྱེད་པའི་ དམིགས་པ་བདེན་བཞིའི་རྣམ་པ་ཅན་གྱི་ཉམས་ལེན་འདི་ལུ་སྦྱོར་ལམ་ཟེར་བཞགཔ་ཨིན་མས།

ཚོགས་ལམ་ལུ་དབྱེ་བ་ལོགས་སུ་ཕྱེ་ནི་མེདཔ་དང་། སྦྱོར་ལམ་ལུ་འབད་བ་ཅིན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་དབྱེ་བ་བཞི་སྦེ་ཕྱེཝ་ཨིན་མས།

 

དྲི་བ། སྐྱེས་བུ་ཟུང་བཞི་དང་། གང་ཟག་ཡ་བརྒྱད། དེ་ལས་འཕགས་པ་བརྒྱད། ཟེར་མི་ཚུ་ག་ཅི་ཨིན་ན་གོ་དོན་ཐུང་ཀུ་རེ་བྲིས།

ལན། དེ་ཚུ་ག་ར་ འབྲས་བུ་ལུ་གནས་པའི་འཕགས་པའི་གང་ཟག་ཚུ་གི་མིང་གི་རྣམ་གྲངས་ཨིན་མས། འདི་ཡང་ འཕགས་པའི་གང་ཟག་ལུ་ རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཟེར་བཞི་ཡོད་མི་འདི་ལུ་སྐྱེས་བུ་ཟུང་བཞི་སླབ་དོ་ཡོདཔ་དང་། དེ་རེ་རེ་ལུ་ཞུགས་པ་དང་འབྲས་གཉིས་རེ་ཕྱེ་སྟེ། རྒྱུན་ཞུགས་ཞུགས་པ། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་པ། ཕྱིར་འོང་འབྲས་གནས། ཕྱིར་མི་འོང་ཞུགས་པ། ཕྱིར་མི་འོང་འབྲས་གནས། དགྲ་བཅོམ་ཞུགས་པ། དགྲ་བཅོམ་འབྲས་གནས་ཟེར་སོ་སོར་ཕྱེ་མི་འདི་ལུ་ གང་ཟག་ཡ་བརྒྱད་དང་། འཕགས་པ་བརྒྱད་ཟེར་ཡང་སླབ་ཨིན་མས།

 

 

No comments: