Sunday, October 26, 2014

བོད་ཡིག་གཏན་འབེབས་སྐོར།

༄༅།  མཁྱེན་པའི་ཆུ་གཏེར་ཡངས་པའི་འཁྱོན་ལ་བརྩེ་བའི་འདབ་བརྒྱ་རྣམ་པར་རྒྱས།།
ནུས་པའི་རྩི་བཅུད་རོ་བརྒྱ་ལྡན་པས་སྐལ་བཟང་བུང་བའི་ཚོགས་སྐྱོང་བ།།
ཁ་བ་ཅན་ལ་བཀའ་དྲིན་ཟླ་མེད་ཐུ་མི་ཀུན་བཟང་ཁྱོད་ཉིད་དང་།།
དབྱེར་མེད་གདོད་ནས་མངོན་སངས་རྒྱས་མཛད་གཞོན་ནུ་འཇམ་དཔལ་དབྱངས་ལ་འདུད།།
ཅེས་གུས་པས་བཏུད་ནས་བོད་ཀྱི་ཡི་གེ་གཞན་ལ་འབེབས་བྱེད་ཚུལ་སྐོར་མདོར་ཙམ་གླེང་བ་ལ། ཐུ་མི་རང་གི་ཞལ་ནས། བརྒྱ་ཡིག་ལྔ་བཅུ་ཐམས་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།། ཅེས་གསུངས་པ་ལྟར་གྱི་གཏན་འབེབས་བྱས་ཟིན་པའི་གསལ་བྱེད་ཀྱི་ཡི་གེ་སུམ་ཅུའི་གྲངས་ལ་ནོར་འཁྲུལ་མེད་ཀྱང་། དེ་དག་གང་ནས་དཔེ་བླངས་པའི་གཞི་མ་རྒྱ་གར་གྱི་ཡི་གེ་དང་། ཡི་གེ་དེར་མེད་ཀྱང་བོད་ལ་ཉེ་བ་མཁོ་བའི་གསར་བསྣན་གྱི་ཡི་གེ་ལ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཞལ་མི་མཐུན།།

དེའང་ཞ་ལུ་ལོ་ཆེན་གྱིས། བོད་ཡིག་གང་ནས་དཔེ་བླངས་པའི་ཡི་གེ་ནི་ལཉྩ་ཡིན་པ་དང་། སི་ཏུས་ན་ག་རའི་ཡི་གེ། བུ་སྟོན་གྱིས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་པ་ཡིན་པར་འདོད།
དེ་དག་ལ་འཐད་དང་མི་འཐད་ཀྱི་དགག་བཞག་བྱེད་པ་ལ་ཐོག་མར་རྒྱ་གར་རང་གི་བྱུང་རིམ་གྱི་གནས་སྟངས་ཤེས་པ་གལ་ཆེ་བས་དེའི་སྐོར་ཅུང་ཟད་ཞུ་བ་ལ། རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་དེ་བྲམ་ཟེ་རྣམས་ཀྱིས་ལོ་མང་པོའི་རིང་ལ་འབད་ནས་བཟོས་པའི་སྐད་རིགས་ཤིག་ཡིན་ཙང་། རྐང་བཙུགས་ནས་ལོ་ཁ་ཤས་རིང་སྦྱངས་ན་མ་གཏོགས། གཞན་རྒྱ་གར་བ་རང་ལའང་གོ་བརྡ་མི་འཕྲོད་པའི་སྐད་རིགས་ཤིག་ཡིན། སྐད་ཡིག་དེ་ནི་རང་བཞིན་ལྷན་སྐྱེས་ཀྱི་སྐད་རིགས་མིན་པར་གསར་བཟོ་ཡིན་པའི་རྒྱུ་མཚན་གང་ཡོད་ཅེ་ན། ཡོད་དེ། རྒྱ་གར་གྱི་སྐད་རིགས་གཙོ་ཆེ་བ་བགྲང་པའི་སྐབས་སུ། རང་བཞིན་གྱི་སྐད། ཟུར་ཆགས་ཀྱི་སྐད། ཤ་ཟའི་སྐད། ལེགས་སྦྱར་གྱི་སྐད་ཅེས། ལེགས་སྦྱར་དེ་རང་བཞིན་གྱི་སྐད་ལས་ལོགས་སུ་བགྲང་ཞིང་། གཞན་ཡང་ལེགས་སྦྱར་ཞེས་པའི་མིང་དེ། ལྟོ་ལྡིར་བ་ལ་བུམ་པ་ཞེས་པ་ལྟ་བུའི་འདོད་རྒྱལ་གྱི་མིང་མིན་པར། ཌིཏ་དང་། དྲང་སྲོང་རྣམས་ཀྱིས་ལེགས་པར་སྦྱར་ནས་བཟོས་པའི་དབང་གིས་ལེགས་སྦྱར་ཞེས། བྱ་ཚིག་ལས་གྲུབ་པའི་རྗེས་སྒྲུབ་ཀྱི་མིང་ཡིན་པའི་ཕྱིར་རོ།།
དེས་ན་སྐད་རིགས་ལེགས་སྦྱར་དེ། སྟོན་པ་སངས་རྒྱས་ཞིང་འདིར་མ་བྱོན་པའི་སྔོན་ནས་གཏན་འབེབས་བྱས་ཟིན་པས་སྟོན་པས་ཀྱང་ཆོས་འཁོར་ཕལ་ཆེར་ལེགས་སྦྱར་སྐད་ཀྱི་ཐོག་ཏུ་གསུངས། འོན་ཀྱང་སྐབས་དེ་དུས་སྤྱི་ཚོགས་ནང་། ཕྱིས་སུ་ཨ་ཤོ་ཀའི་ཡི་གེར་འབོད་པའི་མོརྱའི་ཡི་གེ་བེད་སྤྱོད་བྱེད་པ་མ་གཏོགས་ལཉྩ་དང་ཝརྟུ་ཞེས་པའི་ཡིག་གཟུགས་ལེགས་སྦྱར་དེ་བྱུང་མེད། མ་ཟད་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་ཀྱི་ཡི་གེའང་དེ་ཡིན་ཏེ། ཆོས་རྒྱལ་ཁོང་གི་རྡོ་རིང་ད་ལྟ་སཱར་ནཱཐ་ལ་ཡོད་པ་དེར་མོརྱའི་ཡི་གེ་དེ་ཉིད་སྣང་བའི་ཕྱིར་རོ།།
དམངས་ཕལ་པས་བེད་སྤྱོད་གཏོང་མི་ཐུབ་པའི་ཡིག་གཟུགས་ལེགས་སྦྱར་དེ། ཐུ་མི་རྒྱ་གར་དུ་ཕེབས་སྐབས་རྒྱ་གར་རང་རྒྱལ་དུའང་མེད་ན། ཐུ་མིས་དེ་ལས་དཔེ་ཇི་ལྟར་བླངས། དེ་འདྲའི་ཡིག་གཟུགས་དེ་ཐུ་མིའི་དུས་ལས་ཆེས་ཤིན་ཏུ་རིང་བའི་དུས་ཕྱིས་སུ་བྱུང་བའི་ཡིག་གཟུགས་ཤིག་ཡིན།
སྔོན་གྱི་མོརྱའི་ཡི་གེ་དེ་ལས་གཟུགས་ཅུང་ཟད་འགྱུར་བ་གུཔྟའི་ཡི་གེ་ནི། བོད་ཡིག་དང་ཡིག་གཟུགས་ཕལ་ཆེར་མཚུངས་པར་ཡོད་པ་དང་། ཐུ་མི་རྒྱ་གར་དུ་ཕེབས་སྐབས་སུའང་གུཔ་ཏའི་ཡི་གེ་དར་ཞིག་མ་ཉམས་པའི་སྐབས་ཡིན་པས། བོད་ཡིག་གང་ལས་དཔེ་བླངས་པའི་ཡི་གེ་ནི་གུཔྟའི་ཡི་གེ་ཡིན་ཞེས། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུངས། འོན་ཀྱང་བོད་ཡིག་དེ་ གུཔྟའི་ཡི་གེ་ལས་ཀྱང་། དུས་རབས་དྲུག་པའི་ཡ་ཤོ་དྷརྨའི་ཡི་གེ་དང་འདྲ་ཆེ་བ་འདུག གུཔྟའི་ཡི་གེ་དུས་རབས་བཞི་པ་དང་ལྔ་པར་བྱུང་བ་ཡིན་ཅིང་། དེ་ནས་ལོ་བརྒྱ་ཕྲག་རེ་རེ་བཞིན་ཡིག་གཟུགས་འགྱུར་ནས། བརྒྱ་ཕྲག་དྲུག་པར་ཡ་ཤོ་དྷརྨའི་ཡི་གེ་དང་། བདུན་པར་བཱར་དྷའི་ཡི་གེ་བྱུང་བ་ཡིན། ཐུ་མི་རྒྱ་གར་དུ་ཕེབས་སྐབས་གུཔྟའི་ཡི་གེ་རྡོ་རིང་སོགས་ལ་ཡོད་ན་མ་གཏོགས། རྒྱལ་འབངས་ཡོངས་ལ་ལོངས་སུ་སྤྱོད་ཡུལ་དུ་མེད། ཐུ་མིས་དཔེ་བླངས་ས་ནི་དུས་རབས་བདུན་པའི་བརྡྷའི་ཡི་གེ་ཡིན་དགོས་ཀྱང་། ཡིག་གཟུགས་ལ་བལྟས་ན་དྲུག་པའི་དེ་དང་འདྲ་ཆེ་བ་གོང་ཞུས་ལྟར་ཡིན།།

འདིར་ཡི་གེའི་དཔེ་རིས་ཞིག་ཡོད་པ་ཕྱིས་སུ་འབུལ་རྒྱུ་ཡིན། 

ཨ་ཤོ་ཀའི་དུས་ནས་བཟུང་སྟེ་དུས་རབས་བཅོ་ལྔ་པའི་བར་ཡིག་གཟུགས་ལ་འགྱུར་བ་ཇི་ལྟར་ཕྱིན་ཚུལ་གྱི་དཔེ་རིས་ཤིག སཱར་ནཱཐ་གྱི་འགྲེམ་སྟོན་ཁང་དུ་ཡོད། འོན་ཀྱང་དེ་ནི་རྒྱལ་འབངས་སྤྱི་ལ་བེད་སྤྱོད་བྱེད་པའི་ཡིག་རིགས་མ་གཏོགས། ཌིཏ་དང་གཞན་ཡང་ཆོས་པ་རྣམས་ཀྱིས་ལོངས་སུ་སྤྱོད་བྱར་གྱུར་པའི། ལཉྩ་དང་ཝརྟུའི་ཡིག་གཟུགས་དེ་དཔེ་རིས་དེར་མེད། དེང་སང་གི་པཎ་ཌིཏ་རྣམས་ཀྱིས་ལཉྩ་དང་ཝརྟུ་ཞེས་པའི་མིང་ཡང་ཐོས་མྱོང་མི་འདུག་ལ། དེ་གའི་འགྲེམ་སྟོན་ཁང་དུ་ནི་རྡོ་ལེབ་ཁྲུ་གང་ལྷག་ཙམ་ཞིག་གི་སྟེང་དུ། དུས་རབས་བཅུ་གཉིས་པའི་ལཉྩའི་ཡིག་གཟུགས་ཤིན་ཏུ་བཟང་བ་ཕྲ་ལ་མང་བ་ཞིག་འདུག། དེ་ནི་བོད་ནང་བྲིས་སྲོལ་ཡོད་པའི་ལཉྩའི་ཡིག་གཟུགས་དེ་མ་གཏོགས་ གཞན་རྒྱ་གར་བའི་ཡི་གེ་དཔེ་རིས་ནང་ཡོད་པ་དེ་དག་དང་འདྲ་བ་སྤུ་ཙམ་ཡང་མིན་འདུག།
དེས་ན་ཐུ་མིས་གང་ནས་དཔེ་བླངས་པའི་གཞི་མིའི་ཡི་གེ་ནི་དུས་རབས་དྲུག་པའི་ཡ་ཤོ་དྷ་ར་དང་། བདུན་པའི་བ་ར་དྷ་རའི་ཡི་གེ་གང་རུང་ཞིག་ལས་དཔེ་བླངས་ནས་མི་མཛེས་པའི་ཆ་རྣམས་དོར། ལེགས་ཆ་་རྣམས་འདམས་བསྒྲིགས་ཀྱི་སྟེང་དུ་གསར་བསྣན་འགའ་ཞིག་ཀྱང་མཛད་དེ། བོད་ཀྱི་རྗེས་འབངས་ཡོངས་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་གི་སྒོ་འཕར་ཐོག་མར་འབྱེད།
སྤྱིར་ནས་སྤྱི་ཚོགས་ནང་དངོས་པོ་གང་ལའང་འགྱུར་བ་འགྲོ་བ་དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་བོད་ཡིག་ལའང་འགྱུར་གང་འཚམས་ཤིག་ཕྱིན་ཡོད་ཚོད་རེད། འོན་ཀྱང་ཕྱིས་སུ་ཤར་རྒྱལ་བ་བླ་བཟང་གྲགས་པས་དཔེ་ཆ་རྣམས་ཤིང་དཔར་ལ་བརྐོས་པའི་སྲོལ་གཏོད་པའི་ཐུགས་རྗེས་ཕྲིན་ལས་ལ་བརྟེན། བོད་ཡོངས་དང་གཞན་ཡང་འབྲུག་ལ་དྭགས། བལ་ཡུལ་ལ་སོགས་པའི་ཡུལ་ལྗོངས་རྣམས་སུ་ཡི་གེ་ནི་ཨཀྴར་༼འགྱུར་མེད༽ ཡིན་པ་མ་ཟད། ཡིག་གཟུགས་ཀྱང་ཨཀྴར་གྱི་ངོ་བོར་གནས་ཡོད།

བོད་ཀྱི་བརྡ་སྤྲོད་པའི་གཞུང་གཏན་འབེབས་མཛད་སྐབས་རྒྱ་གར་གི་གསལ་བྱེད་སོ་བཞི་ལས་བོད་ཀྱི་རྒྱུན་གྱི་སྐད་ལ་མི་མཁོ་བའི་སྡེ་པ་གསུམ་པ༼ཊ་ཋ་ཌ་ཌྷ་ཎ༽ཆ་ཚང་། སྡེ་པ་རྣམས་ཀྱི་བཞི་པ་གྷ་ལ་སོགས་པ་༼གྷ་ཇྷ་ཌྷ་དྷ་བྷ༽དང་མཐར་གནས་ཀྱི་བ། དྲོ་བའི་ཡི་གེ་ཥ། མཐའི་ཀྵ་ཡིག་བཅས་དོར་བས་ལྷག་མ་འདི་ལྟར། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཡ་ར་ལ། ཤ་ས། ཧ་བཅས་ཉི་ཤུ་རྩ་གཉིས་དང་། དེའི་སྟེང་དུ་བོད་རང་གི་ཁ་སྐད་དུ་ཡོད་པ། ཙམ་པ། ཚ་བ། ཞྭ་མོ། ཟ་མ་སོགས་རང་ཆས་སུ་ཡོད་པ་དེ་དག་དང་སྒྲ་མདངས་མཐུན་པར་ཀློག་པའི་ཡིག་གཟུགས་རྒྱ་གར་ན་མེད་པས། དེ་དག་དང་སྒྲ་མདངས་མཐུན་པར་ཀློག་པའི་ཡིག་གཟུགས་གསར་པ། ཙ་ཚ་ཛ་ཝ་ཞ་ཟ་འ་བཅས་བདུན་བཟོས་སོ།། དེས་ན་གྷ་སོགས་དོར་བའི་ལྷག་ཀ་ནས་མའི་བར་ཡི་གེ་བཅུ་དྲུག་པོ་གོ་རིམ་རང་འཇག་དང་། དེའི་རྗེས་ལ་གསར་བཟོས་ཙ་སོགས་བདུན། དེ་ནས་བ་ཥ་ཀྵ་དོར་བའི་ལྷག་མ། ཡ་ར་ལ་ཤ་ས་ཧ་བཅས་དྲུག་བསྣན་པས་གསལ་བྱེད་ཉི་ཤུ་རྩ་དགུ། རྒྱ་གར་གྱི་དབྱངས་ཨི་ལྟ་བུ་གཅིག་ལའང་བཅོ་བརྒྱད་དུ་ཕྱེར་ཡོད་ཀྱང་། བོད་ལ་དེ་འདྲའི་བྱ་བ་མེད་པས་དབྱངས་ཨི་ཨུ་ཨེ་ཨོ་བཞི། བོད་ཀྱི་དབྱངས་ཀྱི་བྱེད་ལས་ནི་ཡི་གེའི་སྒྲ་མདངས་ལ་འགྱུར་བ་སྐྱེད་བྱེད་ཡིན་ན། ཨ་ལ་དེ་འདྲའི་ནུས་པ་མེད་པས་ཨ་དེ་དབྱངས་སུ་མི་བགྲང་བར་གསལ་བྱེད་དུ་འགྲང་བ་ཡིན། ཨ་ཡིག་གསལ་བྱེད་དུ་འཇོག་ཚེ། དེ་ལེགས་སྦྱར་གྱི་དབྱངས་ལས་བཏུས་པ་ཡིན་པས་གསལ་བྱེད་གཞན་དང་མ་འདྲེས་པར། ཡང་ན་སྔར་དང་། ཡང་ན་རྗེས་སུ་འཇོག་པ་ལས་གཞན་འོས་མེད། ཀ་ལ་སྡེ་པ་ཆ་ཚང་བས་སྔོན་དུ་མ་བཞག་ཅིང་། ཧ་གྲོགས་མེད་ཁྱེར་ཀྱང་ཡིན་པས་མཐར་བཞག་པ་ཡིན། དེས་ན་ཨ་དེས་ཨ་ལི་དབྱངས་ཀྱི་བྱ་བ་གསལ་མི་ཐུབ་པས། ཨ་ལི་གསལ་བྱེད་ཨི་སོགས་བཞི། །ཀ་ལི་སུམ་ཅུ་ཐམ་པ་འོ།། ཞེས་དངོས་སུ་གསུངས་བཞིན་དུའང་དཔལ་ཁང་ལོ་ཙ་བས། དབྱངས་ལྔ་ཡ་ར་ལ་ཝའི་འདོགས།། ཞེས་དབྱངས་ལྔར་གསུངས་པ་དེ་ཐུ་མིའི་དགོངས་པ་དང་དངོས་འགལ་ཡིན།
ཅ་ཆ་ཇ་གསུམ་ལ་བརྟེན་ནས་ཙ་ཚ་ཛ་གསུམ་བཟོས་པ་ཡིན་པར་དགེ་ཆོས་ལགས་ཀྱིས་གསུངས་ལ། ཤ་ས་ཧ་ལ་བརྟེན་ནས་ཞ་ཟ་འ་གསུམ་བཟོས་པ་ཡིན་ཞེས། ཞིང་གཤེགས་དམ་པ་མཁས་དབང་པདྨ་རྒྱལ་མཚན་ལགས་ཀྱིས་གསུངས། དེས་ན་མཐར་གནས་ཀྱི་བ་ལ་བརྟེན་ནས་ཝ་བཟོས་པ་དེ་ངའི་བསམ་ཚུལ་ཡིན།
འོ་ན་མཐར་གནས་ཀྱི་བ་ལེགས་སྦྱར་ལ་ཡོད་བཞིན་དུ་བོད་ཡིག་གི་ཝ་ཅིའི་ཕྱིར་བཟོས་ཞེ་ན། དེ་གཉིས་སྒྲ་མདངས་མི་འདྲ་སྟེ་མཐར་གནས་ཀྱི་བ་ནི་སྒྲ་མདོ་ལས། བཀཱར་སྱ་དནྟོཤྠམ། ཞེས་སོ་དང་མཆུ་ལས་སྐྱེས་པར་གསུངས་ཤིང་། ཝ་དེ་ལྕེ་རྐན་ལ་འདར་ཞིང་འ་སྒྲ་ཅུང་ཟད་དང་བཅས་འདོན་དགོས་པའི་ཕྱིར་རོ།།
བོད་ཀྱི་ཝ་ཡིག་དེ་ལེགས་སྦྱར་གྱི་མཐར་གནས་ཀྱི་བ་ཡིག་དེ་མ་ཡིན་པའི་རྒྱུ་མཚན་དེ་ལ་བརྟེན་ནས་བོད་སྐད་ནང་། བ་ཕྱེད་ཝར་འབོད་ཀྱི་རྣམ་བཞག་དེ་བྱུང་བ་ཡིན་ནོ།།
དེའང་ཅུང་ཟད་ཞུ་ན། ལེགས་སྦྱར་ནང་། ཅཏུརྦི་ཤ་ཏི། ༼ཉི་ཤུ་རྩ་བཞི༽ བཛྲ། ༼རྡོ་རྗེ་༽ སརྦ། ༼ཐམས་ཅད༽ བཡུ། ༼རླུང་༽ བི་ནཱ་ཡཀ། ༼ལོག་འདྲེན༽ བིཇཡ། ༼རྣམ་རྒྱལ༽ བི་བིདྷ། ༼རྣམ་མང་༽ བི ༼དུག༽ སོགས་ཐམས་ཅད་ལ་མཐར་གནས་ཀྱི་བ་ཡོད་བཞིན་དུ། བོད་ཡིག་ནང་པ་སྡེའི་བ་བྲིས་པ་དེ་ བོད་ཡིག་གི་ཝ་དེས་ལེགས་སྦྱར་གྱི་མཐར་གནས་ཀྱི་བ་དེའི་སྒྲ་མདངས་མཚོན་མི་ཐུབ་པའི་རྒྱུ་མཚན་ཡིན། དེ་ལྟར་མ་ཡིན་ན་སརྦ་སོགས་ལ་པ་སྡེའི་བ་བྲིས་དགོས་དོན་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར་རོ།། དེ་འདྲའི་བྲིས་ཚུལ་དེ་ལ་བརྟེན་ནས་བོད་སྐད་རང་ལ་བ་ཕྱེད་ཝར་འབོད་ཀྱི་རྣམ་བཞག་བྱུང་ཞིང་། བདག་སྒྲ་ལའང་ཐུ་མིའི་དགོངས་པ་མིན་པ་བ་དང་བོ་གཉིས་གསར་པ་བྱུང་། འོ་ན་མཐར་གནས་ཀྱི་བ་དེའི་ཚབ་ལ་ཡིག་གཟུགས་གཞན་མ་བྲིས་པར་པ་སྡའི་བ་བྲིས་དགོས་དོན་གང་ཡིན་ཞེ་ན། མཐར་གནས་ཀྱི་བ་ཡིག་གི་སྒྲ་མདངས་པ་སྡེའི་བ་ལ་ཉེ་བ་དང་། ཡིག་གཟུགས་ཀྱང་དེ་གཉིས་ལ་ ཧིནྡི་ནང་ཁྱད་པར་ཅུང་ཟད་མ་གཏོགས། ལཉྩ། ཝརྟུ་གཉིས་ཀའི་ནང་ལ་ཁྱད་པར་མེད་པ་དང་། དེ་མིན་པའི་རྒྱ་གར་བའི་ཡི་གེ་འགའ་ལའང་ཁྱད་པར་མེད་པའི་ཕྱིར། བོད་ཡིག་ལའང་ཡིག་གཟུགས་གཞན་ལ་མིན་པར་པ་སྡེའི་བ་གཅིག་པུ་དེ་ལ་སྐབས་བབས་ཀྱིས་བེད་སྤྱོད་བྱེད་ཚུལ་མི་འདྲ་བ་གཉིས་བྱུང་བ་ཡིན་ནོ།།
བྷ་ག་ཝཱན། ཝ་གེ་ཤྭར། བྷཝ་སོགས་ལ་བོད་ཡིག་གི་ཝ་རང་བྲིས་འདུག་པ་ཕྱིས་བྱུང་གི་ནོར་འཁྲུལ་ཡིན་སྙམ་སྟེ། བྷ་ག་ཝཱན་དང་། སརྦ་གཉིས་ཀྱི་རྒྱ་ཡིག་  འདི་གཅིག་པུ་ལས་གཉིས་མེད་པས་སོ།།
ཅ་ཆ་ཇ་གསུམ་གསར་བཟོ་ཡིན་མིན་གྱི་རྒྱ་མཚན་མཐར་ཐུག་ནི། ལེགས་སྦྱརགྱི་སྡེ་པ་གཉིས་པ། ཅ་སྡེ་དང་ཙ་སྡེ་གང་ཡིན་ལ་ཐུག ཁ་ཆེ་བ་རྣམས་དང་། བལ་ཡུལ་པ་རྣམས་སྡེ་པ་གཉིས་པ་ཙ་སྡེར་འདོད་ཅིང་། བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱང་ཁོང་རྣམས་དང་འབྲེལ་ཆེ་བས། སྡེ་པ་གཉིས་པ་ཙ་སྡེར་འདོད་པར་བརྟེན། གསར་བཟོ་ཅ་ཆ་ཇ་གསུམ་ཡིན་པཡ་འདོད། འོན་ཀྱང་སྡེ་པ་གཉིས་པ་ཅ་སྡེ་ཡིན་ཏེ། སྒྲ་མདོར། ཨིཅུཡ་ཤ་ནཱམ་ཏཱ་ལུ། ཞེས་དབྱངས་ཨི་ཨཱི་དང་། སྡེ་པ་གཉིས་པ། མཐར་གནས་ཀྱི་ཡ་དྲོ་བའི་ཤ་བཅས་སྐྱེས་གནས་རྐན་ལས་སྐྱེ་བར་གསུངས་ཤིང་། ཙ་ཚ་རྣམས་ལྕེ་རྩེ་དང་སོའི་བར་ལས་ཐོན་པར་མྱོང་བས་གྲུབ་པའི་ཕྱིར་རོ།།
གཞན་ཡང་གོ་རིམ་གཏན་འབེབས་ཀྱི་རྒྱུ་མཚན་གོང་དུ་ཞུས་ཟིན་པ་ལྟར་དང་། རྒྱ་གར་རང་སྐད་ལ་ཙ་ཚ་ཛའི་སྒྲ་མེད་ལ་ཁ་ཆེ་ཨུར་དཱུའི་སྐད་དང་འབྲེལ་བའི་ ཛ་རུར་ཞེས་པ་ལྟ་བུའི་སྒྲ་འདོན་དགོས་ཚེ་ནམ་རྒྱུན་གྱི་ཇ་ཡིག་དེའི་འོག་ལ་རྟགས་ཆུང་འདི་འདྲ་  ཞིག་བྲིས་ཀྱིན་ཡོད་པ་དེ་ནི་རྒྱ་གར་རང་གི་ཡི་གེ་ལ་ཛ་མེད་པའི་རྟགས་ཡང་དག་ཡིན། དཔེར་ན་བོད་ཡིག་ལ་དབྱངས་རིང་པོ་མེད་པས་ལེགས་སྦྱར་གྱི་གཟུང་སྔགས་འབྲི་སྐབས་དབྱངས་རིང་པོ་མཚོན་བྱེད་དུ་འོག་ལ་འ་ཆུང་བཏགས་པ་ལྟ་བུ་ཡིན། དེས་ན་སྡེ་པ་གཉིས་པ་ཅ་སྡེ་ཡིན་པར་བརྟེན། ཅ་ཆ་ཇ་གསུམ་རྒྱ་གར་རང་ལ་ཡོད་ལ། ཐུ་མིས་གསར་དུ་བཟོས་པ་ནི། ཙ་ཚ་ཛ་གསུམ་ཡིན་ནོ།།
སྔོན་གྱི་གཟུང་སྔགས་དཔེར་ན། ན་མ་ཀྲཀུཅྖནྡཱ་ཏཐཱགཏཡ། ན་མོ བིཤྭབྷུཇེཏཐཱགཏཡ། སོགས་ཅ་ཆ་ཇ་རང་ཡིན་མོད། ཕྱིས་སུ་མོན་པའི་རྡོ་རྗེ་གཅོད་པའི་ཞུས་དག་གི་དཔེ་ལྟར། མ་དག་པ་མང་བ་དེས་སྔར་གྱི་དག་པ་དེའང་ཀྲཀུཙྪནྡཱཡ། བིཤྭ་བྷུཛེ་སོགས་མ་དག་པར་བཟོས་ཏེ། གཟུང་སྔགས་སོགས་སུ་ཅ་ཆ་ཇ་གསུམ་གར་ཡོད་ལ་ཙ་ཚ་ཛར་བསྒྱུར་བའི་གསར་བརྗེ་གསར་པ་ཞིག་བྱུང་། འོན་ཀྱང་སྐྱོན་ཆེན་པོ་རང་མེད་དེ། སྡེ་པ་གཉིས་པ་རང་ངོས་ནས་ཅ་ཆ་ཇར་ཚུར་ཐུབ་ཏུ་གྲུབ་པ་མིན་པར་བློས་ཅ་ཆ་་ཇར་ཕར་བཏགས་པ་ཡིན་པས་ལྟོ་ལྡིར་བ་ལ་རྒྱ་གར་བས་གྷཊ། བོད་པས་བུམ་པ་ཞེས་བཏགས་ཀྱང་སོ་སོའི་ངོ་ན་བརྗོད་དོན་འཁྲུལ་པ་མེད་པའི་ཕྱིར་རོ།།

དེ་ལྟར་གོང་དུ་གང་ལས་དཔེ་བླངས་པའི་གཞི་མའི་ཡི་གེ་དང་། གང་ཉེ་བར་མཁོ་བའི་གསར་བསྣན་གྱི་ཡི་གེའི་སྐོར་ལ་ ཕལ་ཆེར་ མཁས་དབང་དགེ་ཆོས་ལགས་ཀྱི་གསུངས་གཞིར་བཞག་གི་ཐོག་རང་གི་བསམ་ཚུལ་གང་ཡོད་བཀོད་པ་ཙམ་ཡིན་གྱི། འདི་ནི་བདེན་གྱི་གཞན་ནི་འཁྲུལ་པའོ་ཞེས་ངས་ནམ་ཡང་ཞུ་གི་མེད། ད་དུང་དེ་དག་གི་ཐོག་དཔྱད་རྒྱུ་མང་པོ་ཡོད་མོད་རེ་ཞིག་རང་རེའི་ལོ་ཕྱེད་ཆོས་རྒྱུགས་ཐག་ཉེ་རུ་སོང་བའི་དབང་གིས་སྐབས་འདིའི་ངལ་བ་ངང་དུ་བླངས་ཐུབ་མ་བྱུང་བས་རྗེས་སུ་མུ་མཐུད་ནས་འབུལ་རྒྱུ་བཅས་བསམ་གཏན་མིང་པས་ཟླ་༩པའི་ཚེས་༣༠ལ་བྲིས་པའོ།།

No comments: