Monday, February 15, 2016

འཕྲོད་བསྟེན་བསླབ་བྱ།

དུས་རབས་ཉེར་གཅིག་འདི་ན་ལུ། །བཟའ་འཐུང་བཅོས་མའི་ཟས་ལུ་སྤྱོད། །མཐའ་འཁོར་འཕྲུལ་ཆས་གངམ་ལས་བརྟེན། །ཚེ་རིང་ནད་མེད་བཞུགས་པར་དཀའ།། ཨིན་རུང་ཕན་པའི་བསམ་པ་གཅིག །སེམས་ཀྱི་གདིང་ལས་བསྐྱེད་དེ་གིས། །མ་འོངས་ན་གཞོན་འདི་ཚུ་ལུ། །ཕན་པའི་བསླབ་བྱ་ཞུ་ནི་ཨིན།།
༈ ཟས་ལུ་ཞུ་ནི་དཀའ་བ་དང་། །ཞུ་ནི་འཇམ་པའི་ཟས་རིགས་གཉིས། །དཀའ་བ་ཤ་སྒོང་ཨོམ་དང་ཧུམ། །བུ་རམ་མའི་ད་ཆུམ་དང་ཚྭ། །འདི་ཚུ་ཞུ་ནི་དཀའ་བ་དང་། །ཞུར་བའི་ཤུལ་ལུ་སྐྱུར་དུག་འཕེལ།། ་(uric acid, phosphoric acid, copper acid) སྐྱུར་རིགས་ཤ་དང་རུས་ལ་ཐིམ། །རུས་གསོབ་འབྱུང་བའི་རྒྱུ་འདི་ཨིན། །ཨ་མི་རི་ཀའི་མི་འདི་ཚུ། །ཞུ་དཀའི་ཟས་ལུ་དགཝ་ལས་བརྟེན། །ལོ་ངོ་དྲུག་ཅུ་ཙམ་གཅིག་ལས། །རུ་ཏོག་ཉམས་པའི་ནད་འདི་ཐོབ། །ཨཕ་རི་ཀ་ཡི་ཉམ་ཐག་ཚུ། །འདི་ཚུ་སྤྱོད་ནི་མེདཔ་ལས་བརྟེན། །ཨ་ལོ་བཅུ་ཡི་ཨ་མ་ཡང་། །རུ་ཏོག་སྒྲིང་སྒྲིང་སྡོད་ནུག་ལོ།། སྐྱུར་རིགས་བསལ་བའི་ལཱ་འགན་འདི། །མཁལ་རྡོག་འདི་ལུ་ཕོགཔ་ལས་བརྟེན། །ལོ་ན་ཆུང་ཀུའི་སྒང་ལས་རང་། །མཁལ་རྡོག་ཉམས་པའི་རྒྱུ་འདི་ཨིན།།

འབྲུ་རིགས་སྔོ་ཚོད་ཤིང་འབྲས་ཚུ། །ཞུ་ནི་འཇམ་པའི་ཟས་རིགས་ཨིན། །འདི་དང་རང་བཞིན་མཐུནམ་ལས་བརྟེན། །གནོད་པ་མེད་ལ་ཕན་པ་ཆེ། །འདི་ཡང་གཡུས་གོ་འདི་ནང་སྐྱེས། །དུས་ཚོད་འདི་ལུ་སྐྱེཝ་མ་ཚད། །གྱངས་ཁ་འབོར་ཆེན་སྐྱེས་མི་ཚུ། །ཕན་པའི་ནང་ལས་ཕན་ཤོས་ཨིན། །དུས་ཚོད་གཞན་ནང་སྐྱེས་ཏེ་གིས། །གཡུས་གོ་གཞན་ལས་འོང་མི་ཚུ། །དུས་དང་གནས་གཉིས་མ་མཐུནམ་ལས། །ཕན་པ་སྦོམ་གཅིག་མི་འབྱུང་མས།།
ཞུ་བར་དཀའ་བའི་ཟས་རིགས་ལས། །ཤ་དང་སྒོང་རྡོག་ཨོམ་དང་གསུམ། །གནོད་པ་ལེ་ཤ་ཡོདཔ་ལས་བརྟེན། །མདོར་བསྡུས་ཙམ་ཅིག་ཞུ་བ་ཅིན།།
མི་གིས་ཤ་ཟ་མ་བཏུབ་པའི། །རྒྱུ་མཚན་རྣམ་པ་དྲུག་སྦེ་འདུག། ༡སོ་དང་༢སེན་མོར་རྣོ་ངར་མེད། ༣སོ་ལུ་རིང་མཐུང་མེད་པར་མཉམ།། ༤རྨུར་ཏེ་ལྐོད་མར་གཏང་ན་ཡང་།། འཕོ་བའི་ཞུར་རྩི་མཁྲིས་ཁུ་ཉུང་། །དེ་ལས་བརྟེན་ཏེ་ཞུ་ཐབས་ལུ།། ༦རྒྱུ་མ་འདོམ་པ་དྲུག་ཙམ་འདུག ཤ་ཟའི་རིགས་ཀྱི་གཅན་གཟན་ལུ། །རྒྱུ་མཚན་དྲུག་པོ་ལྡོག་སྟེ་འདུག།
༈ ཟ་ནིའི་ཤ་ལུ་བལྟ་རུང་རང་། །ཕན་པ་ལས་ཀྱང་གནོད་པ་མང་། །ཤ་ཡི་དོན་ལུ་གསོ་བའི་ཚེ། །ཤ་ཁྲག་འཕེལ་བའི་སྨན་རྫས་དང་། །ནད་རིམས་སྔོན་འགོག་སྨན་རྫས་ཀྱིས། །ཟླཝ་དགུར་ལུས་ཚད་རྫོགས་པའི་བྱ། །ཟླ་ངོ་གཅིག་ནང་ལུས་ཚད་ལོངས། །ཕར་ཚུར་འཐབ་འཛིང་འབདཝ་མས་ཟེར། །གླེན་པའི་སྨན་དང་མཆུ་ཏོག་བཏོག །ཞག་གྲངས་བཞི་བཅུ་བརྒལ་བའི་ཚེ། །བསད་དེ་ཤ་སྦེ་ཁྲོམ་ཁར་ལྷོད། །གལ་སྲིད་མ་བསད་བཞག་པ་ཅིན། །ཟླ་ངོ་གཉིས་ནང་ཆུ་འབུར་ཐོན། །ཟླ་ངོ་གསུམ་ནང་གཟུགས་ཁ་ལས། །བརྣག་ཁྲག་འབྱུང་ཟེར་གསུངས་ཏེ་འདུག ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི། །སེམས་ཅན་གསོ་ཁང་ནང་ན་ལས། །ཐོན་པའི་ཤ་རིགས་ག་ཨིན་རུང་། །སྨན་དུག་ཡོདཔ་འདི་ཅོག་རང་ཐད། །ད་རུང་ཀྲིང་དང་གྱིབ་ཤོག་ནང་། །བསྡམས་པའི་ཞིམ་ཟས་ཤ་ནང་ལུ། །བྲོ་བ་ཐོན་པའི་སྨན་རྫས་དང་། །རུལ་ནི་བཀག་པའི་སྨན་གྱིས་གང་། །མིང་ལུ་སྨན་རྫས་ཟེར་རུང་རང་། །དོན་ལུ་དུག་སྦེ་འགྱུར་མི་ཚུ། །རང་གི་ཁོག་པར་བསགས་པའི་ཚེ། །གྲུབ་འབྲས་ཚེ་ལུ་བར་ཆད་ཙམ།། ང་བཅས་འབྲུག་པའི་གཡུས་ཁ་ཡང་། །བཙོག་ཤོས་ཕགཔ་དང་བྱའི་ལྟོ། །ཕག་པའི་ཨ་བ་ཉ་ལུ་བྱིན། །ཉ་ཡི་སྦྱིན་བདག་དཔའ་བསྐྱེད་བསྐྱེད།། སྔོ་རྩྭ་ཟ་བའི་གཡག་ནོར་ཤ །བཙོག་དང་སྨན་དུག་མེད་ན་ཡང་། །ཚིལ་ལུ་འཕེལ་ཏེ་ཁྲག་རྩ་འགག །གཤིན་རྗེའི་བརྡ་འཕྲིན་ཕྲལ་ཕྲལ་འོང་།།
༈ སྒོང་རྡོག་འཕྲུལ་ནང་བཙུགས་ཏེ་གིས། །བྱིའུ་ཅུ་ཁྲི་ཕྲག་ཐོན་པའི་ཚེ། །བྱ་པོད་བསྒྲལ་ཏེ་ཅི་ཀན་སུབ། །བྱམོ་ལུ་སྒོང་འཕེལ་སྨན་གྱིས་གསོ། །བྱ་ལུ་ཡོད་པའི་སྨན་དུག་བཅུད། །སྒོང་རྡོག་ལུ་ཡང་ཡོདཔ་མ་ཚད། །དེ་གིས་མཁྲིས་ཞག་འཕེལ་ཏེ་གིས། །སྙིང་དང་ཀླད་པ་གཉིས་ལུ་གནོད།།
༈ ཨོམ་གྱི་བཟོ་གྲྭ་ཁང་ཚུ་ནང་། །མ་ཤི་གསོན་པོའི་སྡུག་བསྔལ་འདུག །བོའུ་ཅུ་ཚར་བའི་ཉིནམ་དེ་ལས། །བོའུ་ཅུ་ཨ་མ་མཐོང་སར་མེད། །གླང་ཅུ་ཚར་ན་ཤ་ནོར་གཏང་། །བ་ཐམ་བདག་འཛིན་འབད་མི་འདི། །འཁྱམ་ས་ཟ་སའི་གནས་མེད་པར། །ཚེ་གང་ནོར་ཁྱིམ་གཅིག་ནང་ལུས། །སྨན་དང་ཟས་ཀྱིས་གསོ་བའི་ཚེ། །སྒ་བར་གཞོས་ཀྱིས་མ་གཤོང་རུ། །འཕྲུལ་གྱིས་གཞོས་ཚེ་ཏིགཔ་གཅིག་ཡང་། །བཞག་ནི་མེད་པར་ཤ་རུས་སྐམ། །རང་དབང་ཅན་གྱི་བོའུ་ཅུ་ལུ། །ཨོམ་གྱི་དྲིམ་ཡང་མ་རེག་པར། །འདོད་རྔམ་ཅན་གྱི་སྦྱིན་བདག་གིས། །ཡོད་ཚད་གཞོས་ཏེ་ཁྲོམ་ཁར་བཙོང་། །ཨོམ་འཕེལ་སྨན་རྫས་ཟ་མི་གི། །ཤ་དེ་རྒོད་ཀྱིས་ཟ་བའི་ཚེ། །བྱ་རྒོད་རིགས་བརྒྱུད་ཆད་པའི་གཏམ། །ནུབ་ཕྱོགས་རྒྱལ་ཁབ་གཅིག་ནང་བྱུང་། །བུ་ལུ་ཕན་ཤོས་ཨ་མའི་ཨོམ། །ཨིན་རུ་ཉོ་སྟེ་བྱིན་མི་འདི། །ཟས་བཅུད་ཚད་ལས་བརྒལ་བ་དང་། །ཞུ་མ་ཚུགས་པའི་དཀའ་ངལ་ཡོད། །ཧེ་མ་ལོ་ངོ་བཅུ་གསུམ་ལས། །ཟླ་མཚན་འབབ་དོ་ཡོདཔ་ཨིན་རུང་། །དེང་སངས་ཁྲོམ་གྱི་བུམོ་འདི་ཚུ། །ལོ་ངོ་བརྒྱད་ལས་འབབ་མས་ལོ། ནམ་ཟླ་བྱཱར་གྱི་སྤང་རྩ་ཚུ། །མགྱོགས་པར་སྐྱེ་སྟེ་མགྱོགས་པར་སྐམ། །ཁྲོམ་གྱི་བ་ཨོམ་འཐུང་མི་ཡང་། །མགྱོགས་པར་སྦོམ་རུང་དགའ་དགོཔ་མེད།།
བྱ་སྟབས་བདེ་བའི་མགྱོགས་ཐུག་ནང་།།(instant noodles)  །གཟུགས་ལུ་གནོད་པའི་དུག་རྫས་འདུག །གྲོ་ཕྱེ་ཧུམ་ནང་བརྔོ་བའི་དུག །མི་རུལ་སྙོམས་པའི་དུག་དང་གཉིས།།(stabilizers) བྲོ་བ་སྟོན་པའི་སྨན་རྫས་གསུམ། །སྣོད་ཆས་འགྱིག་གི་ཕོརཔ་དང་བཞི། །མགྱོགས་ཐུག་གནས་ལུགས་བདེན་བཞི་འདི། །ཚང་ན་མི་ཚེ་ཤོཊ་ཀཊ་མས།། བྱི་ཙི་གཅིག་ལུ་ཁ་ཟས་གཞན། །མེད་པར་མགྱོགས་ཐུག་འདི་བྱིན་ན། །ཞག་གྲངས་ཉི་ཤུ་རྩ་གཅིག་ནང་། །ཤི་ནི་ཐེ་ཚོམ་མིན་འདུག་ལོ།།
ལྕགས་ཀྲིན་ཤེལ་དམ་ཟས་ནང་ལུ། །རུལ་ནི་བཀག་པའི་སྨན་རྫས་འདུག། དེ་ཚུ་ཟ་སྟེ་ཤི་བའི་རོ། །ལོ་བདུན་སོང་རུ་མི་རུལ་ལོ།།
མངར་ཆུ་ཀོག་ལ་སོགས་པ་གིས། །ལུས་ཀྱི་འཚོ་བཅུད་ཁ་པ་དང་།། (vitamins B1, 2, 6, 12)  རུ་ཏོག་སྲ་བའི་བཅུད་(calcium) གཉིས་བཅོམ། །ཆབ་གསང་བསྡུས་པའི་ན་ཚ་འབྱུང་།།
༈ ཧུམ་ནང་བརྔོ་བའི་ཟས་རིགས་ཀྱིས། །གློཝ་ལུ་གནོད་པ་ལེ་ཤ་འདུག །ཧུམ་འདི་བཀོལ་ཏེ་དྲོད་འཕར་ཚེ། །འདི་གིས་ཟས་ཀྱི་བྲོ་བ་འགྱུར། །འདི་བཟུམ་ཟས་རིགས་ཟ་བའི་ཚེ། །སྲོག་རླུང་འདྲེས་ཏེ་གློ་བར་གནོད། །ཡང་ཡང་བཀོལ་བའི་ཧུམ་ཚུ་གིས། །གནོད་པ་ལྡབ་འགྱུར་འཕེལཝ་མས་ལོ།།
༈ ཞིང་སྨན་བཏབ་པའི་ཐོན་སྐྱེད་ཚུ། །ཕྱི་ལས་བལྟ་ཚེ་ལེགས་རུང་རང་། །ནང་ན་སྨན་དུག་གངམ་ལས་བརྟེན། །འཕྲོད་པའི་ཟས་གཅིག་མེན་པས་ས། །དམག་ཆེན་གཉིས་པའི་གེགས་རྫས་ལྷག །ཞིང་སྨན་བཟོ་སྟེ་བླུགས་མི་དང་། །སྨན་ནང་ཡོད་པའི་ཟས་སྐྱུར་ཚྭ།།(nitric acid salt)  །ཁོག་པར་འཛུལ་ནང་གནོད་པ་ཆེ།།
༈ ཁྲོམ་གྱི་ཆུ་མཛོད་ནང་ན་ལུ། །འབུ་སྲིན་གསོད་པའི་སྨན་རྫས་བླུགས། །སྨན་དང་འབུ་རོ་བསྡོམས་དང་ལུ། །གནོད་པ་ཅན་གྱི་ཆུ་(chloroform) ལུ་འགྱུར།།
ཟ་ཁང་ཚུ་དང་མགྱོགས་ཐུག་གྱི། །ཟས་རིགས་ཚུ་ནང་བླུགས་མི་གི། །བྲོ་བ་སྟོན་པའི་སྨན་རྫས་འདི།།(Wiching, monosodium glutamate) ནད་ཀྱི་འབྱུང་ཁུངས་གཅིག་འདི་ཨིན། །རང་སེམས་མི་བརྟན་སྣ་ཚོགས་དྲན། །ལུས་ཐང་ཆད་དེ་མགོ་ཡོམ་འཁོར། །མགོ་བོའི་སྐྱ་བུད་ཁྲག་ཤུགས་འཕེལ། །ནད་རིགས་གཞན་གྱི་སྒོ་ཡང་ཕྱེ།།
༈ ན་གཞོན་དགའ་བའི་ཏམ་ཁུ་འདི། །རང་སྲོག་གཅོད་པའི་སྟ་རེས་ཨིན། །ཏམ་ཁུ་ཕུད་རྡོག་གཅིག་འཐུང་རུང་། །ཚེ་ཚད་སྐར་མ་བཅུ་གཅིག་ཟད། །ལེ་ཤ་འཐུང་ན་གློ་ནད་ཟིན། །མི་ཚེ་ཕྱེད་ལས་ཐུབ་པར་དཀའ། །གཞན་གྱིས་འཐུང་བའི་དུ་པ་ཡང་། །སྦྲུམ་མའི་ཁོག་པར་འགྱོ་བ་ཅིན། །ཨ་ལུ་ཤོར་བའི་ཉེན་ཁ་དང་། །ཟླ་བ་མ་ཚང་གོང་ལས་སྐྱེས།།
༈ ནུས་ཤུགས་སྦོམ་སྦེ་ཡོད་མི་གི། །གློག་གི་ཀ་བའི་ཉེ་འགྲམ་དང་། །འགྲུལ་འཕྲིན་མུ་སྦའིལ་ཀ་བ་སོགས། །རློགས་རླབས་རྒྱུན་ཆད་མེད་ས་ལུ། །སྡོད་ས་འཁྱམ་ས་ཉལ་ས་སྦེ། །འབད་ནི་རྩ་ལས་མི་བཏུབ་པས། །དེ་གིས་ཁྲག་དཀར་སྐམ་ནི་དང་། །སེམས་བརྒྱུད་མི་བརྟན་ན་ཚ་འབྱུང་།།
༈ ཁྱིམ་ནང་མཁོ་བའི་འཐབ་ཆས་དང་། །ཡིག་ཚང་ནང་གི་གློག་ཆས་རིགས། །གློག་རྒྱུན་ཡོད་མི་ག་ར་ལུ། །དྲི་མེད་མདོག་མེད་གློག་རླབས་ཡོད།།(radiation)རླབས་དེ་ཐོགས་ནི་མེད་པར་སྦེ། །ཁོག་པར་བརྒྱུད་དེ་འགྱོ་བའི་ཚེ། །རང་གི་དབང་པོ་དོན་སྣོད་ལུ། །གནོད་པ་སྦོམ་སྦེ་ཡོད་ཟེར་གསུངས།།
༈ ལག་ཐོག་འགྲུལ་འཕྲིན་མུ་སྦའིལ་གྱི། །རླབས་འདིའང་ལུས་ལུ་གནོད་ཚབ་ཆེ། །ལུས་དུབ་དྲན་པ་མི་གསལ་དང་། །འགོ་འཐོམ་ཀླད་པའི་རྩ་ལུ་གནོད། །སྐེད་པ་གཡས་ལ་བཏགས་ན་ནི། །ཁྲག་གི་མ་ལག་མཆིན་པར་གནོད། །གཡོན་ལ་བཏགས་ན་མཆེར་པ་དང་། །རྒྱབ་ལ་བཏགས་ན་མཁལ་མར་གནོད།། ལྷག་པར་དགའ་མཐུན་མཉམ་རོགས་ཚུ། །འགྲུལ་འཕྲིན་རྣ་བར་དཔག་དེ་གིས། །ཆུ་ཚོད་གཉིས་གསུམ་སྡོད་པའི་ཚེ། །རླབས་ཀྱིས་ཀླད་པའི་རྦ་ཀློང་འཁྲུགས།།

༈ ཚ་དྲོད་ཕབས་པའི་བསིལ་རླུང་དང་། །གྲང་ངར་འཇོམས་པའི་དྲོད་རླུང་གིས། །མི་ལུ་མཁོ་བའི་རླུང་རིགས་གཅིག །ཕབས་ཏེ་བཏངམ་ལས་གནོད་པ་ཡོད། །རྐང་པ་ན་ཞིང་སྟོབས་ཤུགས་ཉམས། །ལུས་དུབ་འགོ་ཐོམ་གཉིད་ཡང་ཡལ། །ཁྲག་ཤུགས་མཐོ་ཞིང་སྙིང་རྩ་འཕར། །ཁ་སྐམ་སོགས་ཀྱི་ན་ཚ་འབྱུང་།།

No comments: