༡༽ ལ་དུག
གོ་དོན། ལ་ཁར་འཛེགཔ་ད་ སྲོག་རླུང་མ་ལངས་པའི་དཀའ་ངལ་དང་།
སྔོ་སྨན་གྱི་དྲིམ་མ་འཕྲོདཔ་ལས་བརྟེན་ཏེ་ཐོབ་པའི་ན་ཚ་གཅིག་ཨིན།
དེ་ཡང་རྒྱ་མཚོའི་ཁོད་སྙོམས་ལས་ཕིཊ་༨༠༠༠བརྒལ་བའི་རི་དང་གངས་ལུ་འཛེགཔ་དང་ཐོབ་དོ་ཡོདཔ་ཨིན་མས།
ཐོབ་མི་གི་མི་ངོམ། སྤྱིར་བཏང་གིས་དམའ་སར་སྡོད་པའི་མི་དང་། ལྷག་པར་དུ་
གཟུགས་ཀྱི་སྟོབས་ཤུགས་མེདཔ། ཁྲག་ཤུགས་ཀྱི་ན་ཚ་ཡོད་མི།
མགུ་ཡོམ་འཁོར་ནི་ལ་སོགས་པའི་ན་ཚ་ཡོད་མི་ཚུ་གིས་ཐོབ་དོ་ཡོདཔ་ཨིན་མས།
རྒྱུ་རྐྱེན། ས་ཁ་མཐོ་ས་ལུ་སྲོག་རླུང་ཉུང་ནི་འདི་གིས་
རང་ལུ་དགོ་པའི་སྲོག་རླུང་ལངམ་སྦེ་འཐོབ་མ་ཚུགསཔ་དང་།
ཧེ་མ་ཚོར་མྱོང་མེད་པའི་སྔོ་སྨན་གྱི་དྲིམ་ཚུ་རང་ལུ་ཕོག་ནི་འདི་གིས་ཐོབ་དོ་ཡོདཔ་ཨིན་མས།
སྤང་བྱ། ཆང་དང་རྫས་ངན་སྨྱོ་རྫས་ལ་སོགས་པ་ར་གཟིར་མི་གི་ཟས་རིགས།
རྡོག་མ་ལ་སོགས་པའི་ཁྲག་ཤུགས་འཕེལ་བའི་ཟས་རིགས་ཚུ་སྤང་སྟེ་བཞག་དགོཔ་དང་།
ལྷག་པར་དུ་ལ་ཁར་འཛེགཔ་ད་ ལ་ཁར་གྱི་ཆུ་འཐུང་ནི་ལས་འཛེམ་དགོཔ་ཨིན།
གྲ་སྒྲིག་འབད་དགོཔ། ལ་ཁར་ཞག་སྡོདཔ་ད་གི་གུར། གྲང་བསིལ་ཐུབ་པའི་གོ་ལ།
ཁཝ་གིས་མིག་ཏོ་ལུ་མི་གནོད་ནི་གི་དོན་ལུ་ མིག་ཤེལ་གནགཔ། བཅུད་ཅན་གྱི་ཟས་རིགས་དང་མངར་ཆུ། གུ་རམ་དམརཔ་ཚུ་
རང་དང་གཅིག་ཁར་འབག་དགོ་པའི་ཁར། རབ་བྱུང་པ་ཅིན་ བཞེས་སྒོ་ཟ་འཐུང་གི་ཆུ་འདི་ཚུ་ཡང་
དམའ་ས་ལས་འབག་སྟེ་འགྱོ་ཚུགས་པ་ཅིན་ལེགས་ཤོམ་ཨིན་མས།
འགྱོ་ཐངས། ལ་ཁ་མཐོ་ས་དཔེར་ན། ལ་ཡ་ལུང་ན་ན་བཟུམ་ཅིག་ལུ་
འགོ་དང་པ་འགྱོ་མི་ཨིན་པ་ཅིན། ཉིནམ་གཅིག་ལུ་རང་ མཐོ་སར་འགྱོ་ནི་མེན་པར་
ཨ་ཙི་མཐོ་སར་འགྱོ་ཞིནམ་ལས་ཉལ་གསོ་རྐྱབ་སྟེ་ཉིནམ་དག་པ་གཅིག་སྡོད་ནི་དང་། ད་རུ་ཨ་ཙི་མཐོ་སར་འགྱོ་སྟེ་རིམ་གྱིས་སྦེ་
ལ་ཁ་གི་རང་བྱུང་ཁམས་དང་ རང་གི་ལུས་ཀྱི་གནས་སྟངས་བསྟུན་བཅུག་དགོ་ཟེར་ཨིན་མས།
དེ་ལས་ཁག་ཆེ་ཤོས་གཅིགཔ་འདི་ རང་དང་གཅིག་ཁར་འགྱོ་མི་ཆ་རོགས་ཚུ་
སྐྱིད་མཉམ་སྡུག་མཉམ་འབད་ཚུགས་པའི་ཆ་རོགས་སྒྲིང་སྒྲིང་དགོཔ་ཨིན། དེ་མེན་པར་
འབྱོགཔ་ལ་ཁར་ལོག་འགྱོ་མི་ཚུ་དང་གཅིག་ཁར་འགྱོ་བ་ཅིན།
རང་གིས་རོགས་དང་འདྲན་འདྲ་འགྱོ་མ་ཚུགས་པའི་སྒང་ལས་རོགས་ཀྱིས་བཀོག་བཞགཔ་མས་ཟེར་སླབ་ནི་འདུག
རྒྱུ་མཚན་དེ་ལས་བརྟེན།
གངས་ལྷ་དཀར་ཅུང་ལུ་ལྷོདཔ་ད་མི་གི་རུ་ཏོ་ཀེང་རུས་ལེ་ཤ་མཐོང་ནི་འདུག་ཟེར་ཨིན་མས།
འབད་བཏུབ་མ་བཏུབ། ལ་ཁར་འཛེགཔ་ད་ སྔོ་ཤིང་མེ་ཏོག་ཚུ་དཀྲོགས་ནི་མེདཔ་དང་།
ཁ་ཤ་སྲབ་འཇམ་གཅིག་གིས་ཁ་རས་རྐྱབ་སྟེ་འགྱོ་བ་ཅིན་
དྲིམ་ཚུ་གིས་ཐད་ཀར་མི་གནོད་ནི་ལུ་ཕན་པ་ཡོདཔ་ཨིན།
དེ་ལས་རྟའི་ཤུལ་ཤུལ་བདའ་སྟེ་འགྱོ་བ་ཅིན་
སྔོ་སྨན་གྱི་དྲིམ་ཚུ་གིས་མི་གནོད་ནི་ལུ་ཕན་པ་ཡོདཔ་ཨིན།
ནད་རྟགས། མགུ་ན་ནི། ཐང་ཆད་ནི། ལམ་འགྱོ་མ་ཚུགསཔ་འགྱོ་ནི།
ཁ་ལས་སྐྱུགས་ནི། ཟ་ཁམ་འདམ་ནི་ཚུ་འོང་དོ་ཡོདཔ་དང་། ལ་དུག་ཤུགས་སྦེ་རང་ཕོག་པ་ཅིན།
བྱང་ཁོག་འདམ་ནི། གདོང་གི་སྐྱག་ཧོནམ་དང་སེརཔ་ལུ་འགྱུར་འོང་ཟེར་ཨིན་མས།
དྲག་ཐབས། ནད་རྟགས་ཆུང་བའི་རིགས་ཨིན་པ་ཅིན། གུ་རམ་དམརཔ་དང་ཅི་ནི།
མངར་ཆུ་ཚུ་འཐུང་ནི་དང་། ཤིང་སྦོམ་དང་བྱག་ཕུག་ཚུ་གི་རྩ་བར་སོང་སྟེ་ངལ་གསོ་རྐྱབ་སྟེ་སྡོད་ཞིནམ་ལས།
ངལ་རངམ་ད་འགྱོ་ནི་ཨིན། ཨིན་རུང་ནད་རྟགས་ཤུགས་སྦེ་བྱུང་པ་ཅིན། འགྱོ་ནི་བཞག་ཞིནམ་ལས་
དམའ་སར་ལོག་སྟེ། སྨན་ཁང་ཚུ་ནང་བཀལ་དགོཔ་དང་།
དུས་ཐོག་ལུ་སྨན་ཁང་ནང་བཀལ་མ་ཚུགས་པ་ཅིན་ཤི་ནི་གི་ཉེན་ཁ་ཡང་ཡོདཔ་ཨིན།།
༢༽ ཚ་རིམས།
ཚ་རིམས་གྱི་རྒྱུ། ༡ ཚད་པའི་ན་ལུ་གཟུགས་དྲོད་འབར་ཏེ་སྡོད་པའི་སྐབས་ལུ་
དེའི་འཕྲོ་ལས་འཁྱེག་སྒྲོམ་ནང་གི་ཆུ་བསིལམ་འཐུང་ནི་དང་། ༢
གཟུགས་བསིལ་དྲག་པའི་སྐབས་ལུ་འཐོབ་དོ་ཡོདཔ་མ་ཚད། ༣ ཐལཝ་ནང་འགྱོ་སྟེ་
ཁ་དང་ཧ་པ་ནང་ལས་ཐལཝ་ལེ་ཤ་འཛུལ་བའི་སྐབས་ལུ་འཐོབ་མི་དང་། ༤
དགུན་གྱི་དུས་ལས་སོ་ཁ་ཐོན་པའི་སྐབས་དང་། གནམ་བྱཱ་གི་ཆར་ཆུ་ལངས་པའི་སྐབས།
དེ་ལས་སེར་ཁ་ལས་དགུན་ཁ་འགྱོ་བའི་དུས་ལ་སོགས་པ་
དུས་ཀྱི་འཕོ་འགྱུར་འོང་པའི་སྐབས་ལུ་ཡང་
གཟུགས་སྟོབས་ཞན་མི་ཆ་ཁྱབ་ལུ་འཐོབ་དོ་ཡོདཔ་ཨིནམ་མ་ཚད། ཚ་རིམ་ཡོད་མི་དང་
ཕོརཔ་ཐ་ལི་སླ་བསྲེས་ཏེ་ཟ་བའི་སྐབས་ལུ་དང་། ཚ་རིམ་ན་མི་གིས་གློ་འབར་བའི་སྐབས་ལུ་
དེ་གི་ཁ་རླུང་རླངས་པ་ རང་གི་ཁ་དང་ཧ་པ་ལས་འཛུལ་རུང་འཐོབ་དོ་ཡོདཔ་ཨིན།
སྨན་བཅོས། ཚ་རིམ་ཐོབ་པའི་སྐབས་ལུ་
ཆུ་ཁོལམ་ནང་ཚྭ་བླུགས་ཏེ་འཐུང་ནི་དང་། ཨ་ལོ་ཆུང་ཀུ་གི་ཆུ་འཐུང་ནི། ས་སྒ།
ཁན་པ་ཤིང་གི་ལྕུ་གུ། པུ་ཏི་ཤིང་དེ་ཚུ་བཀོལ་ཏེ་འཐུང་དགོཔ་མ་ཚད། རང་གི་གཟུགས་འདི་བསིལ་མ་བཅུག་པར་
ཚ་དྲོད་དང་ལྡནམ་སྦེ་བཞག་དགོཔ་ཨིན། ན་ཚ་སྡུག་དྲག་ཨིན་པ་ཅིན་གཟུགས་འཁྱུ་ནི་མེདཔ་དང་།
སྤྱིར་བཏང་གི་ཚ་རིམ་གྱི་རིགས་ག་ཅི་བཟུམ་ཅིག་ཐོབ་རུང་།
དེ་མ་དྲག་ཚུན་ཚོད་གཟུགས་མ་འཁྱུ་བ་ཅིན་ལེགས་ཤོམ་ཨིན།
༣༽ ཚད་ནད།
(malaria)
ཚད་ནད་ཟེར་མི་འདི་གཙོ་བོ་རང་ས་མཐོ་ས་ལས་ས་དམའ་ས་ལུ་འགྱོཝ་ད་ཐོབ་ཨིནམ་མ་ཚད།
ལྷག་པར་དུ་ང་བཅས་རའི་མཐའ་འཁོར་ཚུ་གཙང་སྦྲ་ལེགས་ཤོམ་འབད་མ་བཞག་པ་ཅིན་ཆུའི་རྫིང་ཚུ་ནང་གཟན་དོམ་ཆགས་ཏེ་གཟན་དོམ་གྱིས་མི་ལུ་སོ་བཏབ་མི་ལས་བརྟེན་ཐོབ་ཨིན་མས།
ནད་རྟགས། མགུ་ཏོག་ན་ནི། སྐབས་རེ་དྲོད་འབར་རྐྱབ།
སྐབས་རེ་གྱང་ཤུམ་རྐྱབ་སྟེ་ནཝ་ཨིན།
སྨན་བཅོས། ཚད་ནད་འདི་ལུ་སྔར་སྲོལ་སྨན་བཅོས་ཡང་དག་ཅིག་མེདཔ་ལས་
ནད་འདི་ཐོབ་མི་མང་ཤོས་མི་རྟག་ལྔ་ལམ་དུ་བྱོན་དོ་ཡོདཔ་ཨིན།
ཨིན་རུང་ཚད་ནད་སྤྱིར་བཏང་དང་། ཤུགས་ཆུང་བའི་རིགས་ཨིན་པ་ཅིན། དོམ་མཁྲིས་ཟ་ནི་དང་།
ཡང་ན་སྦྱངམ་སྦྱི་ངནམ་ཚུ་ ཚུ་ཚན་སྦང་སྟེ་འཐུང་ཞིནམ་ལས་
མལ་ཆ་གིས་སྤུར་ཏེ་ཉལ་ཞིནམ་ལས་དྲོད་འབར་རྐྱབ་བཅུག་སྟེ། ཚདཔ་ཕྱི་ཁར་ཐོནམ་ད་
ན་ཚ་ཆུང་བའི་རིགས་ཚུ་དྲག་དོ་ཡོདཔ་ཨིན་མས།
བཀག་ཐབས། ས་གནས་དྲོ་སར་སྡོད་མི་ཚུ་
རང༌ཉལ༌སའི༌ཁྱིམ༌ནང༌གཟན་དོམ་གྱི་སྨན་གཏོར་ནི། དེ་མེད་པ་ཅིན་དུད་པ་བཏང་སྟེ་བཞག་ནི།
ཕྱི༌རུ༌ཉལ༌བའི༌སྐབས༌གཟན་དོམ་གྱི་སིང་རས་ལག་ལེན་འཐབ་ནི།
ཁྱིམ༌གྱི༌མཐའ་འཁོར་ཧིང་གསང་ས་བཟོ་སྟེ། ཟན་དོ་འཁོར་ས་མེདཔ་སྦེ་བཞག་དགོཔ་ཨིན།
༤༽ བཤལ་ནད།
རྒྱུ་རྐྱེན། སྤྱིར་བཏང་གི་ཆབ་གསང་བཤལ་བའི་རྒྱུ་རྐྱེན་ལེ་ཤ་ཡོད། ༡
ཕོཝ་སྟོངམ་སྦེ་སྡོད་པའི་སྐབས་ལུ་ རྡོ་མ་དང་། ཨོམ་གར་དྲག་ལ་སོགས་པ་བསྐ་བ་དང་
གར་དྲག་གི་རིགས་ཟ་བ་ཅིན་ཆབ་གསལ་བཤལཝ་ཨིན། ༢ དེ་ལས་གཙང་སྦྲ་མེད་པའི་ཆུ་དང་། ༣
བཞེས་སྒོ་རུལ་རུལཝ་ཚུ་ཟ་རུང་བཤལ་ནས་འཐོབ་དོ་ཡོདཔ་མ་ཚད། ༤ བཞེས་སྒོ་སྣ་ཁ་མ་འདྲཝ་ལེ་ཤ་གཅིག་ཁར་ཟ་སྟེ་ཁོགཔ་འཁྲུགས་པའི་སྐབས་དང་།
༥ གཟུགས་བསིལ་བ་དང་། ས་རློནམ་གུ་སྡོད་དེ་ ཨ་བུ་བསིལ་བའི་སྐབས་ལུ་ཡང་
ཁོག་པའི་མེ་དྲོད་ཉམས་ཏེ་ཆབ་གསང་བཤལཝ་ཨིན། ༦དེ་ལས་བཞེས་སྒོ་མ་ཚོགས་པའི་རིགས།
ཆུ་མ་ཁོལ་བའི་ཇ་དང་། ཡང་ཅིན་ཨོ་ཕྱེ་བླུགས་ཞིནམ་ལས་མ་ཁོལ་བའི་ཇ་ཚུ་གིས་ཡང་
ཕོཝ་སྦོ་ནི་དང་། དེ་ལས་ཆབ་གསང་བཤལ་བའི་རྒྱུ་རྐྱེན་ལུ་འགྱུརཝ་ཨིན།
སྨན་བཅོས། གནས་སྐབས་ཟུག་མི་རྐྱབ་ནི་དོན་ལུ་
ཆུ་དྲོནམ་ནང་ལུ་བུལ་དོ་བླུགས་ཏེ་འཐུང་སྲོལ་ཡོདཔ་མ་ཚད།
ཆང་གར་དྲག་ཨ་ཙི་ཅིག་འཐུང་རུང་ཕནམ་ཨིན། དེ་ལས་ཟ་འཐུང་གི་རིགས་ལས་འབད་བ་ཅིན། ཛརཝ།
ངང་ལག ཕྱེ་དང་ཆུམ་གྱི་ཐུགཔ་འཐུང་རུང་ཕནམ་ཨིན།
དེ་ལས་སྔར་སྲོལ་ལམ་ལུགས་ལས་འབད་བ་ཅིན་
ཆབ་གསང་བཤལ་བའི་སྐབས་ལུ་ཆུ་འཐུང་སྲོལ་མེདཔ་ཨིན་རུང་།
ཁོག་པའི་ནང་གི་ཆུ་ག་ར་ཕྱི་ཁར་འཐོན་ཚརཝ་ལས་
དེ་གི་ཚབ་ལུ་ཆུ་ལེ་ཤ་འཐུང་ཚུགས་པ་ཅིན་ཕན་ཐོགས་བྱུང་དོ་ཡོདཔ་ཨིན་མས།
༥༽ གྲང་གཞི།
ངོ་སྤྲོད།
གྲང་གཞི་ཟེར་མི་འདི་གཟུགས་གྱངམ་ལས་ཕོག་པའི་ནད་གཞི་ཅིག་ཨིན།
གྲང་ནད་འདི་གཅིན་ནད།༼UTI༽ དང་། གཞང་འབྲུམ་(Piles) ཟེར་ཁག་གཉིས་ཡོད། དང་པ་གཅིན་ནད་ཟེར་མི་འདི་འབུ་ནད་ཅིག་ཨིན།
འབུ་ནད་འདི་མང་ཆེ་ཤོས་ར་ཆབ་གསང་བསྡུསཔ་བཏང་སའི་རྒྱུན་ལམ་ལས་ཐོབ་ཨིན་མས།
གཅིན་ནད་ཀྱི་རྒྱུ་རྐྱེན། ས་རློནམ་དང་བསིལ་ས་གདན་མེད་པར་སྡོད་ནི་དང་། གཟུགས་ཁ་ལུ་བགོ་ལ་སྲབ་ཁྲོལ་ཁྲོལ་གྱོན་ནི།
ཆར་ཆུ་འབོལ་བའི་ས་གནས་ནང་ རྟག་བུ་ལཱ་འབད་མི་ཚུ་ཡང་།
བསིལ་བའི་རྒྱུ་རྐྱེན་ལས་བརྟེན་ཏེ་ཐོབ་དོ་ཡོདཔ་དང་།
གྲང་གཞི་ཡོད་པའི་མི་དང་ལུས་འབྲེལ་འབད་བའི་སྐབས་དང་། ཕམ་གྲང་གཞི་ཡོད་པ་ཅིན་བུ་གཞི་ཚུ་ལུ་ཡང་གྲང་གཞི་འདི་
ཆུ་དང་ཁྲག་ལས་བརྒྱུད་དེ་ཐོབ་དོ་ཡོདཔ་ཨིན་མས།
ནད་རྟགས། རྐང་ཚིག་ལག་ཚིག། ཕོཝ། ལྒང་ཕུག་ན་ནི། གཅིན་ལམ་ཚ་ཤུར་རྐྱབ་ནི། ཆབ་གསང་ལོག་ཅིག་ལོག་ཅིག་གང་ནི། ཕོ་ཅུམ་ན་ནི། དྲོད་འབར་དང་གྱང་ཤུགས་རྐྱབ་ནི། མཁལ་རྡོག་ན་ནི། ལྒལ་ཚིག་ན་ནི། ཆབ་གསང་བསྡུསཔ་དང་རྒྱསཔ་འབད་བའི་སྐབས་དཀའ་ངལ་འབྱུང་དོ་ཡོདཔ་ཨིན་མས།
སྨན་བཅོས། ན་ཚ་འདི་ཡོད་པ་ཅིན་ ལུས་དྲོ་ཏོག་ཏོ་སྡོད་དགོཔ་དང་།
བྱུང་ན་ཚྭ་ཆུ་སྨན་ཆུ་ནང་སྦང་ནི། དེ་མེན་རུང་ཆུ་ཚན་ནང་ཁེན་པ་བཙོ་སྟེ་སྦང་ནི་དང་།
དབྱར་རྩ་དགུན་འབུབ། དྲོད་ས་ལས་ཐོབ་པའི་འབུ་སྲིན་ཧེ་ཧེམ་༼ན་བུན༽ཟེར་མི་དང་།
གངས་སྦལ༼སྤ༽གི་ཤ་ཟ་ནི། ཡུང་ང་༼ཧལ་དི༽ སྦྱོར་ཏེ་འཐུང་ནི་ཚུ་གིས་ཕནམ་ཨིན།
གཉིས་པ་གཞང་འབྲུམ། (Piles) ཟེར་མི་འདི་ ཆབ་གསང་རྒྱས་གཏང་སའི་ལམ་ལས་འཇང་ལུད་ནི་དང་།
དེ་ཁར་རྨ་ཐོན་ཏེ་ན་བའི་ནད་གཞི་གཅིག་ལུ་གོཝ་ཨིན།
རྒྱུ་རྐྱེན། གཞང་འབྲུམ་འདི་ལུས་འབྲེལ་ལས་བརྟེན་ཏེ་ཐོབ་ནི་མེད་རུང།
རྒྱུ་རྐྱེན་གཞན་ཚུ་གཅིན་ནད་དང་འདྲ།
ནད་རྟགས། ཨ་བུག་གཡའ་ནི། ཆབ་གསང་རྒྱསཔ་འབདཝ་ད་ན་ཟུག་རྐྱབ་ནི། ཨ་བུག་ཁར་སྦོ་ཀྲོ་དང་རྨ་ཐོན་དོ་ཡོདཔ་ཨིན་མས། སྨན་བཅོས། སྨན་བཅོས་གཅིན་ནད་འདྲཝ་ཨིན་རུང་།
འདི་གི་སྐབས་ལུ་ཐེབས་འདི་ ཐུདཔ་ལ་སོགས་པ་ཁུ་བ་གི་རིགས་དང་། ཆུ་ལེ་ཤ་འཐུང་དགོཔ་དང་།
ཤིང་འབྲས་སྤྱི་དང་། ལྷག་པར་དུ་ པ་པ་ཡ་ཟ་བ་ཅིན་དྲག་ཟེར་ཨིན་མས།
ཆབ་གསང་འབད་ཚརཝ་ད་འཕྱག་ནི་མེན་པར་ ཆུ་ཚ་ཏོམ་གྱིས་འཕྱུ་ཞིནམ་གོ་ལ་བཀབ་སྟེ་ཆུ་མེདཔ་སྦེ་བཟོ་ཞིནམ་ལས་
སྐམ་ཀྲོག་ཀྲོ་སྦེ་བཞག་དགོ།
སྤང་བྱ། གྲང་གཞི་གཉིས་ཆ་རའི་སྐབས་ལུ་ ཆུ་ཁོལམ་གྱིས་འཕྱུ་ནི།
སྤང་དང་ས་རློནམ་ནང་སྡོད་ནི།
གཟུགས་བསིལ་ཏེ་སྡོད་ནི་ཚུསྤང་དགོ། ཟ་འཐུང་གི་རིགས་ལས་ ཀེ་བ།
དོ་ལོམ་ལ་སོགས་པ་ས་འོག་ལུ་སྐྱེ་མི་གི་རིགས་དང་། བླམ་བན་ད། ཕག་ཤ་ཉ་ཤ་ཚུ་ཟ་མི་བཏུབ།
ཤ་གཞན་ཡང་སྐམ་མ་གཏོགས་རློནམ་སྦེ་ཟ་ནི་མི་འོང་།
༦༽ མིག་ནད།
མིག་ཏོ་གི་ན་ཚ་ལུ་མ་འདྲཝ་ལེ་ཤ་ཡོད།
དཔེར་ན་ མིག་ཏོ་གཡའ་ནི། ཚ་ནི། ཕུརཔ་སྐྱེས་ནི། ཆུ་ཐོན་ནི།
མིག་ཏོ་དམརཔོ་འགྱོ་ཞིནམ་ལས་ཨ་བ་ཐོན་ཏེ་ན་ནི་ལ་སོགས་པ་ལེ་ཤ་ཡོད།
ན་ཚ་འདི་ཚུ་བྱུང་པའི་སྐབས་ལུ་ ཧིང་སངས་སངས་མཐོང་མ་ཚུགས་པའི་དཀའ་ངལ་ཐོནམ་ཨིན།
སྨན་བཅོས། ༡༽དེ་ཚུ་གི་གྲལ་ལས་མིག་ཏོ་གཡའ་ནི་དང་ཚ་ནི་འདི་ཚུ་གཟུགས་ཁའི་ཆུ་ཉུངམ་ལས་བརྟེན་ཏེ་བྱུངམ་ཨིནམ་ལས་
ཆུ་ལེ་ཤ་འཐུང་པ་ཅིན་དེའི་ཕྲོ་ལས་ཕན་པ་འབྱུང་ཚུགས། ༢༽
རྒྱུན་དུ་མིག་ལས་ཆུ་དང་ཨ་བ་ཐོན་ནི་དང་། མིག་ཏོ་ཧིང་སངས་སངས་མེདཔ་འགྱོ་མི་ཚུ།
མིག་གི་ནུས་ཤུགས་ཉམས་པའི་རྒྱུ་ལས་བརྟེན་ཏེ་བྱུང་དོ་ཡོདཔ་ཨིན་མས།
དེ་སྦེ་བྱུང་པའི་སྐབས་ལུ་ མིག་ཏོ་ཆུ་བསིལ་ཏོང་ཏོ་གིས་འཕྱུ་ནི་དང་།
མིག་ཏོ་དང་རྣམ་ཅོག་བར་ན་ལགཔ་གིས་ཆུ་བསིལ་ཏོང་ཏོ་བཏབ་པ་ཅིན་ཕན།
དེ་ལས་ནུས་ཤུགས་སྐྱར་གསོ་འབད་ནི་གི་དོན་ལུ་
ལ་ཕུ་དམརཔོ་དང་ཧོན་ཚོད་ཀྱི་རིགས་ལེ་ཤ་ཟ་དགོཔ་དང་། ཆུ་ཡང་མང་སུ་སྦེ་འཐུང་དགོ།
༣༽ ཕུརཔ་སྐྱེས་མི་འདི་བཙོག་པ་ལས་བརྟེན་ཏེ་བྱུངམ་ཨིན་ཟེར་བཤདཔ་ཨིན་མས།
དེ་འབདཝ་ལས་འདི་གི་སྨན་བཅོས་འདི་ཡང་
རྐངམ་གྱིས་མཐེ་བོང་གིས་འཕུར་སྲོལ་ཡོདཔ་ཨིན་རུང་།
དེ་བས་འདི་ཁྲུས་གསོལ་དང་གཙང་སྦྲ་གཙོ་བོ་སྟོན་པ་ཅིན་དྲག་ནི་མས། ༤༽
དེ་ལས་དུས་ཚོད་དང་འཁྲིལ་ཏེ་སྐབས་རེ་མིག་ནད་ཟེར་བའི་ན་ཚ་གཅིག་འཐོབ་ནི་ཡོད།
དེ་ལུ་ཆུ་དྲོད་འཇམ་གྱིས་འཕྱུ་ཞིནམ་ལས་མིག་ཤེལ་ནགཔ་གྱོན་པ་ཅིན་ཕན།
དེ་ལས་ཨ་ལོ་ཆུང་ཀུ་ཨིན་པ་ཅིན་ མིག་ཏོ་ཨ་བ་གིས་བསྡམས་ཏེ་ དྲོ་པ་མིག་ཏོ་ཁ་ཕྱི་མ་ཚུགསཔ་བྱུངམ་ཨིན།
དེ་ལུ་ཕྱི་རུ་ཉལ་བའི་སྒང་ལས་རང་ མིག་ཏོ་ནང་དེང་སངས་ཀྱི་མིག་སྨན་དང་།
དེ་ཚུ་མེད་པ་ཅིན་ མར་དབུར་བཞག་པ་ཅིན་ དྲོ་པ་རས་འཇམ་གཅིག་གིས་འཕྱི་བའི་སྒང་ལས་
དག་ཚུགས།
སྨན་བཅོས་སྤྱི་བསྡོམས།
འདི་བཟུམ་གྱི་ན་ཚ་ག་ཅི་བཟུམ་ཅིག་བྱུང་རུང་
ཆུ་དྲོད་འཇམ་གཅིག་གིས་འཕྱུ་ནི་དང་། དྲོ་པ་ སྤང་གི་ཟིལཔ་ནང་ རྐང་ལྗེན་མར་འགྱོ་ནི། སྐར་མའི་ཁ་ཆུ་བཟེད་དེ་འཕྱུ་ནི།
༼ཧོད་གཙང་ཏོག་ཏོ་གཅིག་ནང་ཆུ་བླུགས་ཞིནམ་ལས་ ཕྱི་རུ་ནམ་མ་སྲོསཔ་ཅིག་ལས་
ཕྱི་ཁར་བཏོན་བཞག་སྟེ།
ནམ་སྲོས་ཚར་བའི་ཤུལ་ལུ་འཐུ་བཞག་སྟེ་དྲོ་པ་ཆུ་འདི་གིས་འཕྱུ་ནི།༽
བྱིན་རླབས་ཀྱི་རིགས་དང་། ཁྲུས་ལེབ་ཟེར་བའི་བྱིན་རླབས་ཚུ་ཆུ་ནང་སྦང་སྟེ་འཕྱུ་ནི།
ཁྲུས་གསོལ་དང་བྱབས་ཁྲུས་ཞུ་ནི། ལ་ཕུ་དམརཔོ་དང་ཧོན་ཚོད་ཀྱི་རིགས་ལེ་ཤ་ཟ་དགོཔ་དང་།
ཆུ་ཡང་ལེ་ཤ་འཐུང་ཚུགས་པ་ཅིན་ཕནམ་ཨིན།
༧༽ བསེ་ཤིང་།
བསེ་ཤིང་འདི་ལྕོ་ག་ཤིང་དང་འདྲ་སོ་ཅིག་སྦེ་འདབ་མ་གི་རྒྱབ་ཁར་སྤུ་ཡོདཔ་ཨིན་རུང་།
སྤུ་འདི་ཚུ་མཐོང་མ་མཐོང་ཙམ་ཅིག་སྦེ་ཡོདཔ་དང་། བསྲེ་འདི་གཟུགས་ཁར་རེགཔ་ཙམ་གྱིས། གཟུགས་ཁར་སྤོ་རོ་ཐོན་ཞིནམ་ལས་གཡའ་ནི་དང་།
དེ་ལས་སྦོ་པའི་ཤུལ་ལུ་རྨ་ཡང་ཐོནམ་ཨིན།
བསེ་གིས་གནོད་པའི་མི་ངོམ།
སོ་ཁ་བསེ་ཤིང་ལྕུགས་གུ་སྐྱེ་བའི་སྐབས་ལུ་སྐྱེས་མི་ཚུ་བསེ་གིས་གནོད་དོ་ཡོདཔ་དང་།
སེ་ཁ་དང་དགུན་ལུ་སྐྱེས་མི་ཚུ་བསེ་གིས་མི་གནོད་ཟེར་ཨིན་མས། བསེ་གིས་གནོད་མི་འདི་ཚུ་འབད་བ་ཅིན་
བསེ་གིས་གྱིབ་མ་དང་།
བསེ་ཤིང་ལས་འོང་པའི་རླུང་རེགཔ་ཙམ་གྱིས་ཡང་གནོད་དོ་ཡོདཔ་ཨིན་རུང་།
མ་གནོད་མི་འདི་ཚུ་འབད་བ་ཅིན་ ཤིང་གུ་རེག་རུང་མི་གནོདཔ་ཨིན།
ཨིན་རུང་གཟུགས་ཀྱི་ཤ་འཇམ་ས་ཚུ་ནང་བསེ་གི་ཨོམ་རེག་པ་ཅིན་གནོད་པ་ཆུང་ཀུ་རེ་འོངམ་ཨིན།
དེ་བཟུམ་སྦེ་ཨོམ་བདག་འཛིན་ཟེར་བའི་
མེ་ཏོག་དམརཔོ་ཤར་མི་ཀེམ་གྱི་རིགས་གཅིག་ཡོད་མི་འདི་གིས་
ཨོམ་ཚུ་གཟུགས་ཁར་རེག་པ་ཅིན་རྨ་ཐོན་དོ་ཡོདཔ་དང་། ཁ་དམའ་ས་འབད་བ་ཅིན།
སྨཧ་ཟེར་བའི་འདབ་མ་སྦོམ་ཡོད་པའི་ཤིང་གཅིག་ཡང་ཡོདཔ་ཨིན།
ཤིང་གི་འདབ་མ་འདི་གཟུགས་ཁར་རེག་པ་ཅིན་ བསེ་ལས་ཤུགས་ཆེ་བའི་སྤོ་རོ་དང་རྨ་གཅིག་འདི་གིས་བཏོན་ཚུགས།
སྨན་བཅོས། སྤྱིར་བཏང་བའི་ཨོམ་དང་།
དེ་གི་ནང་ལས་བ་དམརཔོ་གིས་ཨོམ་ཚུ་གིས་ཕན་དོ་ཡོདཔ་དང་། ཨམ་སྲུ་ཚུ་གི་ཨོམ་དང་།
དེ་གི་ནང་ལས་བུ་ཐེངས་གཅིག་གི་ཨའི་གི་ཨོམ་དབུར་བ་ཅིན་དྲག་ཟེར་ཨིན་མས།
བ་དང་ཨའི་གི་ཨོམ་ག་ཅི་ཨིན་རུང་ བཞོ་ཚརཝ་ཅིག་
ཚ་ཏོམ་སྦེ་དབུར་བ་ཅིན་ཕན་ཐོགས་ཆེ་ཟེར་ཨིན་མས།
༨༽ འབྲུམ་མའི་སྨན་བཅོས།
འབྲུམ་མ་ཟེར་མི་འདི་ཕོཝ་ནང་ཨ་ལོ་ཆགས་ཏེ་ཡོད་པའི་ཨམ་འདི་ལུ་སླབ་ཨིན།
ཨ་ལོ་ཆགས་པའི་རྟགས་མཚན། ཟླ་ཁྲག་དུས་ཚོད་ཁར་མ་འོངས་པ་ཅིན་ཨ་ལོ་ཆགས་པའི་བརྡ་མཚོན་ཨིན་རུང་།
འདི་ཆདཔ་ཙམ་གྱིས་ཨ་ལོ་ཆགས་ནུག་ཟེར་ཁ་མཚོན་བཅད་མི་ཚུགས་ནི་ཨིན་མས།
དེ་ལས་རྟགས་མཚན་གཞན་ག་ཅི་ར་ཡོད་ག་ཟེར་བ་ཅིན། ཁ་ལས་སྐྱུགས་ནི། ཟ་ཁམས་བཀག་ནི།
ལགཔ་དང་རྐངམ་ཚུ་སྦོ་ནི། རྩིག་ཟ་ནི་མང་སུ་འོང་ནི།
སྒྱིད་ལུག་སྟེ་ག་ཅི་ཡང་འབད་དགོ་མ་མནོཝ་ཐལ་ནི། ཤིང་འབྲས་ཟ་ནི་དང་ཐོབ་པའི་གཉིད་ལམ་མཐོང་ནི་ལ་སོགས་པ་བྱུང་པ་ཅིན།
ཨ་ལོ་ཆགས་པའི་རྟགས་མཚན་ཨིནམ་ལས་ བརྟག་དཔྱད་འབད་དགོཔ་ཁག་ཆེ།
བརྟག་དཔྱད་འབད་ཞིནམ་ལས་ཨ་ལོ་ཆགསཔ་ངེས་བདེན་ཨིན་པ་ཅིན།
དེ་ལས་འགོ་བཟུང་སྟེ་དྲུང་ཚོ་གིས་བྱིན་མི་སྨན་འདི་མ་གཏོགས་
ཕོ་སྨན་མགོ་སྨན་ལ་སོགས་པའི་སྨན་གི་རིགས་ཟ་ནི་སྤང་དགོཔ་དང་། ལྷག་པར་དུ་ཆང་དང་སྨྱོ་རྫས།
ཏམ་ཁུ་ཚུ་ཡང་སྤང་དགོ། དེ་ཚུ་མ་སྤངས་པ་ཅིན་ ཨ་ལོ་དབང་པོ་མ་ཚངམ་སྦེ་སྐྱེ་ནི་དང་།
དབང་པོ་ཚང་རུང་སེམས་ཁམས་མ་བདེཝ་སྦེ་སྐྱེཝ་ཨིན། ཨ་ལོ་འདི་བཟུམ་ཅིག་སྐྱེ་བ་ཅིན་
ཨ་ལོ་འདི་གི་མི་ཚེ་གཅིག་གི་བལྟ་སྐྱོང་རང་གིས་འབད་དགོཔ་བྱུང་དོ་ཡོདཔ་ལས་ སྨྱོ་རྫས་སྤྱོད་པའི་ད་ལྟོ་གི་བདེ་བ་ཆུང་ཀུ་གཅིགཔ་དང་།
མི་ཚེ་གཅིག་གི་སྡུག་བསྔལ་གཉིས་ལས་ག་འདི་གདམ་ཁ་རྐྱབ་ནི་ཨིན་ན་རང་གི་ལག་པར་ཡོད།
དེ་ལས་ཨ་ལོ་ཕོཝ་ནང་ཡོད་པའི་སྐབས་ལུ་
ཕམ་གྱི་སྤྱོད་ལམ་དང་མནོ་བསམ་གཏང་ཐངས་ཚུ་གིས་ ཨ་ལོ་ལུ་གནོན་ཤུགས་བྱུང་དོ་ཡོདཔ་ལས།
དེ་སྒང་ཕམ་གཉིས་རྩིག་རྨུག་ལངས་ཏེ་སྡོད་པ་ཅིན་ཨ་ལོ་ཡང་
ཁྲོ་བའི་ཉམས་དང་ལྡན་པའི་དཔྱལཝ་ཨོ་ཀྲོ་སུམ་སུམ་གཅིག་འོང་ནི་དང་།
ཕམ་གཉིས་ཞི་འཇམ་དགའ་སྐྱིད་ཀྱི་ངང་ལུ་སྡོད་པ་ཅིན་
ཨ་ལོ་ཡང་ཀུན་གྱིས་མཐོང་ན་དགའ་བའི་ཀུན་དགའ་དོན་གྲུབ་གཅིག་སྐྱེ་ནི་ཨིནམ་ལས་
ཕམ་གཉིས་ཟབ་ཟབ་འབད་དགོ།
ཨ་པ་བྱ་པོད་ཀྱི་ཨ་ལོ་ལྐོག་རྟེ་ཆགས་པ་ཅིན་
ཆགསཔ་ཨིནམ་ཤེས་པའི་དུས་ལས་ ཨའི་ཚ་གྱང་ལང་སྟེ་སེམས་ལུ་སྡུག་བསྔལ་(Bad
News)བྱུང་དོ་ཡོདཔ་དང་།
ཚ་གྱང་སྡུག་བསྔལ་འདི་ནང་ཚར་ལོངས་བྱུང་པའི་ཨ་ལོ་འདི་
མགོན་ཁང་སྒོ་ཁའི་བཀའ་ཁྲབ་བཟུམ་ཅིག་སྐྱེ་བ་ཅིན་མནོ་བསམ་གཏང་མི་ཚུགས། དེ་བས་འདི་
དང་པ་ཕམ་གཉིས་གཞི་གཅིག་ལེགས་ཤོམ་སྦེ་བཙུགས། དེ་གི་ཤུལ་ལས་ཨ་ལོ་ཆགས་པ་ཅིན།
ཨའི་གིས་ཨ་པ་ལུ། ཨ་པ། ཁྱོད་ལུ་གནས་ཚུལ་བཟངམོ་(Good News) གཅིག་ཡོད།
ང་ལུ་ཨ་ལོ་ཆགས་ནུག་སི། ཟེར་སླབ་ཙམ་ཅིག་གིས་ཨ་པ་སེམས་དགའ་སྟེ། དྲག་དྲག་
ངའི་ཡིད་འཕྲོག་ལྷ་མོ། ཟེར་འབད་བ་ཅིན། ཁོ་རང་གཉིས་དགའ་བ་མ་ཚད། ཨ་རྒས་ཨང་རྒས་ཚུ་ཡང་དགའ་སྟེ་
ག་ཅི་འབདཝ་དྲག་ག་མ་ཤེསཔ་བྱུང་ནི་ཡོད།
འདི་བཟུམ་གྱི་འཁོར་ཡུག་ན་ལུ་ཨ་ལོ་ཚར་ལོངས་བྱུང་པ་ཅིན། ཨ་ལོ་འདི་སྐྱེཝ་ད་
གེ་སར་རྒྱལཔོ་དང་འདྲཝ་གཅིག་སྐྱེ་འོང་ཟེར་ཞུ་ནི་ཨིན། འདི་འབདཝ་ལས་ན་གཞོན་ཆ་ཁྱབ་(Bad
News)གནས་ཚུལ་ངན་པའི་ཨ་ལོ་མ་བཟོ་བར། (Good News)གནས་ཚུལ་བཟང་པོའི་ཨ་ལོ་བཟོ་གནང་ཟེར་ཞུ་ནི་ཨིན།
ཨ་ལོ་ཟླཝ་གསུམ་དང་བཞི་དེ་ཅིག་ལང་པའི་སྒང་ལས་
ཨའི་ཉལ་ཏེ་སྡོད་ནི་མེན་པར་
དྲོ་པ་ཕྱི་རུ་ཕར་ཚུར་འཕྱམ་སྟེ་གཟུགས་ཀྱི་འཕྲོད་བསྟེན་འབད་དགོཔ་དང་།
བཞེས་སྒོ་བཅུད་ཅན་དང་། ཤིང་འབྲས་ཀྱི་རིགས་ཚུ་ཟ་དགོ། དེ་ཚུ་ཟ་བའི་སྐབས་ལུ་ཡང་།
ཚ་མ་དྲག་གྱང་མ་དྲག མང་མ་དྲག་ཉུང་མ་དྲག་པར་རན་ཏོག་ཏོ་སྦེ་ཟ་དགོ།
ཤིང་འབྲས་ཀྱི་རིགས་ལས་པ་པ་ཡ་ཟེར་མི་འདི་ཟ་བ་ཅིན་ཨ་ལོ་ཤོར་ནི་གི་ཉེན་ཁ་ཡོདཔ་ལས་ཟ་ནི་མི་འོང་ཟེར་ཨིན་མས།
གྲ་སྒྲིག་འབད་དགོཔ།
དེ་ལས་ཟླཝ་ལྔ་དང་དྲུག་དེ་ཅིག་ལངས་པའི་སྒང་ལས་
ལྷ་དང་སྲུང་མ་ལུ་ཕུལ་ནི་གི་གསེར་སྐྱེམས་ཆང་། ཨའི་རང་དང་།
བལྟ་བར་འོང་མི་ཚུ་གི་དོན་ལུ་ཆང་བཀོལ་དང་། ཤ་སྐམ་ལ་སོགས་པའི་ཟ་འཐུང་གི་རིགས།
དེ་ལས་ཨ་ལོ་གི་དོན་ལུ་སྤུར་རས་དང་གོ་ལ་ཚུ་ཡང་གྲ་སྒྲིག་འབད་དགོ།
དེ་ལས་ན་ཐན་སྐྱེ་རནམ་ད་སྨན་ཁང་ནང་འགྱོ་བ་ཅིན་ ལམ་ཁར་ཨ་ལོ་ཤོར་ནི་གི་ཉེན་ཁ་ཡོདཔ་ལས་
བདུན་ཕྲག་གཉིས་དང་གསུམ་གྱི་ཧེ་མ་ལས་ སྨན་ཁང་གི་ཉེ་འདབ་ལུ་འགྱོ་སྟེ་སྡོད་དགོ།
ཨ་ལོ་སྐྱེ་བའི་སྐབས།
དེ་ལས་དུས་ཚོད་རན་རུང་ཨ་ལོ་སྐྱེས་མ་བཏུབ་པ་ཅིན།
གསེར་སྐྱེམས་ཀྱི་ཕུད་ཚུ་ཁ་ཕྱེ་ཞིནམ་ལས་ ལྷ་དང་སྲུང་མ་ལུ་གསེར་སྐྱེམས་ཕུལ་ནི་དང་།
ད་རུང་སྐྱེ་མ་བཏུབ་པ་ཅིན། སེམས་ཀྱི་རྣམ་རྟོག་བཟློག་ནི་གི་དོན་ལུ་མོ་བཏབ་རྩིས་བཏབ་ཚུ་ཡང་འབད་དགོ།
དེ་གི་སྐབས་ལུ་ ཤར་ཕྱོགས་གཡུས་གོ་ཚུ་ནང་འབད་བ་ཅིན།
ཨའི་མོ་རང་དང་ངོ་ཚ་ཕོག་པའི་མི་གཅིག་གིས་
མོ་གི་མགུ་ལས་ཕར་ཚུར་བསྒོམ་སྟེ་འགྱོ་བ་ཅིན་སྐྱེ་ཚུགས་ཟེར་ཨིན་མས།
ཨིན་རུང་ང་རང་གིས་གོ་དོ་བཟུམ་འབད་བ་ཅིན། དོམ་གྱིས་མཇེ་དང་།
བྱང་ཆུབ་ཤིང་གི་འདབ་མ་གིས་ཕོ་ཅུམ་གཞོང་ནི་དང་།
བྱང་ཆུབ་ཤིང་གི་འདབ་མ་བསྡུར་ཞིནམ་ལས་འཐུང་པ་ཅིན་སྐྱེ་བཏུབ་ཟེར་ཨིན་མས།
ག་ལས་སྒོར་རུང་སྐྱེ་ཟུག་རྐྱབ་པའི་སྒང་ལས་
རུས་ཐང་ལ་སོགས་པ་བཅུད་ཅན་གྱི་ཁུ་བ་ཚུ་བྱིན་ཏེ་
གཟུགས་ལུ་སྟོབས་ཤུགས་བསྐྱེད་བཅུག་ཞིནམ་ལས་ ཨ་ལོ་བཙིར་ནི་འདི་
མོ་རང་གི་ལས་དང་འགན་ཁུར་ཅིག་ཨིན་མས།
སྐྱེས་ཚར་བའི་ཤུལ་མ་གི་ལཱ།
དེ་ལས་ཨ་ལོ་སྐྱེས་ཚརཝ་གཅིག་ནད་གཡོག་དང་སྨན་གཡོག་ག་གིས་འབད་རུང་འཐུ་སྟེ་
ལྟེ་བ་ལས་སོར་བཞི་དེ་ཅིག་མཚམས་ལས་སྐུདཔ་གིས་བསྡམས་ཞིནམ་ལས་ ལྟེ་ཐག་བཏོག
དེ་ལས་དབུགས་གཏོང་ལེན་འབད་དང་མི་འབད་བལྟ། མ་འབད་བ་ཅིན།
རྐང་པ་བཤེད་དེ་མགོ་མཇུག་གཟར་ཞིནམ་ལས་ སྒལ་ཏོག་ཁར་ཐལ་ཙེག་བརྡུང་སྟེ་བལྟཝ་ཨིན།
དེ་ལས་རས་འཇམ་སྤུ་རས་ཀྱིས་སྤུར་ཞིནམ་ལས་ ཨའི་གི་ཟུར་ཁ་བཞག་ནི་དང་།
ཨའི་གི་ཨོམ་འགོ་དང་པ་འདི་བཙིར་ཞིནམ་ལས་ཨ་ལོ་ལུ་བྱིན་ནི་དང་། ཨའི་ལུ་ཐུགཔ་དང་།
རུས་ཐང་ལ་སོགས་པའི་བཅུད་ཅན་གྱི་ཟས་ཚུ་བྱོན་དགོ། དེ་ལས་ཨ་པ་གིས་ཨ་ལོ་གི་བུ་སྣོད་འདི་འཐུ་ཞིནམ་ལས་
ས་གཙང་ས་གཅིག་ནང་བཙུགས་དགོཔ་དང་། གཡུས་ཁའི་ལུགས་སྲོལ་ལ་ལོ་གཅིག་ལས་འབད་བ་ཅིན་
བུ་སྣོད་འདི་ཤིང་གུ་བཀལ་སྲོལ་ཡང་འདུག
དེ་ལས་གཡུས་ཁའི་ལུགས་སྲོལ་ལས་འབད་བ་ཅིན།
ཨ་ལོ་ཆུར་བཤལ་རྐྱབ་དགོཔ་ཨིན་རུང་།
སྨན་ཁང་ལས་འབད་བ་ཅིན་ཉིན་གྲངས་གསུམ་དེ་ཅིག་ཆུར་བཤལ་མ་རྐྱབ་ཟེར་ཨིན་མས།
ག་ལས་སྒོར་རུང་ཉིན་གྲངས་གསུམ་གྱི་རྒྱབ་ལས་ལྷ་བསངས་ཁྲུས་གསོལ་འབད་བའི་སྐབས་ལུ།
ཨ་ཞང་དང་། ཡང་ན་ལྷ་བསངས་གནང་མི་བླམ་འདི་གིས་ཨ་ལོ་འདི་གིས་མིང་ཡང་བཏགས་དོ་ཡོདཔ་དང་།
དེ་ལས་གཉེན་ཉེཝ་ཚུ་གིས་བཀྲ་ཤིས་ཁ་དར་དང་འཕྱོསམ་ཚུ་འབག་སྟེ་
ཨ་ལོ་བལྟ་བར་འོང་དོ་ཡོདཔ་ཨིན།
ཨ་ལོ་སྐྱེས་ཚར་ཞིནམ་ལས་ ཨའི་འདི་ལུ་ཤ་དང་མར།
ཨོམ་སྒོང་རྡོ་ལ་སོགས་པའི་བཅུད་ཅན་གྱི་ཟས་རིགས་ཟ་དགོཔ་ཨིན་རུང་།
ཆང་འཐུང་ནི་དང་ཨེ་མ་ཟ་ནི་འདི་ ཨ་ལོ་ལུ་གནོད་དོ་ཡོདཔ་ལས་མ་བཏུབ་ཨིན་མས།
ཨིན་རུང་ཨོམ་ཐོན་མ་བཏུབ་པ་ཅིན་ཆང་བཀོལ་ཨ་རྩི་རེ་འཐུང་དོ་ཡོདཔ་ཨིན་མས།
དེ་ལས་ཨའི་གི་རྨ་ཁ་དྲག་ནི་དང་། གཟུགས་སྟོབས་བསྐྱེད་ནི་གི་དོན་ལུ་ཚ་ཆུ་སྨན་ཆུ་དང་།
རྡོ་བཙོ་ཚུ་སྦང་དགོཔ་ཨིན་རུང་། དེ་ཚུ་ཚར་ཁ་མ་ཚུད་པ་ཅིན་
ཆུ་ནང་ཁེན་པ་བཙོ་ཞིནམ་ལས་སྦང་དགོཔ་ཨིན། དེ་གི་སྐབས་ལུ་
ཆུ་དྲོད་འཇམ་འགྱོཝ་ད་སྦང་ནི་མ་གཏོགས་
ཆུ་ཚ་ཏོམ་དང་ཁོལམ་སླ་བསྲེས་ཏེ་སྦང་མ་བཏུབ་མ་ཚད། ཟླ་ངོ་གཅིག་དེ་ཅིག་གི་རིང་ལུ་
གཟུགས་ཀྱི་ཤ་ཚུ་རྩི་མེདཔ་ལས་ སྲ་ཀྲག་གི་རིགས་རྨུར་ནི་དང་།
མགུ་ཤད་རྐྱབ་ནི་ལ་སོགས་པ་འབད་བ་ཅིན་ སོ་དང་སྐྱ་ཚུ་བུད་འགྱོ་བའི་ཉེན་ཁ་ཡོདཔ་ལས་
དེ་ཚུ་ལས་འཛེམ་དགོཔ་ཨིན།
༩༽ དུག་བཅོས།
དུག་ལུ་སྦྱར་དུག དངོས་དུག་
རེག་དུག མཐོང་དུག་ལ་སོགས་པའི་དབྱེ་བ་མ་འདྲཝ་ལེ་ཤ་འདུག ཨིན་རུང་ དུག་དེ་ཚུ་གི་ལཱ་འབད་ཐངས་ལུ་བལྟ་བ་ཅིན་དབྱེ་བ་ཁག་ལྔ་ནང་བསྡུ་ཚུགས་ནི་ཨིན་མས།
དེ་ཡང་ཟས་དུག མི་གཙངམ། སྲོག་ཆགས་ཀྱི་དུག་དང་། འདོད་རྔམ་ལས་བྱུང་བའི་དུག རེག་དུག་དང་ལྔ་ནང་བསྡུ་སྟེ་ཞུ་ནི་ཨིན།
༼དང་པ་ཟས་དུག༽ དེ་ལས་ཟས་དུག་ཟེར་མི་འདི་ མི་གཞན་གྱིས་ཟས་ནང་བཙན་དུག་༼སྨན་ཆེན།༽
ལ་སོགས་པའི་དུག་རིགས་བླུགས་ཏེ་བྱིན་བྱིནམ་དང་། རང་གིས་མ་ཤེས་པར་ཟ་ཟཝ། ལཱ་ཁག་སྦེ་དུག་འཐུང་འཐུངམ།
ཤ་མུ་ལ་སོགས་པའི་དུག་ཅན་གྱི་ཟས་རིགས་ཟ་ཟཝ། ཟས་རིགས་མ་འདྲཝ་གཅིག་ཁར་ཟཝ་ད་ དུག་ལུ་འགྱུར་ཏེ་ཡར་སོང་མི་འདི་ཚུ་ག་ར་ཟས་དུག་ནང་ཚུད་ནི་ཨིན་མས།
ཟས་དུག་འདི་ཚུད་པ་ཅིན། དེའི་འཕྲོ་ལས་ཕོཝ་སྦོ་ནི། གཟུགས་ཧོནམ་འགྱོ་ནི། ཁ་ལས་ལྦ་ག་ཐོན་ནི།
ལྕེ་ནང་ཐིམ་རྐྱབ་ནི་ལ་སོགས་པའི་རྟགས་མཚན་དེ་ཚུ་བྱུང་དོ་ཡོདཔ་དང་། དེ་ཚུ་ དེའི་འཕྲོ་ལས་ཁ་ལས་སྐྱུགས་ཏེ་ཕྱི་ཁར་བཏོན་ནི་དང་།
ཡང་ཅིན་དུག་གི་གཉེན་པོ་གཏང་མ་ཚུགས་པ་ཅིན་ཅིན་ཤི་ནི་གི་ཉེན་ཁ་ཡོདཔ་ཨིན།
སྨན་བཅོས། ཟས་དུག་འདི་ཁོག་པའི་ནང་ཞུ་སྟེ་ཁྲག་ནང་མ་ཁྱབ་པའི་ཧེ་མ་ལས་
ཕྱི་ཁར་བཏོན་དགོ་དོ་ཡོདཔ་ལས་ ཁ་ལས་སྐྱུགས་ནི་གི་སྨན་བྱིན་དགོཔ་ཨིན་མས། སྨན་འདི་ཚུ་ཚར་ཁ་ཚུད་མ་ཚུགས་པ་ཅིན་
སྐྱུགས་སྨན་གྱི་ཚབ་ལུ་ཨ་བ་བསྡུར་ཏེ་འཐུང་པ་ཅིན་ ཁམས་ལོག་སྟེ་སྐྱུགས་དོ་ཡོདཔ་ལས་ཕན་པ་བྱུང་ཚུགས་ནི་ཨིན་མས།
ཁ་ལས་སྐྱུགས་ཚར་བའི་ཤུལ་ལུ་ བོང་ང་དམར་པའི་ཁུ་བ་བཙིར་ཏེ་འཐུང་པ་ཅིན་དྲག་ཚུགས་ཟེར་ཨིན་མས།
༼གཉིས་པ་མི་གཙངམ།༽ མི་གཙངམ་ཟེར་མི་འདི་ དུག་བྱིན་མི་གི་མི་དང་། ཕོ་མོ་གང་རུང་ཤི་བའི་གཉེན་གྲོགས་མྱ་ངན་མ་སངས་པའི་མི་ལས་ཟས་ཟ་ནི། དམ་ཚིག་མ་མཐུན་པའི་མིའི་ལག་ལས་ཟས་ཟ་བའི་སྐབས་ལུ་
བྱིན་མི་དང་ཟ་མི་གཉིས་ཀྱི་བར་མ་མཐུན་པའི་ཁོན་སེམས་ཅིག་ཡོདཔ་ལས་ མི་གཙང་བའི་འཁོན་གྲིབ་ཅིག་ཟ་མི་འདི་ལུ་ཕོག་དོ་ཡོདཔ་ཨིན་མས།
མི་གཙངམ་གི་ནད་རྟགས། ནད་རྟགས་གསལ་ཏོག་ཏོ་ཅིག་མེད་རུང་
དུག་ག་ཏེ་ཕོག་ས་འདི་ནང་སྦོ་ཀྲོ་བཀལ་ཏེ་ན་དོ་ཡོདཔ་ཨིན་མས།
སྨན་བཅོས། མི་གཙངམ་གྱི་སྦོ་ཀྲོ་བཅའ་སྟེ་ཡོད་པ་ཅིན་
དུག་འཇིབ་དོ་ཡོདཔ་ཨིན་མས། འཇིབ་ཐངས་འདི་ཡང་ དང་པ་དུག་སེལ་གྱི་སྔགས་རྐྱབ། དེ་ལས་སྦོ་ཀྲོ་གི་རྩེ་ལས་ཆུང་ཀུ་གཅིག་བཀག་ཞིནམ་ལས་
སེམས་ཅན་གྱི་རྭ་དཔག་སྟེ་ཁ་གིས་འཇིབ་ཞིནམ་ལས་ཕྱི་ཁར་བོར་དོ་ཡོདཔ་ཨིན་མས།
༼གསུམ་པ་སྲོག་ཆགས་ཀྱི་དུག༽ སྲོག་ཆགས་ཀྱི་དུག་ཟེར་མི་འདི་
སྦུལ་དང་སྦོབ་ཤེནམ་ལ་སོགས་པ་དུག་ཡོད་པའི་སེམས་ཅན་གྱིས་སོ་བཏབ་པ་ཅིན། དེ་དང་ཅིག་ཁར་དུག་ཆུ་ཡང་བླུགས་དོ་ཡོདཔ་ལས།
དུག་འདི་ཁྲག་དང་ཅིག་ཁར་འདྲེས་ཏེ་གཟུགས་ཁར་ཁྱབ་དོ་ཡོདཔ་ལས་ དེ་ཚུ་ལུ་སྲོག་ཆགས་ཀྱི་དུག་བཞག་ཡོདཔ་ཨིན།
༼དུག་ཡོད་མེད་ཀྱི་ཁྱད་པར།༽ སྦུལ་ལུ་དུག་ཡོད་མི་དང་མེད་མི་དབྱེ་བ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་མ་འདྲཝ་གཙོ་བོ་དྲུག་དེ་ཅིག་འདུག དུག་ཡོད་མི་ཚུ་ལུ་ ༡མགུ་ཏོ་གྲུ་གསུམ། ༢མིག་ཏོ་དང་ཧ་པ་གཉིས་ཀྱི་བར་ཧོ་ཀ། ༣མིག་ཏོ་གི་རྒྱལམ་ནར་ནར།
༤ཡ་མཆུ་ལུ་མཆེཝ། ༥མཇུག་མ་ལུ་ཐིག་རིས་གཉིས།
༦ མཇུག་མའི་རྩེ་ལུ་ཉེན་བརྡ་བྱིན་ནི་གི་དྲིལ་བུ་བཅས་དྲུག་ཡོདཔ་དང་། དུག་མེད་མི་ཚུ་ལུ་
༡མགུ་ཏོ་དང་ མིག་གི་རྒྱལམོ་ཡང་སྒོར་སྒོར། ཧོ་ཀ་དང་མཆེཝ་མེད། མཇུག་མའི་ཐིག་རིས་གཉིིས་དང་དྲིལ་བུ་མེད།
དེའི་འཕྲོ་ལས་འབད་དགོ་པའི་ལཱ། དུག་ཅན་སེམས་ཅན་གྱིས་སོ་བཏབ་ཡོད་པ་ཅིན།
དེའི་འཕྲོ་ལས་རྨ་ཡོད་སའི་ལྟག་ལས་ཐགཔ་གིས་བསྡམས་ཏེ་ དུག་འདི་གཟུགས་ལུ་ཁྱབ་ནི་ལས་བཀག་བསྡོམ་འབད་དགོཔ་དང་།
མཛུབ་དཀྱི་དང་། ཁེན་སྦྱར། དོརམ་ལ་སོགས་པ་དམ་དྲག་གི་རིགས་གྱོན་ཏེ་ཡོད་པ་ཅིན་དེ་ཚུ་འཕུད་དགོ་མི་འདི་ཡང་།
དུག་གིས་སྦོ་པའི་ཤུལ་ལས་འཕུད་མ་ཚུགས་པའི་དཀའ་ངལ་སེལ་ནི་གི་དོན་ལུ་ཨིན་མས།
སྨན་བཅོས། དེ་གི་སྐབས་ལུ་ བྱུང་ན་རྭ་དང་།
དེ་མེད་རུང་ཁ་གིས་ ཡང་ལས་ཡང་དུ་འཇིབ་སྟེ་ཕྱི་ཁར་བོར་དགོཔ་ཨིན། དེ་སྒང་ཁ་འདི་བྱུང་ན་ཆང་དང་།
མེད་པ་ཅིན་ཆུ་གིས་བཤལ་ཏེ་བོར་ཡི་རང་། དུག་ལྐོད་མར་ཤོར་ནི་ལས་འཛེམ་དགོཔ་ཨིན། དེ་སྒང་ཚར་ཁ་ཚུད་ཚུགས་པ་ཅིན་
མེ་བུམ་རྐྱབ་སྟེ་དུག་འཐེན་ནི་དང་། དེ་ཚུ་གི་ཤུལ་ལས་ བོང་ང་དམར་པའི་ཁུ་བ་བཙིར་ཏེ་དབུར་ཚུགས་པ་ཅིན་
དུག་གི་གནོད་པ་ལས་བསྲུང་ཚུགས།
མེ་བུམ་ཟེར་མི་འདི་ཡང་།
རྨ་ཁ་ཡོད་ས་འདི་ནང་ ཆུ་བཏབ་སྟེ་རློནམ་བཟོ་བཞག་ནི་དང་། རྭ་དང་ཕོརཔ་ལ་སོགས་པ་གཏིང་རིངམ་ཡོད་མི་གཅིག་ནང་
ཤོ་གུ་མེ་བཏང་བཙུགས་ཞིནམ་ལས་ རྨ་ཁ་ཡོད་ས་འདི་ནང་སྤུབས་ཏེ་ཨ་ཙི་བཞག་པ་ཅིན་ རྨ་ཁ་ཡོད་ས་འདི་ནང་གི་
ཁྲག་དང་ཆུ་སེར་ལ་སོགས་པ་ཚུ་ག་ར་ ཕོརཔ་འདི་ནང་འཐེན་ཚུགས་ནི་འདི་གིས་ ཁྲག་དང་ཅིག་ཁར་དུག་ཡང་འཐེན་ཚུགས་པའི་ཕན་པ་ཡོད།
༼བཀག་ཐབས།༽ ས་གནས་དྲོད་ས་དང་ཐ་འཁོར་ཚལ་མ་ཡོད་པ་ཅིན་ ཁྱིམ་ནང་སྦུལ་འོང་ནི་གི་ཉེན་ཁ་ཡོདཔ་ལས།
རང་གི་ཁྱིམ་གྱི་སྒོ་དང་སྒོ་ཅུང་ཚུ་གི་གདོང་ཁར་ གླ་རྩི་དཔྱངས་སྟེ་བཞག་པ་ཚུགས་པ་ཅིན་སྦུལ་འོང་མི་ཚུགས།
དེ་མེད་རུང་ ཁྱིམ་གྱི་མཐའ་འཁོར་ལུ་ཏམ་ཁུ་སྦ་སྦ། སྒོགཔ་ལྕ་སྒོགཔ། ཌེ་སེལ་དང་ས་མ་ཁུ་ཚུ་ག་ཅི་ཡོད་རུང་།
ཨ་ཙི་རེ་བླུགས་བཞག་ཚུགས་པ་ཅིན་ སྦུལ་ཁྱིམ་ནང་འོང་ནི་ལས་བཀག་བསྡོམས་འབད་ཚུགས། དེ་ལས་རང་གི་ཁྱིམ་ནང་བྱི་ལི་ཡོད་པ་ཅིན་
བྱི་ལི་གིས་སྦུལ་མ་ཤིཝ་བཟུང་འབག་སྟེ་ཁྱིམ་ནང་འོང་དོ་ཡོདཔ་ལས་ རང་དང་ཨ་ལོ་ཉལ་ས་ནང་སྒོ་བསྡམས་ཏེ་བྱི་ལི་མ་ཐལཝ་བཟོ་དགོ།
དེ་ལས་ཕྱི་ཁར་ཚལ་མ་དང་རྩ་ནང་འགྱོ་དགོ་པ་ཅིན་ ཆུ་ལྷམ་བཙུགས་ཏེ་འགྱོ་ནི་དང་། ཧོ་ཀ་དང་དོང་ཚུ་ནང་ལགཔ་རྐྱབ་སྟེ་སློང་ནི་མི་འོང་།
དེ་ལས་རོ་ཁྱི་དང་བྱི་ལི་ཚུ་ཨིན་པ་ཅིན།
རྩིག་རྨུག་ལངས་བཅུག་ནི་མི་འོང་། འདྲིས་ཤེས་མེད་པའི་རོ་ཁྱི་དང་བྱི་ལི་ལས་ ཐག་རིང་སར་སྡོད་དགོ།
ཕྱི་གུ་ཡོད་མི་ཚུ་གི་གདོང་ཁར་འགྱོ་ནི་མི་འོང་། ལྟོ་དང་ཤ་ལ་སོགས་པ་ཟཝ་དང་དཀྲོགས་ནི་མི་འོང་། རོ་ཁྱི་གིས་རང་ལུ་ཧབ་སྟེ་འོང་པ་ཅིན།
རྒྱབ་སྒོར་ཏེ་བྱོག་ནི་མེན་པར་ མེན་རྫུ་ལོག་ལོ་སྦེ་ལངས་སྟེ་སྡོད་པ་ཅིན་ རོ་ཁྱི་གིས་གདོང་གུ་མཆོངས་སྟེ་མི་འོང་།
༼བཞི་པ་འདོད་རྔམ་ལས་བྱུང་བའི་མཐོང་དུག༽ དུག་འདི་
སེམས་ཁར་བབས་པའི་དངོས་པོ་ཚུ་ལུ་གཞན་གྱིས་སེམས་ཤོརཝ་ད་ གཞན་གྱིས་སེམས་ཤོར་འདོད་པ་དེ་ལས་བརྟེན་ཏེ་
དངོས་པོ་འདི་ལུ་གནོད་སྐྱོན་འོང་མི་གཅིག་ཨིན། དུག་འདི་ཡང་ རྟ་ནོར་སེམས་ཅན། ཨ་ལོ་ཆུང་ཀུ།
དེ་ལས་ཆང་ལ་སོགས་པ་ཟ་འཐུང་གི་རིགས་ཚུ་ལུ་འོངམ་ཨིན། དཔྱེ་འབད་བ་ཅིན། ཆང་བཙོ་བའི་སྐབས།
བཙོ་ཞིནམ་ལས་ བརྡལ་ཏེ་ཕོག་བླུགས་པའི་སྐབས། རྒྱ་རྫི་ནང་བདེག་པའི་སྐབས་ཚུ་ནང་ ཨཔ་ཆང་བཟེད་རྒེདཔ་ཚུ་གིས་མཐོང་པ་ཅིན་
ཆང་འདི་སྐྱུརཔ་འགྱོ་དོ་ཡོདཔ་དང་། ཨ་ལོ་ཆུང་ཀུ་ཚུ་མི་འཛོམས་སར་འབག་འགྱོཝ་ད་ མི་གཞན་གྱི་འདོད་རྔམ་གྱི་དུག་ཕོག་སྟེ་ན་ཚ་བྱུང་དོ་ཡོདཔ་ཨིན་མས།
དེ་འབདཝ་ལས་ཆང་བཙོཝ་ད་
མགྱོནམ་གྱི་མཐོང་ས་མེད་པའི་ཁྱིམ་གྱི་རྒྱབ་ཁར་བཙོ་དོ་ཡོདཔ་དང་། ཕོག་བླུགས་པའི་སྐབས་ལུ་ཡང་།
ཕུགས་ལ་སོགས་པ་མགྱོནམ་འཛུལ་ས་མེདཔ་ཅིག་ནང་བཟོ་དོ་ཡོདཔ་ཨིན། དེ་ལས་ཨ་ལོ་ཕྱི་ཁར་འབག་འགྱོ་བ་ཅིན།
དཔྱལ་བར་རྫ་ནག་དབུར་ཏེ་འབག་འགྱོ་དོ་ཡོདཔ་ཨིན།
༼ལྔ་པ་རེག་དུག༽ རེག་དུག་ཟེར་མི་འདི་ རང་དང་མ་འཕྲོད་པའི་སྔོ་ཤིང་དང་། རྫས་རིགས་ཚུ་རང་གི་གཟུགས་ཁར་རེགཔ་དང་གནོད་པ་བྱུང་མི་ཅིག་ལུ་གོ་ནི་ཨིན།
དེ་ཡང་རང་དང་མ་འཕྲོད་པའི་སྔོ་ཤིང་ཚུ་རང་གི་གཟུགས་ཁར་རེག་ནི་དང་། སྨན་དང་གླང་ལེབ་ལ་སོགས་པ་ཚུ་གིས་རང་དང་མ་འཕྲོད་པའི་སྐབས་ལུ་
གཟུགས་ཁར་རྨ་འཐོན་ནི་ལ་སོགས་པ་འོང་དོ་ཡོདཔ་ཨིན་མས། རེག་དུག་འདི་མི་སྦོམ་ལུ་ཉེན་ཁ་སྦོམ་ཅིག་མེན་རུང་།
ཨ་ལོ་ཆུང་ཀུ་ལུ་ཨིན་པ་ཅིན་ཉེན་ཁ་ཡོད། དེ་འབདཝ་ལས་ཨ་ལོ་ཆུང་ཀུའི་གོ་ལ་ཚུ་ གླང་ལེབ་ཕྱེ་ཚུ་གིས་འཕྱུ་ནི་མེདཔ་དང་།
གཟུགས་འཁྱུ་ནི་གི་གླང་ལེབ། སྨན་ལ་སོགས་པ་ཚུ་ཐོབ་ཚད་ཅིག་ལག་ལེན་འཐབ་ནི་མི་འོང་།
No comments:
Post a Comment