Wednesday, October 1, 2014

ཐེག་ཆེན་ཐེག་དམན་དང་གསང་སྔགས།

ཐེག་པ་ཟེར་མི་དང་ཆེ་ཆུང་གི་གོ་དོན།
ཐེག་པ་ཟེར་མི་འདི་ ཐར་པའི་གོ་འཕང་འགྱོ་ནི་གི་ལམ་ལུ་གོ་ནི་དང་། ཆེ་ཆུང་ཟེར་མི་འདི་ བསམ་པ་རྒྱ་ཆེ་ཆུང་གི་ཁྱད་པར་ཨིན་པས། ཐེག་དམན་ཟེར་མི་འདི་ བསྟན་པའི་གཏད་རབས་ཚུ་ལས་བརྒྱུད་དེ་འོང་པའི་ཉན་ཐོས་དགེ་སློང་དེ་ཚུ་ཨིན་མས། ཁོང་ལུ་མིང་ཐེག་དམན་ཟེར་མི་འདི་ཧེ་མ་མེདཔ་ཨིན་རུང་། ཤུལ་ལས་ཐེག་ཆེན་དར་བའི་སྐབས་ལུ་ ཐེག་ཆེན་པ་ཚུ་གིས་བཏགས་བཏགསཔ་ཨིན་མས།
ཐེག་དམན།
དེ་ལས་ཐེག་དམན་ཚུ་གི་བསམ་བློ་གཏང་ཐངས་འདི་ རང་ཐར་པ་འཐོབ་ནི་ལུ་འབད་བརྩོན་བསྐྱེདཔ་ཨིནམ་དང་། ཆོས་དེ་ཡང་སངས་རྒྱས་ཆོས་མ་གཏོགས་ ཆོས་ལུགས་གཞན་གྱི་དཔེ་ཆ་ཟེར་མི་འདི་ མིག་ཏོ་རང་མི་བལྟ་བར་ བསམ་བློ་གུ་དོག་སོ་གཅིག་ཡོདཔ་ཨིན་མས། རྒྱུ་མཚན་དེ་ལས་བརྟེན་ཏེ་ཁོང་ཆ་ཁྱབ་ལུ་ཐེག་དམན་ཟེར་སླབ་སྲོལ་ཡོད་རུང་། ཁོ་རང་གིས་འབད་བ་ཅིན་མིང་དེ་ཁས་ལེན་མི་འབད་བར། རྩ་བའི་སྡེ་པ་གནས་བརྟན་པ་ལས་གྱེས་གྱེསཔ་གཅིག་ཨིནམ་ལས་ གནས་བརྟན་པ༼སྠིརྦཱད། ཐེར་བཱད༽ ཟེར་སླབ་ཨིན་མས།
ཐེག་ཆེན།
དེ་ལས་ཐེག་ཆེན་ཟེར་མི་འདི་ཚུ་གི་མནོ་བསམ་གཏང་ཐང་འདི་ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལུ་བཀོད་ནི་གི་མནོ་བསམ་དང་། དཔེ་ཆ་ཡང་ ཁེ་ཡོདནི་རང་འཐག་ཡང་བློ་བར་བཏགས་ཟེར་སླབ་དོ་བཟུམ་སྦེ་ ཆོས་ལུགས་དང་རིག་གནས་ག་ཅི་བཟུམ་ཡོད་རུང་ ཁེ་ཕན་ལེ་ནི་དང་དགག་སྒྲུབ་འབད་ནི་གི་དོན་ལུ་གཟིགས་ཏེ་ བསམ་བློ་རྒྱ་ཆེ་ས་ལས་གཏང་དོ་ཡོདཔ་ལས་ ཐེག་ཆེན་ཟེར་བའི་མིང་དེ་གོ་ལས་སྦེ་ཆགས་ཏེ་ཡོདཔ་ཨིན་མས།

ཐེག་ཆེན་གྱི་བྱུང་རབས།
ཐེག་ཆེན་པ་ཚུ་གིས་འབད་བ་ཅིན་ ཁོང་གི་ཆོས་དེ་ སངས་རྒྱས་ལས་རྗེ་བཙུན་འཇམ་དཔལ་དབྱངས་དང་། དེ་ལས་ཀླུ་སྒྲུབ་ལུ་བརྒྱུད་མི་དེ་ལས་ཟབ་མོ་ལྟ་བའི་བརྒྱུད་པ་དང་། སངས་རྒྱས་རྗེ་བཙུན་བྱམས་པ། དེ་ལས་འཕགས་པ་ཐོགས་མེད་ལས་བརྒྱུད་མི་དེ་ལུ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ཟེར། བརྒྱུད་པ་སངས་རྒྱས་ལས་ཨིན་ཟེར་བཤདཔ་ཨིན་མས།
ཐེག་དམན་པ་ཚུ་གིས་འབད་བ་ཅིན། ཐེག་ཆེན་གྱི་ཆོས་དེ་སངས་རྒྱས་བརྒྱུད་བརྒྱུདཔ་མེན་པར་ཤུལ་ལས་གསར་རྩོམ་འབད་འབདཝ་ཨིན་ཟེར་མིག་ཏོ་གིས་རང་མི་བལྟ་དོ་ཡོདཔ་ཨིན་མས།
དེ་ལས་རྒྱལ་རབས་ཞིབ་འཚོལ་པ་ཚུ་གིས་འབད་བ་ཅིན། ཐེག་ཆེན་ཆོས་དེ་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་དང་པའི་ནང་བྱོན་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ལྟ་གྲུབ་གསར་གཏོད་འབད་འབདཝ་བཟུམ་ཅིག་དང་། དུས་རབས་བཞི་པའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ལྟ་བ་དེ་ཚུ་གསར་གཏོད་འབད་འབདཝ་བཟུམ་ཅིག་འབད་བཤད་ནི་འདུག
མི་རང་གི་བསམ་ཚུལ་ལྟར་དུ་འབད་བ་ཅིན། སངས་རྒྱས་ལས་བརྒྱུད་རུང་མ་བརྒྱུད་རུང་། ཁེ་ཕན་ཡོད་པའི་ཆོས་ཅིག་ཨིན་པ་ཅིན་ མུ་སྟེགས་པའི་ཆོས་ལུགས་ཨིན་རུང་དང་ལེན་འབད་ནི་ཨིན་ཟེར་མནོ་སྟེ་ཡོད་པའི་ཁར། ཐེག་ཆེན་གྱི་ཆོས་དེ་ལྟ་བ་བརྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཐོག་ལས་ཐར་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆོས་ཅིག་ཨིནམ་ལས་བརྟེན་ཏེ་ ག་ནི་བ་ཁག་ཆེཝ་གཅིག་ཨིན་མས་ཟེར་མནོཝ་མས།
གསང་སྔགས་ཀྱི་བྱུང་རབས།
གསང་སྔགས་ཟེར་མི་འདི་གསང་བའི་ཐོག་ལས་བསྒྲུབ་དགོ་པའི་ཆོས་གཅིག་ཨིནམ་ལས་བརྟེན་ཏེ་གསང་སྔགས་ཟེར་སླབ་ཨིན་མས།
དེ་གསང་སྔགས་པ་ཚུ་གིས་འབད་བ་ཅིན། ཆོས་དེ་སྟོན་པ་བཅོམ་ལྡན་འདས་དང་། སྟོན་པ་རྡོ་རྗེ་འཆང་། སྟོན་པ་ཀུན་ཏུ་བཟང་པོ་སོགས་ལས་རིམ་པར་བརྒྱུད་དེ་འོང་འོངམ་ཨིན་ཟེར་བཤད་ཡོདཔ་དང་། ལྷག་པར་དུ་སྟོན་པ་བཅོམ་ལྡན་འདས་ལས་ ཕྱག་ན་རྡོ་རྗེ། ཨོ་རྒྱན་གྱི་རྒྱལཔོ་ཨིནྡྲ་བྷུ་ཏི། ཤམ་བྷ་ལའི་རྒྱལཔོ་ཟླ་བ་བཟང་པོ་སོགས་ལས་བརྒྱུད་དེ་མི་ཡུལ་ལུ་དར་དརཝ་ཨིན་ཟེར་ཨིན་མས།
རྒྱལ་རབས་ཞིབ་འཚོལ་པ་ཚུ་གིས་འབད་བ་ཅིན། སངས་རྒྱས་ཀྱི་དུས་སྐབས་ལུ་ ཨོ་རྒྱན་གྱི་གཡུས་དང་། ཤམ་བྷ་ལ། བེངྒལ་ལ་སོགས་པ་ཚུ་ནང་དམ་པའི་ཆོས་ཀྱི་མིང་ཙམ་ཡང་མེད་པའི་ཁར་། གསང་སྔགས་ཀྱི་སློབ་དཔོན་ཚུ་ཡང་ཤུལ་ལས་བྱོན་མི་ཙང་ཙང་ཨིནམ་ལས་ ཤུལ་ལས་ཧིན་དུ་དང་ནང་པའི་ལྟ་བ་ཟུང་འབྲེལ་འབད་དེ་བྱུང་བྱུངམ་ཨིན་ཟེར་བཤདཔ་ཨིན་མས།
དཔེ་འབད་བ་ཅིན། རྒྱལཔོ་ཨ་ཤོ་ཀའི་སྐབས་ལས་གྷནྡ་རའི་གཡུས་ཁར་ཆོས་སྤེལ་ནི་འགོ་བཙུགས། དེ་ལས་ཀ་ནིཥྐའི་སྐབས་ལས་གྷནྡ་རའི་གཡུས་ཚན་སྤྱི་དང་ལྷག་པར་ཨོ་རྒྱན་གྱི་གཡུས་ཁར་དམ་ཆོས་ཁྱབ་སྤེལ་འགྱོ་ཡོད་མི་དེ་ལས་ ཡར་རྒྱས་སོང་སྟེ་ཤུལ་ལས་དུས་རབས་དྲུག་པ་ཙམ་ལས་གསང་སྔགས་ཀྱི་ཆོས་བྱུང་ཡོདཔ་དང་། དེ་བཟུམ་སྦེ་པཱ་ལའི་རྒྱལ་བརྒྱུད་ཀྱི་སྐབས་ལུ་ གསང་སྔགས་ཀྱི་གདན་ས་བི་ཀྲ་ཤཱི་ལའི་གཙུག་ལག་ཁང་། བེངྒལ་གྱི་སོ་མ་པུ་རི། ཨོ་རི་སའི་རཏྣ་གི་རི་སོགས་ཆགས་ཡོདཔ་དང་། སྦས་པའི་རྒྱལ་རབས་སྐབས་ལས་རང་ཧིན་དུའི་ཆོས་ལུགས་སྟོབས་ཆེ་དྲག་སོང་ཡོད་མི་དེ་ཚུ་དང་ལྟ་གྲུབ་དང་ཉམས་ལེན་གྱི་འབྲེལ་བ་བྱུང་ཞིནམ་འགོ་བཙུགས་ཏེ། དུས་རབས་འབད་བ་ཅིན་བརྒྱད་པ་དང་དགུ་པའི་ནང་གསང་སྔགས་ཀྱི་ཆོས་དེ་ཚུ་དར་ནུག་ཟེར་ཨིན་མས།

གསང་སྔགས་ཀྱི་ཆོས་དེ་ལུ་ཡང་ སྤྱོད་པ་ཆ་ལས་ག་དེ་སྦེ་ཨིན་རུང་། ལྟ་བ་ཆ་ལས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་བ་མེདཔ་ཅིག་ཨིནམ་མ་ཚད། ཚེ་གཅིག་ལུ་སངས་རྒྱས་གོ་འཕང་འཐོབ་ཚུགས་པའི་ཆོས་གཅིག་ཨིནམ་ལས་ ཐེག་ཆེན་གྱི་བསམ་བློ་གུ་ཡངས་དེ་གི་ཐོག་ལས་ དང་ལེན་འབད་བ་ཅིན་ཁེ་ཕན་སྦོམ་ར་ཡོད་པའི་ཆོས་གཅིག་ཨིན་མས།

No comments: