༈ ཐོག་མར་སྐྱབས་གནས་མ་ནམ་བཞི་སྐོར་ནི།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།
༈ བརྒྱུད་པའི་གསོལ་འདེམས་ནི། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས།
།རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ།
།ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས།
།མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར།
།ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས།
།ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར།
།འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས།
།ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ།། ངག་དབང་རྣམ་རྒྱལ་ལ་གསོལ་བ་འདེབས་པ་ཡབ་བསྟན་པའི་ཉི་མས་སོ།།
སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ།
།སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང་།
།ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།
།མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།
།བླ་མ་དང་འབྲེལ་བ་མེད་པར་བྱིན་གྱིས་རློབས། །ཕན་བདེ་འབྱུང་བའི་གནས་གཅིག་པུ།
།བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས།
།སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།
།སྡུག་བསྔལ་སེམས་ཅན་ཐར་བགྱི་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ།
།ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།
།རྗེས་སུ་ཡིད་རངས་སྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།
།ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།།
༈ སྐྱབས་འགྲོ་སེམས་བསྐྱེད་ནི།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིས།
།བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།
།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་མོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།
ལན་གསུམ།
༈ བསངས་གསུར་གསེར་སྐྱེམས་བཀའ་བསྒོ་ལ་སོགས་པའི་སྐབས་དང་།
ཆོས་བསྲུང་གཏོང་བའི་སྐབས།
དངོས་གཞིའི་ཆོ་ག་གཞན་ཡོད་ན་དེའི་བདག་བསྐྱེད་ཀྱིས་འཐུས་པ་ཡིན་ནའང་།
དངོས་གཞི་ཆོ་ག་གཞན་མེད་པར་ཐད་ཀར་གཏོང་དགོས་པའི་སྐབས།
རང་ཉིད་བླ་མ་དང་ཡིད་དམ་གང་རུང་གི་སྐུར་བསྒོམས་ནས་གཏོང་དགོས་པས། འདིར་བསངས་དཔེ་བཀྲ་ཤིས་རེ་བསྐོང་ལས་བྱུང་བ་ལྟར་གྱི་བདག་བསྐྱེད་གུ་རུའི་བསྒོམ་བཟླས་ནི། ཀྱཻ༑ ཀ་དག་ངོས་གཟུང་བྲལ་བའི་དབྱིངས།
།ལྷུན་གྲུབ་མ་འགགས་འཆར་སྒོའི་དཔྱིད། །མཉམ་ཉིད་ཐུགས་རྗེའི་ཀློང་ལས་སུ།
།བདག་ཉིད་པདྨ་འབྱུང་གནས་སྐུ། །ཅུང་ཟད་ཁྲོ་བའི་ཉམས་ལྡན་པར།
།དབུ་ལ་པད་ཞྭ་རྒོད་ལྡེམ་གསོལ། །ཟ་འོག་བེར་དང་ཆོས་གོས་བཞེས།
།རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །ཁ་ཊྃ་ག་ནི་ཕྲག་གཡོན་བཀལ།
།རྒྱལ་པོ་ཆེན་པོའི་རོལ་པས་བཞུགས། །གཡས་སུ་ལྷ་ལྕམ་མནྡ་ར།
།སྔོ་བསངས་གྲུབ་པའི་རྣལ་འབྱོར་མ། །གཡོན་དུ་མཁར་ཆེན་མཚོ་རྒྱལ་བཟའ།
།དཀར་མོ་གཉིས་ཀའང་བདུད་རྩི་འབུལ། །སྐུ་གསུང་ཐུགས་ལ་ཨོཾ་ཨཿཧཱུྃ།
།དེ་ལས་སྤྱན་འདྲེན་འོད་ཟེར་འཕྲོས།། ༈ ཀྱཻ༑ འདི་ནས་ཉི་མ་ལྷོ་ནུབ་མཚམས།
།རྔ་ཡབ་གླིང་གི་ཡུལ་གྱི་དབུས། །ཟངས་མདོག་དཔལ་གྱི་རི་བོའི་རྩེའི།
།པདྨ་འོད་ཀྱི་གཞལ་ཡས་ནས། །སྲིན་པོ་ཁྲིམས་ལ་འགོད་པའི་རྒྱལ།
པདྨ་ཐོད་འཕྲེང་རྩལ་ཡབ་ཡུམ། །འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར། །འཇའ་དང་འོད་དུ་པུ་རུ་རུ།
།དད་པས་སྤྱན་འདྲེན་ཚུར་གཤེགས་ལ། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ།
།གྲུབ་མཆོག་བདག་ལ་དབང་ཞིག་བསྐུར། །ཐུན་རྫས་རྣམས་ལ་ནུས་པ་བསྐྱེད།། ༈ ཀྱཻ༑
རིག་འཛིན་བླ་མའི་ཚོགས་ཀྱི་རྗེ། །དཀྱིལ་འཁོར་འཁོར་ལོའི་དབུས་ཀྱི་མགོན།
།མ་མོ་མཁའ་འགྲོ་རོལ་པའི་ཡབ། །པདྨ་འབྱུང་ནགས་ཁྱོད་ལ་བསྟོད།
།ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་རྫས་ཅི་མཆིས་ཀུན་ཏུ་བཟང་།
།མཆོད་པའི་སྤྲིན་ལས་གང་སྤྲུལ་པ། །དེ་བཞིན་བདག་གིས་འབུལ་གྱིས་བཞེས།
།ཐོག་མ་མེད་ནས་ད་ལྟའི་བར། །བཅས་རང་ཁ་ན་མ་ཐོའི་སྡིག །བགྱིས་དང་བགྱིད་སྩལ་ཡི་རང་བ།
།ཐམས་ཅད་ཁྱོད་ཀྱི་སྤྱན་སྔར་བཤགས། །དགེ་བ་བྱས་ལ་རྗེས་ཡི་རངས།
།ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ།
།དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །འཁོར་བཅས་བདག་དང་གཉིས་མེད་གྱུར། །ཛཿ ཛཿ
འགུགས་བྱེད་ལྕགས་ཀྱུ་འཕྲོས།། ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་ནུས་བཟླ། ཀུན་མཁྱེན་པདྨ་དཀར་པོའི་བསངས་དཔེ་བཀྲ་ཤིས་རེ་བསྐོང་ལས་སོ།།
བདག་བསྐྱེད་བསྒོམ་ལོངས་མ་བྱུང་ན་འདི་ནས་མར་གྱི་གསེར་སྐྱེམས་དངོས་གཞི་གང་ཡིན་པ་འདི་ཙམ་གཏོང་ནའང་འཐུས་པ་ཡིན།
འདི་ལ་ཐོག་མར་གསེར་སྐྱེམས་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ།
གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར།
མགྲོན་བཞི་དང་ཆོས་སྐྱོང་མགོན་པོའི་གསེར་སྐྱེམས། ཧོ༑
བླ་མ་ཡིད་དམ་ཡེ་ཤེས་མཁའ་འགྲོ་མ། །ཁྲག་འཐུང་རྒྱལ་པོའི་རྣམ་ཐར་གསུམ་གྱི་ཡུམ།
།བདེ་ཆེན་གཅིག་ཏུ་འཆར་བའི་ལྷ་ཚོགས་ལ། །གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད།
།མ་ཧཱ་ཀཱ་ལ་ལྕལ་དྲལ་ཐམས་ཅད་དང་། །རེ་ཏི་མཆེད་བཞི་སྒོ་མཚམས་ལྷ་མོ་བརྒྱད།
།ཆོས་ཀྱི་དབྱིངས་ལས་འཆར་བའི་ཁྲག་འཐུང་ལ།
།གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད།
།འཇིགས་བྱེད་ཆེན་མོ་བརྒྱད་དང་ཉི་ཤུ་བཞི། །སྒོ་བཞི་ཞིང་སྐྱོང་མ་མོ་མཁའ་འགྲོའི་ཚོགས།
།རྩ་རླུང་ཁམས་ལས་འཆར་བའི་ལྷ་ཚོགས་ལ། །གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད། །བཀའ་སྡོད་སྡེ་བརྒྱད་ཕྱོགས་སྐྱོང་རྒྱལ་པོ་བཞི།
།བཙུན་མོ་ནང་མི་གཉེན་དང་དམག་གི་ཚོགས། །འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ལ།
།གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད།། མགོན་པོའི་རྒྱུད་ལས་སོ།།
༈ དགེ་བསྙེན་ཇག་པ་མེ་ལེན་གྱི་གསོལ་ཁ་དང་གསེར་སྐྱེམས། ཀྱཻ༑ མི་མངོན་དབྱིངས་ལས་བདུད་སྡེར་ཁྲོས་པའི་སྐུ།
།རྟ་མཆོག་ཐུགས་སྤྲུལ་ཆེན་པོ་བཤན་པ་དམར། །ཡང་འཁོར་བཤན་པ་འབུམ་སྡེ་ཚོགས་དང་བཅས།
།ཐིམ་ཕུ་བདེ་ཆེན་ཕུ་ནས་གཤེགས་སུ་གསོལ། །མཉེས་པའི་མཆོད་རྫས་ནམ་མཁའི་ཕ་མཐར་བརྡལ།
།ཐུན་རྫས་བཤོས་བུ་ལྷུན་པོའི་གཏོས་དང་མཉམ། །དམ་རྫས་བདུད་རྩི་ཕྱོགས་ཀྱི་མཚོ་ལྟར་འཁྱིལ།
།མ་ལུས་སྟོང་ཁམས་བློ་ཡིས་བླངས་ཏེ་འབུལ། །བཞེས་ནས་ཤཱ་ཀྱ་ཐུབ་པའི་བསྟན་པ་དང་།
།དེ་འཛིན་སྐྱེས་བུའི་སྐུ་ཚེ་ཕྲིན་ལས་སྤེལ།
།གནས་སྐབས་བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །གང་བཅོལ་ཕྲིན་ལས་ཐོགས་མེད་སྒྲུབ་པ་དང་།
།མཐར་ཐུག་བྱང་ཆུབ་ལམ་ལ་ཕྱི་ནང་གི། །བདུད་སྡེ་བཅོམ་པའི་གྲོགས་དང་དཔུང་མཛོད་ཅིག། སྐྱབས་རྗེ་དགེ་རིན་པས་སོ།།
ཀྲོང་གསར་གྱི་གནས་བདག་རྨུགས་བཙན་གྱི་གསེར་སྐྱེམས། ཀྱཻ༑
ཕུན་ཚོགས་རྨོག་རི་མི་བཟད་དྲག་པོའི་ཞིང་། །བཙན་མཁར་རྡོ་རྗེ་བྲག་ལ་བཞུགས་པ་ཡི།
།རྡོ་རྗེ་དགྲ་འཇོམས་རྨུགས་བཙན་འཁོར་བཅས་ལ།
།གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད།།
རང་རང་སོ་སོའི་སྐྱེས་ལྷ་དང་ཡུལ་ལྷ་ལ་སོགས་པའི་གསེར་སྐྱེམས་གཏོང་དགོས་ན་མཚམས་འདིར་བཙུགས།
དེ་ལས་གཞན་ཡང་སྡེ་བརྒྱད་གསེར་སྐྱེམས་དང་། གསེར་སྐྱེམས་ཀྱི་རིགས་གཞན་དགོས་ན་
མདོས་འབུམ་ཕྱོགས་བསྒྲིགས་ནང་དུ་འདུག་པས་
གང་དགོས་བླངས་ནས་མཚམས་འདིར་བཙུགས་ན་འཐུས་པ་ཡིན།
ཀྱཻ༑ བདག་གི་ཕ་མེས་ཡང་མེས་ལས་བརྒྱུད་པའི།
།འགོ་བའི་ལྷ་དང་སྐྱོབས་པའི་བསྲུང་མ་སོགས། །རྒྱུན་དུ་མི་འབྲལ་སྐྱོང་བའི་དགྲ་ལྷ་ལ།
།གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད། །ཁྱད་པར་བདག་ཅག་གང་དུ་གནས་པ་ཡི།
།སྨན་ལྗོངས་ཡུལ་དང་ས་ཕྱོགས་འདི་ཉིད་ཀྱི། །གནས་བདག་གཞི་བདག་འཁོར་དང་བཅས་པ་ལ། །གསེར་སྐྱེམས་འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད།།
ཁ་སྐོང་དུ་བདག་གིས་བགྱིས་པའོ།། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་།
།འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི།
།བཀའ་བསྲུང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས།
།བདག་ཅག་བསམ་དོན་མ་ལུས་འགྲུབ་པར་མཛོད།།
འདོད་གསོལ་ནི། ཀྱཻ༑ ད་ནི་འདོད་པའི་དོན་གསོལ་བ།
།དེང་ནས་བདག་གི་ཁ་འཛིན་མཛོད། །མཐོ་བའི་ས་ནས་བྱ་ར་མཛོད། །དམའ་བའི་ས་ནས་མེལ་ཚེ་མཛོད།
།མུན་པའི་ནང་དུ་སྒྲོན་མེ་སྤོར། །དགྲ་དཔུང་བཤིག་ལ་བདུད་དཔུང་ཆོམས།
།བསམ་པ་སྒྲུབ་ལ་རེ་བ་སྐོངས། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་།
།བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད།། ཀུན་མཁྱེན་པདྨ་དཀར་པོའི་བསངས་དཔེ་བཀྲ་ཤིས་རེ་བསྐོང་ལས་སོ།།
ཧཱུྃ༑ རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི།
།སྔར་བཅོལ་ལེགས་པར་མཛད་པའི་བརྔན་ལགས་ཤིང་། །ད་དུང་བསྟན་པ་འཛིན་ལ་ཕྲིན་ལས་བཞིས།
།ཕྱོགས་ལས་རྣམ་རྒྱལ་ཞུ་བའི་རྟེན་ལགས་སོ།། མགོན་པོ་མཆོད་བསྟོད་ལས་སོ།།
བཛྲ་མུྃཿ ཡེ་ཤེས་ཀྱི་མགྲོན་རྣམས་བདག་ཉིད་ཐིམ།
འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར།།
དགེ་བ་འདི་ཡིས་མྱུར་དུ་བདག། བདག་བསྐྱེད་གུ་རུ་རིན་པོ་ཆེ་ཡིན་པའི་ཆ་ནས།
ཨོ་རྒྱན་པདྨ་འགྲུབ་གྱུར་ནས།
།འགྲོ་བ་གཅིག་ཅང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག
།ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །དྲིན་ཅན་རྩ་བརྒྱུད་བླ་མ་སྲས་བཅས་ཀྱིས།
།བསྟན་འགྲོའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག
།བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡིད་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག
།དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག། ཞེས་སོགས་ཀྱིས་བརྒྱན་པར་བྱའོ།།
ཆང་འཐུང་བའི་སྐབས་ཀྱི་ཆང་ཕུད་མདོར་བསྡུས་ཀྱི་དབང་དུ་བྱས་ན། ཨོཾ་ཨཱཿཧཱུྃ། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག
།དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔའཐོབ་ཤོག། སརྦ་པཉྕ་ཨ་མྲྀ་ཏ་པུ་ཇ་ཁཱ་ཧི།། །ཞེས་པ་འདི་ཙམ་ཞིག་གིས་ཀྱང་འཐུས་པ་ཡིན་ནོ།།
No comments:
Post a Comment