Wednesday, December 31, 2014

རང་ལུགས་འབྲུག་པའི་ལོ་གསར།

རང་ལུགས་འབྲུག་པའི་ལོ་གསར།
རང་ལུགས་འབྲུག་པའི་ལོ་གསར་གྱི་སྐོར་མདོར་བསྡུས་ཙམ་ཞིག་ཞུ་ན། དེ་ཡང་འབྲུག་ཡུལ་འདིར་ལོ་གསར་བརྩི་སྲོལ་མི་འདྲ་བ་ཁག་བདུན་ཙམ་འདུག་ལ། དེ་ཡང་དང་པ་འདི་སྤ་གྲོ་རྫོང་ཁག་ནང་གི་བྱག་འོག་སྐར་མ་ཉ་རུབ་ཀྱི་ལོ་གསར། གཉིས་པ་ཧཱ་དང་སྤ་གྲོ་ཆུ་ཁ་རྫོང་ཁག་རྣམས་ཀྱི་ལོ་འབག གསུམ་པ་འདི་དབང་འདུས། དར་དཀར། སྤུངས་ན་ཁ། ཐིམ་ཕུ་རྫོང་ཁག་རྣམས་ཀྱི་ཉི་ལོག་གི་ལོ་གསར། བཞི་པ་འདི་ཤར་ཕྱོགས་པའི་བཅུ་གཉིས་པའི་ལོ་གསར། ལྔ་པ་འདི་སྤྱི་ཡོངས་ཀྱི་ཟླ་བ་དང་པའི་ལོ་གསར། དྲུག་པ་འདི་སྐར་རྩིས་ལུགས་ཀྱི་ཟླ་བ་གསུམ་པའི་ལོ་གསར། བདུན་པ་འདི་ལྷོ་མཚམས་ཁག་གི་ད་ཤེ་རའི་ལོ་གསར་དང་བདུན་ནོ།

༡ ལོ་གསར་གྱི་ནང་ནས་དང་ཤོས་ནི། བྱག་འོག་སྐར་མ་ཉ་རུབ་ཀྱི་ལོ་གསར་བརྩི་སྲོལ་འདི་ཡིན་ལ། འདིའི་སྐར་མ་ཉ་རུབ་ཀྱི་དོན་ནི། སྐར་མ་ཞེས་པ་སྐར་མ་སྨིན་དྲུག་དང་། ཉ་ཞེས་པ་ཚེས་པ་བཅོ་ལྔའི་ཟླ་བ། རུབ་ཅེས་པ་མཉམ་དུ་འཛོམས་པའི་དོན་ཡིན། དེ་ཡང་ཟླ་བ་བཅུ་པའི་ཚེས་པ་བཅོ་ལྔའི་མཚན་མོ་སྐར་མ་སྨིན་དྲུག་དང་ཟླ་བ་གཉིས་མཉམ་དུ་འཛོམས་པས་དེའི་ཉིན་མོ་ནས་ལོ་གསར་བརྩི་བ་ཡིན། ཡིན་ན་ཡང་དོན་ངོ་མ་ནི་དམ་ཆོས་འདུལ་བ་དང་། རྒྱ་གར་གྱི་ལུགས་ལྟར་ཟླ་བ་བཅུ་པའི་ཚེས་པ་བཅོ་ལྔ་དེ་ནས་ལོ་རྫོགས་པ་དང་། དེའི་ཕྱིས་ཉིན་ཚེས་པ་བཅུ་དྲུག་སྟེ། སྨིན་དྲུག་ཟླ་བའི་མར་ངོའི་ཚེས་པ་གཅིག་ནས་ལོ་འགོ་བཙུགས་པ་ཡིན་པས་དེའི་ཤུགས་རྐྱེན་གྱིས་སྐར་མ་ཉ་རུབ་ཀྱི་ལོ་གསར་འདི་བྱུང་བ་ཡིན།

༢ དེའི་རྗེས་ནས་ཧས་དང་སྤ་གྲོ་ཆུ་ཁ་རྫོང་ཁག་ནང་གི་ལོ་འབག་གི་ལོ་གསར་འདི་ཡིན། དེ་ཡང་ཟླ་བ་བཅུ་པའི་ཉེར་དགུ་ལ་བརྩི་བ་ཡིན་ཀྱང་། དོན་ངོ་མ་ནི་ཟླ་བ་བཅུ་གཅིག་པའི་ཚེས་པ་གཅིག་ནས་འབྱུང་རྩིས་ཀྱི་ལོ་འགོ་བཙུགས་པ་ཡིན་པས། ལོ་འབག་དངོས་གཞི་དེ་ཚེས་པ་གཅིག་ནས་ཡིན་དགོས། ཉེར་དགུ་ལ་རྟེན་འབྲེལ་བྱེད་དགོས་དོན་ནི། ཉེར་དགུའི་མཚན་མོར་གླུད་གཏོང་ནས་ཕྱི་ནང་གི་རྐྱེན་ངན་བཟློག གནམ་གང་ལ་ཕྱག་དང་མཆོད་འབུལ་བྱས་སྟེ་འབྱུང་འགྱུར་གྱི་ལོ་གསར་དེ་ནང་བཀྲ་ཤིས་ཕུན་ཚོགས་འོང་བའི་སྨོན་ལམ་འདེབས་པའི་ཚུལ་ཞིག་ཡིན།

༣ དེ་རྗེས་ཤར་དང་ཝང་གི་ཉི་ལོག་གི་ལོ་གསར་འདི་ཡིན། དེ་ཡང་ལོ་གཅིག་ནང་དབྱར་གྱི་ཟླ་བ་ལྔ་པའི་ཉི་མ་བྱང་ནས་ལྷོར་ལོག་པ་དང་། དགུན་གྱི་ཟླ་བ་བཅུ་གཅིག་པའི་ནང་ཉི་མ་ལྷོ་ནས་བྱང་དུ་ལོག་པའི་དུས་གཉིས་ལས། དགུན་གྱི་ཉི་ལོག་དེ་ལ་ལོ་གསར་བརྩི་སྲོལ་རྒྱལ་ཁབ་མང་པོའི་ནང་ལ་ཡོད། ལྷག་པར་དུ་རྒྱ་གར་གྱི་ཁ་སྐད་དུ་ཉི་མ་དེ་ལ། མ་ཀར་སཾ་ཀ་རནྟི་ཞེས་པ་སྟེ། དེ་ཡང་མ་ཀར་ཞེས་པ་ཆུ་སྲིན་གྱི་ཁྱིམ། སཾ་ཀ་རནྟི་ཞེས་པ་ཞུགས་པའི་དོན་སྟེ། ཉི་མ་གཞུ་ཁྱིམ་ནས་ཆུ་སྲིན་གྱི་ཁྱིམ་དུ་འཕོ་བ་དེའི་ཚེ་ཉི་ལོག་གི་ལོ་གསར་བརྩི་བ་ཡིན། འོན་ཀྱང་རྩིས་གཞུང་མི་འདྲ་བའི་དབང་གིས། འབྲུག་པའི་ཉི་ལོག་ལས་རྒྱ་གར་གྱི་ཉི་ལོག་ཉིན་གྲངས་ཉི་ཤུ་རྩ་བཞི་ཙམ་ཞིག་ཕྱིས་པ་ཡིན།

༤ དེ་ནས་ཤར་ཕྱོགས་པའི་ལོ་གསར་འདི་ཡིན། དེ་ཡང་དགོངས་འདུས་ཀྱི་ལོ་འགོ་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་ཡིན་པ་དང་། ལྷག་པར་དུ་སྔ་མོ་འབྲུག་གི་སྡེ་སྲིད་ཁྲི་རབས་དེ་དག་བཞུགས་པའི་སྐབས་སུ་ཤར་ཕྱོགས་འཁོར་ལོ་རྩིབ་བརྒྱད་ཀྱི་ལོ་གསར་གྱི་འབུལ་བ་རྣམས་ཟླ་བ་བཅུ་གཅིག་པའི་གནམ་གང་ཉིན་མོར་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དུ་འབྱོར་དགོས་པ་དང་། བཅུ་གཉིས་པའི་ཚེས་གཅིག་ཉིན་མོར་གཞུང་ཞབས་ནས་ཁོང་རྣམས་ལ་གསོལ་སྟོན་གནང་སྲོལ་ཡོད་པ་དེ་ལ་བརྟེན་ནས་ཤར་ཕྱོགས་པའི་ལོ་གསར་འདི་བྱུང་བ་ཡིན།

༥ དེ་ནས་ཟླ་བ་དང་པོའི་ལོ་གསར་ནི། དོན་ངོ་མ་རྒྱ་ནག་འབྱུང་རྩིས་ཀྱི་ལོ་འགོ་བརྩི་སྲོལ་མི་འདྲ་བ་ཞིག་ཡིན། དེ་ཡང་འབྱུང་རྩིས་ཀྱི་ལོ་འགོ་ངོ་མ་དཔྱིད་ཟླ་ར་བ་ཞེས་པ་དེ་ཡིན་ཀྱང་། དཔྱིད་ཟླ་ར་བ་དེ་ངོས་འཛིན་མཛད་པའི་ཚེ། ཐོག་མར་ཟླ་བ་བཅུ་གཅིག་པ་ལ་ངོས་འཛིན་མཛད་པ་དང་། དེ་ནས་སྐབས་ཞིག་ཟླ་བ་བཅུ་གཉིས་པ། དེ་ནས་ཟླ་བ་དང་པོ་ལ་ངོས་འཛིན་མཛད་པའི་སྐབས་ཞིག་བྱུང་ཡོད་པ་དང་། སླར་ཡང་ཟླ་བ་བཅུ་གཅིག་པ་ལ་ངོས་འཛིན་བྱས་ནས་ད་ལྟ་ཡོངས་གྲགས་ལ་འབྱུང་རྩིས་ཀྱི་ལོ་འགོ་ཟླ་བ་བཅུ་གཅིག་པ་འདི་བྱུང་བ་ཡིན་ལ། འོན་ཀྱང་ཧོར་མོང་ག་ལི་ཡ་རྒྱལ་པོས་བོད་ལ་བཙན་འཛུལ་བྱས་ཤིང་། རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་དང་འབྲེལ་ཏེ་ལོ་གསར་དགའ་སྟོན་མཛད་པའི་ཚེ། རྒྱ་ནག་ནས་ཧོར་ལ་དར་བའི་འབྱུང་རྩིས་ལུགས་ཀྱི་དཔྱིད་ཟླ་ར་བའི་ལོ་འགོ་ཡིན་པ་དང་། བོད་ལུགས་ཀྱི་ཟླ་བ་དང་པོ་ཡིན་པས་དེ་ནས་བཟུང་སྟེ། ཟླ་བ་དང་པོའི་ལོ་གསར་བརྩི་སྲོལ་འདི་བྱུང་བ་ཡིན་འདུག་གོ།

༦ ཐ་མ་ནི་སྐར་རྩིས་ལུགས་ཀྱི་ལོ་གསར་འདི་ཡིན་ལ། དེ་ཡང་གཟའ་རྣམས་སྟོང་ཞུགས་ཀྱི་ལོའི་ཐ་མར་ཟླ་བ་གཉིས་པའི་གནམ་གང་གི་མཚན་མོར། གཟའ་བདུན་སྒྲ་གཅན་དང་བཅས་པ་བརྒྱད་པོ། སྐར་ཁྱིམ་བཅུ་གཉིས་སམ་རྒྱུ་སྐར་ཉི་ཤུ་རྩ་བདུན་ཆ་ཚང་འཁོར་བའི་ཐ་མར་དྲང་ཐིག་གཅིག་ལ་གནས་པ་དང་། ནག་ཟླ་ཡར་ངོའི་ཚེས་གཅིག་ནམ་ལངས་ཀྱི་སྐབས་སུ་གཟའ་བརྒྱད་པོ་དེ་དག་སྐར་ཁྱིམ་ལུག་དང་། རྒྱུ་སྐར་ཐ་སྐར་ནས་རང་བགྲོད་ཀྱི་འགོ་རྩོམ་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ལོ་འགོར་བཞག་པའི་ལུགས་འདི་བྱུང་བ་ཡིན་ནོ།།



1 comment:

Yoenten Phuntsho said...

ང་བཅས་འབྲུག་ལུ་ ལོ་གསར་བརྩི་སྲོལ་ལེགས་ཤ་ཡོད་པའི་སྐོར་ ཞིབ་འཚོལ་གནང་འདུག་ དེ་འབདཝ་ལས་ སྤྱིར་བཏང་རྩིས་ཀྱི་ལུགས་ལ་ འབྲུག་པའི་ལོ་གསརཔ་འདི་ ག་ལུ་ཆ་བཞག་ནི་ཨིན་ན་མ་ཤེས་ལགས་ འབྲུག་པའི་ཟླ་ཐོག་ནང་ལས་ ལོ་གསརཔ་འདི་ ག་འདི་ངེས་པར་བརྩི་དགོཔ་ཨིན་ན་ལགས།