Wednesday, October 1, 2014

སངས་རྒྱས་གཤགས་པའི་ཤུལ་གྱི་རྒྱ་གར་ལོ་རྒྱུས།

 སངས་རྒྱས་གཤགས་པའི་ཤུལ་གྱི་རྒྱ་གར་ལོ་རྒྱུས།
ནནྡའི་རྒྱལ་རབས།
སྟོན་པ་བཅོམ་ལྡན་འདས་གཤགས་པའི་སྐབས་སུ་ མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲ་བཞུགས་ཡོད། རྒྱལཔོ་དེ་གི་ཡབ་གཟུགས་ཅན་སྙིང་པོའི་སྐབས་ལས་རང་སངས་རྒྱས་ཀྱི་སྦྱིན་བདག་མཛད་ནི་དེ་གིས་ མ་སྐྱེས་དགྲ་ཁོ་རང་ཡང་སྟོན་པ་ལུ་ཡིད་ཆེས་དང་ སངས་རྒྱས་པའི་ཆོསཔ་ཚུ་ལུ་རྒྱབ་སྐྱོར་མཛད་མི་ཅིག་ཨིནམ་མ་ཚད་། ཁོ་གིས་བུ་བརྒྱུད་ཚུ་གིས་ཡང་དེ་སྦེ་རང་རྒྱབ་སྐྱོར་མཛད་དེ་མི་ལོ་བརྒྱ་ལྷག་ཅིག་བཞུགས་ནུག
 མཽརྱའི་རྒྱལ་རབས།(317-180 BCE)
རྒྱལ་པོའི་རིམ་པ་དང་མཚན།
མཚན་གྱི་སྐད་སྒྱུར།
རྒྱལཔོ་མཛད་པ་དང་དགོངསམ་ཞུ་བའི་ལོ།
ཅནྡྲ་གུཔྟ
ཟླ་བ་སྦས་པ།
317-293 B.C.E
བིནྡུ་སཱ་ར།
ཐིག་ལེ་སྙིང་པོ།
293-268 B.C.E
ཨ་ཤོ་ཀ
མྱ་ངན་མེད།
268-231 B.C.E
བྲྀཧདདྟ།
རྒྱལ་སྲས་ཀུ་ནཱལ།
231-180 B.C.E


དེ་ལས་སྤྱི་ལོའི་གོང་གི་དུས་རབས་བཞི་པའི་མཇུག་ཙམ་(317 BCE) ལས་མཽརྱའི་རྒྱལ་རབས་འགོ་བཙུགས་ནུག[1]མཽརྱ་གི་རྒྱལ་པོ་དང་པོ་འདི་ཅནྡྲ་གུཔྟ་ཨིན། ཁོ་གིས་དྲང་སྲོང་ཅཱ་ན་ཀྱ་གི་བསླབ་བྱ་གཞིར་མཛད་དེ་ མ་ག་དྷའི་རྒྱལ་པོ་ལུ་དམག་རྐྱབ་རུང་རྒྱལ་ཁ་འཐོབ་མ་ཚུགས་པར་གནས་སྐབས་ཅིག་དིལླི་ཕྱོགས་སུ་དེ་སྦེ་རང་བཞུགས། དེམ་ཅིག་གི་བར་ན་ནུབ་ཕྱོགས་ཀྱི་རྒྱལཔོ་ཨི་ལེག་ཛེན་ཌར་གྱི་དམག་རྒྱ་གར་ནུབ་བྱང་ཆུ་མོ་སིན་དྷུའི་འགྲམ་ལུ་འབྱོར།(327 B.C.E) དེ་ལས་ཨི་ལེག་ཛེན་ཌར་ཁོ་རང་གཤགས་སོང་རུང་། ཁོ་གི་སྐུ་ཚབ་ཨུ་དྷ་མོ(Eudamos)རྒྱ་གར་ནུབ་བྱང་ཕྱོགས་དབང་ལུ་འདུས་ཏེ་ཡོདཔ་ལས། ཅནྡྲ་གུཔྟ་གིས་གཡུས་འདི་དང་པཉྗཔ་གྱི་དམག་ཚུ་འཁྱིད་ཞིནམ་ལས་ ནུབ་ཕྱོགས་པ་ལུ་དམག་རྐྱབ་པའི་སྐབས་ཨུ་དྷ་མོ་དམག་ཕམ་སྟེ་བྲོས་བྱོལ་སོང་ནུག(317-293 B.C.E) དེ་ལས་ཁོ་གི་ནུབ་ཕྱོགས་པའི་དམག་རྒྱབ་དང་བཅས་ཏེ་ལོག་ཞིནམ་ལས་དབུས་མ་ག་དྷ་ལུ་དམག་རྐྱབ་སྟེ་ ནནྡའི་རྒྱལ་བརྒྱུད་ཆམ་ལུ་ཕབ་སྟེ་མ་ག་དྷའི་རྒྱལ་སྲིད་ཀྱི་ཁྲི་ལུ་བྱོན་ནུག[2]ཁོ་གི་སྐབས་ལུ་ནུབ་བྱང་ཨཕ་གྷ་ནིས་ཐཱན་ལས་འགོ་བཙུགས་ཏེ་ཤར་ཕྱོགས་བང་ལ་དེཤ་ཚུན་ཚོད་མངའ་འོག་ལུ་བསྡུས་ཚུགས་ནུག དེ་གིས་སྲས་བིན་དུ་སཱར་(293-268 B.C.E)གིས་མི་ལོ་ཉེར་ལྔ་རྒྱལ་སྲིད་བསྐྱངས་ནས་གྲོངས་པའི་ཤུལ་ལུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱལ་སྲིད་སྐྱོང་ནི་འགོ་བཙུགས་ནུག

ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས།
རྒྱལ་པོ་བིན་དུ་སཱ་ར་ལུ་བཙུནམ་ལེ་ཤ་ཡོད་མི་ཚུ་ལས་རྒྱལ་སྲས་སུ་སཱན་ལ་སོགས་པ་ལེ་ཤ་འདུག ཨིན་རུང་ཤུལ་ལས་བཙུནམ་ཟུར་པ་གཅིག་བཞེས་མི་དེ་དབང་ཚད་མེད་པའི་ཁར། བཙུནམ་རྒན་ཤོས་ཚུ་གིས་མོ་ལུ་མ་དགའ་བར་ལཱ་གཡོག་བཀོལ་བ་ལ་སོགས་པའི་སྒོ་ལས་བརྙས་བཅོས་འབད་དེ་སྡོད་དོ་ཡོདཔ་དང་། མོ་ལས་སྲས་གཅིག་མེདཔ་ལས་བརྟེན་ཏེ་ མོ་རང་སེམས་ཁར་ཚ་གྱང་དང་སྡུག་བསྔལ་འབག་སྟེ་རང་སྡོད་པའི་བར་ན། རྒྱལ་སྲས་གཅིག་འཁྲུངས་ནུགརྒྱལ་སྲས་དེ་འཁྲུངས་པའི་ཉིནམ་དེ་ལས་འགོ་བཙུགས་ཏེ་ མོ་གི་སེམས་ཁར་ཡོད་པའི་སྡུག་བསྔལ་དེ་ཚུ་ག་ར་ཡལ་སོང་ནི་དེ་གིས་ སྲས་ཀྱི་མཚན་ལུ་ཡང་མྱ་ངན་མེད་ཟེར་བཏགས་གནང་གནངམ་ཨིན་མས།
དེ་ལས་རྒྱལ་སྲས་མྱ་ངན་མེད་འདི་སྦོམ་འགྱོ་བའི་སྒང་ལས་ ཕྱག་ལཱ་ག་ཅི་མཛད་རུང་བརྟན་བརྟན་དང་སྒྲིང་སྒྲིང་འབད་མི་གཅིག་ཨིན་རུང་། ཡབ་ཀྱི་ཐུགས་ཁར་མ་བབས་ཏོག་ཏོ་གཅིག་མེདཔ་ཨིན་མས། དེ་སྒང་རྒྱལ་བརྒྱུད་འདི་གི་རྒྱལ་ས་ལྟེ་བ་འདི་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཟེར་མི་ད་རེས་ནངས་པ་གི་གྲོང་ཁྱེར་པཊ་ན་ལུ་ཨིནམ་ལས་ས་གནས་ཁག་ཤོས་དང་། དེ་ལས་གྲོང་ཁྱེར་རྡོ་འཇོག༼ཏཀྵི་ཤཱི་ལ། པ་ཀིས་ཐཱན།༽ འདི་རྒྱ་གར་དང་ནུབ་ཕྱོགས་ཡ་བ་ན་༼ནུབ་ཕྱོགས་ཡུ་རོབ༽རྒྱལ་ཁབ་ཀྱི་འབྲེལ་བ་འཐབ་སའི་ས་གནས་གལ་ཅན་གཉིས་པ། དེ་ལས་ལྷོ་ནུབ་ཀྱི་གྲོང་ཁྱེར་འཕགས་རྒྱལ༼ཨུཇྗེན༽ཟེར་མི་འདི་གྲུ་གཟིངས་བརྒྱུད་དེ་ཨ་རབ་རྒྱལ་ཁབ་དང་ཚོང་གི་འབྲེལ་བ་འཐབ་སའི་ས་གནས་གལ་ཅན་གསུམ་པ་དེ་ཨིནམ་ལས། རྒྱལཔོ་ཁོ་རང་གྲོང་ཁྱེར་པཊ་ན་ལུ་བཞུགས། ཤུལ་ལས་རྒྱལ་ཁྲི་ལུ་བཀོད་ནི་ཨིན་མི་སྲས་དེ་རྡོ་འཇོག་ལུ་གཏང་སྲོལ་ཡོདཔ་ལས་ རྒྱལ་སྲས་སུ་སཱན་རྡོ་འཇོག་ལུ་བཏང། མྱ་ངན་མེད་འཕགས་རྒྱལ་གཡུས་ཁར་བཏང་ནུག
དེ་ལས་མྱ་ངན་མེད་ཀྱིས་འཕགས་རྒྱལ་བྱོན་པའི་ལམ་ཁར་གྲོང་ཁྱེར་བི་དི་ཤ་ཟེར་ས་ལས་ ནང་ཆོས་དད་པ་ཡོད་མི་ཚོང་པའི་བུམོ་བི་དི་ཤ་དེ་བི་ཟེར་མི་གཅིག་བཙུནམ་སྦེ་བཞེས་ནུག བཙུནམ་དེ་ལས་དང་པ་སྲས་གཅིག་འཁྲུངས་མི་འདི་ལུ་ མྱ་ངན་མེད་ཁོ་རང་གིས་ ཤུལ་ལས་རྒྱལ་སྲིད་སྐྱོང་བཅུག་ནི་གི་རྟེན་འབྲེལ་ལུ་མཚན་ཡང་དབང་ཆེན༼མཧིནྡྲ༽ བཏགས་རུང་། དེ་གི་ཤུལ་ལས་སྲསམོ་གཅིག་འཁྲུངས་མི་འདི་ལུ་ཡུམ་གྱིས་ ཆོས་འབད་མི་གཅིག་འོང་ནི་གི་རྟེན་འབྲེལ་ལུ་དགེ་འདུན་བཤེས༼སངྒ་མི་ཏྲ༽ཟེར་བཏགས་གནང་ནུག
དེམ་གཅིག་གི་བར་ན་གྲོང་ཁྱེར་རྡོ་འཇོག་ལུ་ངོ་རྒོལ་ལངས་ཏེ་ རྒྱལ་སྲས་སུ་སཱན་གྱིས་བསྣན་མ་ཚུགས་པར་བཞུགས་ཡོདཔ་ཨིན་མས། དེ་ལས་ཡབ་རྒྱལཔོ་བིན་དུ་སཱ་ར་གིས་རྒྱལ་སྲས་མྱ་ངན་མེད་འབོ་ཞིནམ་ལས་ ཕྱག་རོགས་འབད་མི་དམག་ཡང་ཉུང་སུ་གཅིག་དང་གཅིག་ཁར་ རྡོ་འཇོག་གི་ངོ་རྒོལ་འཇོམས་པར་བཏང་ནུག ཁོ་རང་སྤྱོད་པ་རྩུབ་དྲག་ཡོད་རུང་ཕྱག་ལཱ་སྒྲིང་སྒྲིང་མཛད་མི་གཅིག་ཨིནམ་ལས་ རྡོ་འཇོག་གི་ངོ་རྒོལ་པ་ཚུ་གིས་ ཁོ་ལུ་གདོང་ལེན་གྱི་ཕེབས་སུ་ཞུ་ཞིནམ་ལས། རྒྱལ་སྲས་མྱ་ངན་མེད་ལུ་དེ་སྦེ་ཞུ་ནུགང་བཅས་ཀྱིས་ཡབ་རྒྱལཔོ་དང་། རྒྱལ་སྲས་ཁྱོད་ལུ་ངོ་རྒོལ་འབདཝ་མེན། རྒྱལ་སྲས་སུ་སཱན་དང་དམག་དཔོན་ཚུ་གིས་ ང་བཅས་ལུ་དོན་མེད་དབང་ཤུགས་བཙོང་སྟེ་ དགའཝ་སྐྱིདཔ་ཅིག་རྩ་ལས་མིན་འདུགདེ་བཟུམ་གྱི་སྐྱིད་སྡུག་དེ་རྒྱལ་སྲས་ཁྱོད་རང་གིས་བསལ་གནང་། ཞུཝ་ལས་དམག་རྐྱབ་མ་དགོ་པར་ངོ་རྒོལ་ཞི་ཚུགས་ནུགདེ་ལས་རྒྱལ་སྲས་སུ་སཱན་ཀཤྨིར་ལུ་བཏང་། མྱ་ངན་མེད་རྡོ་འཇོག་གི་སྐུ་ཚབ་སྦེ་བཞུགས་པའི་བར་ན་ ཡབ་བིན་དུ་སཱ་ར་སྐུ་བསྙུང་སྟེ་ གཤགས་ནི་དུས་ལུ་ལྷོད་ནུགདེ་སྒང་ཡབ་རྒྱལ་པོའི་ཧོང་ལས་ མྱ་ངན་མེད་ལུ་བརྩེ་བ་སྦོམ་ཅིག་མེད་རུང་། བློན་པོ་རྒན་ཤོས་ཚུ་གིས་ ཁོ་གི་འཇོན་ཐངས་ལུ་བལྟ་སྟེ་ རྒྱལ་སྲིད་འདི་ མྱ་ངན་མེད་ལུ་ཕུལ་ནི་གི་ཐུགས་བཞེད་གནང་ཞིནམ་ལས་ ཁོ་འབོ་པར་གཏང་ནུགདེ་ལས་རྒྱལཔོ་གཤགས་རནམ་ད་ རྒྱལ་སྲས་སུ་སཱན་སྐུ་མདུན་ལུ་མ་ལྷོད། སྐུ་མདུན་ལུ་མྱ་ངན་མེད་ཡོདཔ་ལས་རྒྱལ་སྲིད་འདི་ ཁོ་ལུ་ཐུགས་ཀྱི་འདོད་པ་མེད་བཞིན་དུ་སྤྲོད་དགོཔ་ཐོན་ཡི་ཟེར་ཨིན་མས།
དེ་ལས་རྒྱལ་སྲས་སུ་སཱན་གྱི་གནས་ཚུལདེ་གོ་ཞིནམ་ལས་ དམག་རྐྱབ་ནི་སྦེ་ཀཤྨིར་གྱི་དམག་དེ་ཚུ་འཁྱིད་འོང་ཡོདཔ་ཨིན་རུང་། རྒྱལ་ས་ལྟེ་བའི་དམག་དང་། གྲོང་ཁྱེར་རྡོ་འཇོག་ལ་སོགས་པའི་དམག་མི་ག་ར་མྱ་ངན་མེད་རྒྱབ་ལས་ཨིནམ་ལས་ སུ་སཱན་གྱི་དམག་ཡང་རྐྱབ་མ་ཚུགས་པས། ཨིན་རུང་ལོ་རྒྱུས་གཅིག་ལས་འབད་བ་ཅིན། སུ་སཱན་གྱི་མྱ་ངན་མེད་ཀྱི་ཡུམ་བཀྲོངས་དྭཔ་ལས་ སྤུན་ཆ་ཚུ་གི་བར་ན་གི་འཐབ་འཛིང་སྦོམ་གཅིག་བྱུང་སྟེ་ མྱ་ངན་མེད་ཀྱིས་སྤུན་ཆ་ག་ར་ཕྱི་མའི་ལམ་ལུ་བཏང་ཡི་ཟེར་ཨིན་མས།
དེ་ལས་རྒྱལ་ཁབ་རྒྱ་བསྐྱེད་མཛད་ནི་གི་དོན་ལུ་ ཧེ་མ་ཡབ་ཀྱི་སྐབས་ལུ་རང་བཙན་ཨིན་མི་ཀ་ལིངྒ༼ཨོ་རི་ས༽ ལུ་དམག་རྐྱབ་ནི་འགོ་བཙུགས་ནུགདམག་དེ་ལས་རྒྱལ་ཁ་འཐོབ་སྟེ་ས་ཆ་གཟིགས་པར་བྱོན་པའི་སྐབས་ལུ་ ཀ་ལིངྒའི་ཕོ་མོ་འཇོན་ཐངས་ཅན་ཡོད་ཚད་དམག་ནང་ཤི། ལུང་པ་ཁྲག་བཤལ་རྐྱབ། ཁྱིམ་ནང་ཡོད་མི་ཟེར་རུང་། ཨ་རྒས་ཨང་རྒས་དང་ཨ་ལོ་ལྕོགས་གྲུབ་མེད་མི་རྐྱངམ་ཅིག་ལུས་ཡོདཔ་གཟིགས་ཏེ། ཐུགས་ལུ་ཚ་གྱང་སྦོམ་ཅིག་བཞེས་ཡོདཔ་མ་ཚད། ཉིནམ་དེ་ལས་འགོ་བཙུགས་ཏེ་ ནམ་ཡང་ཡལ་མ་བཏུབ་པའི་སྡུག་བསྔལ་སྦོམ་ཅིག་སེམས་ལུ་ཕོགས་ནུགརྒྱུ་མཚན་དེ་ཚུ་ལུ་བརྟེན་ཏེ་ ཁོ་གི་མཚན་ལུ་གཏུམ་པོ་མྱ་ངན་མེད་ཟེར་མི་དེ་ཚུ་གིས་རྒྱབ་ཁ་ལས་སླབ་དོ་ཡོདཔ་ཨིན་མས།
དེ་ལས་ཨ་རྟག་འབད་བ་ཅིན་མྱ་ངན་མེད་ཀྱི་མཚན་གོ་བ་ཙམ་གྱིས་འགྱིད་ཐག་བརྡརཝ་ཨིན་རུང་། ཚར་གཅིག་འབདཝ་ད་དགེ་སློང་ཆུང་ཀུ་གཅིག་ འདྲོག་པའི་སྣང་བ་ག་ནི་ཡང་མེད་པར་བྱོན་སར་མཐོང་སྟེ་། རྒྱལཔོ་གིས་གདན་འདྲེན་ཞུ་ཞིནམ་ལས་ཕོ་བྲང་ནང་བྱོན་ནུག དེ་སྒང་དགེ་སློང་དེ་གིས་ཕྲང་ཕྲང་རང་མྱ་ངན་མེད་ཀྱི་ཁྲི་ཁར་འཛེགས་ཏེ་བཞུགས་ཡོདཔ་མ་ཚད། འདྲོག་ནི་འཚེར་ནི་ཟེར་མི་འདི་ཕར་རང་བཞགམ་དང་བུ་འཕྱད་དོ་བཟུམ་གྱི་སྣང་བ་སྦེ་ སེམས་ལུ་བྱམས་དང་བརྩེ་བ་གིས་གངས། ཞལ་རས་ལུ་དགའ་སྐྱིད་ཀྱི་ཉམས་ཐོན་ཏེ་བཞུགས་ཡོདཔ་ཨིན་མས། དེ་ལས་རྒྱལཔོ་མྱ་ངན་མེད་པ་འདི་ཡང་ཐུགས་ལུ་སྤྲོ་བ་དང་དང་འདོད་ཐེབས་ཅིག་སྐྱེས་ཏེ། ཁོ་གི་སྡུག་བསྔལ་འདི་ཡང་སེལ་ནི་གི་ཐབས་ལམ་གཅིག་མཛད་གནང་ཟེར་གསུངསམ་ད་། དགེ་སློང་ཆུ་ཀུ་དེ་གིས་ ཁྱེད་ཀྱི་གནས་སྟངས་དེ་གི་སྐོར་ལས་ང་གིས་མི་ཤེས། ངེད་ཀྱི་སློབ་དཔོན་ལུ་ཞུ་དགོ་ཟེར་ཞུ་སྟེ། ཁོང་གཉིས་དགྲ་བཅོམ་པ་གནས་བརྟན་སྐར་རྒྱལ་༼མཽདྒ་ལ་པུ་ཏྲ་ཏི་ཥྱ༽གྱི་སྐུ་མདུན་ལུ་ལྷོད་ནུག
དེ་ལས་དགྲ་བཅོམ་སྐར་རྒྱལ་གྱིས་ འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པའི་ སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱ་དེ་ཙུ་གསུངས་གནངམ་ལས་ རྒྱལ་པོ་མྱ་ངན་མེད་པ་ཡང་སྟོན་པ་བཅོམ་ལྡན་འདས་ལུ་སེམས་ཀྱི་གདིང་ལས་དད་པ་སྐྱེས། ཉིནམ་དེ་ལས་འགོ་བཙུགས་ཏེ་རྒྱལ་ཁབ་ཆོས་དང་མཐུན་པའི་སྒོ་ལས་སྐྱོང་ནི་འགོ་བཙུགས་ནུག
དེ་ལས་རྒྱལ་ཁབ་ཀྱི་ཁྲིམས་དང་། འཛིན་སྐྱོང་འབད་ཐངས་ལུ་བསྒྱུར་བ་སྦོམ་བཏང་ཡོདཔ་མ་ཚད། དེ་ཚུ་ཡང་གཙོ་བོ་རང་རྒྱལ་ཁབ་ཀྱི་མི་དེ་སེམས་ཅན་གྱི་བདེ་ཐབས་གཙོ་བོར་བཏོན་ཏེ་མཛད་ནུག དེ་ཚུ་ལས་དཔེར་མཚོན་ཆུང་ཀུ་ཅིག་ཞུ་བ་ཅིན། མིདང་སེམས་ཅན་གྱི་དོན་ལུ་ ལམ་གྱི་གཡས་གཡོན་ལུ་ལྗོན་ཤིང་བཙུགས་དགོཔ་དང་། ས་གནས་ཀྱི་བར་མཚམས་ན་ཆུ་བཏོན་དགོཔ། སྲོག་ཆགས་སེམས་ཅན་བསད་མི་ཆོགཔ་དང་། ཐབས་རང་མེད་པར་བསད་དགོཔ་ཐོན་རུང་། འཕོཝ་ནང་ཕྱུ་གུ་ཡོད་པའི་མ་དང་། ཕྱུ་གུ་ལུ་ཨོམ་བྱིན་དགོ་པའི་མ་དེ་ཚུ་རྩ་ལས་བསད་མི་ཆོག ཟེར་བའི་བཀའ་ཡིག་རྡོ་ལུ་བརྐོ་བཞག་མི་དེ་ཚུ་ད་ལྟོ་མཇལ་ནི་ཡོདཔ་ཨིན་མས།
ཆོས་ཕྱོགས་ཀྱི་ཐད་ལུ་ཡང་། དང་པ་རང་རྒྱལཔོ་ཁོ་རང་སངས་རྒྱས་གནས་ག་ཏེ་ཡོད་སར་གནས་སྐོར་བྱོན། ས་གནས་དེ་ཚུ་ནང་མཆོད་རྟེན་དང་དགེ་འདུན་བཞུགས་སའི་གཙུག་ལག་ཁང་བཞེངས་ཏེ་ ཆོས་ཀྱི་སྦྱིན་བདག་མཛདཔ་མ་ཚད། ཞི་བདེ་འབྱུང་སའི་རྩ་བ་འདི་ སངས་རྒྱས་ཆོས་འདི་ཨིནམ་མཁྱེན་ཞིནམ་ལས་ རྒྱལ་ཁབ་སོ་སོ་ནང་ཆོས་སྤེལ་མི་ཚུ་ཡང་བཏང་ནུག


ཆོས་རྒྱལ་མྱ་ངན་མེད་ཀྱིས་བཏང་པའི་ ཆོས་སྤེལ་མི་དང་ཆོས་སྤེལ་སའི་གཡུས་ཀྱི་མིང་།[3]
ཆོས་སྤེལ་མི་གི་མཚན།
མཚན་ལེགས་སྦྱར།
ཆོས་སྤེལ་སའི་ཡུལ།
ད་ལྟའི་ས་གནས།
ལྷ་ཆེན་པོ།
མཧཱ་དེ་བ།
མ་ཧི་ས་མཎྜ་ལ།
South India
འཚོ་བ།
རཀྵི་ཏ།
ཝཱ་རཱ་ཎཱ་སི།
Varanasi
ཆོས་སྲུང་།
དྷརྨ་རཀྵིཏ།
ཨ་པ་རནྟ་ཀ
Near Mumbai
ཆོས་སྲུང་ཆེན་པོ།
མཧཱ་རཀྵི་ཏ།
མཧཱ་རཥྚྲ།
Maharashtra
སྲུང་བ་ཆེན་པོ།
མཧཱ་རཀྵི་ཏ།
ཡོ་ན་ལོ་ཀ
Pakistan and West
ཆུ་དབུས་པ། ཉི་མ་གུང་པ།
མདྷྱནྟི་ཀ
ཧི་མ་བནྟ་པྲ་དེ་ཤ།
Kshmir  (J & K)
སོ་ན་ཀ
སོ་ན་ཀ
སུ་བརྞ་བྷུ་མི།
Mayanmar
དབང་ཆེན།
མཧེནྡྲ།
སིངྒལའི་གླིང་།
Srilanka

དེ་བཟུམ་གྱི་ཆོས་སྤེལ་བར་བྱོན་མི་དེ་ཚུ་གི་གྲལ་ལས་ཁག་གཅིག་འདི་ཁོ་གི་སྲས་དང་སྲསམོ་གཉིསཔ་འདི་ཨིན་མས།དེ་ཡང་ཀ་ལིངྒའི་གཡུས་ཁར་དམག་རྐྱབ་པའི་སྐབས་ལུ་ ཁོ་གི་བཙུནམོ་ནང་པ་ཨིན་མི་འདི་ཐུགས་ཀྱིས་བཟོད་མ་ཚུགས་པར་ མོ་རང་ཨ་ནིམ་ན་འཛུལ། སྲས་དང་སྲསམོ་གཉིས་རྒྱལཔོ་ཁོ་རང་བཞུགས་སར་བཏང་ཡོདཔ་ཨིན་མས། དེ་ལས་རྒྱལ་སྲས་མ་ཧིནྡྲ་དེ་ གྲོང་ཁྱེར་རྡོ་འཇོག་ལུ་གཏང་ནི་དུས་ཚོད་རནམ་གཅིག་ཁར། རྒྱལ་པོའི་ཐུགས་བསྒྱུར་ཏེ་ རྒྱལ་སྲས་རབ་ཏུ་བྱུང། དགེ་སློང་ཆ་རོགས་བསྡོམས་པའི་དགེ་སློང་ལྔ་ཚོགས་གཅིག་ ཤྲི་ལངྐའི་གླིང་ཕྲན་ནང་དམ་ཆོས་སྤེལ་བར་
བཏང་མི་འདི་གི་གྲུབ་འབྲས་ལུ་བརྟེན་ཏེ་ གླིང་ཕྲན་འདི་ནང་དམ་པའི་ཆོས་ཀྱིས་ཁྱབ་སྟེ་ད་ལྟོ་གི་བར་ན་ཡང་ སངས་རྒྱས་ཀྱི་བསྟན་པ་བཟང་ལམ་ལམ་སྦེ་བཞུགས་ཡོདཔ་ཨིན་མས།
ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱལ་ཁབ་ཀྱི་བདེ་ཐབས་མཛད་ཡོད་རུང་། རྒྱལ་པོའི་སྟོབས་ཤུགས་གཙོ་བོ་ཆོས་ལུ་སྟོན་ཡོདཔ་ལས་བརྟེན་ཏེ་ ཁོ་རང་གི་སྐུ་ཚེ་མཇུག་ཙམ་གཅིག་ལས་རང་ སྟོབས་ཤུགས་དང་དབང་ཚད་མར་ཉམས་འགྱོ་ཡོདཔ་མ་ཚད། ཁོ་གི་སྲས་རྒྱལ་བརྒྱུད་བཞི་པ་བྲྀ་ཧ་དཏྟ་༼རྒྱལ་སྲས་ཀུ་ནཱལ།༽ དེ་ བློན་པོ་པུཥྱ་མི་ཏྲ་ཟེར་མི་འདི་གིས་བཀྲོངས་མི་ལས་བརྟེན། མཽརྱ་རྒྱལ་རབས་དེ་ལུ་རྫོགས་པའི་སངས་རྒྱས་བྱོན་ཏེ་རྫོགས་སོ་ནུག



ཤུངྒའི་རྒྱལ་རབས། (180-70 B.C.E)
ཤུངྒའི་རྒྱལ་རབས་མཽརྱའི་བློན་པོ་པུ་ཥྱ་མི་ཏྲ་ཟེར་མི་གིས་ སྤྱི་ལོའི་གོང་ལོ་ ༡༨༠ཙམ་ལས་འགོ་བཙུགས་ཡོདཔ་དང་། རྒྱལ་རབས་དགུ་གི་ཐ་མ་ རྒྱལཔོ་དེ་བ་བྷུ་ཏི་ཟེར་མི་འདི་ ཁོ་རའི་བློན་པོ་ བ་སུ་དེ་བ་ ཟེར་མི་འདི་གིས་བཀྲོངས་ཞིནམ་ལས་ མཇུག་བསྡུ་དཔ་ཨིན་མས། རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཡང་མཽརྱའི་སྐབས་ལུ་བཟུམ་སྦེ་མེན་པར་ ཁྱབ་ཁོངས་ཆུང་ཀུ་སོང་སྟེ་ ཆུ་མོ་གངྒཱའི་ལུང་གཞུང་དང་། ལྷོ་ཕྱོགས་མཧཱ་རཱཥྚྲའི་ས་གནས་དག་པ་ཅིག་ཨིན་མས།
རྒྱལཔོ་དང་པོ་དེ་ཧིནྡུའི་ཆོས་ལུ་རྒྱབ་སྐྱོར་མཛད་མི་གཅིག་ཨིན་རུང་། རྒྱལ་བརྒྱུད་ཤུལ་མམ་དག་པ་གཅིག་གིས་ མཆོད་རྟེན་དང་གཙུག་ལག་བཞེངས་ཏེ་ དགེ་སློང་ལུ་ཕུལ་ཏེ་ནང་ཆོས་ཀྱི་སྦྱིན་བདག་མཛད་པའི་རྡོ་བརྐོས་ཡི་གུ་ཡང་འདུག

ཀཱ་ཎ་ཝའི་རྒྱལ་རབས།(70-25 B.C.E)
བློན་པོ་ བ་སུ་དེ་བ་གིས་ སྤྱི་ལོའི་གོང་ལོ་བདུན་ཅུ་ཙམ་ལུ་ ཤུངྒའི་རྒྱལཔོ་བཀྲོང་སྟེ་ཀཱ་ཎ་ཝ་ཟེར་བའི་རྒྱལ་རབས་འགོ་བཙུགས་ནུགརྒྱལ་བརྒྱུད་བཞི་དང་མི་ལོ་ཞེ་ལྔ་དེ་ཅིག་རྒྱལ་སྲིད་བསྐྱངས་པའི་མཐའ་ཐར་ རྒྱལ་སྲིད་སྐྱོང་མ་ཚུགས་པར་ ལྷོ་ཕྱོགས་ཨན་དྷྲ་རའི་རྒྱལ་པོའི་འོག་ལུ་ཚུད་སོང་ནུགདེ་ལས་ཧ་ལམ་སྤྱི་ལོའི་དུས་རབས་དང་པའི་མཇུག་ཚུན་ཚོད་ རྒྱ་གར་དབུས་ལུ་སྐད་གྲགས་ཅན་གྱི་རྒྱལཔོ་གཅིག་ག་ཡང་མ་བྱུང་པས།
ཨན་དྷྲ་རྒྱལ་རབས།
མཽརྱ་རྒྱལ་བརྒྱུད་ཉམས་ཞིནམ་ལས་འགོ་བཙུགས་ཏེ་རྒྱ་གར་དབུས་ལུ་ གོང་ལུ་ཞུ་མི་རྒྱལ་བརྒྱུད་ཁག་གཉིས་བྱོན་ཡོད་རུང་། རྒྱ་གར་ལྷོ་ཕྱོགས་ཌེག་ཀན་ས་གནས་ལུ་ སཱ་ཏ་བཱ་ཧ་ན་ཟེར་བའི་རྒྱལ་བརྒྱུད་གཅིག་བྱུང་མི་འདི་ ཨན་དྷྲ་རྒྱལ་རབས་ཨིན་མས། རྒྱལ་རབས་འདི་འགོ་བཙུགས་ཞིནམ་ལས་ སྤྱི་ལོའི་དུས་རབས་གསུམ་པ་ཚུན་ཚོད་རྒྱལ་ཐོག་ཉི་ཤུ་མ་ལངས་ཙམ་དང་ མི་ལོ་གསུམ་བརྒྱ་ལྷགཔ་ཅིག་གི་རིང་ རྒྱལ་སྲིད་མ་ཉམས་པར་བསྐྱངས་ཡོདཔ་ལས་ རྒྱ་གར་ལྷོ་ཕྱོགས་ལུ་ནང་ཆོས་ཁྱབ་སྤེལ་འགྱོ་དགོ་མི་འདི་རྒྱལཔོ་འདི་གི་བཀའ་དྲིན་ལས་བརྟེན་ཏེ་ཨིན་མས།རྒྱལཔོ་དེ་གི་རྒྱལ་འདི་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ལུ་ཨིནམ་དང་། ལྷོ་ཕྱོགས་ཀྱི་ཨ་ཇནྟ་དང་། ཨི་ལོ་ར་ལ་སོགས་པའི་བྱག་ཕུག་དེ་ཚུ་ཡང་། ཨན་དྷྲ་རའི་རྒྱལ་བརྒྱུད་སྐབས་ལས་འགོ་བཙུགས་ནུག དེ་གིས་མ་ཚད་འཕགས་པ་ཀླུ་སྒྲུབ་དང་འབྲེལ་བ་བྱུང་མི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཟེར་མི་འདི་ཡང་ ས་ཏ་བཱ་ཧ་ནའི་རྒྱལ་བརྒྱུད་ཨིན་མས།

རྒྱ་གར་ནུབ་བྱང་མི་རིགས་དང་གྷི་རིག་འབྲེལ་བ།
སྤྱི་ལོའི་གོང་ལོ་༣༢༧ལུ་ གྷི་རིག་མི་རིགས་ཀྱི་རྒྱལཔོ་ཨི་ལེག་ཛེན་ཌར་གྱིས་ ཤར་ཕྱོགས་རྒྱལ་ཁབ་རིམ་པ་བཞིན་དུ་དབང་ལུ་བསྡུ་སྟེ་འོངས་པའི་ཐ་མ་ ཆུ་མོ་སིནྡྷུའི་འགྲམ་ལུ་ལྷོད། དེ་ལས་ཤར་ཕྱོགས་ལུ་བྱོན་མ་ཚུགས་པར་ ལོག་སྟེ་བྱོན་སོང་རུང་ནུབ་ཕྱོགས་པའི་མི་རིགས་ཀྱིས་རྒྱ་གར་ནུབ་བྱང་ཕྱོགས་ལུ་གནས་གཞི་བཅའ་སྟེ་ལུས་ཡོདཔ་མ་ཚད། སི་རི་ཡ་རྒྱལཔོ་སི་ལུ་ཀས་གི་ཡང་ ཨོ་ཛསི་གཙང་ཆུ་དང་སིནྡྷུ་བར་གྱི་ས་གནས་ཚུ་དབང་ལུ་བསྡུས་སྟེ་ཡོདཔ་ཨིན་མས། ནུབ་ཕྱོགས་པའི་རྒྱལཔོ་དེ་ཚུ་གི་གྲལ་ལས་ སྤྱི་ལོའི་གོང་གི་དུས་རབས་གཉིས་པ་དང་བྱོན་མི་ གནས་བརྟན་ཀླུའི་སྡེ་དང་དྲི་བ་དྲི་ལན་མཛད་པའི་ རྒྱལཔོ་མི་ནིན་ད་རོསི་ཟེར་མི་འདི་ ནང་ཆོས་དང་འབྲེལ་བ་ཡོད་པའི་རྒྱལཔོ་ཡོངས་གྲངས་ཅན་གཅིག་ཨིན།  ་
རྒྱལཔོ་མྱ་ངན་མེད་ཀྱི་སྐབས་ལས་རང་ རྒྱ་གར་ནུབ་བྱང་ཕྱོགས་ལུ་སངས་རྒྱས་ཀྱི་ཆོས་དར་ཡོད་ནི་འདི་གིས་ ནུབ་ཕྱོགས་མི་རིགས་ག་ཅི་བཟུམ་ཅིག་འོང་རུང་ ཞི་དུལ་ཅན་གྱི་གནས་བརྟན་ཚུ་དང་མཇལ་ཞིནམ་ལས་ དྲི་བ་དྲི་ལན་མཛད་པའི་སྒང་ལས་ མི་རིགས་དེ་ཚུ་ནང་པའི་ཆོས་ལུ་མགོ་མ་བསྒུར་མི་མེདཔ་བཟུམ་ཅིག་འདུགམྱ་ངན་མེད་ཀྱི་ སན་ཅིའི་མཆོད་རྟེན་དང་། ལྷག་པར་དུ་ད་ལྟོ་གི་པ་ཀིས་ཐན་དང་། ཨཕ་གྷ་ནིས་ཐཱན་གྱི་ས་གནས་ཚུ་ལས་ཐོན་པའི་མཆོད་རྟེན་དང་གཙུག་ལག་ཁང་གི་ཤུལ་ཚུ་ལས་ རྡོ་བརྐོས་ཀྱི་ཡི་གུ་ཐོན་མི་ཚུ་ནང་། ནུབ་ཕྱོགས་པའི་མི་རིགས་དང་ དཔོན་ཚུ་གིས་ རིང་བསྲེལ་གྱི་མཆོད་རྟེན་དང་གཙུག་ལག་ཁང་བཞེངས་སྟེ་ ནང་པའི་ཆོས་སྡེའི་དགེ་སློང་ཚུ་ལུ་ཕུལ་བའི་ཡི་གུ་ལེ་ཤ་ཐོན་ནི་འདུག
ཤ་ཀའི་རྒྱལ་རབས།(180)
ཤ་ཀའི་རྒྱལ་བརྒྱུད་དེ་ དབུས་ཨེ་ཤི་ཡ་གི་མི་རིགས་གཅིག་ཨིན་རུང་ སྤྱི་ལོའི་གོང་གི་དུས་རབས་གཉིས་པར་(180)རྒྱ་གར་ནུབ་བྱང་གི་གྷི་རིགས་མི་རིགས་ཚུ་བཅོམ་སྟེ་དབང་ལུ་བསྡུས་ཡོདཔ་མ་ཚད། རིམ་གྱིས་སྤྱི་ལོའི་གོང་གི་དུས་རབས་དང་པའི་ནང་ རྒྱ་གར་དབུས་ལུ་ཡང་འཛུལ་ནུགདེ་གི་བརྒྱུད་པ་ལས་ ཀྵ་ཏྲ་པ་དང་། མཧཱ་ཀྵ་ཏྲ་པ་ཟེར་བའི་རྒྱུ་བརྒྱུད་གཉིས་ལུ་གྱེས་ཏེ་ གཅིག་གིས་རྒྱ་གར་ནུབ་བྱང་ཕྱོགས་དང་། གཅིག་གིས་གྲོང་ཁྱེར་མ་ཐུ་ར་ལུ་འཛུལ་ཏེ་རྒྱལ་བརྒྱུད་བསྐྱངས་ཡོདཔ་མ་ཚད། ནང་ཆོས་ལུ་སྦྱིན་བདག་མཛད་པའི་དཔང་པོ་ཡང་ མ་ཐུ་ར་དང་། རྡོ་འཇོག་གི་མཆོད་རྟེན་དང་གཙུག་ལག་ཁང་ཚུ་ལས་ཐོན་ཏེ་ཡོདཔ་ཨིན་མས།
པཱར་ཐི་ཨ་གི་རྒྱལ་རབས།
པཱར་ཐི་ཨ་གི་ རྒྱལ་ཐོགས་དང་པ་མཽསི(Mause)ཟེར་མི་འདི་གིས་ སི་རི་ཡ་གི་རྒྱལཔོ་བཅོམ་སྟེ་ཤ་ཀའི་རྒྱལ་བརྒྱུད་འགོ་བཙུགས་ནུག དེ་ལས་སྤྱི་ལོའི་གོང་གི་དུས་རབས་དང་པའི་མཇུག་ཙམ་ལུ་རྒྱ་གར་ནུབ་བྱང་དབང་འོག་ལུ་བསྡུས་ནུག དེ་ཚུ་གིས་ནང་ཆོས་ལུ་དད་པ་བསྐྱེད་དེ་སྦྱིན་བདག་མཛད་ཡོདཔ་མ་ཚད་ མི་རིགས་འདི་གིས་རྒྱལ་སྲས་ཨན་སེ་ཨི་ཀོ་ཟེར་མི་འདི་གིས་རྒྱ་ནག་ལུ་བྱོན་ཏེ་ལོ་ཙ་བ་ཡང་མཛད་ནུག
ཀུ་ཥ་ཎའི་རྒྱལ་རབས།(180)
ཀུ་ཥ་ཎའི་རྒྱལ་བརྒྱུད་དེ་ དབུས་ཨེ་ཤི་ཡ་གི་ནང་གསེས་ ཏུང་ཧང་གི་ཉེ་འགྲམ་ལུ་སྡོད་མི་གཅིག་ཨིན་མས། ཁོང་ཆ་ཁྱབ་སྤྱི་ལོའི་གོང་གི་དུས་རབས་གཉིས་པར་གཞི་སྤོ་སྟེ་ ནུབ་ཕྱོགས་ཨོ་ཛས་གཙང་ཆུའི་ཉེ་འགྲམ་ལུ་གཞི་སར་ཆགས་ནུག དེ་ལས་སྡེ་ཚན་ཁག་ལྔ་སྦེ་གྱེས་ས་ལས་གཅིག་འདི་ཀུ་ཥ་ཎའི་རྒྱལ་བརྒྱུད་དེ་ཨིན་པས། དེ་གི་རྒྱལཔོ་དང་པ་འདི་ཀུ་ཇུ་ལ་ཀདྥི་སི་(KujulaKadphises)ཟེར་མི་འདི་ཨིནམ་དང་། ཁོ་གིས་སྤྱི་ལོའི་དུས་རབས་དང་པའི་མཇུག་ལུ་ པཱར་ཐི་ཨ་རྒྱལ་བརྒྱུད་བཅོམ་སྟེ་ཀུ་ཤ་ཎའི་རྒྱལ་བརྒྱུད་འགོ་བཙུགས་ནུག དེ་གི་རྒྱལ་བརྒྱུད་གཉིས་པ་འདི་ཝེ་མ་ཀདྥི་སི་!(WemaKadphises) དང་། གསུམ་པ་འདི་སྙན་གྲགས་ཅན་གྱི་རྒྱལཔོ་ཀ་ཎིཤྐ་(Kanishka)ཨིན་མས། ཁོ་གི་སྐབས་ལུ་ དབུས་ཨེ་ཤི་ཡ། ཨཕ་གྷ་ནིས་ཐཱན། རྒྱ་གར་ནུབ་བྱང་དང་བྱང་ཕྱོགས་དང་བཅས་པ་དབང་ལུ་བསྡུས་སྟེ་རྒྱལ་ཁབ་སྦོམ་སྦེ་རྒྱ་བསྐྱེད་བཏང་ཞིནམ་ལས་རྒྱལ་ས་ལྟེ་བ་པུརྵ་པཱུར་(Peshawar, Pakistan)ལུ་མཛད་ནུགས་གནས་འདི་གྷནྡ་རའི་ཁྲོམ་ཚོགས་ལྟེ་བ་གཅིག་ཨིནམ་མ་ཚད། ཤར་རྒྱ་ནག་ལས་ ནུབ་ཕྱོགས་ཡུ་རོབ་དང་། ལྷོ་རྒྱ་གར་ལུ་འོང་སའི་དར་ལམ་ཟེར་མི་འདི་གི་ བབས་ཚུགས་གཅིག་ཨིནམ་ལས་ འཛམ་གླིང་ཤར་ནུབ་ཀྱི་རིག་རྩལ་བརྗེ་གསོར་འབད་སའི་ལྟེ་བ་ལུ་བསྒྱུར་ནུག
འཛམ་གླིང་ནང་ཡོངས་གྲགས་ཅན་གྱི་གྷནྡ་རའི་ལག་རྩལ་(Ghandhara Arts)ཟེར་མི་འདི་ཡང་ རྒྱལཔོ་འདི་གི་སྐབས་བྱུང་བྱུངམ་ཨིནམ་དང་། ཧེ་མ་འབད་བ་ཅིན་ རྒྱལ་སྲས་དོན་གྲུབ་བྱང་ཆུབ་སེམས་དཔའི་བཟོ་བཀོད་མ་གཏོགས་ སངས་རྒྱས་ཚར་བའི་སྐབས་ཀྱི་བཟོ་བཀོད་བཞེངས་སྲོལ་མེདཔ་ཨིན་རུང་། རྒྱལཔོ་འདི་སྐབས་ལུ་ ནུབ་ཕྱོགས་གྷི་རིག་གི་བཟོ་བཀོད་ལས་དཔེ་བླངས་ཏེ་ སངས་རྒྱས་ཀྱི་སྐུ་འདྲ་བཞེངས་ནི་འགོ་བཙུགས་ནུགདེ་ལས་རྒྱལཔོ་ཁོ་རང་གིས་ནང་་པའི་སྦྱིན་བདག་མཛད་དེ་ བཀའ་བསྡུ་གསུམ་པ་མཛད་ཡོདཔ་དང་། རིང་བསྲེལ་གྱི་མཆོད་རྟེན་དང་གཙུག་ལག་ཁང་བཞེངས་མི་ཚུ་གྱང་ཁ་ཡང་མི་ཆོད་ནི་ཨིན་མས། དེ་ཚུ་གི་གྲལ་ལས་ ད་ལྟོ་ཤུལ་ཐོབ་མིའདི་ གྲོང་ཁྱེར་སེར་སྐྱའི་མཆོད་རྟེན། པུརྵ་པཱུར་ཉེ་འགྲམ་གྱི་ཀ་ནིཤྐའི་གཙུག་ལག་ཁང་དང་མཆོད་རྟེན། གཞན་ཡང་ཨཕ་གྷ་ནིས་ཐཱན་གྱི་ས་གནས་ ལམྤ་ཀ།(Lampaka)བྷེག་རམ།(Begram)བྷི་མ་རན།(Bimaran)ཧདྡ། (Hadda)ཤོ་ཏོ་རཀ(Shotorak)བྷ་མི་ཡན།(Bamiyan)
བྷེག་རམ། (begram) ཀ་པིས་སི།(Kapisi) ཝཱ་ཌཀ(Wardaj)ཝཱ་ག་ར་མ་རེ་ག (Vagranarega) ལ་སོགས་པའི་ས་གནས་རྣམས་ལུ་དགོན་ཤུལ་གྱང་ཁ་མེད། ད་ལྟོ་གི་པ་ཀིསཐཱན་ལས་འགོ་བཙུགས་ཏེ་ ཨཕ་གྷ་ནིས་ཐཱན། ཏ་ཇ་ཀིས་ཐཱན། ཤིང་ཅང་ལ་སོགས་པ་ཚུ་ནང་ སངས་རྒྱས་ཀྱི་ཆོས་དར་ཁྱབ་སྦོམ་སྦེ་བྱུང་ཚུགས་མི་འདི་ཡང་ རྒྱལཔོ་ཁོ་གི་བཀའ་དྲིན་ལུ་བརྟེན་ཏེ་ཨིན་མས།

གུཔྟའི་༼སྦས་པའི་༽རྒྱལ་རབས།
ཀུ་ཤཱན་གྱི་རྒྱལ་རབས་རྫོགས་པའི་ཤུལ་ལས་ རྒྱ་གར་རྒྱལ་ཡོངས་སྒྱུར་ཚུགས་པའི་རྒྱལཔོ་གཅིག་ཡང་མ་བྱོན་པར་ལོ་ངོ་བརྒྱ་ཕྲག་གསུམ་ཙམ་ལུས་ནུག དེ་ལས་དུས་རབས་བཞི་པར་རྒྱ་གར་དབུས་ལུ་གནས་གཞི་ཆགས་པའི་གུཔྟའི་རྒྱལ་རབས་འགོ་བཙུགས་ཏེ་རྒྱ་གར་གཅིག་སྒྲིལ་ཆགས་ཡོདཔ་ཨིན་མས། རྒྱལ་རབས་འདི་གིས་བཟོ་རིག་དར་ཁྱབ་བཏང་ཡོདཔ་མ་ཚད། ལྷག་པར་དུ་ལེགས་སྦྱར་ཁ་སྐད་འདི་རྒྱལ་ཡོངས་ཀྱི་ཁ་སྐད་ལུ་བསྒྱུར་གནངམ་ལས་བརྟེན་ཏེ་ལེགས་སྦྱར་གྱི་རྩོམ་རིག་དར་ཁྱབ་འགྱོ་སྦོམ་རང་སོང་ནུག རྒྱལ་རབས་འདི་ཚུ་བྲམ་ཟེ་རིག་བྱེད་ཀྱི་ཆོས་ལུགས་འབད་མི་གཅིག་ཨིན་མས། ཧིན་དུའི་ཆོས་དར་ཁྱབ་བཏངམ་ལས་བརྟེན་ཏེ། སངས་རྒྱས་ཀྱི་ཆོས་དང་། གཅེར་བུ་པའི་ཆོས་ལུགས་ལུ་ཉམས་གུད་སྦོམ་ར་ཕོག་ཡོདཔ་མ་ཚད། དགོན་པ་དང་གཙུག་ལག་ཁང་མང་ཤོ་ཞིག་རལ་སོང་ཡོདཔ་ཨིན་མས། ཨིན་རུང་རྒྱལ་རབས་འདི་གི་རྒྱལཔོ་བརྒྱ་བྱིན་ཉི་མའི་༼ཤ་ཀྲ་ཨཱ་དི་ཏྱགུཔྟའམ་ ཀུམཱར་གུཔྟ༽སྐབས་ལུ། དཔལ་ན་ལནྜའི་གཙུག་ལག་ཁང་བཞེངས་ནི་གི་རྒྱབ་སྐྱོར་མཛད་མི་དེ་གིས་ སངས་རྒྱས་བསྟན་པའི་ཉི་མ་ལ་རྒྱབ་ལུ་འཛུལ་ཚརཝ་ད་ ལོག་སྟེ་ཤར་ལས་ཤར་དོ་བཟུམ་ཅིག་བཏང་ནུག རྒྱལ་པོ་དེ་གི་སྲས་བུདྡྷ་གུཔྟ་དང་། ཏ་ཐཱ་གཏ་གུཔྟ། ན་ར་སིངྷ་གུཔྟ་ཚུ་གིས་ཡང་རྒྱབ་སྐྱོར་མཛདཔ་ལས་བརྟེན་ཏེ་གཙུག་ལག་ཁང་འདི་ མི་ལོ་བརྒྱད་བརྒྱ་དེ་ཅིག་གི་རིང་ལུ་ཐེག་པ་ཆེན་པོའི་སསློབ་སྦྱོང་འབད་སའི་ལྟེ་བ་གཅིག་ལུ་འགྱུར་ཡོདཔ་ལས་བརྟེན་ཏེ། ཡོངས་གྲགས་ཅན་གྱི་པཎ་གྲུབ་བཅུ་བདུན་ཟེར་མི་ཚུ་ཡང་ མང་ཤོ་གདན་ས་འདི་ནང་ལས་བྱོན་བྱོནམ་ཨིན་མས།
ཨིན་རུང་དུས་རབས་ལྔ་པའི་མཇུག་ཙམ་གཅིག་ཁ་ལས་ རྒྱལ་རབས་འདི་ལུ་ཉམས་ཆགས་བྱུང་ཏེ་རྒྱལ་ཕྲན་ཆུང་ཀུ་གཅིག་ལུ་འགྱུར་སོང་ནུག
མི་ཧིར་ཀུ་ལའི་དུས་སྐབས།
གུཔྟའི་རྒྱལ་རབས་འགོ་བཙུགས་པའི་སྐབས་སུ་ རྒྱ་གར་དབུས་ཕྱོགས་ལུ་བསྟན་པ་ཉམས་ཆག་ཤོར་ཡོད་རུང་། རྒྱ་གར་ནུབ་བྱང་ཕྱོགས་ལུ་བསྟན་པ་དར་ཞིང་རྒྱས་པའི་སྒང་ཨིནམ་ལས། སེམས་ཙམ་པའི་ལྟ་གྲུབ་གསར་གཏོད་གནང་མཁན་འཕགས་པ་ཐོགས་མེད་དང་། སློབ་དཔོན་གཉིག་གཉེན། ལོ་ཙ་བ་འཚོ་བྱེད་གཞོན་ནུ༼ཀུ་མཱར་ཇི་བ།༽ལ་སོགས་པའི་མཁས་པ་ལེ་ཤ་ཐོན་དོ་ཡོདཔ་ཨིན་རུང་། དུས་རབས་ལྔ་པའི་སྦུག་མཚམས་གཅིག་ལས་ མི་ཧིར་ཀུ་ལ་ཟེར་བའི་རྒྱལཔོ་གདུག་རྩུབ་ཅན་གཅིག་ཐོན་ཞིནམ་ལས་ རྒྱ་གར་ནུབ་བྱང་གི་ནང་པའི་དགོན་སྡེ་ཕལ་ཆེར་གཏོར་ཞིག་བཏངམ་ལས་བརྟེན་ཏེ་ གཡུས་དེ་ཚུ་ནང་སངས་རྒྱས་ཀྱི་བསྟན་པ་ཉམས་སོང་ནུག
དེ་ལས་དུས་རབས་དྲུག་པར་རྒྱ་གར་དབུས་ལུ་ཡ་ཤོ་དྷརྨན་དང་། མ་ཨེ་ཏོ་ར་ཟེར་བའི་རྒྱལ་རབས་དང་། རྒྱ་གར་ལྷོ་ཕྱོགས་ལུ་ ཆཱ་ལུ་ཀྱ་དང་། ཀཉྕི་ཟེར་བའི་རྒྱལ་རབས་འགོ་བཙུགས་ཡོད་རུང་། རྒྱལ་ཁབ་གོང་བུ་གཅིག་སྒྲིལ་མ་བྱུང་བར་བསིལ་བུར་གནས་འདུག
ཧརྵ་རྒྱལ་པོའི་དུས་སྐབས།
དེ་ལས་དུས་རབས་བདུན་འགོ་བསྟོད་ལུ་ཧརྵའི་རྒྱལ་པོ་པྲ་བྷ་ཀ་ར་ཝརྡྷ་ན་( ?-605) ཟེར་མི་འདི་བྱུང་། རྒྱལ་པོ་འདིའི་རྒྱལ་ས་དིལླིའི་བྱང་ཕྱོགས་ཐཱ་ནེ་ཤྭ་ར་ཟེར་ས་ཨིན་རུང་། དེ་གི་སྲས་ཧརྵ་དེ་བ་(Harsha Deva 606-646 C.E)གི་སྐབས་ལུ་རྒྱ་གར་དབུས་ཡོངས་རྫོགས་མངའ་འོག་བསྡུས་ཏེ་རྒྱལ་ས་ཀནྱ་ཀུབྗ་ཟེར་སར་མཛད། དེ་གི་རིག་གནས་ཡར་རྒྱས་སྦས་པའི་རྒྱལ་རབས་དང་འདྲ་བ་བྱུང་བ་བྱུང་། རྒྱལ་པོ་ཁོ་རང་ཡང་ཆོས་དང་རིག་གནས་ལུ་མཁསཔ་ཅིག་འབད་ནི་དེ་གིས་ ཀླུ་ཀུན་ཏུ་དགའ་བའི་ཟློས་དང་། སངས་རྒྱས་ཀྱི་བསྟོད་པ་ལ་སོགས་པ་མཛད་ཡོདཔ་མ་ཚད། ནང་པའི་ཆོས་ཀྱི་སྦྱིན་བདག་མཛད་ཡང་མཛད་ནུག ད་
པཱ་ལའི་རྒྱལ་རབས། (730-
པཱ་ལའི་རྒྱལ་བརྒྱུད་དང་པ་ གོ་པཱལ་(703-740)དེ་ འགོ་ཐོག་དང་པ་ཤར་ཕྱོགས་བེངྒལ་གྱི་རྒྱལཔོ་གཅིག་ཨིན་རུང་། རིམ་གྱིས་མངའ་མཐང་དར་ཞིང་རྒྱས་ཏེ། རྒྱ་གར་དབུས་དང་། ལྷོ་ཕྱོགས་ཨོ་རི་ས་ཚུན་ཚོད་རྒྱ་བསྐྱེད་མཛད། སྲས་དྷརྨ་པཱ་ལ་དང་དེ་བ་པཱ་ལའི་སྐབས་སུ་རྒྱལ་ས་པཊ་ལུ་མཛད། དེ་ལས་པཱ་ལའི་རྒྱལ་བརྒྱུད་འདི་གི་རིང་ལུ་ བི་ཧར་ལུ་ མཛོད་ཀྱི་རི་རབ་གླིང་བཞིའི་བཀོད་པ་དང་འདྲ་བའི་ ཨོ་དནྟ་པུ་རིའི་གཙུག་ལག་ཁང་དང་། བི་ཀྲ་ཤཱི་ལའི་གཙུག་ལག་ཁང་། རྒྱ་གར་ཤར་ཕྱོགས་བེངྒལ་ལུ་ སོ་མ་པུ་རིའི་གཙུག་ལག་ཁང་། ཇ་གཏྟ་ལ་ཟེར་བའི་གཙུག་ལག་ཁང་བཞེངས་ཏེ་ནང་པའི་ཆོས་ཀྱི་རྒྱབ་སྐྱོར་མཛད་མི་ལས་བརྟེན་ཏེ། ས་གནས་གཞན་ཁར་ནང་ཆོས་ཉམས་ཆག་ཤོར་རུང་། བི་ཧར་དང་བེངྒལ་ཕྱོགས་ལུ་སངས་རྒྱས་བསྟན་པ་གནས་ཐུབ་བྱུང་བ་མ་ཟད། ཇོ་བོ་རྗེ་དང་། ཁ་ཆེ་པཎ་ཆེན་ཤཱ་ཀྱ་ཤྲི། གྲུབ་ཆེན་ཏིལླི་ན་རོ་ལ་སོགས་པའི་མཁས་གྲུབ་ཀྱི་སློབ་དཔོན་གྱ་ཁ་མེདཔ་ཅིག་བྱོན་ནུག
དེ་ལས་དུས་རབས་བཅུ་གཅིག་པར་ ཨོ་རི་སའི་སེ་ནའི་རྒྱལ་བརྒྱུད་ཀྱིས་ པཱ་ལའི་ས་གནས་མང་ཤོ་དབང་འོག་ལུ་བསྡུས་ཡོདཔ་ལས་བརྟེན་ཏེ། པཱ་ལའི་རྒྱལ་བརྒྱུད་ཉམས་ཆག་བྱུངམ་ལས་བརྟེན་ཏེ། ལོག་སྟེ་རང་རྒྱལ་བརྒྱུད་དེ་བེངྒལ་ཕྱོགས་ལུ་གནས་དགོཔ་བྱུང་ནུག

རྒྱ་གར་ལུ་སངས་རྒྱས་ཆོས་ནུབ་པའི་སྐབས།(1203 C.E)
དུས་རབས་དྲུག་པར་(624 C.E)ཨ་རབ་མཀྐའི་གཡུས་ཁར་ ཁ་ཆེའི་སྟོན་མཧཱ་མདྡ་གིས་ཨིས་ལམ་གྱི་ཆོས་ལུགས་འགོ་བཙུགས། དེ་ལས་ཨིས་ལམ་གྱི་ཆོས་དེ་རིམ་གྱིས་དར་ཤིང་རྒྱས་ཏེ་ དུས་རབས་དགུ་པའི་འགོ་བསྟོད་ལུ་རྒྱ་གར་ནུབ་བྱང་ཕྱོགས་ལུ་ལྷོད་ནུག ཆོས་དེ་ཞི་བའི་སྒོ་ལས་ཁྱབ་སྤེལ་བྱུང་བྱུངམ་མེན་པར་ གདོང་ཁར་ཕྱད་ཚེ་ཆོས་དེ་འབད་བཅུག་ ཉན་མ་བཏུབ་པ་ཅིན་ ཨོལ་ལྐོག་བཏོག་ཏེ་དྲག་པོའི་ཐོག་ལས་སྤེལ་དེ་འོང་དོ་ཡོདཔ་ཨིན་མས། དུས་འཁོར་ལས་ལྷོ་ནུབ་སྲིན་པོ་དང་ཀླ་ལོ་ཟེར་མི་འདི་ཡང་ཁོང་ཆ་ཁྱབ་ཨིན་མས།
ག་ལས་སྒོར་རུང་དུས་རབས་བཅུ་གཉིས་པའི་ནང་ལས་ ཁ་ཆེ་ཏུརྐི་ཤའི་དམག་གིས་ ན་ལནྜ་དང་བི་ཀྲ་མ་ཤཱི་ལ་ལ་སོགས་པའི་ནང་པའི་དགོན་སྡེ་ཡོངས་རྫོགས་བཤིག་སྟེ་ ཐལ་བར་བརླགསཔ་ལས་བརྟེན་ཏེ་ རབ་བྱུང་དགེ་སློང་དེ་ཚུ་ བོད་དང་། ནེ་པཱལ། བེངྒལ། ཤྲི་ལངྐ་ལ་སོགས་པའི་རྒྱལ་ཁབ་ཚུ་ནང་བྲོས་བྱོལ་འགྱོ་དགོཔ་ཐོན་ནུག
དུས་རབས་བཅུ་གསུམ་པའི་འགོ་བསྟོད་ལུ་ ཆག་ལོ་ཙ་བ་རྒྱ་གར་ནང་བྱོན་པའི་སྐབས་ལུ་ རབ་བྱུང་དགེ་སློང་དག་པ་རེ་ཡོད་རུང་། འདྲོག་བྱེལ་འཚེར་བྱེལ་འཐབ་སྟེ་གཡིབ་ཅི་རང་སྡོད་དགོ་པའི་དུས་ཚོད་ཅིག་ཨིནམ་སྦེ་གསུངས་ནུག
ཨིན་རུང་བསྟན་པ་རྩ་མེད་རང་མ་སོངམ་བཟུམ་ཅིག་འདུག ག་ཅི་སྦེ་ཟེར་བ་ཅིན། སངས་རྒྱས་སྦས་པའི་ལམ་ཡིག་ལུ་བརྟེན་ཏེ་དུས་རབས་བཅུ་དྲུག་པའི་ནང་ཡང་། བེངྒལ་དང་ཨོ་རི་ས་གཉིས་ནང་། དགེ་འདུན་གྱི་སྡེ་ཆུང་ཀུ་ཅིག་ཡོདཔ་སྦེ་བཤད་ནི་འདུག
དགེ་འདུན་གྱི་སྡེ་ཡོད་རུང་མེད་རུང་། ནང་ཆོས་ཉམས་ལེན་འབད་མི་ཁྱིམ་པ་མི་སེར་དེ་ཚུ་ཡོདཔ་ལས་བརྟེན་ཏེ་ ནང་ཆོས་རྩ་བ་ལས་རང་ཉམས་སོང་ནུག་ཟེར་སླབ་མ་ཚུགསཔ་ཅིག་ཨིན།




[1]Shandilal Shah: The traditional Chronology of the Jainas and and Outline of the Political Development of India from Ajatasatru to Kaniska. Inaugural-Dissertation. Wurzburg, 1934
[2]ཁང་དཀར་སྐལ་བཟང་ཚུལ་ཁྲིམས། དེབ་སྔོན་གསར་མ། ཤོག་གྲངས། ༡༥༢རྒྱ་པཱན་གངས་ལྗོངས་ནང་རིགས་མཐུན་ཚོགས་དཔར་སྐྲུན། ༢༠༠༧ཡང་ཨ་ཤོ་ཀའི་རྣམ་ཐར།
[3]ཁང་དཀར་སྐལ་བཟང་ཚུལ་ཁྲིམས། དེབ་སྔོན་གསར་མ། ཤོག་གྲངས།   ༡༥༩  རྒྱ་པཱན་གངས་ལྗོངས་ནང་རིགས་མཐུན་ཚོགས་དཔར་སྐྲུན། ༢༠༠༧ཡང་ཨ་ཤོ་ཀའི་རྣམ་ཐར།

No comments: