Wednesday, October 1, 2014

དམ་པའི་ཆོས།

དམ་པའི་ཆོས།
དམ་པའི་ཆོས་ཀྱི་དོན་དག་ངོ་མ་རང་ སེམས་ཀྱི་སྒྲིབ་པ་ཚུ་གི་གཉེན་པོ་འབད་མི་རྣམ་དཀར་དགེ་བའི་རིགས་སུ་གྱུར་པ་གཅིག་ལུ་གོ་ནི་ཨིན། དེ་ལུ་དབྱེ་བ་ཅིན་ལུང་གི་ཆོས་དང་རྟོགས་པའི་ཆོས་ཟེར་རྣམ་པ་གཉིས་ཡོད། རྟོགས་པའི་ཆོས་ཟེར་མི་འདི་ ཉམས་ལེན་འབད་དེ་རང་གི་རྒྱུད་ལུ་ཤར་མི་ཉམས་དང་རྟོགས་པ་ཚུ་ལུ་གོ་ནི་ཨིན། དེ་ཡང་ཚུར་བསྡུ་བ་ཅིན་འགོག་བདེན་དང་ལམ་བདེན་གཉིས་ལུ་བསྡུཝ་ཨིན། དེ་ལས་ལུང་གི་ཆོས་ཟེར་མི་འདི་ སངས་རྒྱས་ཁོ་རང་གིས་དངོས་ཤུགས་བརྒྱུད་པའི་སྒོ་ལས་གསུངས་པའི་ཆོས་དེ་ཚུ་ཨིན།[1]

ལུང་གི་ཆོས་དེ་ལུ་ཁྱད་ཆོས་ག་ཅི་བཟུམ་ཅིག་ཡོད་ག་ཟེར་བ་ཅིན། མདོ་སྡེ་རྒྱན་ལས། བསླབ་པ་གསུམ་བརྗོད་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོར་གསུངས་པ་རྒྱལ་བའི་བཀའ། །བཟློག་པ་གཞན་གྱི་གཞུང་དུ་ཤེས་པར་བྱ།།ཟེར་གསུངས་དོ་བཟུམ་སྦེ། བརྗོད་བྱ་བསླབ་པ་གསུམ།༼ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ༽ སྟོན་ནི་དང་། རྗོད་བྱེད་ཀྱི་ཚིག་ལུ་སྐྱོན་མེད་པ། སྒྲུབ་བྱེད་ཚད་མ་གསུམ་༼མངོན་སུམ། རྗེས་དཔགལུང་ཚད་མ།༽དང་ལྡན་པ། འབྲས་བུ་ཐོག་མཐའ་བར་གསུམ་དགེ་བ་ཨིན་པའི་ཁྱད་ཆོས་ཚུ་དང་ལྡནམ་ཨིན།དམ་པའི་ཆོས་ཀྱི་བརྗོད་དེ་བསླབ་པ་གསུམ་ཨིན་ནི་དེ་གིས་ རྗོད་བྱེད་ཀྱི་ཚིག་དེ་ཚུ་སྡེ་ཚན་སྦེ་བསྡུ་བ་ཅིན། བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་ཨིན་མི་ཚུ་འདུལ་བའི་སྡེ་སྣོད་ཀྱི་ནང་ལུ་བསྡུ། ཏིང་ངེ་འཛིན་ཚུ་མདོ་སྡེའི་སྡེ་སྣོད། ཤེས་རབ་ཚུ་མངོན་པའི་སྡེ་སྣོད་ཀྱི་ནང་ལུ་བསྡུ་ནི་ཨིན།[2]
དེ་ལས་ཐེག་དམན་ཚུ་གིས་འབད་བ་ཅིན། ཝ་ར་ཎཱ་སི་ཆོས་འཁོར་བསྐོར་བ་ལས་འགོ་བཙུགས་ཏེ་ མྱ་ངན་ལས་འདས་པའི་བར་ན་ཐེག་དམན་གྱི་ཆོས་རྐྱངམ་ཅིག་གསུངས་ཡི་ཟེར་བཤདཔ་ཨིན་པས། ཨིན་རུང་ཐེག་ཆེན་པ་ཚུ་གིས་འབད་བ་ཅིན། ཆོས་འཁོར་རིམ་པ་གསུམ་སྦེ་རྩི་ནི་ཡོདཔ་ཨིན། དེ་ཡང་དང་པ་ཝཱ་རཱ་ཎ་སཱི་ལུ་བདེན་བཞིའི་ཆོས་འཁོར། གཉིས་པ་བྱ་རྒོད་ཕུང་པོའི་རི་ལུ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ཡངས་པ་ཅན་དང་དཔལ་ལྡན་འབྲས་སྤུངས་ཚུ་ལུ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཟེར་ ཆོས་འཁོར་རྣམ་པ་གསུམ་བསྐོརཝ་སྦེ་བཞག་ནི་ཡོད།[3]དེ་ལས་སངས་རྒྱས་ཀྱི་ཆོས་འཁོར་འདི་ལུ་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་ཡང་བཞག་ནི་ཡོད། དེ་ཡང་པོ་སྟི་བརྒྱད་ཁྲི་བཞི་སྟོང་ཡོད་ཟེར་བའི་དོན་དག་མེན་པར་། འགྲོ་བ་སེམས་ཅན་གྱི་རྒྱུད་ལུ་ འདོད་ཆགས་ཀྱི་སྤྱོད་ལམ་མ་འདྲཝ་ཉི་ཁྲི་ཆིག་སྟོང་། དེ་བཟུམ་སྦེ་ཞེ་སྡང་གི་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་ཉི་ཁྲི་ཆིག་སྟོང་། ཉོན་མོངས་དུག་གསུམ་ཆ་སྙོམས་པའི་སྤྱོད་ལམ་ཉི་ཁྲི་ཆིག་སྟོང་ཡོད་ཟེར་ཨིན་མས། དེ་ཚུ་བསྡོམས་པ་ཅིན་བརྒྱད་ཁྲི་བཞི་སྟོང་ཨིནམ་དང་། དེ་ཚུ་རེ་རེ་བཞིན་དུ་བསལ་ནི་གི་ཐབས་ལམ་སངས་རྒྱས་ཀྱིས་གསུངས་ཡོད་ནི་དེ་གིས་ཆོས་ཀྱི་ཕུང་པོ་དེ་ལུ་བརྒྱད་ཁྲི་བཞི་སྟོང་ཟེར་བཞགཔ་ཨིན་མས།
ཆོས་འཁོར་གྱི་སྐོར་ལས་རྒྱས་བཤད་ཤེས་དགོ་པ་ཅིན། ཤེས་བྱ་ཀུན་ཁྱབ་མཛོད་དེབ་དང་པོའི་ནང་། བསྟན་པ་དམ་པའི་ཆོས་ཀྱི་རིམ་པ་ཕྱེ་བ་ཟེར་མི་ས་བཅད་དེ་ནང་གཟིགས་གནང་།




[1]ལུང་གི་ཆོས་དེ་ལུ་སངས་རྒྱས་ཀྱི་བཀའ་ཟེར་སླབ་ཨིན། བཀའ་དེ་ལུ་ཞལ་ལས་གསུངས་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་ཟེར་གསུམ་ཡོད།
[2]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་དང་པོ།  ཤོག་གྲངས། ༣༣༣  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢
[3]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་དང་པོ།  ཤོག་གྲངས། ༣༥༥  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢

No comments: