Thursday, October 2, 2014

ད་ཤེ་ར་གི་དུས་ཆེན།

ཆ་རོགས་ག་ར་ལུ་ རྒྱལ་ཁ་ཐོབ་པའི་ཚེས་བཅུའི་༼  བི་ཇ་ཡ་ ད་ཤ་མི  ༽ ཉིནམ་འདི་ལུ་ བཀྲ་ཤིས་བདེ་ལེགས་དང་། ཨོཾ་མ་ཎི་པདྨེ་ཧཱུྃཿ ཟེར་ཞུ་གེ།
ད་རེས་ཀྱི་ཉིནམ་འདི་ལུ་ ད་ཤཱིན་ དང་ ད་ཤེ་ར། ཟེར་ཁ་སྐད་མ་འདྲཝ་སླབ་སྲོལ་ཡོདཔ་ཨིན་རུ་ འདི་གི་རྗོད་སྒྲ་དག་ཤོས་འདི་ བི་ཇ་ཡ་ད་ཤ་མི་ཟེར་མི་འདི་ཨིན་མས།  འདི་གི་དོན་དག་འདི་ཡང་ཧིན་དུ་ཚུ་གིས་བཤད་སྲོལ་ལྟར་དུ་འབད་བ་ཅིན། ཚེས་དགུ་ལུ་ སྲིན་པོའི་རྒྱལཔོ་ རཱ་བཎ་ཚར་བཅད་ཞིནམ་ལས་ ཚེས་བཅུ་ལུ་ ར་གྷུའི་རིགས་ཀྱི་རྒྱལཔོ་ རཱ་མ་དེ་ སྲིན་ཡུལ་ལངྐ་གི་རྒྱལཔོ་སྦེ་ཁྲི་མངའ་སྲོལ་ཞུ་བའི་ཉིནམ་གཅིག་སྦེ་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་མས།[1]

དུས་ཚོད་འདི་ལུ་ ག་ར་གཅིག་ཁར་འཛོམས་ཞིནམ་ལས་ ཉི་མ་གི་གསོལཝ་བཞེས་ནི་དང་། དེ་ལས་ གླང་བཅུ་ཐམ་དང་། གཞན་ཡང་གསེར་ལས་གྲུབ་པའི་སྐུ་འདྲ་དེ་ཚུ་ཕུལ་བ་ཅིན་། བྲམ་ཟེ། རྒྱལ་རིགས་ལ་སོགས་པའི་མི་རིགས་བཞི་ལུ་དབང་བའི་བདག་པོ་ལུ་ འགྱུར་འོང་ཟེར་ཨིན་མས།[2] 
བི་ཇ་ཡ་ད་ཤ་མི་འདི་དང་ ལྷ་མོ་བགྲོད་དཀའི་༼  དུརྒཱ་པུ་ཇ།༽དུས་སྟོན་འདི་ཡང་འབྲེལ་བ་ཡོདཔ་ལས་ འདི་གི་སྐོར་ལས་མདོར་བསྡུས་ཅིག་ཞུ་བ་ཅིན། དབྱུ་གུ་ཟླ་བའི་ཡར་ངོའི་ཚེས་དགུ་ལུ་[3] ལྷ་མོ་དུར་གཱའི་དུས་ཆེན་སྦེ་བརྩིཝ་ཨིན་མས། ཟླ་བ་འདི་གི་ཚེས་བརྒྱད་ལུ་ སྐར་མ་སྣུབས་དང་། ཉིནམ་དེ་ བུ་མོའི་ཁྱིམ་ནང་ཡོད་པ་ཅིན་ ཚེས་དགུ་གི་དུས་ཆེན་འདི་ སྡིག་པ་དང་ངན་པ་ག་ར་འཇོམས་ཚུགས་པའི་ དུས་ཆེན་ཁྱད་པར་ཅན་གཅིག་སྦེ་བརྩི་སྲོལ་ཡོདཔ་ཨིན། འདི་གི་སྐབས་ལུ་ཕྱག་བཅོ་བརྒྱད་འབད་མི་ལྷ་མོ་དུར་གཱའི་སྐུ་འདྲ་༼ཨུ་གྲ་ཅཎྜཱ།༽ འདི་སྦུག་ཁ་དང་། ལྷ་མོ་གཞན་བརྒྱདཔ་དེ་གཡས་དང་གཡོན་ལུ་བཞག་ཞིནམ་ལས།  ༼ ལྷ་མོ་གཞན་བརྒྱདཔ་འདི།  ༡རུ་དྲ་ཅཎྜཱ། ༢པྲ་ཅཎྜཱ། ༣ཅཎྜོ་གྲ། ༤ཅཎྜ་ན་ཡི་ཀ ༥ཅཎྜཱ། ༦ཅཎྜ་བ་ཏི། ༧ཅཎྜ་རུ་པཱ། ༨ཨ་ཏི་ཅཎྜ་ཀཱ། ༽ ཨོཾ་ དུརྒེ་ དུརྒེ་ ར་ཀྵ་སི་ སྭཱ་ཧཱ། ཟེར་གཟུང་སྔགས་སྦྱངས་ཞིནམ་ལས་མཆོད་པ་ཕུལ་བ་ཅིན་ བགེགས་དང་འབྱུང་པ་ག་ཅི་གིས་ཡང་བླགས་མི་ཁེལ་ཟེར་ཨིན་མས།
ད་རུང་འདི་དང་གཅིག་ཁར་ དམར་མཆོད་ཕུལ་དགོ་པའི་སྐོར་ལས་ཡང་བཤད་དེ་ཡོདཔ་ལས་ དུས་ཚོད་འདི་ལུ་སེམས་ཅན་གྱི་དམར་མཆོད་དང་།[4]  སྐབས་རེ་བུཚ་དང་བུམོ་ཡང་བསད་དེ་དམར་མཆོད་ཕུལ་མི་ཐོན་དོ་ཡོདཔ་ཨིན། དེ་འབདཝ་ལས་མ་ཎི་རེ་སྦྱངས་པ་ཅིན་ལེགས་ཤོམ་འོང་ནི་མས།
གནད་དོན་ངོ་མ།  ཚེས་དགུ་ལུ་ བགེགས་དང་འབྱུང་པོ་མཐར་བསྐྲད་བཏང་། ཚེས་བཅུ་ཐམ་ལུ་ རྒྱལ་ཁ་ཐོབ་པའི་ཉིནམ་སྦེ་བརྩི་སྲུང་ཞུ་མི་འདི་ཡང་ ཁོང་གི་ཟླ་ཐོ་ལྟར་དུ་འབད་བ་ཅིན། དགའ་སྐྱིད་ལྡན་པའི་སེར་ཁ་གི་དུས་ཚོད་བཟངམ་འདི་ འགོ་བཙུགས་ནི་དང་། དེ་འགོ་མ་བཙུགས་པའི་ཧེ་མ་ལས་ གླུད་བཏང་སྟེ་བགེགས་དང་འབྱུང་པོ་བདའ། སེར་ཁའི་དུས་ཚོད་ངོ་མ་འདི་ཤར་བའི་སྐབས་ལུ་ རྐྱེན་དང་བར་ཆད་མེད་པར་ལེགས་ཤོམ་འགྱོ་བའི་བརྡ་མཚོན་ཅིག་ཨིན་མས།





[1] མེའི་སྔོན་རབས། ༼ ཨགྣི་པུ་རཱཎ།༽ ལེའུ་བཅུ་པ། ཡུདྡྷ་ཀཱཎྜ་གི་སཾཀྵི་ཀ་ཐཱ། ཤོག་གྲངས། ༡༦ གཱི་ཏ་པྲེས། གཽ་ར་པཱུར།
[2] མེའི་སྔོན་རབས། ༼ ཨགྣི་པུ་རཱཎ།༽ ལེའུ་༡༥༦།  ད་ཤ་མི་ཏི་ཐི་ཀེ་བྲཏ།  ཤོག་གྲངས། ༣༧༤ གཱི་ཏ་པྲེས། གཽ་ར་པཱུར།
[3] མ་གཞི་དབྱུ་གུ་ཟླཝ་ཟེར་མི་འདི་ ཟླ་བ་དགུ་པ་ཨིན།  ད་ལྟོ་གི་དུས་ཚོད་འདི་  ཁྲུམས་སྟོད་ཟླ་བ་ཟེར་ཟླཝ་བརྒྱད་པ་ཨིན་མས།  དེ་སྦེ་འོང་དགོ་མི་འདི་ རྒྱ་གར་གྱི་ཟླཝ་དང་འབྲུག་པའི་ཟླ་བའི་བར་ན་ ཟླཝ་གཅིག་དང་ཕྱེད་ཀ་གི་ཁྱད་པར་ཡོད། ས་གནས་ཁ་མཐོ་དམའི་དབང་གིས་ རྒྱ་གར་དང་འབྲུག་ལུ་ ཟླ་བ་གཅིག་གི་ཁྱད་པར་ཐོན་དོ་ཡོདཔ་མ་ཚད།  རྒྱ་གར་གྱི་ཟླ་བ་འདི་ མར་ངོ་ཚེས་༡༦ལས་འགོ་བཙུགས་ནི་འདི་ ད་རུང་ ཞག་བཅོ་ལྔ་འབདཝ་ད་ བསྡོམས་ཀྱི་ཟླཝ་གཅིག་དང་ཕྱེད་ཀ་གིས་ རྒྱ་གར་གྱི་ཟླཝ་ཧེ་མ་འགྱོ་དོ་ཡོདཔ་ཨིན།
[4] མེའི་སྔོན་རབས། ༼ ཨགྣི་པུ་རཱཎ།༽ ལེའུ་༡༥༥པ། ན་བ་མི་ཏི་ཐི་ཀེ་ བྲཏ། ཤོག་གྲངས། ༣༧༣ གཱི་ཏ་པྲེས། གཽ་ར་པཱུར།

No comments: