Thursday, January 4, 2018

བྱང་ཤམྦྷ་ལའི་ངོས་འཛིན་བཀྲ་ཤིས་རྟགས་བརྒྱད།



བྱང་ཤམྦྷ་ལའི་ངོས་འཛིན་བཀྲ་ཤིས་རྟགས་བརྒྱད།
  ས་ལ་རིས་མོ་བྲིས་པས། །མཁའ་དབྱིངས་རྒྱུ་སྐར་དཀྱིལ་འཁོར། །མངོན་སུམ་ལམ་དུ་སྟོན་པའི། །དུས་ཀྱི་འཁོར་ལོས་སྐྱོངས་ཤིག། ཅེས་པའི་ཚིག་གི་མདུན་བསུས་ནས། དུས་ཀྱི་འཁོར་ལོ་དང་འབྲེལ་བའི་བྱང་ཤམྦྷ་ལའི་ངོས་འཛིན་གྱི་སྐོར་ཅུང་ཟད་བཤད་པ་ལ། ༡ཤམྦྷ་ལའི་སྐོར་ལ་ཞིབ་འཚོལ་བྱ་དགོས་དོན། ༢གཞུང་ལུགས་གང་ནས་གསུངས་པ། ༣མཁས་པའི་བཞེད་ཚུལ་ཐ་དད། ༤ བཞེད་ཚུལ་དེ་དག་མི་འཐད་པའི་རྒྱུ་མཚན། ༥ སྡུད་རྒྱུད་ཚིགས་བཅད་གཉིས་ཀྱི་འགྲེལ་བཤད་དང་འབྲེལ་བའི་ཤམྦྷ་ལའི་ངོ་སྤྲོད། ༦ ཆུ་བོ་ཤཱི་ཏཱའི་ངོས་འཛིན། ༧ཀ་ལ་པའི་གྲོང་ཁྱེར། ༨ དོགས་དཔྱོད་བཅས་བཀྲ་ཤིས་རྟགས་བརྒྱད་ཀྱི་སྒོ་ནས་ཞུ་རྒྱུ་ཡིན།

དང་པ་ཤམྦྷ་ལའི་སྐོར་ལ་ཞིབ་འཚོལ་བྱ་དགོས་དོན།
ཤམྦྷ་ལའི་ཡུལ་ལྗོངས་ངོས་འཛིན་བྱ་རྒྱུ་ནི་ རང་ཅག་ནང་པའི་ཁོངས་སུ་གཏོགས་པ་རྣམས་ལ་ དེ་ཙམ་ གལ་ཆེན་པོ་ཞིག་མིན་ན་ཡང་། ནུབ་ཕྱོགས་པ་ཚོ་ལ་གལ་ཆེན་ཞིག་ཆགས་ཡོད།
གང་ཡིན་ཟེར་ན། ཧིནྡུའི་གཞུང་ནས། ཁྱབ་འཇུག་གི་འཇུག་པ་༡༠པ་ ཀལྐི་ཞེས་པ་དེས་རྡོའི་རྟ་ལ་ཆིབས་ནས་ ཆོས་མིན་འཇོམས་པར་གསུངས་པ་དང་། དུས་ཀྱི་འཁོར་ལོ་ནས་ཀྱང་ ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་ དྲག་པོ་ལྕགས་འཁོར་ཅན་གྱིས་ ལྷ་མིན་ཀླ་ལོ་འཇོམས་པར་གསུངས་པ་ཡོད་ལ།   འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནས་ འཛམ་གླིང་གཞན་གྱི་འཕྲུལ་སྟོསབ་ཆེ་བའི་མི་རྣམས་(Aliens) འཛམ་གླིང་འདིར་འོང་བའི་གནས་ཚུལ་ མང་པོ་མཐོང་བ་ན།  ཁོང་ཚོའི་བསམ་ངོ་ལ་ མི་དེ་དག་ཤམྦྷ་ལ་ནས་འོང་བའི་དོགས་པ་ཡང་སྐྱེས་ཡོད།
དེས་ན་ འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནས་ ཇར་མན་ནག་ཛི་ཚོགས་པས་ ཡུལ་དེ་འཚོལ་བའི་མི་སྣ་ཆེད་མངགས་བཏང་ཡོད་ལ།  དེ་མིན་ཞིབ་འཚོལ་ལ་དགའ་བའི་མི་རྣམས་ཀྱིས་ གནས་ཚུལ་གསར་པ་ཞིག་རྙེད་ན་བསམ་པའི་རེ་བས་ ད་དུང་ཡང་འཚོལ་བཞིན་ཡོད།
ཡིན་ན་ཡང་ འཛམ་གླིང་གཞན་གྱི་མི་དང་འབྲེལ་བའི་གནས་ཚུལ་འདི་ རེ་ཞིག་བཞག་ནས་ དུས་འཁོར་རང་ནས་ཇི་ལྟར་གསུངས་པ་་བཞིར་བཞག་ནས་ཞུ་རྒྱུ་ཡིན།

གཉིས་པ་གཞུང་ལུགས་གང་ནས་གསུངས་པ།
ཤམྦྷ་ལའི་སྐོར་དེ་ཐོག་མར་ རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་ དཔལ་དུས་ཀྱི་འཁོར་ལོའི་སྡུད་པའི་རྒྱུད་ལས་གསུངས་ཡོད། དེ་ཡང་།
ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས།།
དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར།།
དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པ་འོ།།
དེ་ཡི་དབུས་ན་ཀཻ་ལཱ་ཤ་སྟེ་མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བ་འོ།།༡༥༠།།
ས་ལ་ཀཻ་ལཱ་ཤ་ཡི་དུམ་བུ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་སུམ་ཆ་སྟེ།།
ཕྱི་རོལ་དུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན།།
གཡས་ཀྱི་ཕྱེད་ན་ཤམ་བྷ་ལར་གྲགས་ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་པ་སྟེ།།
བྱེ་བའི་གྲོང་གིས་ངེས་པར་བཅིངས་པའི་ཡུལ་དུ་འགྱུར་ཏེ་རྒྱལ་ཁམས་གྲོང་ནི་འབུམ་ཕྲག་རྣམས་ཀྱིས་སོ།།༡༥༡།།

གསུམ་པ་མཁས་པའི་བཞེད་ཚུལ་ཐ་དད།
དེ་ཡང་ མཐའ་འཁོར་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན་གྱི་ཡུལ་འཁོར་བརྒྱད་ཀྱི་དབུས་སུ། ཤམྦྷ་ལ་ཡོད་པར་རྩ་བའི་ཚིག་གིས་ཟིན་ཡོད་ཀྱང༌། ཡུལ་དེ་གང་དུ་ཡོད་པའི་གསལ་ཁ་མེད།  འོན་ཀྱང་འགྲེལ་ཆེན་དུ། ལྷོ་གླིང་དབུས་མའི་དུམ་བུ་འདི་ལ་ཐོག་མར་འཕགས་པའི་ཡུལ། བོད། ལི། རྒྱ་ནག དེ་ནས་ཀཻ་ལཱ་ཤའི་དུམ་བུ་བཅས་ཀྱི་ཡུལ་ལྔ་བཤད་པ་དང༌། ཡང༌། འགའ་ཞིག་གིས་ དེ་དག་གི་སྟེང་དུ་ གངས་ལྡན་བསྣན་ནས་དྲུག་དང་། འགའ་ཞིག་གིས་ རྒྱ་ལ་ རྒྱ་ནག་དང་རྒྱ་ནག་ཆེན་པོ་གཉིས་སུ་ཕྱེ་ནས་དྲུག་ཏུ་འདོད་པའི་ འདོད་ཚུལ་མི་འདྲ་བ་གཉིས་བྱུང་ཡོད།
ཡུལ་ལྔ་དང་དྲུག་ཏུ་འདོད་པ་གང་ལྟར་ཡང་ཤམ་བྷ་ལའི་ཡུལ་དེ་ནི། ཀཻ་ལཱ་ཤའི་དུམ་བུ་དེ་ལ་ཡོད་དགོས་པས། ཡུལ་དེ་རྒྱ་གར། བོད། ལི་ཡུལ། རྒྱ་ནག་བཅས་ཀྱི་ཡུལ་དེ་དག་བརྒལ་བའི་བྱང་གི་ས་གནས་ཤིག་ལ་ཡོད་པའི་བསམ་ཚུལ་དེ། རིགས་ལྡན་པད་དཀར་གྱི་འགྲེལ་ཆེན་ལས་བྱུང་ཞིང་། དེའི་རྗེས་སུ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱང་ཅི་གསུངས་བཀའ་བཞིན་བསྒྲུབས་པ་མ་གཏོགས་ འཇམ་དཔལ་གྲགས་པའི་སྡུད་རྒྱུད་དང་སྦྱར་ནས་ལྟ་མཁན་སུ་ཡང་བྱུང་མི་འདུག ཡང་དེང་སངས་བོད་ཀྱི་དྲྭ་རྒྱ་ཞིག་ནང་།[1] རྩོམ་སྒྲིག་པ། ཆབ་རྒྱལ་སྲས་ལགས་ཀྱིས་འདི་ལྟར་གསུངས་ཏེ། དེ་ལ་ཡུལ་འདི་ཉད་ད་ལྟའི་སའི་ཆ་གང་དུ་ཡོད་ན། མངའ་རིའི་གངས་ཏི་སེའི་བྱང་ཕྱོགས་ཤིན་ཅང་ངམ་ལི་ཡུལ་གྱི་སའི་ལྷོ་ནུབ་ཀྱི་རྒྱུད་དུ། ནུབ་པ་ཅི་སི་ཐན་དང་འབྲེལ་བའི་ཁུ་ནུ་རི་བོའི་རི་རྒྱུད་(喀喇昆.)ཅེས། རིང་ཚད་ལ་སྤྱི་ལེ་བརྒྱད་བརྒྱར་ཉེ་བ་དང་སྟོང་གཉིས་ལྷག་ཡོད་པའི་གངས་རིའི་རི་རྒྱུད་ཆེན་པོ་གཉིས་ཡོད་པའི་ཡུལ་ལྗོངས་ལ་དེ་ལ་ངོས་འཛིན་བྱ་རྒྱུ་ཡིན་ནོ།། ཞེས་སྟབས་བདེ་པོ་ཞིག་གསུངས་པ་དང་། ཡང་ཤམྦྷ་ལ་གང་དུ་ཡོད་པའི་མཚམས་གྱི་ཆུ་བོ་སཱི་ཏཱ་འདི་ཡང་སེང་གེ་ཁ་འབབ་ལ་ངོས་འཛིན་གནང་བའི་བལྟ་ཚུ་གསར་པ་ཞིག་བྱུང་འདུག།

བཞི་པ་བཞེད་ཚུལ་དེ་དག་མི་འཐད་པའི་རྒྱུ་མཚན།
འདི་ལ་སྔོན་གྱི་མཁས་པའི་བཞེད་པ་མི་འཐད་པ་དང་། དེང་སངས་ཀྱི་བལྟ་ཚུ་གསར་པའི་རྒྱུ་མཚན་མི་འཐད་པ་གཉིས་ལས་དང་པོ་ནི།
༡༽ ཁོང་རྣམས་ཀྱི་བཞེད་པ་ལྟར་ན་ ཤམྦྷ་ལ་གང་དུ་ཡོད་པའི་ཀཻ་ལ་ཤ་འདི་ རྒྱ་ནག་གི་བྱང་དུ་ཡོད་དགོས་ཀྱང་། འདི་ཉིད་བོད་ལ་ཡོད་པས་མི་འཐད། ༢༽ སྡུད་རྒྱུད་ལས། ཀཻ་ལཱ་ཤ་ཡི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང་དུ་ཡང་ནི་བྱང་ལ་གནས་པ་འོ།།  ཞེས་ ཉི་མ་ཀཻ་ལ་ཤའི་བྱང་དུ་འགྲོ་བར་བཤད་པས། དབྱར་ཉི་ལྡོག་གི་སྐབས་སུ་  ཉིན་བྱེད་དབང་པོ་རྒྱ་ནག་གི་བྱང་དུ་འགྲོ་བར་འདོད་དགོས་ཀྱང་། དེ་ཉིད་འཕྲེད་ཐིག་༢༤ཅན་གྱི་ རྒྱ་གར་འཕགས་རྒྱལ་ཡུལ་(Ujain) ནས་ལྡོག་ནས་འགྲོ་བར་མངོན་སུམ་ཡིན་པས་མི་འཐད། ༣༽ ཡུལ་དྲུག་གི་ཆུ་ཚོད་འཕེལ་འགྲིབ་བཤད་པའི་སྐབས་སུ། སྡུད་རྒྱུད་ལས། ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ།། ཞེས་ཡུལ་དྲུག་གི་ཆུ་ཚོད་འཕེལ་འགྲིབ་ཀྱི་ཆ་ནི་ ཆུ་ཚོད་༦༠འི་༦ཆ་ ཆུ་ཚོད་༡༠ཙམ་ཡིན་པར་གསུངས་ཤིང་། རྩིས་ཀྱི་ཆུ་ཚོད་༡༠དེ་ ལག་འཁོར་ཆུ་ཚོད་༤ཡིན་པས། དེ་ལྟར་ན་ རྒྱ་གར་འཕགས་ཡུལ་དང་། རྒྱ་ནག་གི་བྱང་དུ་གནས་པའི་ཀཻ་ལ་ཤ་ལ་གཉིས་ཀྱི་བར། ཉིན་མཚན་འཕེལ་འགྲིབ་ཆུ་ཚོད་༤ཙམ་ལས་མེད་པའི་སྐྱོན་དུ་འགྱུར་བས་མི་འཐད།
གཉིས་པ་བལྟ་ཚུལ་གསར་པའི་བཞེད་པ་མི་འཐད་པའི་རྒྱུ་མཚན་ལ་ཚིག་སྐྱོན་དང་དོན་སྐྱོན་ཁག་གཉིས་ཞུ་རྒྱུ་ཡིན།  དང་པ་ནི། ༡༽ ཁོ་རང་གིས་བཀོད་པའི་ས་ཁྲའི་ནང་དུ། སེང་གེ་ཁ་བབས་ནི་ཆུ་བོ་སཱི་ཏཱ་ཡིན་པ་དང་། ཏི་སིའི་ནུབ་ངོས་སུ་འབབ་པའི་ཆུ་བོ་གླང་ཆེན་ཁ་བབས་དེ་ཆུ་བོ་སཱིནྡྷུ་ཞེས་བྲིས་འདུག། དེ་ནི་ནོར་བ་ཆེན་པོ་སྟེ། སེང་གེ་ཁ་འབབ་ནི་སྟོད་ལ་དྭགས་ཀྱི་ཡུལ་ལྗོངས་བརྒྱུད་ནས། པ་ཀིས་ཐཱན་ལ་འགྲོ་བའི་ཚེ་སིནྡྷུ་ཞེས་བྱ་བ་ཡིན་ལ། གླང་ཆེན་ཁ་འབབ་ནི་གཞུང་ལུགས་ལྟར་ན་ཆུ་བོ་པཀྵུ་འམ། ཅཀྵུ་ཞེས་པ་འདི་ཡིན་ལ། ད་ལྟའི་ཡོངས་གྲགས་ལྟར་ན་སཏ་ལེཇ་(Satluj)ཞེས་པ་འདི་ཡིན། ༢༽ དེ་ནས་ནུབ་པ་ཀིས་ཐཱན་དང་འབྲེལ་བའི་ཁུ་ནུའི་རི་བརྒྱུད། ཅེས་པ་འདི་ཡང་། ཁུ་ནུའི་ཡུལ་ལྗོངས་ལ་ཀིནྣོར་ཟེར་བ་ཡིན་ཞིང་། འདི་ནི་ཆུ་བོ་གླང་ཆེན་ཁ་འབབ་ཀྱི་གཡས་གཡོན་དུ་ཆགས་ཡོད་པ་དང་། པ་ཀིས་ཐཱན་དང་ཁུ་ནུའི་བར་སྟོད་ལ་དྭགས་ཀྱིས་ཆོད་ཡོད་པས། ཡུལ་ལྗོངས་འདི་གཉིས་འབྲེལ་བ་མེད། མ་ཟད་ཁུ་ནུའི་རི་དང་ཡུལ་ལྗོངས་ནི། སེང་གེ་ཁ་འབབ་ཀྱི་ལྷོ་ངོས་སུ་ཡོད་པས། ཁུ་ནུའི་རི་བརྒྱུད་དེ་གཉིས་ཤམྦྷ་ལ་ཡིན་དོགས་རྩ་བ་ནས་མེད། ངས་དྲང་པོར་ཞུས་ན། ཁྱེད་རང་གིས་རྒྱ་སྐད་འདི་ལྟར་(喀喇昆.)ཡོད་པ་འདི། བོད་སྐད་དུ་ཁུ་ནུའི་རི་རྒྱུད་ཅེས་བྲིས་པས་ནོར་བ་ཡིན་འདུག རྒྱ་སྐད་འདིའི་སྐད་དོད་ནི། ཁུ་ནུའི་རི་རྒྱུད་མིན་པར་ཀུན་ལུན་རི་རྒྱུད་དང་། ཨིང་སྐད་དུ(Kunlun Mountains) ཟེར་བ་འདི་ཡིན་འདུག་ལ། འདི་ཡིན་ན། པ་ཀིས་ཐཱན་དང་། ཤིན་ཅང་གི་ལོ་རྒྱུས་ལབ་མི་དགོས་པར། ཐད་ཀར་ལབ་ན་ཡང་འགྲིག་འདུག་ལ། ཡང་ན་ཏག་ལ་མ་ཀན་ཌེ་ཟཊ་(Taklamakan Desert) ཀྱི་ལྷོ་ངོས་སུ་ཡོད་པའི་ཀུན་ལུན་རི་རྒྱུད་འདི་ཉིད་ཤམྦྷ་ལའི་ཡུལ་ལྗོངས་ཡིན་ཞེས་ལབ་ན་འགྲིག་པ་རེད། ཟས་ཁ་ནས་ཟ་བ་ལ་ལག་པ་ལྟག་པ་ནས་བཅོར་དགོས་དོན་གང་ཡོད།
གཉིས་པ་དོན་སྐྱོན་ནི། ༡༽ སེང་གེ་ཁ་འབབ་ནི་ཆུ་བོ་སཱི་ཏཱ་ཡིན་པའི་རྒྱུ་མཚན་མེད་པ་མ་ཟད་གནོད་པ་ཡོད། གང་ཡིན་ཞེ་ན། མཛོད་ནས། སཱི་ཏཱ། སིནྡྷུ། གངྒཱ། པཀྵུ་ཞེས་པའི་ཆུ་ཆེན་བཞི་བཤད་ཡོད་ཀྱང་། ཆུ་ཆེན་བཞི་པོའི་ཕྱོགས་བཤད་མེད་ཅིང་། ཧིན་དཱུའི་་སྔོན་རབས་ཀྱི་གཞུང་ནས་ཆུ་ཆེན་བཞིའི་ཕྱོགས་བཤད་པའི་ཚེ། སཱི་ཏཱ་ཤར། གངྒཱ་དང་ཨ་ལ་ཀ་ནནྡ་ལྷོ། ཅཀྵུ་༼པཀྵུ༽ ནུབ། སིནྡྷུ་བྱང་དུ་བཤད་པས། སིན་དྷུ་འདི་སཱི་ཏཱ་ཡིན་ཞེས་ཆུ་ཆེན་གསུམ་དུ་འདོད་རྒྱུ་ཡིན་ནམ། ༢༽ ཤམྦྷ་ལའི་གྲོང་ནི་ཀུན་ལུན་རི་རྒྱུད་ཀྱི་ཡུལ་ལྗོངས་ཡིན་ན། ཤམྦྷ་ལ་གང་དུ་ཡོད་པའི་ཀཻ་ལ་ཤའི་ལྗོངས་ཡང་དེའི་མཐའ་འཁོར་ཡིན་དགོས་ལ། དེ་ལྟར་ན། གོང་དུ་ཞུས་པ་ལྟར། འཇམ་དཔལ་གྲགས་པས། ཀཻ་ལ་ཤའི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང་དུ་ཡང་ནི་བྱང་ལ་གནས་པ་འོ།། ཞེས་པ་ལྟར། ཉི་མ་བྱང་བགྲོད་ཀྱི་ཚེ་ཉིན་བྱེད་དབང་པོ་ཀུན་ལུན་གངས་རིའི་བྱང་དུ་འགྲོ་དགོས་པར་ཐལ་བ་ལྡོག་ཏུ་མེད་དོ།།

ལྔ་པ་སྡུད་རྒྱུད་ཚིགས་བཅད་གཉིས་ཀྱི་འགྲེལ་བཤད་དང་འབྲེལ་བའི་ཤམྦྷ་ལའི་ངོ་སྤྲོད།
དེ་ཡང་རི་རབ་ནས་ཕྱི་རིམ་བཞིན་དུ། གླིང་དྲུག། མཚོ་དྲུག། རི་དྲུག་སྤེལ་མར་ཡོད་པ་དེ་དག་ཐམས་ཅད་ལོངས་སྤྱོད་ཀྱི་ས་པ་ཡིན་ལ། མཚོ་དྲུག་པ་ཆང་གི་རྒྱ་མཚོ་དེ་དང་མཚོ་བདུན་པ་ལན་ཚྭའི་ཆུ་གཏེར་གཉིས་ཀྱི་དབུས་སུ། ཐུབ་པ་སྟེ་གླིང་བདུན་པ་སའི་དཀྱིལ་འཁོར་འདི་ལ་ནི་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཡང་དག་པར་གནས་སོ།།
སའི་དཀྱིལ་འཁོར་གྱི་ཐད་ཀར་དཔག་ཚད་འབུམ་ཕྲག་གཅིག་ཡིན་པས། ཁོར་ཡུག་གི་ཚད་ལ་གསུམ་འགྱུར་དུ་གཏོང་བའི་དཔག་ཚད་འབུམ་ཕྲག་གསུམ་ལ། ཉི་མའི་དུམ་བུ་སྟེ་དུམ་བུ་བཅུ་གཉིས་སུ་བགོས་པའི་གླིང་རྣམས་སུ། མིའི་བདག་པོ་འཁོར་བསྒྱུར་གྱི་རྒྱལ་པོ་རིམ་པ་བཞིན་དུ་འཁོར་བར་འགྱུར་རོ།། འདི་ནི་གཞུང་གཞན་ནས་གླིང་བཞི་དང་གླིང་ཕྲན་བརྒྱད་བསྡོམས་པའི་གླིང་བཅུ་གཉིས་བཤད་པ་དེ་ཡིན་ལ། འོན་ཀྱང་དུས་འཁོར་ནས་གླིང་དང་ཕྲན་གྱི་རྣམ་གཞག་མི་འབྱེད་པ་ནི་འཆད་འགྱུར་ལྟར་རོ།།
དེ་ནས། དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པ་འོ།། ཞེས་པ་ནི་འགྱུར་མ་དག་པ་སྟེ། འདིའི་རྒྱ་དཔེར། ཁཎྜཻ་ཀཾ་ ཡོ་ཇ་ནཱ་ནཱཾ་ བ་སུ་ད་ལ་ས་ཧི་ཏཾ་ པཉྕ་བིཾ་ཤཏྶ་ཧ་སྲཾ། ཞེས་ནོར་གྱི་འདབ་མ་དང་བཅས་པའི་ཚིག་དེ་སྔོན་དང༌། སྟོང་ཕྲག་ཉི་ཤུ་རྩ་ལྔའི་ཚིག་དེས་མཇུག་སྡུད་བྱས་འདུག་པའི་ཕྱིར་དང༌། གཞན་ཡང༌། དུམ་བུ་རེ་རེ་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་དང༌། དེའི་སྟེང་དུ་ནོར་གྱི་འདབ་མ་དང་བཅས་ན། དུམ་བུ་རེ་རེའི་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལས་ལྷག་པར་འགྱུར་ལ། དེ་ལྟར་ན། ཁོར་ཡུག་འབུམ་ཕྲག་གསུམ་ལས་ལྷག་པའི་སྐྱོན་དུ་འགྱུར་རོ།། སྐྱོན་མེད་དེ། ནོར་གྱི་འདབ་མ་ནི་འཛམ་གླིང་ཆུང་ངུའི་ནང་གསེས་ཤམ་བྷ་ལའི་བཀོད་པ་ཡིན་པའི་ཕྱིར་ཞེ་ན། ཁྱེད་རྣམས་ལས་སྟབས་བདེ་བ་ཞིག་སུ་ཡོད། དུམ་བུ་བཅུ་གཉིས་སྤྱིར་བཏང་གི་ཚད་བཤད་ཟིན་མ་ཐག། འབྲེལ་བ་གང་ཡང་མེད་པར་སེང་གེའི་མཆོངས་སྟབས་ཞིག་གིས་ལྷོའི་དུམ་བུ་འདིའི་བྱང་ཕྱོགས་ཤམ་བྷ་ལའི་ཡུལ་ལ་མཆོངས་འདུག། གལ་ཏེ་དངོས་གནས་རང་ནོར་གྱི་འདབ་མ་དེ་འཛམ་གླིང་ཆུང་ངུའི་ནང་གསེས་ཀྱི་ཤམ་བྷ་ལའི་བཀོད་པ་ཡིན་ན། ཚིག་འོག་མ། གཡས་ཀྱི་ཕྱེད་ན་ཤམ་བྷ་ལར་གྲགས། ཞེས་པ་དེའི་འོག་ཏུ་འབྱུང་དགོས་པ་མིན་ནམ། སེམས་རྣལ་དུ་ཕོབས་ལ་དྲང་པོར་སོམས་ཤིག།
ཚིག་དེ་ཇི་ལྟར་དགོས་ཤེ་ན།
དུམ་བུ་གཅིག་ལ་ནོར་གྱི་འདབ་མ་དག་དང་བཅས་པར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་འོ།། ཞེས་དགོས་འདུག། དེས་ན་ལྷོའི་དུམ་བུ་གཅིག་པོ་འདི་ལ་མཐའ་ནས་བསྐོར་བའི་ཡུལ་འཁོར་བརྒྱད་ཀྱི་ནོར་གྱི་འདབ་མ་དག་དང་བཅས་པ་ཡོངས་རྫོགས་བསྡོམས་ན་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་འོ།། ཞེས་ནོར་གྱི་འདབ་མ་ནི་སྟོང་ཕྲག་ཉེར་ལྔའི་ཁོངས་སུ་བསྡུ་དགོས་སོ།། སྐབས་འདིའི་ནོར་གྱི་འདབ་མའི་དོན་ལ། ནོར་ཞེས་པ་བརྒྱད་དང༌། འདབ་མ་ཞེས་པ་ནི་མཐའི་ཡུལ་འཁོར་བརྒྱད་པོ་པདྨའི་འདབ་མའི་ཚུལ་དུ་ཡོད་པའི་དོན་ཡིན།  ཡུལ་འཁོར་བརྒྱད་ནི་ སྔོན་རབས་ནང་དུ། འཛམ་གླིང་འདིའི་ལྷོ་ལ་ཡུལ་སྡེ་གསུམ། བྱང་ལའང་གསུམ། ཤར་ནུབ་གཉིས་ལ་རེ་རེ་སྟེ་ཡུལ་སྡེ་ཆེན་པོ་བརྒྱད་དང༌། བརྒྱད་པོ་དེ་དག་གི་དབུས་སུ་ཨི་ལ་བྲིཏ་ཞེས་པའི་ཡུལ་སྡེ་ཆེན་པོ་ཞིག་དང་བཅས་སྟེ་འཛམ་བུའི་གླིང་འདི་ལ་ཡུལ་སྡེ་དགུ་ཡོད་པར་གསུངས་པའི་མཐའི་ཡུལ་འཁོར་བརྒྱད་པོ་དེ་དག་གོ།[2]  
མཐའི་ཡུལ་འཁོར་བརྒྱད་པོ་དེའི་དབུས་ན་ཀཻ་ལཱ་ཤ་ཞེས་པའི་ལྗོངས་སྟེ། མཆོག་གི་གངས་རིའི་ཕྲེང་བ་རྣམས་ཀྱིས་ནི་ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་བསྐོར་ཏེ་གནས་པའི་གངས་རིའི་ཕྲེང་བ་འོ།། ལྷོའི་དུམ་བུའི་ས་གཞི་འདི་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་ཡོད་པའི་ནང་ནས། དབུས་ཀྱི་ཀཻ་ལཱ་ཤའི་དུམ་བུ་གངས་ཀྱི་རི་དང་བཅས་པའི་ཚད་དེ་ནི། སྟོང་ཕྲག་ཉེར་ལྔ་ཕྱོགས་ཀུན་ནས་མཉམ་པར་བགོས་པའི་གསུམ་ཆ་གཅིག་སྟེ་དཔག་ཚད་བརྒྱད་སྟོང་སུམ་བརྒྱ་སོ་གསུམ་ཙམ་མོ།། ཀཻ་ལཱ་ཤའི་ཕྱི་རོལ་དུ་གྱུར་པའི་ཡུལ་འཁོར་རྣམས་ལ་ནི་ཡུལ་འཁོར་བརྒྱད་པོའི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཀྱི་ཡུལ་ཏེ་ཡུལ་སྡེ་བཅུ་གཉིས་བཅུ་གཉིས་ཀྱིས་བརྒྱན་པ་དང༌། ད་དུང་དེར་མ་གཏོགས་པའི་གླིང་ཕྲན་གྱི་རྒྱལ་ཁམས་རྣམས་ཀྱིས་ཀྱང་བརྒྱན་ཏེ་གནས་སོ།།
གཤོང་འགྱུར་དུ། གླིང་གི་ཡུལ་རྣམས་དག་གིས་བརྒྱན།། ཞེས་འདུག་ཀྱང་སྐབས་འདིའི་ཡུལ་གྱི་སྐད་དོད། དེ་ཤཿ དང༌། གོང་གི་ཉིན་བྱེད་ཡུལ་ཞེས་པའི་ཡུལ་གྱི་སྐད་དོད། བི་ཥ་ཡ། ཞེས་སོ་སོར་འདུག་པས་འདིར་གླིང་གི་རྒྱལ་ཁམས་ཞེས་བསྒྱུར་བ་ཡིན།།
དེ་ནས། སའི་གོ་ལ་འདི་ལ་དབུས་ནས་ཚངས་ཐིག་གིས་བཅད་པའི་གཡས་ཀྱི་ཕྱེད་ན་སྟེ། གཡས་པའི་དོ་ཟླ་གཡོན་ཕྱོགས་བྱང་མ་དེ་ལ་ཤམ་བྷ་ལ་ཞེས་བྱ་བར་གཞན་ལ་གྲགས་སོ།། 
འདི་ལ་གཡས་ཀྱི་སྐད་དོད། སབྱ། ཞེས་འདུག་པ་དང༌། གཞན་ཡང་སྡུད་རྒྱུད་འགྲེལ་ཆེན་དང་བཅས་པའི་བོད་འགྱུར་ནང་དུ། གཡས་དང་གཡས་མིན་ཞེས་པའི་ཚིག་ཡོད་ཚད་ཀྱི་ལེགས་སྦྱར་མ་དཔེ་མཇལ་ཚེ། ཚིག་དེ་གཉིས་ཀྱི་སྐད་དོད། སབྱ་དང༌། ཨ་སབྱ་ཞེས་འདུག། དེས་ན། སབྱ་ཞེས་བྱ་བའི་དོན་ནི་གཡས་དང་ལྷོ་ལ་གོ་བ་དང༌། དེ་བཞིན། ཨ་སབྱ་ཞེས་པའི་དོན་ནི་གཡོན་དང་བྱང་ལ་གོ་བ་ཡིན། འོན་ཀྱང་གནམ་དང་གཟའ་སྐར་བཤད་པའི་སྐབས་སུ། སབྱ་ཞེས་པའི་དོན་ངོ་མ་ལྷོ་ཕྱོགས་དང༌། ཨ་སབྱ་ཞེས་པའི་དོན་ངོ་མ་བྱང་ཕྱོགས་ལ་གོ་དགོས་ཏེ། འགྲེལ་ཆེན་ལས།  ཕྱི་ནས་གཡས་དང་གཡས་མིན་དག་ཏུ་རྒྱུ་སྟེ་ཞེས་པ་ནི། ཕྱི་ནས་མཉམ་པའི་དུས་ཀྱི་ཉིན་ཞག་ལས་ལྷོར་བགྲོད་པ་ལྷོར་རྒྱུའོ།། བྱང་དུ་བགྲོད་པ་བྱང་དུ་རྒྱུའོ།། གཡས་དང་གཡས་མིན་དག་ནི་སྲང་ལ་སོགས་པ་དང༌། ལུག་ལ་སོགས་པ་ལའོ།།[3] ཞེས་གསུངས་པའི་ཕྱིར་རོ།།  དེ་ལྟར་གོ་དགོས་པའི་རྒྱུ་མཚན་ནི། གཟའ་རྣམས་ཀྱིས་རི་རབ་ལ་གཡོན་སྐོར་དུ་འགྲོ་བའི་ཚེ། རང་གི་གཡས་དེ་ལྷོ་དང་གཡོན་དེ་བྱང་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཞག་པ་ཡིན་འདུག། གཡས་གཡོན་ལ་གོ་ནའང་འདྲ། ལྷོ་བྱང་ལ་གོ་ནའང་འདྲ། གང་ལྟར་ཡང་དེ་གཉིས་ཀྱི་བརྩི་གཞི་དབུས་མ་ནི། གོ་ལའི་ཚངས་ཐིག་སྟེ་དེང་སང་(Equator) ཞེས་གྲགས་པ་འདི་ཡིན། དེས་ན་ཚངས་ཐིག་དབུས་མར་བཞག་ནས་གཡས་གཡོན་བརྩི་བའི་ཚེ་གཡས་དེ་ལྷོ་དང༌། གཡོན་དེ་བྱང་ཡིན་ནོ།།
དེ་ནས་ཕྱེད་ཀྱི་དོན་ལ་དུས་འཁོར་རང་ལུགས་ཀྱི་འཇིག་རྟེན་གྱི་བཀོད་པའི་ལྟ་གྲུབ་དང་ཅུང་ཟད་མི་མཐུན་པའི། རྒྱ་གར་སྐར་རྩིས་རིག་པའི་ཤན་ཤོར་འདུག། རྒྱ་གར་སྐར་རྩིས་རིག་པའི་ལྟ་གྲུབ་ལྟར་ན། སའི་གོ་ལ་འདི་ལ་དབུས་ནས་ཚངས་ཐིག་གིས་བཅད་དེ་ལྷོ་བྱང་དུམ་བུ་གཉིས་སུ་གཏོང་བའི་ཚེ། ལྷོ་མ་དེ་ཕལ་ཆེར་རྒྱ་མཚོ་ཡིན་པ་དང༌། དེ་ལ་ལྷ་མ་ཡིན་རྣམས་གནས་པར་བཤད་ཅིང༌། བྱང་མའི་ས་གཞི་འདི་ལ་ལྷ་དང་མི་རྣམས་གནས་པར་བཤད་པ་ལྟར།  འདིར་ཡང་ཚངས་ཐིག་གི་གཡས་ལ་ཕྱེད་དང་གཡོན་ལ་ཕྱེད་དུ་བརྩི་བ་ཡིན། འོན་ཀྱང་གཡས་ཀྱི་ཕྱེད་ཅེས་བརྗོད་ཚེ། གཡས་པ་རང་ལ་དུམ་བུ་གཉིས་སུ་བགོས་པའི་ཕྱེད་མིན་པར། གཡས་ཀྱི་དོ་ཟླ་གཡོན་པའམ། ཡང་ན་ལྷོའི་དོ་ཟླ་བྱང་མ་ལ་གོ་དགོས།  དེས་ན་གཡས་ཀྱི་དོ་ཟླ་ཕྱེད་པ་དེ། ཡུལ་བྱེ་བྲག་པ་ཞིག་མིན་པར་འོག་ནས་རྒྱ་གར་རྒྱ་མཚོས་བཅད་པའི་བྱང་ཕྱོགས་ཀྱི་ཨེ་ཤི་ཡའི་ཡུལ་ལྗོངས་ཡོངས་རྫོགས་ལ་གོ་དགོས་པ་དང༌། ཤམ་བྷ་ལ་ཡང་གཡས་ཀྱི་ཕྱེད་པ་འདི་ཉིད་ཡིན་པར་རྩ་ཚིག་གིས་གསལ་བས་འདི་ལས་ལོགས་སུ་འཚོལ་བར་མི་བྱའོ།། མདོར་ན་སྔོན་རབས་ལས། སའི་གོ་ལ་འདི་ལ་གླིང་ཆེན་བདུན་བཤད་པའི་ནང་ནས་འཛམ་བུའི་གླིང་ཞེས་བཤད་པ་དེ་དང༌། སྐབས་འདིའི་ཤམ་བྷ་ལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་འདུག་གོ།

དེ་ནི། དྲང་སྲོང་མེ་སྦྱིན་དང་སེར་སྐྱ། བཅོམ་ལྡན་འདས་ལ་སོགས་པ་བཞུགས་པའི་གནས་ཡིན་པས་ཐུབ་པ་མཆོག་གི་གནས་ཤམ་བྷ་ལ་དེ་ལ། གྲོང་ཁྱེར་ནི་བྱེ་བ་ལས་ལྷག་པར་གནས་སོ།།
དེ་ནས། བྱེ་བའི་གྲོང་གིས་ངེས་པར་བཅིངས་པའི་ཡུལ་དུ་འགྱུར་ཏེ་རྒྱལ་ཁམས་གྲོང་ནི་འབུམ་ཕྲག་རྣམས་ཀྱིས་སོ།། ཞེས་པ་འདི་ལ་ནང་དོན་མི་ཚང་བ་མ་ཟད། གོ་བ་ཕྱིན་ཅི་ལོག་ཏུ་ཕྱིན་འདུག། ཚིག་འདིའི་ལེགས་སྦྱར་མ་དཔེར།
ཀོ་ཊི་གྲཱ་མཻརྣིརྦདྡྷོ་ བྷ་བ་ཏི་ ཧི་ བི་ཥ་ཡོ་ མཎྜ་ལོ་ གྲཱ་མ་ལཀྵཻཿ
ཞེས་འདུག་པ་དེའི་གཤོང་འགྱུར་དུ། བྷ་བ་ཏི། ཞེས་པ་དེ། བི་ཥ་ཡཿ ཞེས་པ་དེ་དང་མཉམ་དུ་སྦྱར་ནས། ཡུལ་དུ་འགྱུར་ཏེ། ཞེས་པ་དང༌། ཧི། དང༌། མཎྜ་ལ། ཞེས་པའི་དོན་ཚང་མི་འདུག། དེས་ན་ཇི་ལྟར་དགོས་སམ་ཞེ་ན། བྱེ་བའི་གྲོང་གིས་ངེས་པར་བཅིངས་པར་འགྱུར་བ་ཉིད་ནི་ཡུལ་གྱི་དཀྱིལ་འཁོར་ལ་ནི་གྲོང་ནི་འབུམ་གྱིས་སོ།། ཞེས་དགོས་འདུག

ཚིག་གི་དོན་ནི། ཤམ་བྷ་ལའི་ཡུལ་ལ་བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་སྟེ་གྲོང་ཁྱེར་བྱེ་བ་དང་ལྡན་པར་འགྱུར་བ་ཉིད་ནི་ཇི་ལྟར་ཞེ་ན། ལྷོའི་དུམ་བུ་འཛམ་གླིང་ཆུང་ངུ་འདི་ལ་སྤྱིར་ནོར་གྱི་འདབ་མའི་ཡུལ་སྡེ་བརྒྱད། དེ་རེ་རེ་ལ་ཉིན་བྱེད་ཀྱི་ཡུལ་འཁོར་བཅུ་གཉིས་རེ་ཡོད་པ་དེ་དག་བསྡོམས་ཚེ། ཡུལ་འཁོར་དགུ་བཅུ་རྩ་དྲུག་ཡོད་པའི་ཡུལ་གྱི་དཀྱིལ་འཁོར་རེ་རེ་ལ་ནི་གྲོང་ཁྱེར་གྱི་གྲངས་ནི་འབུམ་འབུམ་གྱིས་གང་བ་དེ་ཉིད་ཀྱིས་སོ།།  ཡུལ་དགུ་བཅུ་རྩ་དྲུག་ལ་འབུམ་གྱིས་བསྒྱུར་ན་བྱེ་བ་ལོངས་པ་ལ་འབུམ་བཞིས་ཆད་པའི་འབུམ་དགུ་བཅུ་རྩ་དྲུག་ཡོད་དོ།། 
འོ་ན། འདིར་བཤད་པའི་ཤམ་བྷ་ལའི་གྲོང་ནི་འབུམ་དགུ་བཅུ་རྩ་དྲུག་ལས་མི་འདུག་ལ། འགྲེལ་ཆེན་ལེའུ་དང་པོའི་མདོར་བསྡུས་གསུམ་པར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ནི་ཆུ་བོ་ཤཱི་ཏཱའི་བྱང་ཕྱོགས་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ན་གནས་པའི་གདུལ་བྱ་རྣམས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཕྱིར་རྒྱལ་པོ་ཟླ་བ་བཟང་པོར་གྱུར་ཏོ།།[4] ཞེས་བྱེ་བ་དགུ་བཅུ་རྩ་དྲུག་གསུངས་པ་ཇི་ལྟར་འཐད་ཅེ་ན།
འབུམ་བཞི་ཆད་ཀྱང་བྱེ་བ་ལོངས་པ་ལ་ཉེ་བ་ཡིན་པས། བྱེ་བའི་བདག་ཉིད་ཀྱི་འབུམ་དགུ་བཅུ་རྩ་དྲུག་ཡིན་པར་བརྟེན་བྱེ་བ་དགུ་བཅུ་རྩ་དྲུག་ཅེས་གསུངས་པ་ཡིན་ཏེ། འགྲེལ་ཆེན་ལེའུ་དང་པོའི་མདོར་བསྡུས་བཞི་པའི་མཇུག་ཏུ། དེ་ལྟར་གྲོང་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ།།[5] ཞེས་གསུངས་པའི་ཕྱིར་རོ།། ཡང་ན། ནོར་གྱི་འདབ་མ་བརྒྱད་པོ་རེ་རེར། ཉིན་བྱེད་ཀྱི་ཡུལ་འཁོར་བཅུ་གཉིས་རེ་བརྩིས་པས་ཡུལ་འཁོར་དགུ་བཅུ་རྩ་དྲུག་སོང་ཞིང༌། དབུས་ཀྱི་ཀཻ་ལཱ་ཤའི་གྲོང་དང༌། གཞན་ཡང་གླིང་ཕྲན་གྱི་རྒྱལ་ཁམས་ཡོད་པས་དེ་དག་བརྩི་ན་ཡུལ་འཁོར་བརྒྱ་ལས་ལྷག་ཅིང༌། བརྒྱ་ལྷག་པའི་ཡུལ་འཁོར་རེ་རེ་ལ་གྲོང་ཚོགས་འབུམ་རེ་བརྩི་ན་བྱེ་བ་ལས་ལྷག་ན་མ་གཏོགས་ཉུང་བའི་སྐྱོན་མེད་དོ།། དེས་ན། གཡས་ཀྱི་ཕྱེད་ན་ཤམ་བྷ་ལར་གྲགས་གྲོང་ནི་བྱེ་བར་ལྷག་པར་གནས་པ་སྟེ། ཞེས་ཤམ་བྷ་ལའི་ཡུལ་ལ་གྲོང་བྱེ་བ་ཡོད་པ་དེ་བསྒྲུབ་བྱ བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་འགྱུར་བ་ཉིད་ནི་ཡུལ་གྱི་དཀྱིལ་འཁོར་ལ་ནི་གྲོང་ནི་འབུམ་གྱིས་སོ།། ཞེས་པས་ཡུལ་དགུ་བཅུ་རྩ་དྲུག་དང་གླིང་ཕྲན་གྱི་རྒྱལ་ཁམས་དང་བཅས་པའི་ཡུལ་འཁོར་རེ་རེ་ལའང་གྲོང་ཚོགས་འབུམ་དང་ལྡན་པའི་ཕྱིར། ཞེས་སྒྲུབ་བྱེད་དུ་འགྲོ་དགོས། དེ་ལྟར་མིན་ན། ཚིག་རྐང་གོང་མའི་གྲོང་ནི་བྱེ་བ་ཞེས་པ་དེ་དང༌། འོག་མའི་བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཞེས་པ་འདི་ཉིད། ཀུན་མཁྱེན་གཽ་རམས་པས་གསུངས་པའི་གསེར་གྱི་ཨ་ལོང་བཞིན་དུ། བསྒྲུབ་བྱ་སྒྲུབ་བྱེད་དུ་བཀོད་ནས་མཐའ་མེད་དུ་འགྱུར་བའམ། ཡང་ན་ཟློས་པའི་སྐྱོན་དུ་འགྱུར་རོ།། 
སྤྱིར་ནས་གྲོང་བྱེ་བ་ཞེས་བརྗོད་ཚེ་གྲོང་ཚོགས་བྱེ་བ་གཅིག་ཏག་ཏག་དགོས་པའི་ངེས་པ་མེད། གལ་ཏེ་ཏག་ཏག་དགོས་ན། ཨ་རབ་མཀྐའི་ཡུལ་ལ་གྲོང་ཚོགས་བྱེ་བ་གཅིག་ཚང་དགོས་པར་འགྱུར་ཏེ། འགྲེལ་ཆེན་དུ། ཆུ་བོ་ཤིའ་ཏཱའི་ལྷོ་ཕྱོགས་མ་ཁའི་གྲོང་བྱེ་བས་རྣམ་པར་བརྒྱན་པར་ཀློ་ཀློ་སྟག་གཟིག་རྣམས་ཀྱི་ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་འགྱུར་རོ།།[6] ཞེས་གསུངས་པའི་ཕྱིར་རོ།།
མདོར་ན་ ལས་ས་དུམ་བུ་བཅུ་གཉིས་ཀྱི་མཐའ་འཁོར་ཡོངས་རྫོགས་བསྡོམས་ན་དཔག་ཚད་འབུམ་ཕྲག་གསུམ། དེ་དུམ་བུ་བཅུ་གཉིས་ལ་བགོས་ན་ དུམ་བུ་རེ་རེ་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ། (300000/12=25000) ཡིན་པས། ནོར་གྱི་འདབ་མའམ་མཐའ་འཁོར་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན་གྱི་དཔག་ཚད་སྟོང་ཕྲག་ཉེར་ལྔ་འདི་ ལྷོ་གླིང་དབུས་མའི་དུམ་བུ་འདིའི་ཚད་ཡིན་ཡིན་ལ། ལྷོ་གླིང་དབུས་མ་འདི་ལ་མཐའ་འཁོར་དུ་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན་དང་། དབུས་སུ་ཀཻ་ལཱ་ཤའི་དུམ་བུ་བཅས་ཡུལ་སྡེ་དགུ་ཡོད་པ་ཡིན་པས། དབུས་ཀྱི་ཀཻ་ལཱ་ཤའི་དུམ་བུ་འདིའི་ཚད་ནི་སྟོང་ཕྲག་ཉེར་ལྔའི་གསུམ་ཆ་གཅིག་སྟེ་དཔག་ཚད་བརྒྱད་སྟོང་སུམ་བརྒྱ་སོ་གསུམ་ཙམ་(8333.3)དང་། དེའི་ལྷག་ལུས་དཔག་ཚད་ཆིག་ཁྲི་དྲུག་སྟོང་དྲུག་བརྒྱ་རེ་དྲུག་ལྷག་ཙམ་(16666.3) འདི་ མཐའ་འཁོར་པདྨ་འདབ་བརྒྱད་ལ་མཉམ་པར་བགོས་ན་འདབ་མ་རེ་རེ་ལ་དཔག་ཚད་ཉིས་སྟོང་བརྒྱ་མེད་གྱ་གསུམ་ལྷག་ཙམ་(2083.28) རེ་འོང་བ་ཡིན། དེས་ན་ཤམྦྷ་ལ་ཡང་ཡུལ་སྡེ་དགུ་པོ་དེ་དག་ཡིན་ལ། གྲོང་ཚོགས་བྱེ་བའང་དེ་ལ་ཡོད་དགོས་ཏེ། མཐའ་འཁོར་འདབ་བརྒྱད་རེ་རེ་ལ་ཡུལ་སྡེ་བཅུ་གཉིས་བཅུ་གཉིས། ཡུལ་སྡེ་རེ་རེ་ལ་གྲོང་ཚོགས་འབུམ་འབུམ་གྱིས་གང་ན་བྱེ་བ་ལོངས་པ་ལ་ཉེ་བའི་འབུམ་དགུ་ཅུ་རྩ་དྲུག་འོང་བས་སོ།།
དེ་ལྟར་མིན་པར་གྲོང་ཚོགས་བྱེ་བ་དེ་ཤམྦྷ་ལའི་གྲོང་ལ་ཡོད་པ་དང་། ཤམྦྷ་ལ་དེ་ འཇམ་མགོན་མི་ཕམ་ལྟར་དུ་ཀཻ་ལཱ་ཤའི་དུམ་བུ་ཆ་ཚང་ལ་བཞག་པའམ། ཡང་ན་མཁས་གྲུབ་རྗེ་ལྟར་དུ་ཀཻ་ལཱ་ཤའི་དུམ་བུ་ཕྱེད་ལ་བཞག་ན། ཀཻ་ལ་ཤཱའི་གངས་ལྗོངས་ལ་གྲོང་ཚོགས་བྱེ་བ་ཡོད་དགོས་ནའང་། སྡུད་རྒྱུད་རང་ལས། དེ་ཡི་དབུས་ན་ཀཻ་ལཱ་ཤ་སྟེ་མཆོག་གི་གངས་རིའི་ཕྲེང་བ་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བ་འོ།། ཞེས་གངས་རིའི་ཕྲེང་བས་བསྐོར་བ་མ་གཏོགས་གྲོང་ཚོགས་ཡོད་པར་མ་བཤད་པའི་འགལ་བའི་ཕུང་པོ་འདི་ཁྱེད་རང་རྣམས་ཀྱིས་ཁྱེར་དགོས་སོ།། གྲོང་ཚོགས་བྱེ་བ་དེ་མཐའ་འཁོར་འདབ་བརྒྱད་ལ་ཡོད་པས་སྐྱོན་མེད་ཅེ་ན། འདབ་བརྒྱད་ལ་ཡོད་པར་བདེན་མོད། འོན་ཀྱང་ཁྱེད་རྣམས་ལྟར་ན། འདབ་བརྒྱད་དེ་ཤམྦྷ་ལའི་ཁོངས་གཏོགས་དང་། དེ་ཉིད་ཀཻ་ལཱ་ཤའི་ནང་ཁོངས་སུ་ཡོད་དགོས་པས་ད་དུང་འགལ་བའི་ཕུང་པོ་འདི་ལས་མ་འདས་སོ།།

དྲུག་པ་ཆུ་བོ་ཤཱི་ཏཱའི་ངོས་འཛིན།
འོ་ན་ཤམྦྷ་ལ་ནི། ཆུ་བོ་ཤཱི་ཏཱའི་བྱང་དུ་ཡོད་པར་གསུངས་པའི་ཆུ་བོ་ཤཱི་ཏཱ་འདི་གང་ཡིན་ཞེ་ན།
འདི་ནི་ཤམྦྷ་ལ་དང་ཨ་རབ་མཀྐའི་བར་ལ་ཡོད་པའི་ཆུ་ཞིག་གི་མིང་སྟེ། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང༌།། ཞེས་སོགས་ཀྱི་འགྲེལ་ཆེན་དུ། ཆུ་བོ་ཤཱི་ཏཱའི་བྱང་ཤམྦྷ་ལ་ཞེས་བྱ་བའི་ཡུལ་དུ་གྲགས་པ་ཞེས་པ་ནི་ལུང་གིས་བརྗོད་པ་སྟེ། ཞེས་དང༌། ཡང་ཆུ་བོ་ཤཱི་ཏཱའི་ལྷོ་ཕྱོགས་མ་ཁའི་གྲོང་བྱེ་བས་རྣམ་པར་བརྒྱན་པར་ཀློ་ཀློ་སྟག་གཟིག་རྣམས་ཀྱི་ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་འགྱུར་རོ།།[7]  ཞེས་གསུངས། དེས་ན་ ཤམྦྷ་ལའི་ཡུལ་དེ་གོང་དུ་ཞུས་པ་འདི་ཉིད་མིན་པར། རི་བོ་ཧི་མཱ་ལ་ཡ་འམ། ཡང་ན་དེའི་བྱང་ཕྱོགས་ཀྱི་ས་གནས་གང་ཡང་རུང་བ་ཞིག་ལ་ཡོད་པའི་དབང་དུ་བཏང་ན། ཐོག་མར་ཡུལ་དེ་དང་ཨ་རབ་མཀྐའི་ཡུལ་གཉིས་ཀྱི་བར་ལ་འགྲོ་བའི་ནུབ་ཕྱོགས་སུ་བཀོད་པའི་ཆུ་ཆེན་ཞིག་འཚོལ་དགོས། དེ་ཡང་རི་བོ་ཧི་མཱ་ལ་ཡའི་ཆུ་ཆེན་ཡོངས་རྫོགས། རྒྱ་གར་གྱི་ཡུལ་འདི་ཉིད་དུ་འབབ་པ་དང༌། ཤིན་ཏུ་མཐོ་བའི་གངས་རི་ཧིནྡུ་ཀུཤ྄་( Hindukush)དང། པ་མིར་(Pamir) གཉིས་ཀྱི་ལྷོ་ངོས་སུ་འབབ་པའི་ཆུ་ཆེན་རྣམས་ཀྱང༌། ཨཕ་ག་ནིས་ཏཱན་དང༌། པ་ཀིས་ཏཱན་གྱི་རྒྱལ་ཁབ་བརྒྱུད་ནས། བྷཱ་ར་ཏའི་ཡུལ་འདི་ཉིད་དུ་འབབ་པས་དེ་དག་གཅིག་ཀྱང་ཆུ་བོ་ཤཱི་ཏཱ་ཡིན་མི་སྲིད།
ཡིན་པ་སྲིད་པའི་གོ་སྐབས་གཅིག་ནི། པ་མིར་(Pamir)གྱི་བྱང་ངོས་དང༌། གངས་རི་མུཛ་ཏག་ཨ་ཏའི་(Muztagh Ata)ནུབ་ངོས་སུ་འབབ་པའི་ཆུ་ཕྲན་བསྡོམས་པའི་ཆུ་ཆེན་ཨོ་ཛས྄་ (Oxus) ཞེས་པ་འདི་ཉིད་ཡིན། གལ་ཏེ་འདི་ཉིད་ཆུ་བོ་ཤཱི་ཏཱ་ཡིན་པའི་དབང་དུ་བཏང་ན། ཤམྦྷ་ལ་ནི་ཆུ་ཆེན་དེའི་བྱང་ཕྱོགས་ཨུ་རུ་སུའི་རྒྱལ་ཁབ་ཏུ་ཡོད་དགོས། དེ་ལྟར་ན་ ཤམྦྷ་ལའི་དབུས་སུ་ཡོད་པའི་རི་བོ་ཀཻ་ལཱ་ཤ་ཡང་ཡུལ་དེ་ཉིད་དུ་ཡོད་པར་འགྱུར་བས་མི་འཐད་དོ།།
དེས་ན་སྐབས་འདིའི་ཆུ་བོ་ཤཱི་ཏཱ་ཞེས་པ་ནི་རྒྱ་གར་རྒྱ་མཚོ་འདི་ཉིད་ཡིན་ཏེ། རྒྱ་མཚོ་འདིའི་བྱང་ལ་ཤམྦྷ་ལ་ཡོད་པ་སྨོས་མི་དགོས་ཤིང༌། རྒྱ་གར་བ་རྣམས། པར་ཤི་ཡ་(Persia)དང༌། ཨ་རབ་མཀྐའི་ཡུལ་ལ་ཚོང་ལ་འགྲོ་སྲོལ་གནའ་སྔ་མོ་ནས་ཡོད་ཅིང༌། ཁོང་རྣམས་ཚོང་ལ་འགྲོ་བའི་ཚེ་། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོ་ནས་གྲུ་གཟིངས་བརྒྱུད་དེ་འགྲོ་དགོས་པས། མཀྐའི་ཡུལ་དེ་རྒྱ་གར་རྒྱ་མཚོའི་ལྷོ་ལ་ཡོད་པར་བསམ་པའི་དབང་གིས། འགྲེལ་ཆེན་དུ་ཡང༌། ཆུ་བོ་ཤཱི་ཏཱའི་ལྷོ་ལ་མཀྐའི་ཡུལ་དང༌། བྱང་ལ་ཤམྦྷ་ལ་ཡོད་པར་གསུངས་པ་ཡིན་ནོ།། 
རྒྱ་གར་རྒྱ་མཚོ་ནི་ཆུ་བོ་ཤཱི་ཏཱ་ཡིན་པའི་རྒྱུ་མཚན་གཞན་གཅིག་ནི། སྤྱིར་བཏང་ཆུ་ཀླུང་དང་ཆུ་ཕྲན་གང་འདྲ་ཞིག་ཡིན་རུང་དངོས་པོ་གྱེན་དུ་ཁྱེར་མི་སྲིད་ཀྱང༌། རྒྱ་གར་གྱི་སྒྲུང་གཏམ་ནང་དུ། དགའ་བྱེད་རཱ་མའི་ཆུང་མ་སཱི་ཏཱ་དེ་རྒྱ་གར་རྒྱ་མཚོ་ནས་ཆུས་གྱེན་དུ་ཁྱེར་ཏེ༌། གྲོང་ཁྱེར་མི་ཐི་ལ(Mithila)འི་ཞིང་དུ་རྨོས་རྒྱབ་པའི་རོལ་དུ་ལུས་པ་ན། རྒྱལ་པོ་ཇ་ན་ཀ་ཡིས་རྙེད་པ་ཡིན་པས་མིང་གཞན་རོལ་རྙེད་མར་གྲགས་སོ།།  དེས་ན་རོལ་རྙེད་མའམ་སཱི་ཏཱ་གང་ནས་འབྱུང་བའི་རྒྱ་མཚོ་དེ་ལའང་སཱི་ཏཱ་ཞེས་གྲགས་པ་ཡིན་སྲིད་པ་དང༌། ཤཱི་ཏཱ་དང་སཱི་ཏཱ་གཉིས་སྒྲ་མི་འདྲ་ནའང་དོན་ལ་གཅིག་ཡིན་པའི་ཕྱིར་རོ།།[8]

བདུན་པ་ཀ་ལ་པའི་གྲོང་།
རྩ་བའི་ཚིག་དོན་ལྟར་ན་ཤམྦྷ་ལ་འི་ཡུལ་དེ་འདི་འདྲ་ཞིག་ཡིན་མོད། འོན་ཀྱང་རིགས་ལྡན་རྒྱལ་པོ་བཞུགས་པའི་གྲོང་ཁྱེར་ཤམྦྷ་ལ་ནི། ཡུལ་བྱེ་བྲག་པ་ཞིག་དགོས་པས་དེ་ནི་གང་ལ་ངོས་འཛིན་བྱ་དགོས་ཤེ་ན། དུས་འཁོར་དར་ཁྱབ་བྱུང་ས་ནི། སྐབས་དེ་དུས་བྷང་ག་ལའི་རྒྱལ་པོའི་མངའ་ཁོངས་ཡིན་ཀྱང༌། ད་ལྟ་རྒྱ་གར་གྱི་མངའ་ཁོངས་ཡིན་པའི་ཨོ་རི་སའི་(Orisa) རིན་ཆེན་རི་བོ་ཡིན་པ་དང༌། དུས་ཞབས་སོགས་ཀྱང་ཡུལ་དེའི་མཁས་པ་ཡིན་པ་དང༌། གྲུབ་ཐོབ་ཨིན་དྲ་བྷུ་ཏིའི་རྣམ་ཐར་ནང་ལ། ཨོ་རྒྱན་གྱི་ཡུལ་ལ་སམ་བྷོ་ལ་དང༌། ལངྐཱ་པུ་རི་ཞེས་པའི་ཡུལ་སྡེ་གཉིས་བཤད་པའི། སམ་བྷོ་ལ་དེའང་ཨོ་རི་སར་ཡིན་པས།[9] སམ་བྷོ་ལ་དང་ཤམ་བྷ་ལ་གཉིས་གཅིག་པ་ཡིན་སྲིད་པ་དང༌།  མ་ཟད་ཨོ་རི་ས་ལ་ཤམ་བྷལ་པཱུར་ཞེས་པའི་གྲོང་ཁྱེར་ད་ལྟའང་ཡོད་པས་ཕལ་ཆེར་དེ་ལྟར་ཡིན་སྲིད།

གལ་ཏེ་ཡིན་པའི་དབང་དུ་བཏང་ནས་བཤད་ན། ཉི་མ་ཡུལ་དེ་ཉིད་བརྒལ་ནས་བྱང་དུ་འགྲོ་བ་ཡོད་པས། ཉི་མ་ཤམྦྷ་ལ་འི་བྱང་དུ་འགྲོ་བར་གསུངས་པའི་རྩ་ཚིག་དང་མི་འགལ། དེ་ནས་ཉི་མ་བྱང་བགྲོད་ཀྱི་སྐབས། མེ་རི་ནས་ཀཻ་ལཱ་ཤའི་བྱང་དུ་འགྲོ་བར་གསུངས་པ་ནི། འཇམ་གྲགས་རང་གི་དགོངས་པ་ལྟར་ན། ལས་ས་དུམ་བུ་བཅུ་གཉིས་ལས་ལྷོའི་དུམ་བུ་འདི་ཉིད་ཀྱི་དབུས་སུ་ཀཻ་ལཱ་ཤའི་གངས་རི་ཡོད་པའི་དབང་གིས། ཀཻ་ལཱ་ཤ་ཁཎྜ་སྟེ་ཀཻ་ལཱ་ཤའི་དུམ་བུ་ཟེར་བ་ཡིན་པས། ཀཻ་ལཱ་ཤའི་དུམ་བུ་འདིའི་བྱང་གི་རིའི་བར་དུ་འགྲོ་བ་ཡིན་བྱས་ན་འགལ་བ་གང་ཡང་མེད་ལ། ཡུལ་དེར་དབྱར་དགུན་ཉིན་ཚད་འཕེལ་འགྲིབ་ཀྱི་ཁྱད་པར་ཡང་ཆུ་ཚོད་བཞི་མ་ཟིན་ཙམ་ཞིག་འདུག་པས་འཇམ་གྲགས་རང་གི་དགོངས་པ་དང་མཐུན་པ་ཡིན།
འོ་ན་ཁྱེད་ལྟར་ན། ཤམྦྷ་ལ་དང་འཕགས་ཡུལ་གཉིས་ལ་ཉིན་ཚད་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པར་གཅིག་ཏུ་སོང་འདུག་ལ། འགྲེལ་ཆེན་ལས་ནི་ ཤམྦྷ་ལ་དང༌། རྒྱ་ནག ལི་ཡུལ། བོད། འཕགས་ཡུལ་བཅས་ཀྱི་འཕེལ་འགྲིབ་ཀྱི་ཚད་སོ་སོར་གསུངས་འདུག་པ་[10] ཇི་ལྟར་ཡིན་ཞེ་ན།  ཚངས་ཐིག་ལ་དབྱར་དགུན་གང་ཡིན་ནའང་ཉིན་མཚན་འཕེལ་ཟད་མེད་པ་དང༌། དེ་ལས་ལྷོ་དང་བྱང་དུ་ཇི་ཙམ་ཐག་རིང་བ་དེ་ཙམ་གྱིས་ཉིན་མཚན་འཕེལ་ཟད་ཀྱི་ཁྱད་པར་མང་དུ་འགྲོ་བ་བདེན་ཡང༌། སྐབས་འདིར། ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ།། ཞེས་འཕེལ་འགྲིབ་ཀྱི་ཁྱད་པར་གཅིག་ལས་གསུངས་མི་འདུག་པ་ལ། འགྲེལ་ཆེན་ལས་ཡུལ་ལྔའི་བར་ཁྱད་བཤད་པ་དེ་ནི་འཇམ་གྲགས་ཀྱི་དགོངས་པ་ཡིན་ཞེས་ཞུས་ཐུབ་པ་མི་འདུག་སྟེ། འགྲེལ་ཆེན་ལྟར་ན། ཤམྦྷ་ལ་དེ་རྒྱ་ནག་གི་བྱང་ལ་ཡོད་དགོས་ཤིང༌། དེ་ལྟར་ན་རྒྱ་ནག་གི་བྱང་གི་ས་ཆ་ཞིག་ལ། གོང་དུ་ཞུས་པ་ལྟར་དྲུག་ཆའི་འཕེལ་འགྲིབ་དང༌། ཉི་མ་ཡུལ་དེའི་བྱང་དུ་འགྲོ་དགོས་པ་སོགས་འཇམ་གྲགས་རང་གི་རྩ་བའི་དགོངས་པ་དང་འགལ་བའི་སྐྱོན་དུ་འགྱུར་རོ།།
ཡང་ན་ཡིན་པ་སྲིད་པའི་གོ་སྐབས་གཞན་ཞིག་ནི། འགྲེལ་ཆེན་ལས་བཤད་པ་ལྟར་གྱི་རྒྱ་གར་བྱང་ཕྱོགས་ལ་ ཤམྦྷ་ལ་ཞེས་པའི་ཡུལ་ཞིག་ཡོད་པ་དང༌། ཡུལ་དེ་ནས་དུས་འཁོར་རྩ་བའི་རྒྱུད་བྱུང་ཞིང༌། དེ་རྗེས་སྡུད་རྒྱུད་འགྲེལ་ཆེན་དང་བཅས་པ་དེ་དག་ལྷོ་ཕྱོགས་ཀྱི་ ཤམྦྷ་ལ་དེར་བྲིས་པ་ཡིན་སྲིད། གང་ཡིན་ཟེར་ན་སྡུད་རྒྱུད་བྲིས་སའི་ས་གནས་དེ། འཕྲེད་ཐིག་ཉེར་གསུམ་དང་ཕྱེད་ཀ་བརྒལ་མི་སྲིད་པའི་ཕྱིར་རོ།།

བརྒྱད་པ་དོགས་དཔྱོད།
འོ་ན། དུས་འཁོར་རྩ་བའི་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང༌།། ཞེས་སངས་རྒྱས་མྱ་ངན་ལས་འདས་པའི་བརྒྱ་ཕྲག་དྲུག་འདས་པའི་བརྒྱ་ཕྲག་བདུན་པ་ལ་རིགས་ལྡན་རྒྱལ་པོ་འཇམ་གྲགས་འབྱུང་བ་དང༌།  ཡང༌། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེ་འུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །འགྲེལ་བཤད་བྱེད་པ་པད་དཀར་འཛིན།།[11] ཞེས་རིགས་ལྡན་འཇམ་གྲགས་ཀྱིས་རྒྱུད་བསྡུས་པ་དང༌། རིགས་ལྡན་པད་དཀར་གྱིས་འགྲེལ་ཆེན་བརྩམས་པར་ལུང་བསྟན་ཞིང༌། སངས་རྒྱས་མྱ་ངན་ལས་འདས་པའི་བརྒྱ་ཕྲག་བདུན་པར་གསང་སྔགས་ཀྱི་ཆོས་དར་མེད་པ་མ་ཟད། ལྷག་པར་ལྷོ་ཕྱོགས་ཀྱི་རྒྱུད་དུ་དེ་བས་ཀྱང་དར་མེད་པས། སྡུད་རྒྱུད་ལྷོ་ཕྱོགས་སུ་བྱུང་བ་ཇི་ལྟར་འཐད་ཅེ་ན།
རྩ་རྒྱུད་ཀྱི་ལུང་བསྟན་ལྟར་ན་དེ་འདྲ་རེད། ཡིན་ནའང་སྡུད་རྒྱུད་རང་གི་རྩིས་འཕྲོ་ལྟར་ན་ལུང་བསྟན་དང་མཐུན་ཁག་པོ་འདུག། དེ་ཡང་ཇི་ལྟར་ཞེ་ན། སྡུད་རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ། །ཀླ་ཀློ་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པའི་ལྷག་མ་དག་ཀྱང་ཉི་མས་བསྒྱུར།།[12]   ཞེས་རབ་བྱུང་ལོ་ཚོགས་(1027) ལ་མེ་མཁའ་རྒྱ་མཚོ་སྟེ། བཞི་བརྒྱ་གསུམ་པོ་བསྣན་ན་ཀླ་ཀློ་བྱུང་བའི་དུས་(624 C.E) ཡིན་པ་དང༌། དེ་ནས་ལག་པ་གདེངས་ཅན་ཟླ་བ་སྟེ། བརྒྱ་དང་གྱ་གཉིས་ཕྲི་བའི་ལྷག་མ་རྣམས་ནི་འདས་ལོ་ཡིན་པས་ཟླ་བའི་ཚོགས་ཀྱི་དོན་དུ ཉི་མ་སྟེ་བཅུ་གཉིས་ཀྱིས་བསྒྱུར་དགོས་པར་གསུངས།
དེས་ན་རབ་བྱུང་ལོ་ནི་སྤྱི་ལོ་ཆིག་སྟོང་བརྒྱ་མེད་ཉེར་བདུན་༼༡༠༢༧༽ཡིན་ཞིང༌། དེ་ལས་བཞི་བརྒྱ་བཅུ་མེད་གསུམ་གོང་དུ་གཏོང་ན་སྤྱི་ལོ་དྲུག་བརྒྱ་ཉེར་བཞི་༼༦༢༤༽ ཡིན། དེ་ནི་ཨ་རབ་མཀྐའི་ཡུལ་དུ་ཀླ་ཀློའི་སྟོན་པ་མུ་ཧྨད་བྱོན་ནས་ཆོས་སྟོན་པའི་ལོ་ཡིན་པས། རྩ་ཚིག་དང་ཏག་ཏག་མཐུན་པ་རེད། ལོ་དེ་ལ་བརྒྱ་དང་གྱ་གཉིས་བསྡོམས་ན་སྤྱི་ལོ་བརྒྱད་བརྒྱ་བཅུ་མེད་དྲུག་པ་༼༨༠༦༽ མེ་ཁྱིའི་ལོ་ནི་སྡུད་རྒྱུད་རང་གི་རྩིས་འགོ་ཡིན་པས། སྡུད་རྒྱུད་གཞིར་བཟུང་གི་རྩིས་དེ་ནས་འགོ་བཙུགས་པ་ཡིན། དེས་ན་སྡུད་རྒྱུད་ཇི་ཙམ་སྔ་ནའང་ལོ་དེའི་གོང་དུ་བྱུང་མི་སྲིད་པ་མ་ཟད། འདས་ལོ་དེར་རབ་བྱུང་གི་ལོ་ཚིགས་ཀྱང་བྱུང་བས་གཅིག་བྱས་ན། སྡུད་རྒྱུད་འགྲེལ་ཆེན་དང་བཅས་པ་སྤྱི་ལོ་ཆིག་སྟོང་བརྒྱ་མེད་ཉེར་བདུན་གྱི་རྗེས་ནས་བྱུང་བའང་ཡིན་སྲིད།།
ཡང་འགའ་ཞིག་གིས། སྡུད་རྒྱུད་སྔོན་ནས་བརྩམས་པ་གང་ཞིག་ལ། རིགས་ལྡན་རྒྱལ་དཀའ་༼ཨ་ཇ་ཡ་ཀལྐི༽ ཡིས་མེ་ཁྱིའི་ལོ་དེར་རྩིས་འགོ་སྤོས་པ་ཡིན་པར་བསམ་གྱི་ཡོད། ཡིན་ནའང་སྡུད་རྒྱུད་ནང་གི་ལེའུ་ལས། ཕྱིས་བྱུང་གི་ཕྱི་ནང་གྲུབ་མཐའ་རྣམས་ལ་དགག་བཞག་མཛད་པ་དང༌། ལྷག་པར་དུ་འགྲེལ་ཆེན་ལས། སློབ་དཔོན་དབྱིག་གཉེན་གྱི་མཛོད་ལ་དགག་པ་གནང་བ།[13] རྒྱ་ནག་དང་བོད་ལ་རང་རང་གི་སྐད་དུ་སྡེ་སྣོད་གསུམ་བྲིས་ཡོད་ཚུལ་[14]སོགས་ཕྱིས་བྱུང་གི་གནས་ཚུལ་མང་པོ་གསུངས་པ་སོགས་ལ་བལྟས་ན། གོང་དུ་ཞུས་པ་ལྟར་སྡུད་རྒྱུད་འདི་ཉིད་སྤྱི་ལོ་བརྒྱ་ཕྲག་དགུ་པའི་སྔོན་ནས་བྱུང་མི་སྲིད་དོ།།
འོ་ན་འཇམ་གྲགས་པད་དཀར་གྱི་ལུང་བསྟན་དེ་དག་དགོངས་པ་གང་འདྲ་ཞིག་ཡིན་ཟེར་ན། དེ་ནི་དགོངས་གཞི་དགོས་པ་ཅན་གྱི་དྲང་དོན་གྱི་གསུང་རབས་ཞིག་སྟེ། དེའང་དྲང་དོན་ཡིན་ན་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་དགོས་པས། དེ་དག་རིམ་བཞིན་ཞུ་བ་ལ། དང་པོ་དགོངས་གཞི་ནི། ལེའུ་ལྔའི་བདག་ཉིད་ཅན་གྱི་དུས་ཀྱི་འཁོར་ལོའི་གཞུང་དོན་གཙོ་བོ་དེ་དག། སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་འགལ་བ་ལ་དགོངས་པ་ཡིན། དགོས་པ་ནི། གསུང་བ་པོ་སྟོན་པའི་ལུང་གིས་ཟིན་པ་ཡིན་ན། དེའི་གཞུང་ལ། ཐར་པ་དོན་གཉེར་རྣམས་ཀྱིས་འཇུག་པར་འགྱུར་བའི་རྒྱུ་མཚན་གཟིགས་ནས་ལུང་དེ་དག་གསུངས་པ་དང༌། དངོས་ལ་གནོད་བྱེད་ནི། ལུང་དོན་དང་དངོས་ཡོད་གནས་ཚུལ་འགལ་བ་གོང་དུ་ཞུས་པ་དེ་ལྟར་རོ།།

དེ་དག་གི་སྐོར་ཅུང་ཟད་རྒྱས་སྤྲོས་ཀྱི་ཚུལ་དུ་ཞུ་ན། སའི་གོ་ལ་འདིའི་སྟེང་གི་ཆོས་ལུགས་ཇི་ཙམ་ཡོད་པ་དེ་དག་གི་སྟོན་པ་དེས། ཆོས་ཚུལ་ཇི་འདྲ་ཞིག་གསུངས་ཀྱང༌། དེ་དག་རང་གིས་བྲིས་པར་ཁས་མི་ལེན་པར། ལྷ་ག་གེ་མོ་ཞིག་གིས་ང་ལ་གསུངས་སོ།། ཞེས་པ་དང༌། ཁྱེད་རྣམས་ལ་ཕྲིན་གྱི་ཚུལ་དུ་བཤད་པ་ཡིན་ཞེས། རང་ཉིད་ལྷའི་ཕོ་ཉ་(Messenger)བ་ཡིན་ཁུལ་བྱས། དེའི་དཔེར་མཚོན་ཙམ་ཞུ་ན། ཚངས་པས་གསུངས་པའི་རིག་བྱེད། དབང་ཕྱུག་གིས་གསུངས་པའི་དབྱངས་འཆར་དང༌། ཁྱབ་འཇུག་གི་སྤྲུལ་པ་ནག་པོས་གསུངས་པའི་གཱི་ཏཱ། ཉི་མས་གསུངས་པའི་ཉི་མའི་གྲུབ་མཐའ། ཀླུས་གསུངས་པའི་སྒྲ་མདོ་ཀཱ་ལ་པ་སོགས་པ། བརྩམ་པ་པོ་དངོས་དེ་མིའི་གང་ཟག་ཅིག་ཡིན་ཀྱང་གང་འདྲ་ཞིག་བཟོས་འདུག་ལྟོས་དང༌། མདོར་ན་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྟན་བཅོས་བརྩམས་ཀྱང་རང་མིང་སྨོས་པ་ཉིན་སྐར་ཙམ་ཡིན།
སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་འདྲའི་ལྷ་ལ་ཡིད་ཆེས་མ་གནང་བར། གང་གསུངས་པ་ཐམས་ཅད་རང་གི་ཐུགས་ལ་མཁྱེན་ནས་བསྟན་པ་རེད་ལ། ལྷས་གསུངས་པ་ཡིན། ཞེས་པའི་རྫུན་དེའང་གསུངས་མེད། འོ་དེ་ལ་མི་བསླུ་བ་ཟེར་བ་ཡིན།
དེར་བརྟེན་རང་རེ་ནང་པ་རྣམས་ནི་སྟོན་པའི་གསུང་མ་གཏོགས། ལྷ་ཀླུ་དྲི་ཟ་སྲིན་པོའི་གསུང་ཁས་མི་ལེན་པའི་དབང་གིས། གཞུང་གསར་པ་ཞིག་བྱུང་ན། དེ་སྟོན་པའི་གསུངས་ཡིན་དང་མིན་གྱི་དཔྱད་པ་བྱས་ནས། སྟོན་པའི་གསུང་མིན་ན་ཁས་མི་ལེན་པ་ཡིན་ལ། དེའང་བཀའ་བསྡུ་བ་པོས་བཀའ་བསྡུ་བ་དེའི་ཚེ། ཐོག་མར། ཨེ་ཀསྨིན། ཨེ་བཾ་མེ་ཤྲུ་ཏ་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་སོགས་ཀྱི་གླེང་གཞི་སྦྱར་ནས་བཀའ་བསྡུ་བ་ཡིན་པས། ཕྱིས་བྱུང་རྣམས་ཀྱིས་སྟོན་པའི་བཀའ་ཡིན་མིན་བལྟ་ས་གཅིག་ནི། འདི་སྐད་བདག་གི་ཐོས་པ་ཞེས་པ་ལ་སོགས་པའི་གླེང་གཞིའི་ཚིག་དེ་ཡིན། དུས་འཁོར་ལ། ཨེ་ཀསྨིན། ཨེ་བཾ་མེ་ཤྲུ་ཏ་ཞེས་པའི་ཚིག་འདི་མ་བྱུང་བས། སྟོན་པའི་གསུང་མིན་ཞེས་པའི་རྩོད་པ་བྱུང་བ་ན། འགྲེལ་ཆེན་དུ། ཨེ་བཾ་གི་ཚིག་མེད་པ་ཡིན་ནམ། དོན་མེད་པ་ཡིན་ཞེས་བརྟགས་ནས། དོན་མེད་པའི་རྟགས་མ་གྲུབ་པ་དང༌། ཚིག་མེད་ཀྱང་ཁྱབ་པ་མ་ངེས་པའི་རྩོད་ལེན་འབྲེལ་མེད་ཅིག་དང༌། རྩོད་པ་འདི་འདྲ་ཞིག་འབྱུང་ངོ༌།། ཅེས་པའི་སྟོན་པའི་ལུང་བསྟན་ཞིག་ཀྱང་བྲིས་གནང་འདུག།[15]
རྩོད་པའི་སྐབསཀྱི་ཨེ་བཾ་གྱི་དོན་ནི། འདི་སྐད་དང་འདི་འདྲ་འདི་བཞིན་སོགས་ཀྱི་དོན་ཡིན་ཡང༌། ལན་གྱི་ཨེ་བཾ་དེ་ཐབས་དང་ཤེས་རབ་ལ་སྦྱར་ནས་གོ་ས་ཆེན་པོ་འཕར་འདུག་ལ། དེ་ལས་ཕྱིས་སུ་བྱུང་བ་རྣམས་ནི་རྩོད་པ་དེས་གོ་རྟོགས་འཕེལ་ནས། འདི་སྐད་བདག་གི་ཐོས་པ་ལ་སོགས་པ་འབྲི་བ་ལའང་ཐེ་ཚོམ་མི་འདུག་སྟེ། དེའི་དཔེ་མཚོན་གཅིག་ཞུ་ན། གཟུངས་བསྡུས་ནང་ལ། གནམ་ས་སྣང་བརྒྱད་ཅེས་པའི་མདོ་ཚན་གཅིག་ཡོད་པ་དེར་གཟིགས་དང༌། འགོ་གླེང་གཞི་ཕུན་ཚོགས་ལྔ་ལྡན་སྦྱར་ནས་ཡོད་ཀྱང༌། གཟུངས་དེར་སྨེ་བ་སྤར་ཁ་ལ་སོགས་པའི་རྒྱ་ནག་འབྱུང་རྩིས་ཀྱི་རྒྱའི་ཐ་སྙད་དང་དོན་ཚན་མང་པོ་བྲིས་འདུག། རྒྱ་གར་འཕགས་པའི་ཡུལ་དུ་རྒྱ་ནག་གི་ཐ་སྙད་ཀྱི་སྒོ་ནས་ཆོས་གསུངས་པ་དེའང་ཡ་མཚན་མིན་ནམ་གང་ཡིན།

  ངས་གོང་དུ་གནས་ཚུལ་ཁྱད་མཚར་ཁ་ཤས་ཤིག་ཞུས་ཐལ་བ་དེ་དག་གི་རྒྱུ་མཚན་ནི། རང་ཅག་རྣམས་ནི་ཕལ་ཆེར་ལུང་གི་རྗེས་འབྲང་ཡིན་འདུག་ཅིང༌། དེང་སང་གི་དུས་ནའང་སྟོན་པ་དང༌། སློབ་དཔོན་པདྨའི་གསུང་ཡིན་ཞེས་པའི་གསར་རྩོམ་མང་པོ་ཡོང་གི་འདུག་པ་དེ་དག་ལ། གོ་རྟོགས་ཡོང་ཕྱིར་ཞུས་པ་མ་གཏོགས་ཐུབ་པའི་ཆོས་ཚུལ་ལ་ངོ་ལོག་བྱེད་པ་གཏན་ནས་མིན།  རྒྱ་གར་འཕགས་པའི་ཡུལ་ནས་བསྒྱུར་བའི་གསང་སྔགས་རྒྱུད་སྡེའི་གཞུང་དངོས་ཞིག་ཡིན་ན། དེ་ནི་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་ཕབས་ཏེ། རྟོགས་པ་ཚད་མ་རང་རྒྱུད་ལ་འཁྲུངས་པའི་རྗེས་སུ། བརྩེ་བ་སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་དོན་དུ་བྲིས་པ་རྐྱང་རྐྱང་ཡིན་པས། རང་གིས་ཀྱང་དེ་བཞིན་ཉམས་སུ་བླངས་ན་གྲུབ་འབྲས་ཀྱང་དེ་བཞིན་ཡོང་བ་ལ་ཐེ་ཚོམ་གང་ཡང་མེད།  ལྷག་པར་དུ་དུས་ཀྱི་འཁོར་ལོའི་སྡུད་རྒྱུད་འགྲེལ་ཆེན་དང་བཅས་པ་ལ་མཚོན་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་ལ་མེད་ཐབས་མེད་པའི་ནང་པའི་གཞུང་ལུགས་ཀུན་གྱི་རྒྱལ་པོ་ལྟ་བུ་ཞིག་ཡིན།

ནུབ་ཕྱོགས་པ་ཚོ་ལའང་ ཤམྦྷ་ལ་འི་སྐོར་ལ་དོ་སྣང་ཤུགས་ཆེར་ཕྱིན་ནས་ཞིབ་འཚོལ་གནང་མཁན་མང་པོ་བྱུང་འདུག། དཔེར་ན། ལི་པེཇ྄་བིག་ཊོ་རི་ཡ། (Le Page, Victoria) ཞེས་པ་གང་ཟག་དེ་ལ་མཚོན་ན། ལོ་ངོ་ལྔ་བཅུ་ཡན་མན་ཞིག་ ཤམྦྷ་ལ་འི་སྐོར་ལ་ཞིབ་འཚོལ་གནང་འདུག འོན་ཀྱང་སེམས་ཕམ་པ་ཞིག་ལ། མོས་ལུང་འདྲེན་བྱེད་པའི་ནང་དུ། དུས་འཁོར་སྡུད་རྒྱུད་འགྲེལ་ཆེན་དང་བཅས་པའི་གཞུང་གཅིག་གི་ལུང་འདྲེན་ཡང་གནང་མི་འདུག་ལ། མ་དགོས་པའི་ནུབ་ཕྱོགས་པའི་ཆོས་ལུགས་ཕལ་ཆེར་ནས་བཤད་པའི་དག་ཞིང་སོགས་དང་གོ་བསྡུར་གནང་ནས་བྲིས་འདུག། མ་ཟད་མོས་བོད་ལུགས་ལྟར་ན་གྲོང་ཁྱེར་ཤམ་བྷ་ལ་དང་རི་རབ་གཉིས་འབྲེལ་བ་ཡོད་ཚུལ་བཤད་ཡོད་པ་དང༌། ཤམྦྷ་ལ་འི་ཞིང་བཀོད་དེའི་དབུས་སུ་རི་རྒྱལ་རི་རབ་ཡོད་པར་བཤད་འདུག།[16] དེ་ནི་རྩོམ་པ་པོ་མོ་རང་ ཤམྦྷ་ལ་འི་སྐོར་ལ་ལོ་ངོ་ལྔ་བཅུ་ལྷག་སྦྱངས་བརྩོན་གནང་ཡོད་ནའང༌། དུས་འཁོར་རྩ་འགྲེལ་ལ་ཞལ་རས་ཙམ་ཡང་མ་ཕྱོགས་པར། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དངོས་དང༌། ཤམ་བྷ་ལའི་ཞིང་བཀོད་ནོར་བའི་རྟགས་ཡང་དག་ཡིན།  དེ་ཡང་ཇི་ལྟར་ཞེ་ན། སྐྱེ་གནས་བཞི་པོ་སྦྱོང་བྱེད་ཀྱི་ཐབས་སུ་ལྷའི་དཀྱིལ་འཁོར་བསྒོམ་ཚུལ་སྣ་ཚོགས་ཤིག་གསུངས་པའི་ནང་ནས། སྒོང་སྐྱེས་སྦྱོང་བྱེད་བདེ་མཆོག་དང་དུས་འཁོར་ཀྱི་དཀྱིལ་འཁོར་བསྒོམ་དུས། རི་རབ་ཀྱི་རྩེ་ལ་བསྒོམ་དགོས་ཀྱང༌། དེ་དང་ ཤམྦྷ་ལ་འབྲེལ་བ་མེད་པ་དང༌། ལྷག་པར་དུས་འཁོར་རྩ་འགྲེལ་ལས། ཤམྦྷ་ལ་འི་གྲོང་ཁྱེར་དེ་འཛམ་གླིང་ལས་ཀྱི་ས་པ་འདི་ལ་ཡོད་པར་གསུངས་པས། དེ་དང་རི་རབ་གཉིས་འབྲེལ་བ་གཏན་ནས་མེད། ཡང་དེབ་དེར་ ཤམྦྷ་ལ་འི་རྒྱལ་པོ་དེ། ཧིནྡུ་ལྟར་ན་བརྒྱ་བྱིན་ཡིན་པ་དང༌། ནང་པ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྒྱལ་པོ་ཟླ་བཟང་སོགས་ཡིན་པར་བཤད་འདུག།[17] དེ་ཡང་ ཤམྦྷ་ལ་འི་རྒྱལ་པོ་བརྒྱ་བྱིན་ཡིན་པའི་ཧིནྡུ་གཞུང་ད་བར་མཐོང་མ་མྱོང་ལ། ནང་པ་ལྟར་ན་བརྒྱ་བྱིན་ནི་སུམ་ཅུ་རྩ་གསུམ་གྱི་གནས་ལ་ཡོད་པའི་ལྷ་དབང་དང༌། ཤམྦྷ་ལ་འི་རྒྱལ་པོ་ནི་འཛམ་གླིང་སའི་དུམ་བུ་ལ་ཡོད་པར་བཤད་པས་དེ་གཉིས་གཅིག་ཡིན་མདོག་མེད། མ་གཞི་ནས་ནུབ་ཕྱོགས་པ་ཚོས་བྲིས་པའི་ ཤམྦྷ་ལ་འི་ལོ་རྒྱུས་ནི་རྩ་བ་བོར་བའི་ཡལ་ག་དང༌། གླང་ཆེན་བཏང་ནས་རྗེས་བཙལ་བ་དང་འདྲ་བའི་སྒྲུང་གཏམ་ཡིན་པས་སྙིང་པོ་གང་ཡང་མི་འདུག་ལ། ཁྱེད་རང་ཚོས་གཟིགས་འདོད་ཡོད་ན་མཆན་དུ་བཀོད་པ་རྣམས་ལ་གཟིགས་པར་བྱའོ།།[18]







[1] https://mp.weixin.qq.com/s/1o1gUYSHwitRnod-Yu2m5Q
[2]  ßeerefJe<CeghegjeCe~ ཤྲཱི་མུ་ནི་ལཱལ་གུཔྟ། ཁྱབ་འཇུག་སྔོན་རབས། ཆ་ཤས་གཉིས་པའི་ལེའུ་གཉིས་པ། ཚིགས་བཅད།༡༨-༢༣ ཤོག་གྲངས།༡༠༩ གཱི་ཏཱ་པར་ཁང༌། ༡༩༩༠
[3]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༣༥༨  སྨན་རྩིས་ཁང༌། ༢༠༠༢
[4]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༢༣༩  སྨན་རྩིས་ཁང༌། ༢༠༠༢
[5]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༢༦༨  སྨན་རྩིས་ཁང༌། ༢༠༠༢
[6]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༣༢༦  སྨན་རྩིས་ཁང༌། ༢༠༠༢
[7]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༣༢༦  སྨན་རྩིས་ཁང༌། ༢༠༠༢
[8]  བཱ་མན་ཤི་བ་རཱམ་ཨཱཔྚ། ལེགས་སྦྱར་ཚིག་མཛོད། ཤོག་གྲངས།༡༠༥༡-༡༡༤༡ ཀ་མལ་པྲ་ཀཱ་ཤན། དིལླི།
[9]  སེམས་དཔའ་རྡོ་རྗེ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར རྒྱལ་པོ་ཨིན་དྲ་བྷུ་ཏི་དང༌། སྲས་མོ་ལཀྵྨི་ཀ་རའི་རྣམ་ཐར་དུ་གསལ། ཝཱ་ཎ་མཐོ་སློབ་ཁང་།
[10]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ལེའུ་དང་པོ་ཚིགས་བཅད།༥༤ ཤོག་གྲངས།༣༥༩ སྨན་རྩིས་ཁང༌། ༢༠༠༢
[11]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༢༤༠ སྨན་རྩིས་ཁང༌། ༢༠༠༢
[12]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༣༢༦ སྨན་རྩིས་ཁང༌། ༢༠༠༢
[13]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༣༡༠ སྨན་རྩིས་ཁང༌། ༢༠༠༢
[14]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༢༦༨ སྨན་རྩིས་ཁང༌། ༢༠༠༢
[15]  རིགས་ལྡན་པད་དཀར། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། ཨེ། ཤོག་གྲངས།༢༥༠ སྨན་རྩིས་ཁང༌། ༢༠༠༢
[16]  Victoria Le Page, 18 Shambhala
[17]  Victoria Le Page, 23 Shambhala
[18]           1 Le Page, Victoria. Shambhala:
The Fascinating Truth behind the Myth of Shangri-La. Quest ISBN 0-8356-0750-X
2  Lopez, Donald S. Jr. Prisoners of Shangri~La, Tibetan Buddhism and the West, T
he University of Chicago Press, 1998
3  Bernbaum, Edwin. (1980). The Way to Shambhala,   Reprint: (1989).
Jeremy P. Tarcher, Inc., Los Angeles. ISBN 0-87477-518-3.
4  Trungpa, Chogyam. Shambhala, The Sacred Path of the Warrior. Shambhala, 1988
5  Berzin, Alexander (2003). The Berzin Archives. Mistaken Foreign Myths about Shambhala.
6  Bernbaum, Edwin. (1980). The Way to Shambhala:
A Search for the Mythical Kingdom Beyond the Himalayas.
7  Jeffrey, Jason. Mystery of Shambhala in New Dawn, No. 72 (May–June 2002).
8  The Bon Religion of Tibet by Per Kavǣrne, Shambhala, 1996
                   

No comments: