Saturday, April 4, 2020

སུམ་རྟགས་སི་ཏུའི་དགོངས་རྒྱན།


༄༅། བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་སི་ཏུའི་དགོངས་རྒྱན་གྱི་

ཚིག་འགྲེལ་བྱིས་པའི་རོལ་མཚོ་ཞེས་བྱ་བ་ཞུགས་སོ།།

ཨོཾ་སྭ་སྟི། སྣང་སྟོང་མཚན་དཔེ་གསལ་རྫོགས་དྭང་མའི་སྐུ། །གྲགས་སྟོང་བརྗོད་པ་ཀུན་ཏུ་འཆར་བའི་གསུང་། །རིག་སྟོང་དབྱིངས་ཡེ་འདུ་བྲལ་མེད་པའི་ཐུགས། །འཇམ་དཔལ་ཡེ་ཤེས་སེམས་དཔས་དགེ་ལེགས་སྩོལ། །གང་གི་སྒྱུ་འཕྲུལ་ལེགས་བྲིས་སྙིང་སྟོབས་ཀྱིས། །འཕགས་ཡུལ་མཁས་པའི་ཡིད་མཚོ་བྲུབས་པའི་སྐྱེས། །དམ་ཆོས་ཉི་མ་གངས་ཅན་མུན་གླིང་དུ། །འདྲེན་མཛད་སམྦྷོ་ཊ་ཡིས་དེང་འདིར་སྐྱོངས། །གང་གི་གཞུང་བཟང་བདུད་རྩིའི་ཆུ་རྒྱུན་འདི། །རྟོག་གེའི་དུག་ཆུས་རྙོག་དུས་སླར་ཡང་ནི། །གྲུང་བྱེད་ཀེ་ཏ་ཀ་ཡི་ཚུལ་འཛིན་པ། །མཁས་མཆོག་ཆོས་ཀྱི་སྣང་བས་རྗེས་བཟུང་མཛོད། །གང་གི་ལེགས་བཤད་མུ་ཏིག་འཕྲེང་མཛེས་ལས། །བཏུས་ཏེ་བློ་ཆུང་བྱིས་པའི་འཇུག་ངོགས་སུ། །དོན་བསྡུས་སི་ཏུའི་དགོངས་རྒྱན་དུ་གྲགས་པའི། །ཚིགས་བཅད་སླར་ཡང་རྣམ་པར་འབྱེད་ལ་སྤྲོ།།


ཞེས་དགོས་པ་ཁྱད་པར་ཅན་གྱི་སྒོ་ནས་ རིང་ལུགས་དྲི་མ་མེད་པ་ལ་ མཆོད་པར་བརྗོད་པ་དང་། གང་ལས་སུ་བྱ་བའི་ཚིག་སྔོན་དུ་བཏང་བས་བརྩམ་པར་དམ་བཅའ་བ་བརྗོད་ནས་འདིར་གང་ཞིག་གླེང་བར་བྱ་བ་ནི་ བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། ཁ་བ་ཅན་དུ་མཚོ་འབྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར།། ཞེས་པ་ལ་སོགས་པ་ མཐར་བསྟན་པའི་སྙིང་པོ་བྱང་ཕྱོགས་ཁ་བ་ཅན་དུ་དར་ཞིང་འཕགས་མཆོག་སྙིང་རྗེ་དབང་ཕྱུག་ ཕྱག་ན་པད་མོའི་གདུལ་ཞིང་ཉིད་དུ་དཔལ་མགུལ་ནས་ཡང་ཡང་ལུང་བསྟན་བསྔགས་པ་མཛད་པ་ལྟར་། ཐུགས་རྗེ་ཆེན་པོ་སྐུ་དངོས་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ ལུགས་གཉིས་བདག་གིར་བཞེས་དུས། དེའི་མདུན་ན་འདོན་ཆེན་པོ་ རྗེ་བཙུན་བརྟན་པའི་འཁོར་ལོ་ མིའི་རྫུར་ཞུགས་པ་ཆོས་བློན་བྱང་ཆུབ་སེམས་དཔའ་ ཡོ་རུ་ལྷོ་ཁུལ་དྭགས་པོ་གཉལ་ ཞེས་བྱ་བའི་ཡུལ་དུ་ཐུ་མིའི་རིགས་ལས་འཁྲུངས་པས་ ཐུ་མི་མཁན་པོ་སམྦྷོ་ཊ་ཞེས་པ་བོད་ཡང་དག་པའམ་ཀུན་ཏུ་བཟང་པོ་ ཞེས་མཚན་སྙན་པའི་བ་དན་ རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་ཚུལ་ནི་མཁན་པོ་རང་གི་གསུང་ལས།
དྲིན་ཅན་གྱི་བློན་པོ་ཐུ་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལེགས་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟེན། །བློ་ཐེ་ཚོམ་སེལ་བའི་མཛུབ་འཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།།
ཅེས་སོགས་གསུངས་པ་ལྟར་། འཕགས་ཡུལ་མཁས་པའི་སྒྲ་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཐུགས་སུ་བྱོན་པ་བཞིན་དཔེར་མཛད་དེ། ཡུལ་གངས་ཅན་པའི་སྐད་ཀྱི་ བརྡ་དང་མཐུན་པར་བརྩམས་པའི་ བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་སོགས་པའི་བརྡ་སྤྲོད་ཀྱི་གཞུང་རྣམ་པ་བརྒྱད་དུ་མཛད་པས་མུན་ཁང་དུ་སྒྲོན་མེ་བཞིན་དུ་མཛད་ནས་རྒྱལ་བའི་བསྟན་པ་བྱང་ཕྱོགས་སུ་དར་བའི་ལམ་སྲོལ་ཐོག་མར་སྣང་བའི་བཀྲིན་མཛད་པ་ཡང་རང་གི་གསུང་ལས།
ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །གྲོགས་བློན་པོའི་ཚོགས་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐུ་མི་བཀའ་དྲིན་མི་ཆེ་འམ།། ཞེས་གསུངས་པ་ལྟར། ཚུལ་འདི་ལ་བརྟེན་ནས་བོད་དང་བོད་ཆེན་རྣམས་སུ་མ་ཟད་རང་རེའི་མོན་གྱི་ཡུལ་དུའང་བསྟན་པའི་སྣང་བ་དེང་སང་གི་བར་དུ་མ་ཉམས་པར་ཡོད་པ་དེ་འང་མཁན་པོ་འདི་ཉིད་ཀྱི་བཀའ་དྲིན་ཡིན་པར་ཁུམས་ལ།
དེ་ཡང་སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གཉིས་མ་ཉམས་པ་མ་གཏོགས་གཞན་རྣམས་བསྟན་པ་འཕེལ་འགྲིབ་ཀྱི་དབང་ལས་ཉམས་པའི་སྟབས་ཀྱིས། སྔ་རབས་ཀྱི་འགྲེལ་བྱེད་མཁན་པོ་རྣམས་ཀྱི་གཞུང་དཔྱིས་ཕྱིན་པར་མ་གྱུར་པར་རང་འདོད་ཀྱིས་རྙོག་པའི་ཚུལ་འདི་ལ་དགོངས་ནས། སླར་ཡང་མཁན་པོ་ཉིད་སྒྱུ་མའི་གར་གྱིས་རྣམ་པར་རོལ་བ་སི་ཏུ་ཆོས་ཀྱི་འབྱུང་གནས་སམ་ཐམས་ཅད་མཁྱེན་པ་དྷརྨ་ཀཱ་ར་མཚན་སྙན་གྱིས་གྲགས་པས་ཡོངས་སུ་ཁྱབ་པ་དེས། སྔོན་གནས་རྗེས་དྲན་གྱི་རིགས་སྟོབས་འབའ་ཞིག་གིས་བརྩམས་པར་མཛད་པའི་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་འཕྲེང་མཛེས་ཞེས་བྱ་བ་འགྲེལ་བྱེད་ཀུན་གྱི་རྩེ་མོར་གྱུར་པ་དེའི་རྗེས་སུ་འབྲངས་ནས། དེང་སང་བློ་ཆུང་གི་བྱིས་པ་གཞུང་རྒྱས་མཐོང་བའི་བློ་མིག་དང་མི་ལྡན་པ་རྣམས་ཀྱི་འཇུག་ངོགས་སུ། ཁོ་བོའི་ཉུང་ངུའི་ངག་གིས་མདོར་བསྡུས་སུ་བྱས་པའི་དོན་བསྡུས་སི་ཏུའི་དགོངས་རྒྱན་ཞེས་བྱ་བའི་གཞུང་འདི་ཉིད་འཆད་ཉན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའོ།།

བསྟན་བཅོས་ཀྱི་ཡན་ལག།

དེ་ལ་གསུམ། ཐོག་མར་བསྟན་བཅོས་ཀྱི་ཡན་ལག། བར་དུ་བསྟན་བཅོས་ཀྱི་རང་བཞིན། ཐ་མར་མཐར་ཕྱིན་གྱི་བྱ་བའོ།། དང་པོ་ལ་གཉིས། མཚན་དོན་བཤད་པ་དང་། ཡན་ལག་དངོས་སོ།། དང་པོ་ནི།
བརྡ་ཡི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་བསྡུས་
སི་ཏུའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
ཞེས་བསྟན་ཏེ། དེ་ལ་མཚོན་བྱ་དོན་གྱི་བརྡ་དང་མཚོན་བྱེད་ཚིག་གི་བརྡ་གཉིས་ལས། འདིར་ཕྱི་མ་ལྟར་ཐ་སྙད་ཀྱི་འཇུག་པ་སྤྱི་དང་ ཁྱད་པར་རྒྱལ་བའི་གསུང་རབ་ཀུན་ལ་ གངས་ཅན་པའི་སྐད་ཀྱི་འཇུག་པ་གསལ་བར་སྟོན་པའི་ མིང་ཚིག་བརྗོད་པ་གསུམ་གྱི་ཡི་གེའི་སྦྱོར་བ་ནི་འདི་དང་འདིའོ་ཞེས་གཞན་ལ་གོ་བྱེད་དུ་ ལུང་བསྟན་པའམ་བརྡ་སྤྲོད་པས་ན་བརྡ། གཞུང་དེས་གསུང་རབ་ཀྱི་བླང་དོར་ངོ་ཤེས་ནས་རང་རྒྱུད་ངན་པ་འཆོས་པ་དང་། གསུང་རབ་ཀྱི་དོན་རྟོགས་པས་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའི་ཡོན་ཏན་གཉིས་དང་ལྡན་པ་སྟེ།
མདོར་ན་བསྟན་པ་དམ་པའི་ཆོས་ཀྱིས་རང་སེམས་བཅོས་སུ་རུང་བས་ན་བསྟན་བཅོས། དེ་ལ་ཡུལ་དུས་དང་དཔེ་ལ་སོགས་པའི་སྒོ་ནས་མཚན་བཏགས་ཚུལ་མང་དུ་ཡོད་པ་ལས། འདིར་སྔ་མ་རྗོད་བྱེད་ཚིག་གི་སྒོ་ནས་བཏགས་པ་སྟེ་གཞུང་ཚད་ཤློ་ཀ་སུམ་ཅུར་ངེས་པས་ན་སུམ་ཅུ་པ། ཕྱི་མ་བརྗོད་བྱའི་དོན་གྱི་སྒོ་ནས་བཏགས་པ་སྟེ་ཡི་གེའི་ཕོ་མོའི་རྟགས་ཀྱི་འཇུག་ཚུལ་བསྟན་པས་ན་རྟགས་ཀྱི་འཇུག་པ། མཁན་པོའི་བརྡ་དག་གི་བསྟན་བཅོས་རྣམ་པ་བརྒྱད་ཀའི་དོན་དངོས་ཤུགས་ཅི་རིགས་པར་འགྲེལ་ཆེན་དུ་ཚང་ཞེས་ཐོས་ཤིང་།  འགྲེལ་ཆེན་དབུ་ཞབས་ཀྱི་ཕལ་མོ་ཆེ་འདིར་ཡོངས་སུ་ཚང་ལ་མ་ནོར་བར་བསྡུས་པས་ན་དོན་བསྡུས། དེ་ཡང་བརྗོད་བྱའི་དོན་སི་ཏུའི་ཆོས་ཀྱི་དགོངས་དོན་ཇི་བཞིན་པ་ཉིད་རྗོད་བྱེད་ཚིག་ཉུང་ངུའི་ངག་གིས་གསལ་བར་བྱེད་པའི་རྒྱན་ཡིན་པས་ན་སི་ཏུའི་དགོངས་རྒྱན། འདི་ལ་བརྗོད་བྱའི་དོན་གྱི་སྒོ་ནས་བཏགས་པའི་མཚན་དེ་སྐད་ཅེས་བྱ་བས་ན་ཅེས་བྱ་བ།  དཔེར་ན། མིང་དེ་སྐད་ཅེས་བྱ་བའི་གང་ཟག་དེ་ཁང་བཟང་འདི་ནང་ཡོད་དོ་ཟེར་བ་ལྟར་ མཚན་དེ་སྐད་ཅེས་བྱ་བའི་བསྟན་བཅོས་དེ་དཔེ་ཚན་འདི་ནང་བཞུགས་སོ་ཞེས་པའི་དོན་ནོ།།
གཉིས་པ་ཡན་ལག་དངོས་ལ་གཉིས། དགོས་པ་དོན་ལྡན་གྱི་སྒོ་ནས་མཆོད་པར་བརྗོད་པ་དང་། ཁུངས་བསྟན་ཅིང་རྒྱུ་མཚན་སྨོས་པའི་སྒོ་ནས་བརྩམ་པར་དམ་བཅའ་བའོ།། དང་པོ་ལ་གཉིས། ལྷག་པའི་ལྷ་ལ་ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་ཏེ་མཆོད་པར་བརྗོད་པ་དང་། སླར་ཡང་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་པའོ། དང་པོ་ནི།
ན་མོ་མཉྫུ་ཤྲཱི་ཡེ།
ཞེས་པས་བསྟན་ཏེ། ན་མོ་ནི་ཕྱག་འཚལ་ལོ། མཉྫུ་ནི་འཇམ། ཤྲཱི་ནི་དཔལ། ཡེ་ནི་རྣམ་དབྱེ་སྟེ་བོད་སྐད་དུ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་པ་འོ།། དེ་ཡང་སྤང་བྱ་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་དང་བྲལ་བས་ན་འཇམ། རྟོགས་བྱ་དོན་གཉིས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་དཔལ། དེ་ལ་རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པའི་དྲི་མ་ཐམས་ཅད་ཕྱིར་ཕྱག་པས་ན་ཕྱག། འཕགས་པ་འཇམ་དཔལ་གྱི་རྟོགས་པའི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་འཇུག་པའི་ཚུལ་ཤེས་པའམ་འཚལ་བས་ན་འཚལ།  ལོ་ཞེས་པ་སྐབས་དོན་རེ་ཞིག་ཟིན་པས་སླར་བསྡུའི་སྒྲའོ།།
དེ་ཡང་ལེགས་སྦྱར་གྱི་སྐད་ཀྱིས་བརྗོད་པས་རང་རྒྱུད་ལ་བྱིན་རླབས་འཇུག་པ་དང་། སྐད་ལ་བག་ཆགས་འཇོག་པ་སོགས་དགོས་པ་ཁྱད་པར་གྱི་སྒོ་ནས་མཆོད་པར་བརྗོད་པའོ།།

གཉིས་པ་སླར་ཡང་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་པ་ནི།
སྒྲིབ་པའི་དྲི་མ་ཡེ་ནས་དབྱིངས་སུ་དག །མཁྱེན་པའི་དཀྱིལ་འཁོར་ཤེས་བྱ་ཀུན་ཁྱབ་ཅན།།
བརྩེ་བའི་འོད་ཀྱིས་ནང་གི་མུན་སེལ་བ། །སྨྲ་བའི་ཉི་མ་འཇམ་དཔལ་དབྱངས་ལ་འདུད།།
ཅེས་པས་བསྟན་ཏེ། དེ་ལ་སྤང་བྱ་རྩ་བའི་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་སོགས་ཉོན་མོངས་པའི་སྒྲིབ་པ་དང་འཁོར་གསུམ་རྣམ་པར་རྟོག་པ་སོགས། ཤེས་བྱའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་ཡེ་གདོད་མ་ནས་སྤངས། གཉེན་ རིག་བྱ་རིག་བྱེད་མེད་པའི་དབྱིངས་དག་པ་སྟེ། དཔེར་ན། སྟོན་ཀའི་མཁའ་ལྟར་རྣམ་པར་དག་པའོ།། དེས་སྤང་བ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་པ་སྟེ། མཚན་བརྗོད་ལས། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། ཞེས་སོ།།
ཆོས་ཉིད་ཇི་ལྟ་བའི་གནས་ལུགས་མངོན་དུ་གྱུར་པས་དོན་དམ་གཟིགས་པ་དང་། ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཤེས་བྱ་མ་ལུས་པ་ཐམས་ཅད་ཅིག་ཅར་དུ་མཁྱེན་ཅིང་གཟིགས་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་རང་བཞིན་ནི། དཔེར་ན། ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་དང་ལྡན་པ་དེས་འཇིག་རྟེན་ཡོངས་ལ་ཅིག་ཅར་དུ་ཁྱབ་པ་ལྟར། མཁྱེན་པའི་ཡེ་ཤེས་གཅིག་གིས་དུས་སྐད་ཅིག་གཅིག་ལ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་ཁྱབ་ཅིང་གཟིགས་པའོ།། དེས་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་པ་སྟེ། དེ་ཉིད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་སྟེ།། ཞེས་སོ།
དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རང་དོན་ཞི་བ་ཕྱོགས་གཅིག་ཏུ་མི་བཞུགས་པར་སེམས་ཅན་གྱི་དོན་མཛད་པ་ནི། དཔེར་ན། ཉི་མའི་འོད་ཀྱིས་ཕྱིའི་མུན་པའི་སྨག་རུམ་ཐམས་ཅད་ཅིག་ཅར་དུ་བསལ་བ་ལྟར། གང་གི་ཐུགས་བརྩེ་བའི་འོད་ཀྱིས་བདག་ཅག་རྣམས་ཀྱི་ནང་གི་མུན་པའི་ཚོགས་ཐམས་ཅད་རྨེག་མེད་དུ་བསལ་བར་བྱེད་པ་ལ་སོགས་པ་རྟོག་མེད་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ།། དེས་འཕྲིན་ལས་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་པ་སྟེ། སྔ་མ་ལས། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ།། ཞེས་སོ།།
དེ་ལྟར་སྤང་རྟོགས་དང་ཕྲིན་ལས་ཕུན་སུམ་ཚོགས་ཤིང་རྒྱལ་བ་ཐམས་ཅད་ཀྱི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་སྨྲ་བའི་དབང་ཕྱུག་གམ་སྨྲ་བའི་ཉི་མ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་དོ།། ཞེས་བསྟན་བཅོས་བྱེད་པ་པོས་དགོས་པ་དོན་ལྡན་གྱི་སྒོ་ནས་མཆོད་པར་བརྗོད་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། བསྟན་བཅོས་བྱེད་པོ་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་པ་ལ། །དད་འདུན་སྐྱེད་པར་བྱ་ཕྱིར་རོ།། ཞེས་སོ།།

གཉིས་པ་ཁུངས་བསྟན་ཅིང་རྒྱུ་མཚན་སྨོས་པའི་སྒོ་ནས་བརྩམ་པར་དམ་བཅའ་བ་ནི།
ཐུ་མིའི་ལེགས་བཤད་འཛིན་མའི་རུམ་ནང་ནས། །འགྲེལ་པས་དོན་བཟང་བཙོ་མ་འབྱིན་ལགས་ཀྱང་།།
དེང་སང་བློ་གསར་དགའ་མའི་རྣ་ལུང་དུ། །མཛེས་རྒྱན་རྣ་ཆས་དབུལ་བས་སྦྱིན་གྱིས་ལོངས།།
ཞེས་པས་བསྟན་ཏེ། མཁན་པོ་ཐུ་མི་འདི་ཉིད་ཀྱིས་མཛད་པའི་ལེགས་བཤད་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་དོན་རྒྱ་ཆེ་བ་འཛིན་མ་སྟེ། ས་གཞི་ལྟ་བུའི་རུམ་ནང་ནས་སྔ་རབས་ཀྱི་མཁས་པ་འགའ་དང་འགའ་ཡིས་དཔྱིས་ཕྱིན་པར་རྙེད་པའི་ཡུལ་དུ་མ་གྱུར་པ་དེ་ནི། མཁས་མཆོག་སི་ཏུ་ཆོས་ཀྱི་སྣང་བས་མཛད་པའི་འགྲེལ་ཆེན་འདིས་གཞུང་གི་དོན་བཟང་པོ་གསེར་བཙོ་མ་ལྟ་བུ་སའི་གཏིང་ནས་འབྱིན་ཏེ་ཡོད་པ་ལགས་ཀྱང་། དེང་སང་འདི་གའི་བློ་གསར་གཞོན་ནུ་མ་སྟེ། དགའ་མ་ཡོངས་ཀྱི་རྣ་ལུང་དུ་མཛེས་བྱེད་ཀྱི་རྒྱན་བརྡ་སྤྲོད་པའི་གཞུང་ལུགས་འདི་ཐོས་པའི་གསེར་གྱི་རྣ་ཆ་ནི་སུ་ལ་བལྟས་ཀྱང་དབུལ་བ་མཐོང་བས། གསེར་དེས་བསྒྲུབས་པའི་གཞོན་ནུ་ཡོངས་ཀྱི་མཛེས་རྒྱན་གཞུང་བཟང་འདི་ཐོས་པའི། རྣ་རྒྱན་བཟང་པོ་ཞིག་ཁོ་བས་ཅི་དགར་སྦྱིན་གྱིས་སུས་འདོད་ཀྱང་ལོངས་ཤིག་ཅེས་ཉན་པར་བསྐུལ་བས་དམ་བཅའ་བའོ།།

སུམ་བཅུ་པ་ལས་སྦྱར་བྱ་ཡི་གེའི་རྣམ་གཞག

གཉིས་པ་བར་དུ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་ལ་གཉིས། སུམ་ཅུ་པ་བཤད་པ་དང་། རྟགས་ཀྱི་འཇུག་པ་བཤད་པའོ།།  དང་པོ་སུམ་ཅུ་པ་བཤད་པ་ལ་གཉིས། ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། དགོས་པ་བརྗོད་པས་མཇུག་བསྡུ་བའོ།། དང་པོ་ལ་གཉིས། སྦྱར་བྱ་ཡི་གེའི་རྣམ་གཞག་བཤད་པ་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའོ།། དང་པོ་ལ་གཉིས། དབྱངས་གསལ་གྱི་ངོས་བཟུང་སྤྱིར་བསྟན་པ། སྔོན་རྗེས་ཀྱི་དབྱེ་བ་བྱེ་བྲག་ཏུ་བཤད་པའོ།། དང་པོ་ལ་གཉིས། དབྱངས་ངོས་བཟུང་བ་དང་། གསལ་བྱེད་ངོས་བཟུང་བའོ།། དང་པོ་ནི།
མཁན་པོ་ལེགས་སྦྱར་དབྱངས་ཡིག་ལས། །བཏུས་ཏེ་ཨི་ཨུ་ཨེ་ཨོ་བཞིས།།
གི་གུ་ཞབས་ཀྱུ་ལ་སོགས་བཞིར། །མཛད་ནས་དབྱངས་བཞི་ངེས་པར་བསྟན།།
ཅེས་པས་བསྟན་ཏེ། སྔོན་བོད་དུ་ཡི་གེ་མེད་པ་ལས་མཁན་པོ་འདིས་ རྒྱ་གར་གྱི་ལཉྪའི་ཡི་གེ་ལ་དཔེར་མཛད་ནས་ཡིག་གཟུགས་གསར་དུ་བརྩམས་ཤིང་། ལེགས་སྦྱར་གྱི་དབྱངས་ཡིག་བཅུ་དྲུག་ལས་མདོར་བཏུས་ཏེ་བོད་ཡིག་ཏུ་ཉེ་བར་མཁོ་བ་ཨཱ་ལིའི་བྱ་བ་གསལ་བར་བྱེད་པའི་ཨི་ཨུ་ཨེ་ཨོ་བཞི་ལོགས་སུ་བཀར་ནས་དེ་མཚོན་བྱེད་བོད་ཡིག་ཏུ་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞིར་མཛད་པ་དང་། དབྱངས་དང་པོ་ཨ་ནི་བོད་ཡིག་ཏུ་ཨཱ་ལིའི་བྱ་བ་གསལ་མི་ནུས་པའི་ཕྱིར་དགོས་དབང་གིས་ཀཱ་ལིའི་སྡེ་ཚན་དུ་འདྲེན་པ་དང་། ལྷག་མ་ཨཱ་ཨའི་སོགས་བཅུ་གཅིག་ནི་བོད་ཡིག་ལ་རིང་ཐུང་སོགས་ཀྱི་རྣམ་གཞག་མི་དགོས་པའི་ཕྱིར་དོར་ནས་ བོད་ཡིག་ཏུ་དབྱངས་བཞི་ངེས་པར་མཛད་དོ།།

གཉིས་པ་གསལ་བྱེད་ངོས་བཟུང་བ་ནི།
ལེགས་སྦྱར་གི་ནི་གསལ་བྱེད་ལས། །སྐད་ཀྱི་འཇུག་པ་དང་བསྟུན་ཏེ།།
དོར་བསྣན་ཞིབ་པར་མཛད་ནས་ནི། །གསལ་བྱེད་ཀ་སོགས་སུམ་ཅུར་བསྟན།།
ཅེས་པས་བསྟན་ཏེ། ཡང་ལེགས་སྦྱར་གྱི་གསལ་བྱེད་སུམ་ཅུ་སོ་བཞི་ལས་བོད་སྐད་ཀྱི་འཇུག་པ་དང་བསྟུན་ཏེ་གྷ་སོགས་མཐུག་པོ་ལྔ་དང་། ཊ་སོགས་ལོག་པ་ལྔ་དང་། ཀྵ༌ཡིག༌བཅས༌བཅུ༌གཅིག༌ བོད༌སྐད༌ལ༌མི༌མཁོ༌བས༌དོར༌ཞིང༌། རྒྱ༌སྐད༌ལ༌མེད༌ཀྱང༌ བོད༌སྐད༌དུ༌ཉེ༌བར༌མཁོ༌བའི༌ཡི༌གེ༌ སྟོད༌དུ༌ ཅ༌ཆ༌ཇ༌གསུམ༌དང༌། སྨད༌དུ༌ཞ༌ཟ༌འ༌གསུམ༌སྟེ༌ཡི༌གེ༌དྲུག༌དང༌ཨ༌བཅས༌བདུན་གསར༌དུ༌བཅུག༌སྟེ༌ དོར༌བསྣན༌གྱི་ དཔྱད༌པ༌ཞིབ༌པར༌མཛད༌ནས༌ བོད༌ཡིག༌ཏུ༌ཀཱ༌ལི༌བྱ༌བ༌གསལ༌བར༌བྱེད༌པའི༌ ཡི༌གེ༌ཀ༌ནས༌ ཨའི༌བར་སུམ༌ཅུར་ ངེས༌པར༌མཛད༌དོ།།
དེ༌ལས༌ ཡི༌གེ༌དྲུག༌ རྒྱ༌སྐད༌ལ༌མེད༌པའི༌ རྒྱུ༌མཚན༌ཅི༌ཞེ༌ན། རྒྱ༌སྐད༌ལ༌ ཨེ༌ཀས༌ གཅིག༌ལ༌ འཇུག༌པས༌ཅ༌དང༌། དྷརྨས༌ཆོས༌ལ༌འཇུག༌པས༌ཆ༌དང༌། ལོ༌ཀས༌འཇིག༌རྟེན༌ལ༌འཇུག༌པས༌ ཇ༌དང༌། ད༌དྷིས༌ཞོ༌ལ༌འཇུག༌པས༌ཞ༌དང༌ བྷཀྵས༌ཟས༌ལ༌ འཇུག༌པས༌ཟ༌དང༌། དུཀ༌དྷས༌ འོ༌མ༌ལ༌འཇུག༌པས༌འ༌རྣམས༌མི༌དགོས༌ཤིང༌ བོད༌སྐད༌ལ༌ཉེ༌བར༌མཁོ༌བའི༌དབང༌གིས༌སོ།།

གཉིས༌པ་སྔོན༌རྗེས༌ཀྱི༌དབྱེ༌བ༌བྱེ༌བྲག༌ཏུ༌བཤད༌པ༌ལ༌གསུམ། རྗེས༌འཇུག། ཡང༌འཇུག། སྔོན༌འཇུག༌བཤད༌པའོ།། དང༌པོ༌ནི།
དེ༌ལ༌དབྱུང༌བའི༌རྗེས༌འཇུག༌ནི། །ག༌ང༌ད༌ན༌བ༌མ༌འ།།
ར༌ལ༌ས༌སྟེ༌བཅུ༌རུ༌འདོད།།
ཅེས༌པས༌བསྟན༌ཏེ། བཤད༌མ༌ཐག༌པའི༌གསལ༌བྱེད༌སུམ༌ཅུ༌པོ༌ དེ༌ལས༌དབྱུང༌བའི༌ རྗེས༌འཇུག༌ནི། ག༌ང༌ད༌ན༌བ༌མ༌འ༌ར༌ལ༌ས༌སྟེ། འདི༌རྣམས༌མིང༌གཞི༌ཡི༌གེ༌རྣམས༌ཀྱི༌རྗེས༌སུ༌རྩོད༌པ༌མེད༌པར༌ འཇུག༌པས༌ན༌ རྗེས༌འཇུག༌གམ༌ མཐའ༌རྟེན༌བཅས༌ གྲགས༌ཤིང༌ གྲངས༌ནི༌བཅུ༌རུ༌ངེས༌པར༌ འདོད༌དེ། དཔེར༌ན། ཀག། ཀང༌། ཀད། ཀན། ཀབ༌ ལྟ༌བུ༌སོགས༌ཀྱིས༌མཚོན༌ཏེ༌ ཤེས༌པར༌བྱའོ།།

གཉིས༌པ༌ཡང་འཇུག་བཤད་པ་ནི།
ད༌དང༌ས༌ནི༌ཡང༌འཇུག༌སྟེ། །ད༌ནི༌ན༌ར༌ལ༌གསུམ་དང་།།
ས༌ནི༌ག༌ང༌བ༌མར༌འཐོབ།།
ཅེས༌པས༌བསྟན༌ཏེ། རྗེས༌འཇུག༌བཅུའི༌ནང༌ཚན༌ད༌དང༌ ས༌གཉིས༌པོ༌ཡི༌གེ༌རྣམས༌ཀྱི༌རྗེས༌སུ༌ འཇུག༌པ༌ མ༌ཟད༌་སླར༌ཡང༌འཇུག༌པས༌ན༌ཡང༌འཇུག༌སྟེ། ཡང༌འཇུག༌ད༌ནི། རྗེས༌འཇུག༌ ན༌ར༌ལ༌གསུམ༌གྱི༌མཐར༌འཐོབ༌པ༌དང༌། ཡང༌འཇུག༌ས༌ནི། རྗེས༌འཇུག༌ག༌ང༌བ༌མ༌བཞིའི༌ མཐར༌ཐོབ༌སྟེ། དཔེར༌ན། བྱོནད། གྱུརད། རོལད༌ ལྟ༌བུའི༌ད༌ མཐའ༌ཡོད༌པ༌རྣམས༌ལ༌ ད༌ནི༌ རྗེས༌འཇུག༌གི༌ཕོ༌སྒྲ༌ཡིན༌ཕྱིར༌ ད༌དྲག༌ཅེས༌གྲགས༌ཏེ། དེང༌སང༌ སྐད༌གསར༌བཅད༌ལ༌ ཡི༌གེའི ཟོར༌ཡངས༌པའི༌ཆེད་དུ༌ ད༌དྲག༌དངོས༌སུ༌མི༌བྲི༌ཡང༌ འདས༌ཚིག༌དང༌སྐུལ༌ཚིག་ གི༌རིགས༌ལ༌ དོན༌གྱིས༌ཡོད༌པར༌ཤེས༌དགོས༌སོ།། ཡང༌འཇུག༌ས༌ནི། དཔེར༌ན།  ཆགས། དངས། རབས། ཁམས༌ལྟ༌བུས༌ཤེས༌པར༌བྱའོ།།

 གསུམ༌པ༌སྔོན་འཇུག་བཤད་པ་ནི།
ག༌ད༌བ༌མ༌འ༌ལྔ༌པོ། །འཕུལ༌ལམ༌སྔོན༌འཇུག༌ཅེས༌སུ༌གྲགས།།
ཞེས༌པས༌བསྟན༌ཏེ། རྗེས༌འཇུག༌བཅུ༌པོ་དེའི༌ནང༌ནས༌ ག༌ད༌བ༌མ༌འ༌ལྔ༌པོ༌ ཡི༌གེ༌རྣམས༌ཀྱི༌ རྗེས༌སུ༌འཇུག༌པ༌ མ༌ཟད༌ མིང༌གཞིའི༌ཡི༌གེ༌ རང༌རང༌གི༌འཇུག་ཡུལ༌དུ༌ གྱུར༌པ༌རྣམས༌ཀྱི༌ སྔོན༌དུའང༌འཇུག༌པས༌ན༌ འཕུལ༌ལམ༌ སྔོན༌འཇུག༌ ཅེས༌སུ༌གྲགས༌ཏེ། དཔེར༌ན། གཏའ། དགའ། བཅའ། མཛའ། འཇའ་ལྟ༌བུས༌ཤེས༌པར༌བྱའོ།། སྤྱིར༌མིང་གཞི༌ལ༌མཆོད༌བརྗོད༌ནས༌ གསུངས༌པའི༌ མིང༌གཞི༌དང༌ སྔོན༌རྗེས༌གང༌དུའང༌མི༌འཇུག༌པའི༌ མིང༌གཞི༌འབའ༌ཞིག༌པ༌དང༌། སྔོན༌རྗེས༌ མིང༌གསུམ༌གྱིས༌ཟླས༌ ཕྱེ༌བའི༌མིང༌གཞི༌སྟེ༌གསུམ༌དུ༌ཡོད༌པ༌ལས། དང༌པོ༌ནི། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སྤྱི་ལ་མིང་གྲུབ་པའི་ གཞིར་བཟུང་ནས་ མིང་གཞི་ཞེས་གསུངས་ཏེ། དཔེར་ན། ཀ་ཀི་ཀུ་ཀེ་ཀེ་ཀོ་ལ་སོགས་པ་འི་ཡི་གེ་ཡི་གེ་ཇི་སྙེད་པ་རྣམས་དང་། གཉིས་པ་ནི། གསལ་བྱེད་ཀྱི་ནང་ཚན་ མིང་གཞི་ཁོ་ནར་ངེས་པ་སྟེ། དཔེར་ན། ཀ་ལ་སོགས་པའི་ཡི་གེ་ཉི་ཤུ་པོ་རྣམས་དང་། གསུམ་པ་ནི། སྔོན་རྗེས་ཀྱི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྣམས་ཏེ། དཔེར་ན། བསྒྲུབ་ལྟ་བུ་སྔོན་རྗེས་བ་ཡིག་གི་འཇུག་ཡུལ་དུ་གྱུར་པའི་ག་ཡིག་ནི་མིང་དངོས་དང་། མགོ་ཅན་གྱི་ས་དང་འདོགས་ཅན་གྱི་ར་གཉིས་ནི་མིང་གཞི་ཙམ་དང་། ཞབས་ཀྱུ་ནི་མིང་གཞིའི་ཡན་ལག་ཙམ་ཡིན་པར་ཤེས་དགོས་སོ།།


སྦྱོར་ཚུལ་ཚིག་ཕྲད་ལས་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ།

གཉིས་པ་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་གསུམ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ། ཕྲད་རང་དབང་ཅན་བཤད་པ། ཞར་འབྱུང་ཟུར་རྒྱན་གྱི་ཉེར་མཁོར་བཤད་པའོ།
དང་པོ་ལ་བརྒྱད། སླར་བསྡུ ལ་དོན།  ཨི་ལྡན།  རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་པའི་སྒྲ་བཤད་པའོ།།

སླར་བསྡུ་བཤད་པ།

དང་པོ་སླར་བསྡུ་བཤད་པ་ནི།
རྗེས་འཇུག་ལ་ལྟོས་ཚིག་ཕྲད་ཅེས། །རྣམ་དབྱེ་བདུན་པོར་མི་གཏོགས་པའི།།
རྫོགས་ཚིག་སྐབས་ཀྱི་སླར་བསྡུ་ནི། །གོ་ངོ་དོ་ནོ་བོ་མོ་འོ།།
རོ་ལོ་སོ་རྣམས་སྐབས་བབ་ཀྱི། །བརྗོད་བྱ་རྫོགས་པའི་རྗེས་མཐུན་སྦྱར།།
དཔེར་ན་རྟག་གོ་བཟང་ངོ་སོགས། །རྒྱ་ཆེར་མཚོན་ཏེ་ཤེས་པར་བྱ།།
ན་ར་ལ་ཡི་ད་དྲག་མཐར། །འདས་པ་དོན་ཐོབ་ཏོ་སྦྱར་རོ།།
ཅེས་པས་བསྟན་ཏེ། རྗེས་འཇུག་བཅུ་ལ་ལྟོས་དགོས་པའི་ཚིག་ཕྲད་ཅེས་རྣམ་པར་གཞག་པ་འདི་ལ་རྣམ་དབྱེ་རུ་གཏོགས་པ་དང་ མི་གཏོགས་པའི་ཁྱད་པར་གྱིས་དབྱེ་བ་མུ་བཞི་ཡོད་དེ། ལྟོས་བཅས་ཀྱི་ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་མ་ཡིན་ལ་རྣམ་དབྱེ་ཡིན་པ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་ཡིན་ལ་རྣམ་དབྱེ་ཡང་ཡིན་པ་དང་། ལྟོས་བཅས་ཀྱི་ཚིག་ཕྲད་ཀྱང་མིན་ལ་རྣམ་དབྱེ་ཡང་མིན་པ་སྟེ་མུ་བཞི་ལས། དང་པོ་ནི། སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་སོགས་སོ།། གཉིས་པ་ནི། ལ་དོན་གྱི་ན་ལ་གཉིས་དང་རྣམ་དབྱེ་ལྔ་པའི་ནས་ལས་གཉིས་སོ།། གསུམ་པ་ནི། ལ་དོན་གྱི་སུ་སོགས་ལྔ་དང་ཨི་ལྡན་གྱི་གི་སོགས་ལྔའོ།། བཞི་པ་ནི། ནི་སྒྲ་དང་སྒྲ་སོགས་རང་དབང་ཅན་རྣམས་སོ།། དེ་ལྟར་རྣམ་དབྱེ་བདུན་པོར་མི་གཏོགས་པའི་རྫོགས་ཚིག་སྐབས་ཀྱི་སླར་བསྡུའི་སྒྲ་ནི། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་རྣམས་ནི་སྐབས་ཀྱི་བརྗོད་བྱའི་དོན། མང་ཉུང་གང་ཡིན་ཀྱང་ དེ་ཙམ་གྱིས་སླར་བརྗོད་པའི་དོན་དུ་བསྡུ་བའམ་རྫོགས་ན་ རྗེས་འཇུག་རང་རང་དང་མཐུན་པའི་བརྗོད་པ་དེའི་མཐར་རྣ་རུ་སྦྱར་བ་ནི་སླར་བསྡུའམ་རྫོགས་ཚིག་གམ་རྗེས་འཇུག་དང་མཐུན་པའི་ཟླ་གྲོགས་སྡུད་བྱེད་ཡིན་པས་ན་ཟླ་སྡུད་ཅེས་ཀྱང་བྱ་སྟེ། དཔེར་ན། ལེགས་པར་བརྟག་གོ། བླ་མ་བཟང་ངོ་།། ཆོས་ཡོད་དོ།། ཆོས་ཉན་ནོ།། ཆོས་བསམ་མོ།། ཆོས་བྱའོ།། ཆོས་དར་རོ།། ལྷ་རྒྱལ་ལོ།། ཆོས་ཤེས་སོ།། ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ།། རྗེས་འཇུག་ན་ར་ལའི་ད་དྲག་ཅན་གྱི་མཐར་འདས་པ་དོན་གྱི་ཐོབ་ཚེ་བརྗོད་བདེ་དང་རྟགས་མཚུངས་གཉིས་ཀའི་སྒོ་ནས་སྒྲ་མཐུན་ཏོ་སྦྱར་ཏེ། དཔེར་ན། ཆོས་བསྟནད་ཏོ།། ཤེས་པར་གྱུརད་ཏོ།། བཀའ་བསྩལད་ཏོ།། ལྟ་བུའོ།།

ལ་དོན་བཤད་པ།

གཉིས་པ་ལ་དོན་བཤད་པ་ལ་བཞི། རྣམ་དབྱེ་དང་པོ་ངོས་བཟུང་བ། ལ་དོན་གྱི་གྲངས་ངེས་བསྟན་པ། དེས་འཇུག་ཡུལ་བསྟན་པ། དེའི་སྦྱོར་ཚུལ་རྒྱས་པར་བཤད་པའོ།། དང་པོ་ནི།
རྣམ་དབྱེ་བདུན་ལས་དང་པོ་ནི། །ངོ་བོ་མིང་ཙམ་བསྟན་པ་ལས།།
གཞན་དུ་མེད་ཅེས་མཁས་རྣམས་བརྗོད།།
ཅེས་པས་བསྟན་ཏེ། དེ་ལ་ཐོག་མར་རྣམ་དབྱེའི་གྲངས་ངེས་པ་ནི། དང་པོ་མིང་ཙམ་བསྟན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་རྟེན་གནས་ཏེ་བདུན་ལས། དང་པོ་ནི། དངོས་པོའི་ངོ་བོ་ཀ་བ་བུམ་པ་ལ་སོགས་པའི་ མིང་ཙམ་བསྟན་ལ་ཁྱད་པར་གྱི་ཆོས་གཞན་མི་སྟོན་པ་ཙམ་ལ་དང་པོ་མིང་ཙམ་སྟོན་པ་ཞེས་ བརྗོད་པ་མ་གཏོགས། དེ་ལས་གཞན་དུ་རྣམ་དབྱེ་དང་པོའི་ རྣམ་གཞག་ཏུ་མེད་ཅེས་མཁས་རྣམས་མགྲིན་གཅིག་ཏུ་བརྗོད་དོ།།  
སྤྱིར་དོན་གྱི་ངོ་བོ་ཙམ་སྟོན་བྱེད་དུ་གྱུར་པའི་སྒྲ་ནི་མིང་གི་མཚན་ཉིད་དོ།། དེ་ལ་དབྱེ་ན། དངོས་མིང་དང་བཏགས་མིང་གཉིས། དང་པོ་དངོས་མིང་ལ་གཉིས། ཤེས་བརྗོད་འཇུག་པ་ཙམ་གྱི་དངོས་མིང་འདོད་རྒྱལ་དུ་བརྗོད་པ་རྣམས་དང་། བཤད་པ་རྒྱུ་མཚན་གྱི་དངོས་མིང་རྗེས་སྒྲུབ་ཏུ་བཤད་པ་རྣམས་སོ།། གཉིས་པ་བཏགས་མིང་ལའང་གཉིས། རྒྱུ་མཚན་མེད་པ་འབྱུང་རྒྱལ་དུ་བཏགས་པའི་མིང་རྣམས་འདོད་རྒྱལ་དང་། རྒྱུ་མཚན་གྱིས་བཏགས་པའི་མིང་རྣམས་རྗེས་སྒྲུབ་སྟེ། དེ་ལ་དབྱེ་ན། འདྲ་འགྲེལ་གང་རུང་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་མཐུན་པའི་རྗེས་སྒྲུབ་དང་། ཕྱིན་ཅི་ལོག་ཏུ་བཏགས་པ་ལོག་པའི་རྗེས་སྒྲུབ་གཉིས་སོ།། དེ་ལས་འདིར་བཤད་པ་རྒྱུ་མཚན་གྱི་དབང་དུ་བྱས་ཏེ། དཔེར་ན། སངས་རྒྱས། ཞེས་རྣམ་དབྱེ་གཞན་ སྦྱར་གཞིའི་མིང་ཙམ་རྣམ་གྲངས་གཞན་ལས་ ལོགས་སུ་བཀར་ཏེ་ བསྟན་པ་ནི་རྣམ་དབྱེ་དང་པོ་དང་། དེ་ལ་ལས་ཚིག་སྦྱར་ན། སངས་རྒྱས་ལ་བསྟེན། ལྟ་བུ་གཉིས་པ་དང་། དེ་ལ་བྱེད་ཚིག་སྦྱར་ན། སངས་རྒྱས་ཀྱིས་གསུངས། ལྟ་བུ་གསུམ་པ་དང་། དེ་ལ་དགོས་པ་སྦྱར་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབས། ལྟ་བུ་བཞི་པ་དང་། དེ་ལ་འབྱུང་ཁུངས་སྦྱར་ན། སངས་རྒྱས་ལས་ཆོས། ལྟ་བུ་ལྔ་པ་དང་། དེ་ལ་འབྲེལ་པ་སྦྱར་ན། སངས་རྒྱས་ཀྱི་ཡོན་ཏན། ལྟ་བུ་དྲུག་པ་དང་། དེ་ལ་གནས་གཞི་སྦྱར་ན། སངས་རྒྱས་ལ་ཡོན་ཏན་ཡོད། ལྟ་བུ་བདུན་པའོ།། དེ་ལ་ནང་གསེས་སུ་ གཅིག་ཚིག་སྨོས་མ་ཐག་པ་དེ་དང་། གཉིས་ཚིག་ལ་དག་དང་། མང་ཚིག་ལ་རྣམས་སྦྱར་བས་ ཉི་ཤུ་རྩ་གཅིག་ཏུ་གྱུར་ཡང་ ངོ་བོ་ནི་བདུན་ཁོ་ནའོ།། བྱིས་པ་དང་པོའི་ལས་ཅན་རྣམས་ལ། དེ་བདུན་པོ་དཔེ་དོན་སྣ་ཚོགས་ལ་དཔག་ནས་ ངག་འདོན་དུ་སྦྱང་བཅུག་ན་ འོག་ཏུ་རྣམ་དབྱེ་དངོས་ལ་དཀའ་ཚེགས་མེད་དོ།།

གཉིས་ལ་དོན་གྱི་གྲངས་ངེས་བསྟན་པ་ནི།
རྗེས་འཇུག་ལ་ལྟོས་རྣམ་དབྱེའི་རྐྱེན། །སུ་ར་རུ་དུ་ན་ལ་ཏུ།།
ལ་དོན་རྣམ་པ་བདུན་དུ་འདོད།།
ཅེས་པས་བསྟན་ཏེ། གོང་དུ་མུ་བཞིར་ཕྱེ་བ་ལྟར་རྗེས་འཇུག་ལ་ལྟོས་དགོས་པའི་ཚིག་ཕྲད་རྣམ་དབྱེ་སྒྲུབ་བྱེད་ཀྱི་རྐྱེན་ གཞུང་གི་དངོས་བསྟན་ སུ་ར་རུ་དུ་ན་ལ་སྟེ། དབྱངས་ལྡན་གསུམ་དང་ དབྱངས་མེད་གསུམ་སྟེ་དྲུག་དང་། གོང་བཤད་སླར་བསྡུའི་སྐབས་ལྟར་ ཤུགས་བསྟན་དོན་གྱིས་ཐོབ་པའི་ཏུ་བཅས་ ལ་དོན་རྣམ་པ་བདུན་དུ་འདོད་དོ།།

གསུམ་པ་དེས་འཇུག་པའི་ཡུལ་བསྟན་པ་ནི།
རྣམ་དབྱེ་གཉིས་བཞི་བདུན་པ་དང་། །དེ་ཉིད་དུས་ཏེ་རྒྱུ་མཚན་ལྔར།།
འཇུག་གི་རྣམ་དབྱེ་གཞན་ལ་མིན།།
ཅེས་པས་བསྟན་ཏེ། ལ་དོན་གྱི་རྣམ་པ་བདུན་པོ་དེ་གང་ལ་འཇུག་ཅེ་ན། ཚོགས་སུ་འགྲོ། ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་ལ་འཇུག་པ་དང་། དམན་པར་བརྩེ། ལྟ་བུ་བཞི་པ་དགོས་ཆེད་ཀྱི་དོན་ལ་འཇུག་པ་དང་། བློ་ལ་ཡོད། ལྟ་བུ་བདུན་པ་གནས་གཞིའི་དོན་ལ་འཇུག་པ་དང་། ལྷར་གསལ། ལྟ་བུ་གཉིས་པའི་ནང་ཚན་དེ་ཉིད་ཀྱི་དོན་ལ་འཇུག་པ་དང་། སྲོད་ལ་བདུད་བཏུལ། ལྟ་བུ་བདུན་པའི་ནང་ཚན་དུས་སམ་ཚེ་སྐབས་ཏེ། དོན་ཚན་ལྔར་འཇུག་གི་ དེ་ལས་གཞན་རྣམ་དབྱེ་གསུམ་པ་སོགས་ལ་ གཏན་ནས་མི་འཇུག་པའི་ཚུལ་ཤེས་པར་བྱའོ།།

ལ་དོན་གྱི་སྒྲ་སྦྱོར་དོན་སྦྱོར།

བཞི་པ་དེའི་སྦྱོར་ཚུལ་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
སྦྱོར་ཚུལ་སྒྲ་སྦྱོར་དོན་སྦྱོར་གཉིས།།
ཞེས་པས་བསྟན་ཏེ། དེ་ནས་ལ་དོན་གྱི་སྦྱོར་ཚུལ་བཤད་པ་ལ། བརྗོད་བདེ་དང་རྟགས་སམ་སྒྲ་མཚུངས་ཅི་རིགས་པས་འདྲེན་པ་སྒྲའི་སྦྱོར་ཚུལ་དང་། ལས་དང་བྱ་བ་སོ་སོའི་འཇུག་པ་དོན་ཚན་ལྔ་པོ་རིམ་པ་བཞིན་དུ་སོ་སོའི་མཚན་ཉིད་དང་སྦྱོར་ཚུལ་རྣམས་བཤད་པར་བྱའོ།། ཞེས་པ་འོ།།

གཉིས་པ་རྒྱས་བཤད་ལ་གསུམ། སྒྲའི་སྦྱོར་ཚུལ། དོན་གྱི་སྦྱོར་ཚུལ། མ་བཤད་ཁ་བསྐོང་བཤད་པའོ།། དང་པོ་ལ་གཉིས། སྒྲའི་སྦྱོར་ཚུལ་དམིགས་བསལ་དང་བཅས་པ་དང་། དེ་ལ་དོན་དུ་འཇོག་པའི་རྒྱུ་མཚན་བསྟན་པའོ།། དང་པོ་ནི།
དང་པོ་སྒྲའི་སྦྱོར་ཚུལ་ནི། ས་སུ་ག་བ་དྲག་མཐར་ཏུ།།
ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་རའམ་རུ།།
རྐང་པ་སྐོང་མི་སྐོང་གི་ཁྱད། །ན་ལ་གཉིས་པོ་རྗེས་འཇུག་བཅུ།།
ཀུན་ལ་རྩོད་པ་མེད་པར་འཇུག །དཔེར་ན་གནས་སུ་བདག་ཏུ་སོགས།།
སྦྱོར་ཚུལ་རིམ་བཞིན་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། དེ་ལ་སྦྱོར་ཚུལ་གཉིས་ལས། དང་པོ་སྒྲ་སྦྱོར་ནི། རྗེས་འཇུག་ས་ཡི་མཐའ་མར་སུ་སྦྱར་བ་དང། རྗེས་འཇུག་ག་བ་ད་དྲག་ཅན་རྣམས་ཀྱི་མཐར་ཏུ་སྦྱར་བ་དང་།  རྗེས་འཇུག་ང་ན་མ་ར་ལ་རྣམས་ཀྱི་མཐར་དུ་སྦྱར་བ་དང་། རྗེས་འཇུག་འ་ཡིག་མཐའ་ཅན་དང་མཐའ་མེད་བརྩེགས་འདོགས་རྣམས་ལ་རའམ་རུ་སྦྱར་བ་དང་། ར་རུ་གཉིས་པོ་ཚིག་གི་རྐང་པ་ཁ་སྐོང་དང་མི་སྐོང་བའི་ཁྱད་པར་བརྟགས་ནས་ཁ་སྐོང་དགོས་ན་རུ་སྦྱར་བ་དང་། ཁ་སྐོང་མི་དགོས་ན་ར་སྦྱར་བར་བྱའོ།། དེ་རྣམས་རྗེས་འཇུག་བཅུ་པོ་ཁྱབ་མཉམ་དུ་ཅི་བདེར་འཇུག་མི་ཆོག་པར་རྗེས་འཇུག་དབང་བཙན་པའི་ཕྱིར། དེ་ལ་ལྟོས་དགོས་པས་ན་ཕྲད་གཞན་དབང་ཅན་ཞེས་བྱའོ།། དམིགས་བསལ་ན་ལ་གཉིས་པོ་རྗེས་འཇུག་ལ་ལྟོས་པའི་ཚིག་ཕྲད་མིན་ལ་ཕྲད་རང་དབང་ཅན་ཡིན་པའི་ཕྱིར། རྗེས་འཇུག་བཅུ་པོ་ཀུན་ལ་འདི་ལ་འཇུག། འདི་ལ་མི་འཇུག། ཅེས་པའི་རྩོད་པ་མེད་པར་ཐམས་ཅད་ལ་ཅི་བདེར་འཇུག་ཆོག་པ་ཡིན་ནོ།། དཔེར་ན། གནས་སུ། བདག་ཏུ། རབ་ཏུ། ཀུན་ཏུ་སོགས་དང་། གང་དུ། ཉིད་དུ། དོན་དུ་སོགས་དང་། འདིར་གཤེགས། སློབ་གྲྭ་འདི་རུ་གཤེགས་པར་མཛོད། ལྟ་བུ་ཁ་སྐོང་བ་དང་། སྟེང་ན་གནས། སྟེང་ལ་གནས། ལྟ་བུ་སོགས་ སྦྱོར་ཚུལ་དཔེར་བརྗོད་རིམ་བཞིན་ཤེས་པར་བྱའོ།།

གཉིས་པ་ལ་དོན་དུ་འཇུག་པའི་རྒྱུ་མཚན་བསྟན་པ་ནི།
དཔེར་ན་གནས་ལ་བདག་ལ་སོགས། །ལ་ཡིག་འཇུག་པའི་དོན་ཅན་གྱིས།།
ལ་དོན་ཞེས་སུ་བཤད་པ་ཡིན།།
ཅེས་པས་བསྟན་ཏེ། དཔེར་ན། གནས་ལ། བདག་ལ། རབ་ལ། ཀུནད་ལ་སོགས་དང་། གང་ལ། ཉིད་ལ། དོན་ལ་སོགས། སུ་ར་རུ་དུ་སྦྱར་བའི་གནས་སུ་ ཕལ་ཆེར་ལ་ཡིག་འཇུག་རུང་ཞིང་། འཇུག་པ་མཚུངས་པའི་དོན་ཅན་གྱིས་སུ་ར་རུ་དུ་རྣམས་ལ། མིང་ལ་དོན་ཞེས་འདྲ་བ་རྒྱུ་མཚན་གྱིས་བཏགས་པ་ཡིན་པས་སོ།།

གཉིས་པ་དོན་གྱི་སྦྱོར་ཚུལ་བཤད་པ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ།།
དང་པོ་ནི།
གཉིས་པ་དོན་གྱི་སྦྱོར་ཚུལ་ནི།།
ཞེས་པས་བསྟན་ཏེ། གཉིས་པ་ལས་དང་བྱ་བ་སོ་སོར་རྣམ་པར་དབྱེ་བའི་སྒོ་ནས་ ལས་ཆེད་སོགས་དོན་ཚན་ལྔ་པོ་ རིམ་པར་བཞིན་དུ་སོ་སོའི་མཚན་ཉིད་དང་ སྦྱོར་ཚུལ་རྣམས་བཤད་པར་བྱའོ།། ཞེས་པ་འོ།

གཉིས་པ་རྒྱས་བཤད་ལ་ལྔ། ལས་སུ་བྱ་བ། དགོས་ཆེད། རྟེན་གནས། དེ་ཉིད། ཚེ་སྐབས་བཤད་པའོ།། དང་པོ་ནི།
བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། །དེར་ནི་བྱ་ལས་ཅི་རིགས་པར།།
དངོས་སུ་བྱས་པར་བསྟན་པའི་སྒྲ། །དེ་ནི་རྣམ་དབྱེ་གཉིས་པ་ཡིན།།
དཔེར་ན་བྱང་གི་ཕྱོགས་སུ་འགྲོ། །བླ་མར་བཏུད་སོགས་ལྟ་བུ་ཡི།།
བྱ་བའི་ཚིག་རྣམས་རྟོགས་པར་བྱ།།
ཞེས་པས་བསྟན་ཏེ། དེ་ལ་བྱེད་པོ་ཉིད་ཀྱི་བློ་ཡུལ་དུ་བྱ་བའི་ཡུལ་གང་ཡང་རུང་བ་ཞིག་གཞིར་བཟུང་ནས། ཡུལ་དེར་ བྱ་བའི་ལས་ཅི་དང་ཅི་རིགས་པར་ དངོས་སུ་བྱས་པ་གསལ་བར་སྟོན་པའིཚེ། བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་མི་ཐོགས་ཤིང་། བྱེད་པ་པོའི་སྒྲ་མི་སྟོན་པར་བྱ་བ་གཙོ་བོར་སྟོན་པའི་སྒྲ་དེ་ནི། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཞེས་བཤད་པ་ཡིན་ནོ།། དཔེར་ན། བྱང་གི་ཕྱོགས་སུ་འགྲོ། བླ་མར་བཏུད། སློབ་སྦྱངས་གང་ཡང་མཐའ་རུ་འཁྱོལ། སླར་ཡུལ་དུ་ལོག། ལག་ཏུ་ནག་སྨྱུག་བཟུང་། སྤྱི་གཙུག་ན་བླ་མ་བསྒོམ། རྩོམ་པའི་ལས་འཇུག། ལྟ་བུ་ དཔེར་བརྗོད་རྒྱ་ཆེར་སྦྱར་ནས་ བྱ་བའི་ཚིག་རྣམས་མཐའ་དག་རྟོགས་པར་བྱའོ།།

 གཉིས་པ་དགོས་ཆེད་འཇུག་པ་བཤད་པ་ནི།
དགོས་པ་གང་གི་ཆེད་དུ་ནི། བྱ་ཡུལ་དེ་དང་འབྲེལ་ལས་ལ།།
ཕན་འདོགས་བྱས་པ་གོ་ནུས་པ། །དེ་ནི་རྣམ་དབྱེ་བཞི་པ་ཡིན།།
དཔེར་ན་ཞི་བའི་ནགས་སུ་སྒོམ། །དམན་པར་བརྩེ་སོགས་ལྟ་བུ་ཡི།།
ཚིག་གྲོགས་ཆེད་སླད་དོན་ཕྱིར་བཞི། །དགོས་ཆེད་གསལ་བྱེད་སྒྲ་ཡིན་ནོ།།
ཞེས་པས་བསྟན་ཏེ། བྱེད་པ་པོས་ ལས་སམ་དགོས་པ་གང་ཞིག་གི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པའི་ཚེ་བྱ་བ་གང་ཞིག་གིས། བྱ་བའི་ཡུལ་དེ་འམ་ དེ་དང་འབྲེལ་བའི་བྱ་ལས་གང་རུང་ལ་ཕན་འདོགས་བྱས་པར་གོ་ནུས་པའི་སྒྲ་དེ་ནི། རྣམ་དབྱེ་བཞི་པ་དགོས་ཆེད་ཅེས་པ་བཤད་པ་ཡིན་ནོ།། དཔེར་ན། ཞི་བའི་ནགས་སུ་བསྒོམ། དམན་པར་བརྩེ། གང་མཁས་དེ་རུ་དོགས་པ་གཅད། མུན་ཁང་དུ་སྒྲོན་མེ་ཐོགས། ལྐོག་ཏུ་རང་སེམས་བཏུལ། སྐྱེད་ཚལ་ན་ཆུ་ལུད་དགྲམ། རྫས་ལ་མིག་སྨན་བསྒྲུབ་ལྟ་བུ་རྒྱ་ཆེར་སྦྱར་བར་བྱའོ།། དེ་ལ་ཚིག་གྲོགས་ཆེད་དུ། སླད་དུ། དོན་དུ། ཕྱིར་དུ་ལྟ་བུ་ཡོད་པ་རྣམས་དགོས་ཆེད་གསལ་བྱེད་ཀྱི་ སྒྲ་དང་བཅས་པ་ཡིན་པས་ སྨོས་མ་དགོས་སོ།།

གསུམ་པ་རྟེན་གནས་ལ་འཇུག་པ་བཤད་པ་ནི།
བརྟེན་བྱའི་ཆོས་དེ་རྟེན་པའི་གནས། །གང་དུ་གནས་དང་ཡོད་པ་ཙམ།།
གཙོ་བོར་གོ་བའི་སྒྲ་དེ་ནི། །རྣམ་དབྱེ་བདུན་པ་རྟེན་གནས་ཡིན།།
དཔེར་ན་དབུས་སུ་བླ་མ་དང་།  །མཐའ་རུ་སློབ་མ་ལྟ་བུའོ།།
ཞེས་པས་བསྟན་ཏེ། བརྟེན་པར་བྱ་བའི་དངོས་པོའི་ཆོས་ གང་ཡང་རུང་བ་ཞིག་ དམིགས་སུ་བཟུང་ནས། དེ་རྟེན་པའི་གཞིའམ་གནས་གང་དང་གང་དུ། དངོས་པོ་དེ་ གནས་པ་དང་ཡོད་པ་ཙམ་ གཙོ་བོར་གོ་བའི་སྒྲ་དེ་ནི། རྣམ་དབྱེ་བདུན་པ་རྟེན་གནས་བཤད་པ་ཡིན་ནོ།། དཔེར་ན། དབུས་སུ་བླ་མ། མཐར་སློབ་མ། རང་ཡང་དེ་ཡི་མཐའ་རུ་གནས། གྲྭ་ཚང་དུ་ཁྲིམས་ལྡན་ཚོགས། ཁབ་ཏུ་རྒྱལ་པོ་བཞུགས། འོག་ན་ཀླུ་གནས། མཁའ་ལ་ཉིན་ཟླ་ཡོད། ལྟ་བུ་རྒྱ་ཆེར་སྦྱར་བར་བྱའོ།།

བཞི་པ་དེ་ཉིད་ལ་འཇུག་པ་བཤད་པ་ནི།  
ཡུལ་ལ་བྱ་བ་བྱེད་པའི་ཚེ། །ལས་དང་བྱ་བ་གཅིག་གྱུར་པ།།
དེ་ནི་རྣམ་དབྱེ་གཉིས་པ་ཡི། །བྱེ་བྲག་དེ་ཉིད་བརྗོད་པ་ཡིན།།
དཔེར་ན་སྣང་བ་སེམས་སུ་འཆར། །གསལ་བར་བྱ་དང་རོ་རུ་གྱུར།།
ཞེས་སོགས་དཔྱད་དགོས་ན་ལ་གཉིས། །དེ་ཉིད་དོན་ལ་མི་འཇུག་གོ།།
ཞེས་པས་བསྟན་ཏེ། བྱེད་པ་པོས་ཡུལ་ གང་ལ་བྱ་བ་གང་ཞིག་བྱེད་པའི་ཚེ། ལས་དང་བྱ་བ་གཉིས་པོ་ཐ་དད་པ་ལྟར་སྣང་ཡང་། བྱ་བ་དེ་ཡང་ཡུལ་ལ་ཡོད་པའི་ལས་དེའི་ངོ་བོར་གྱུར་པས། ལས་དང་བྱ་བ་གཅིག་ཏུ་གྱུར་པའི་སྒྲ་དེ་ནི། རྣམ་དབྱེ་གཉིས་པའི་བྱེ་བྲག་དེ་ཉིད་བརྗོད་པ་ཞེས་བཤད་པ་ཡིན་ནོ།། དཔེར་ན། སྣང་བ་སེམས་སུ་འཆར། འོད་གསལ་བར་བྱ། ཐམས་ཅད་བདུད་རྩིའི་ངོ་རུ་གྱུར། འོད་དུ་ཞུ། ཡང་དག་ཏུ་གྲུབ། ལྟ་བུ་རྒྱ་ཆེར་སྦྱར་བར་བྱའོ།། འདི་ལ་རིགས་པས་དཔྱད་དགོས་པ་ནི། ན་ལ་གཉིས་པོ་འདིར་ལས་བྱ་ངོ་བོ་གཅིག་པའི་དེ་ཉིད་དོན་ལ་མི་འཇུག་ལ། དེར་མ་ཟད་གོང་གསལ་ལྟར་སུ་རའི་གནས་སུ་འཇུག་མཚུངས་ཀྱི་ལ་སྒྲ་ཡང་ འདིའི་དོན་ལ་མི་འཇུག་པར་ཤེས་དགོས་སོ།། འོ་ན་གཞུང་ལས། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །ཞེས་གསུངས་པས་སོ། ཞེ་ན། དེ་ནི་ལས་ཆེད་སོགས་དོན་ཚན་ལྔ་ལ་སུ་ར་སོགས་ལ་དོན་བདུན་གྱི་འཇུག་པ་མང་བའི་དབང་གིས་གསུངས་པ་ཡིན་པས་སོ།། གལ་ཏེ་ན་ལ་དེ་དག་ཅིས་ཀྱང་འཇུག་པར་སེམས་ན། དེ་ཉིད་ཀྱི་དཔེ་ཚད་ལྡན་བརྗོད་པ་རྣམས་ལ། ན་ལ་སྦྱོར་ནས་ལེགས་པར་ལྟོས་ཤིག་དང་། དེས་ ལས་བྱ་ངོ་བོ་གཅིག་པའི་དོན་ ལས་ཉམས་ནས་ ལ་ལ་ལས་ཆེད། ལ་ལས་གནས་གཞི་སོགས་སུ་མི་འགྱུར་ཀ་མེད་ཡིན་ནོ།། དེས་ན། རྣམ་དབྱེ་གཉིས་པའི་བྱེ་བྲག་འདི། བྱ་བའི་ཚིག་གཙོ་བོར་མི་བྱེད་པས་ན། ལས་དོན་ཕལ་པ་ཞེས་ཀྱང་བརྗོད་དོ།།





ལྔ་པ་ཚེ་སྐབས་བཤད་པ་ནི།
བརྗོད་པ་དུས་ཀྱི་དོན་ཅན་དུ། །གསལ་བར་གོ་བྱེད་འདི་རྣམ་དདབྱེ།།
བདུན་པའི་ནང་ཚན་ཚེ་སྐབས་ཡིན། །དཔེར་ན་སྟོན་ཀའི་དུས་སུ་སྨིན།།
སྔ་དྲོར་ལངས་སོགས་ལྟ་བུས་མཚོན། །རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། ངག་གི་བརྗོད་པ་ གང་ཞིག་ དུས་ཀྱི་བྱེ་བྲག་གཙོ་བོར་སྟོན་པའི་དོན་ཅན་དུ་གསལ་བར་གོ་བར་བྱེད་པའི་སྒྲ་དེ་ནི། རྣམ་དབྱེ་བདུན་པའི་ནང་ཚན་ ཚེ་སྐབས་ཞེས་བཤད་པ་ཡིན་ནོ།། དཔེར་ན། སྟོན་ཀའི་དུས་སུ་ལོ་ཐོག་སྨིན། སྔ་དྲོར་མལ་ནས་ལངས། དགུན་དུས་མཚོ་རུ་དར་ཡུགས་ཆགས། རྒྱུན་དུ་དབེན་གནས་འགྲིམས། རྟག་ཏུ་ཆོས་བཤད། ཉིན་དགུང་ན་གུང་ཚིག་བཞེས། ཚེས་བཅུ་ལ་ཚོགས་གཏང་། ལྟ་བུས་མཚོན་ཏེ་རྒྱ་ཆེར་སྦྱར་བས་ཤེས་པར་གྱིས་ཤིག། ཡང་། གོང་དུ་བཤད་མ་ཐག་པའི་ལས་ཆེད་སོགས་ལ་དགག་སྒྲ་སྦྱར་བའང་ཡོད་དེ། དཔེར་ན། ཕྱོགས་སུ་མི་འགྲོ། དམན་པར་མི་བརྩེ། ཁབ་ཏུ་མི་བཞུགས། ལྷར་མི་གསལ། སྔ་དྲོར་མི་ལང་། ལྟ་བུ་རྣམས་དེ་དང་དེའི་བྱ་བ་བཀག་པའི་དབང་གིས་རྣམ་དབྱེ་དངོས་སུ་མི་འགྱུར་ཡང་རྗེས་མཐུན་ཙམ་དུ་མཁས་པས་བཞེད་པ་ཡིན་ནོ།།

གསུམ་པ་མ་བཤད་པ་ཁ་སྐོང་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ནི།
རྩ་བས་དངོས་སུ་མ་བཤད་ཀྱང་། །འགྲེལ་པས་ཁ་སྐོང་གསལ་བ་ནི།།
ལ་དོན་ནང་གསེས་ན་ལ་གཉིས། །འཇུག་སྒོ་མང་དུ་སྣང་བ་ལས།།
ཞེས་པས་བསྟན་ཏེ། དེ་ཡང་སུམ་ཅུ་པའི་གཞུང་ལས་དངོས་སུ་མ་བཤད་ཀྱང་། བརྡ་སྤྲོད་པའི་གཞུང་གཞན་གྱི་དོན་ཐུགས་ལ་བཞུགས་པའི་རྟགས་སུ་འགྲེལ་པས་ཁ་སྐོང་གསལ་བར་མཛད་པ་ནི། བཤད་མ་ཐག་པའི་ལ་དོན་གྱི་ནང་གསེས་ན་ལ་གཉིས་པོ་འཇུག་སྒོ་གཞན་ཡང་མང་དུ་སྣང་བའམ་ཡོད་པ་ལས་འཇུག་ཚུལ་སོ་སོར་བསྟན་པར་བྱའོ།། ཞེས་པའོ།།


ཁ་སྐོང་ན་ལའི་འཇུག་ཚུལ།

གཉིས་པ་ཁ་སྐོང་རྒྱས་བཤད་ལ་གཉིས། ནའི་འཇུག་ཚུལ་དང་། ལའི་འཇུག་ཚུལ་བཤད་པའོ།། དང་པོ་ནི།
ན་ཡིག་འཇུག་ཚུལ་ཕྱོགས་ཙམ་དཔེར། །ཡིན་ངེས་ན་སོགས་ལྟ་བུ་ནི།།
དམིགས་ཀྱིས་དབྱེ་བའི་དོན་དུ་འཇུག །མེ་ཡོད་ན་ནི་དུ་བ་འབྱུང་།།
ལྟ་བུ་རྒྱུ་མཚན་དོན་ལ་འཇུག །བྱས་པ་ཡིན་ན་རྟག་པ་ཅི།།
ལྟ་བུ་རྒྱུ་མཚན་དོན་བསྟན་འཇུག །འདི་སྔོན་བླུན་པོ་ཡིན་ན་ཡང་།།
ད་ནི་མཁས་སོ་ལྟ་བུ་ནི། །སྔར་ལྟར་མིན་པའི་དོན་ལ་འཇུག།
ཅེས་པས་བསྟན་ཏེ། ཐོག་མར་ན་ཡིག་གི་འཇུག་ཚུལ་རྣམ་པ་བརྒྱད་ཡོད་པ་རིམ་པ་བཞིན་དུ་དཔེ་ཕྱོགས་ཙམ་རེ་བརྗོད་པ་ནི། ཡིན་ངེས་ན། འདི་བརྗོད་ན། ཁྱོད་ཤེས་ན། ལྟ་བུ་དམིགས་ཀྱིས་དབྱེ་བའི་དོན་དུ་འཇུག་པ་དང་། མེ་ཡོད་ན་དུ་བ་འབྱུང་། བསམ་པ་བཟང་ན་ས་ལམ་བཟང་། །བསམ་པ་ངན་ན་ས་ལམ་ངན།། ལྟ་བུ་རྒྱུ་མཚན་གྱི་དོན་ལ་དོན་ལ་འཇུག་པ་དང་། བྱས་པ་ཡིན་ན་རྟག་པ་ཅི། །སྦྱངས་པ་མེད་ན་ཇི་ལྟར་མཁས། །ཡོན་ཏན་མེད་ན་བཀུར་མཁན་ཅི།། ལྟ་བུ་རྒྱུ་མཚན་དོན་གྱིས་བསྟན་པའི་དོན་ལ་འཇུག་པ་དང་། འདི་སྔོན་བླུན་ན་ད་ནི་མཁས་སོ། །འདི་སྔོན་དབུལ་ན་ད་ནི་ཕྱུག་གོ། འདི་སྔོན་དཀོན་ན་ད་ནི་མོད་དོ།། ལྟ་བུ་སྔ་མ་ལྟར་མ་ཡིན་པའི་དོན་ལ་འཇུག་གོ།
ལྷས་ཀྱང་བཏུད་ན་མིས་ལྟ་ཅི། །ལྟ་བུ་སྔ་མ་འོས་དཀའ་དང་།།
ཕྱི་མ་ངེས་པའི་དོན་དུ་འཇུག །ཉི་མས་བསྲེག་ན་ཟླ་བ་ཡང་།།
དེ་ལྟ་ཉིད་དོ་ལྟ་བུ་ནི། །སྔ་མ་འོས་པ་བཀོད་པ་དང་།།
ཕྱི་མ་མི་འོས་པ་ལ་འཇུག བདག་གི་བྱང་ཆུབ་འཐོབ་ན་སྙམ།།
ལྟ་བུ་སྨོན་པའི་དོན་ལ་འཇུག །སློབ་ན་ཤེས་སམ་སྙམ་ལྟ་བུ།།
ཐེ་ཚོམ་ཅན་གྱི་དོན་ལ་འཇུག།
ཅེས་པས་བསྟན་ཏེ། ལྷས་བཏུད་ན་མིས་ལྟ་ཅི། བླུན་པོས་གོ་ན་མཁས་པས་ལྟ་ཅི་སྨོས། ལོང་བས་མཐོང་ན་མིག་ལྡན་ལྟ་ཅི་འཚལ། ལྟ་བུ་ཚིག་སྔ་མ་འོས་དཀའ་བ་དང་ ཕྱི་མ་ངེས་པའི་དོན་དུ་འཇུག་པ་དང་། ཉི་མས་བསྲེག་ན་ཟླ་བ་ཡང་དེ་ལྟ་ཉིད་དོ།། ཙན་དན་རིན་ཐང་ཆེ་ན་སྡོང་དུམ་ཡང་དེ་བཞིན་ནོ།། མིག་ལྡན་གྱིས་གཟུགས་མཐོང་ན་ལོང་བས་ཀྱང་དེ་ལྟ་བུར་མཐོང་ངོ་།། ལྟ་བུ་ཚིག་སྔ་མ་འོས་པ་བཀོད་པ་དང་ཕྱི་མ་མི་འོས་པ་ལ་འཇུག་པ་དང་།  བདག་གིས་བྱང་ཆུབ་འཐོབ་སྙམ་ན། སེམས་ཅན་བདེ་དང་ལྡན་ན་སྙམ། དུས་ཀྱི་འཁྲུག་རྩོད་ཞི་ན་ཅི་མ་རུང་། ལྟ་བུ་སྨོན་པའི་དོན་དུ་འཇུག་པ་དང་། སློབ་ན་ཤེས་སམ་མི་ཤེས། ས་བོན་བཏབ་ན་སྐྱེའམ་མི་སྐྱེ། སྨན་ཟོས་ན་ཕན་ནམ་སྙམ། ལྟ་བུ་ཐེ་ཚོམ་གྱི་དོན་ལ་འཇུག་གོ།

གཉིས་པ་ལའི་འཇུག་ཚུལ་བཤད་པནི།
དེ་ནས་ལ་ཡིག་འཇུག་སྒོ་ནི། །མཉམ་པར་གཞག་ལ་བསྒོམ་ལྟ་བུ།།
ལ་ཡིག་ལྷག་བཅས་དོན་དུ་འཇུག །གསལ་ཞིང་དྭངས་ལ་དྲི་མ་མེད།།
ལྟ་བུ་མཚམས་སྦྱོར་ལ་འཇུག་གོ།
ཞེས་པས་བསྟན་ཏེ། ན་ཡིག་འཇུག་ཚུལ་བཤད་ཟིན་པ་དེ་ནས་ལ་ཡིག་གི་འཇུག་སྒོ་བསྟན་པ་ནི། དཔེར་ན། མཉམ་པར་གཞག་ལ་བསྒོམ། ལག་པ་བསྙལ་ལ་ཟས་ཟ། བརྟགས་ཤིང་དཔྱད་ལ་བྱ་བ་རྩོམས། ལྟ་བུ་ལ་ཡིག་ལྷག་བཅས་ཀྱི་དོན་དུ་འཇུག་པ་དང་། གསལ་ཞིང་དྭངས་ལ་དྲི་མ་མེད། །བདེ་དང་ལྡན་ལ་གནོད་མི་མངའ། །དབྱར་དུས་དྲོ་ལ་དགུན་དུས་གྲང་།། ལྟ་བུ་ཚིག་སྔ་ཕྱི་མཚམས་སྦྱོར་བའི་དོན་ལ་འཇུག་གོ།

ཨི་ལྡན་བཤད་པ།

གསུམ་པ་ཨི་ལྡན་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
བྱེད་འབྲེལ་གཉིས་ཀྱི་ཨི་ལྡན་ནི། །གི་ཀྱི་གྱི་འི་ཡི་ལྔའོ།།
ཞེས་པས་བསྟན་ཏེ། བྱེད་སྒྲ་དང་འབྲེལ་སྒྲ་གཉིས་མཐུན་མོང་དུ་འཇུག་པའི་རྣམ་དབྱེའི་རྐྱེན་ཨི་ལྡན་གྱི་སྒྲ་ནི། གི་ཀྱི་གྱི་འི་ཡི་ལྔའོ་ཞེས་ངེས་པར་བསྟན་པའོ།།

གཉིས་པ་རྒྱས་བཤད་ལ་གཉིས། སྒྲའི་སྦྱོར་ཚུལ་སྤྱིར་བསྟན་པ། དོན་གྱི་སྦྱོར་ཚུལ་སོ་སོར་བཤད་པའོ།། དང་པོ་ནི།
སྒྲ་སྦྱོར་ག་ང་གཉིས་ལ་གི །ད་བ་ས་གསུམ་མཐའ་ལ་ཀྱི།།
ན་མ་ར་ལ་བཞི་ལ་གྱི། །འ་དང་མཐའ་མེད་འི་དང་ཡི།།
སྐབས་དོན་ཚིག་རྐང་བརྟག་ལ་སྦྱོར། །དཔེར་ན་བདག་གི་གང་གི་སོགས།།
རིམ་པའི་ཚིག་གྲོགས་དོན་སྦྱོར་ནི།།
ཞེས་པས་བསྟན་ཏེ། གང་ཞིག་གང་དང་མཐུན་པའི་མིང་མཐའ་སྦྱོར་བའི་སྒྲ་སྦྱོར་ནི། རྗེས་འཇུག་ག་ང་གཉིས་ཀྱི་མཐའ་ལ་གི་སྦྱར་བ་དང་། རྗེས་འཇུག་ད་བ་ས་གསུམ་གྱི་མཐའ་ལ་ཀྱི་སྦྱར་བ་དང་། རྗེས་འཇུག་ན་མ་ར་ལ་བཞིའི་མཐའ་ལ་གྱི་སྦྱར་བ་དང་། རྗེས་འཇུག་འ་ཡི་མཐའ་ཅན་དང་མཐའ་མེད་བརྩེགས་འདོགས་ཅན་རྣམས་ལ་འི་དང་ཡི་སྦྱར་བ་དང་།  འི་དང་ཡི་གཉིས་པོ་གོང་གི་ར་དང་རུ་བཞིན་དུ་སྐབས་དོན་ཚིག་རྐང་སྐོང་མི་སྐོང་རིགས་པས་བརྟག་ལ་སྦྱོར་བར་བྱའོ།། དཔེར་ན། བདག་གི། གང་གི། ཁྱོད་ཀྱི། རྒྱབ་ཀྱི། གཡས་ཀྱི། དོན་གྱི། ལམ་གྱི། གསེར་གྱི། ཞལ་གྱི། བཀའི། སྐུའི། སྐུ་ཡི་དངོས་གྲུབ་བདག་ལ་ཞུ།  ཞེས་པ་ལྟ་བུ། སྒྲ་སྦྱོར་སྤྱིར་བསྟན་ནས་དེ་དག་རིམ་པ་བཞིན་དུ་ ཚིག་གྲོགས་དོན་གྱི་སྦྱོར་ཚུལ་ནི་བྱེད་འབྲེལ་སོ་སོར་བསྟན་པར་བྱའོ།།

འབྲེལ་སྒྲ།

གཉིས་པ་དོན་གྱི་སྦྱོར་ཚུལ་སོ་སོར་བཤད་པ་ལ་གཉིས། འབྲེལ་སྒྲ་དང་། བྱེད་སྒྲ་བཤད་པའོ།། དང་པོ་ལ་གཉིས། དངོས་དང་། དམིགས་བསལ་བསྟན་པའོ།། དང་པོ་འབྲེལ་སྒྲ་དངོས་བཤད་པ་ནི།
ཁྱད་གཞི་ཁྱད་ཆོས་རྟེན་བརྟེན་པ། །ཡན་ལག་དང་ནི་ཡན་ལག་ཅན།།
དཔེ་དང་དཔེ་ཅན་དངོས་རྣམས་ཀྱི། །མིང་དོན་ཕན་ཚུན་འབྲེལ་བརྗོད་པ།།
དེ་ནི་རྣམ་དབྱེ་དྲུག་པ་ཡིན། །དཔེར་ན་བདག་གི་ནོར་དང་གོས།།
གང་གི་དྲིན་སོགས་མཚོན་པ་ཡི། །དཔེར་བརྗོད་འཕྲེང་བ་བསྟར་བས་རྟོགས།།
ཞེས་པས་བསྟན་ཏེ། དེ་ལ་ཁྱད་གཞི་བདག་དང་ཁྱད་ཆོས་བདག་གི་ནོར་སོགས་ལྟ་བུ་དང་། རྟེན་ཕོ་བྲང་དང་བརྟེན་པ་རྒྱལ་པོ་ལྟ་བུ་དང་། ཡན་ལག་ལོ་འབྲས་མེ་ཏོག་དང་ཡན་ལག་ཅན་ཤིང་སྡོང་ལྟ་བུ་དང་། དཔེ་ཟླ་བ་དང་དཔེ་ཅན་མཛེས་མའི་གདོང་ལྟ་བུ་ལ་སོགས་པ། དངོས་པོ་རྣམས་ཀྱི་མིང་དོན་ ཕན་ཚུན་གཅིག་ཏུ་འབྲེལ་བ་བརྗོད་པའི་སྒྲ་དེ་ནི། རྣམ་དབྱེ་དྲུག་པ་འབྲེལ་པའི་ས་ཞེས་བཤད་པ་ཡིན་ནོ།། དཔེར་ན། བདག་གི་ནོར། གང་གི་དྲིན། ཁྱོད་ཀྱི་ཡབ། རྒྱབ་ཀྱི་ཁུར། གཡས་ཀྱི་ཕྱོགས། དོན་གྱི་གནད། ལམ་གྱི་ཡོན་ཏན། གསེར་གྱི་རྒྱན། ཞལ་གྱི་ཟླ་བ། བཀའི་མཚན་ཉིད། བཀའ་ཡི་དགོངས་པ་འགྲེལ་མཁས་པ། ལྟ་བུས་མཚོན་ཏེ། དཔེར་བརྗོད་ཀྱི་ཕྲེང་བ་རྒྱ་ཆེར་ཉམས་སུ་བསྟར་བས་རྟོགས་པར་བྱའོ།།

 གཉིས་པ་དམིགས་བསལ་བསྟན་པ་ནི།
སྐབས་འགར་འགལ་དང་མི་མཐུན་པའི། །དགག་བྱའི་ཚིག་ལའང་དྲུག་སྒྲ་འཇུག།
ཅེས་པས་བསྟན་ཏེ། གཞན་ཡང་རྣམ་དབྱེ་འདི་མ་ཡིན་པའི་སྐབས་ཀྱི་དོན་འགའ་དང་འགར་ཕྱི་ཚིག་འགལ་བ་དང་མི་མཐུན་པར་སྟོན་པའི་དགག་བྱའི་ཚིག་ལའང་དྲུག་སྒྲ་གི་སོགས་ལྔ་པོ་ཅི་རིགས་པར་འཇུག་སྟེ། དཔེར་ན། བདག་ཅག་གི་སྟོན་པ་ནི་སངས་རྒྱས་ཡིན་གྱི་དྲག་པོ་སོགས་མ་ཡིན་ནོ།། མངོན་སུམ་མཐོང་གི་ཐོས་པ་ཙམ་མིན་ནོ།། དེ་འདི་ལ་རུང་གི་གཞན་ལ་ནི་མ་ཡིན་ནོ།། འདི་ནི་བདེན་མོད་ཀྱི་འོན་ཀྱང་། ཞེས་པ་ལྟ་བུའོ། །དེ་ནི་དགག་བྱའི་ཚིག་རྒྱན་ཡིན་པས་འགལ་ཟླ་གཅིག་ཏུ་འབྲེལ་བའི་དོན་མ་ཡིན་པར་ཤེས་དགོས་སོ།།

བྱེད་སྒྲ་བཤད་པ།

གཉིས་བྱེད་སྒྲ་བཤད་པ་ནི། བྱེད་སྒྲ་བཤད་པ་ལ་གསུམ། སྒྲ་སྦྱོརའགོ་མཚུངས། དེའི་དམིགས་བསལ་བཤད་པའོ།། དང་པོ་ནི།
གི་སོགས་ལྔ་ལ་ས་སྦྱར་ན། །སྒྲ་སྦྱོར་དྲུག་སྒྲ་མཚུངས་པ་ལས།།
ཚིག་གྲོགས་དོན་གྱི་སྦྱོར་བ་ནི།།
ཞེས་པས་བསྟན་ཏེ། ཨི་ལྡན་གྱི་གི་སོགས་ལྔ་ལ་ས་མཐའ་སྦྱར་ན་རྣམ་དབྱེ་གསུམ་པ་ཡིན་པས། དེའི་སྒྲ་སྦྱོར་བཤད་མ་ཐག་པའི་དྲུག་སྒྲ་དང་མཚུངས་པ་ལས། ཚིག་གྲོགས་དོན་གྱི་སྦྱོར་བ་ནི་ ལོགས་སུ་ཡོད་པས་བསྟན་པར་བྱའོ།།

གཉིས་པ་ནི།
བྱེད་པོས་བྱ་བ་བྱས་པ་རུ། །དངོས་སམ་ཤུགས་ལ་སྟོན་ཀྱང་རུང་།།
དེ་ནི་རྣམ་དབྱེ་གསུམ་པ་ཡིན། །དཔེར་ན་དོན་འདི་བདག་གིས་བཤད།།།
ཁོང་གིས་ཐོས་སོགས་ལྟ་བུ་དང་།།
ཞེས་པས་བསྟན་ཏེ། བྱེད་པ་པོ་གང་ཞིག་གིས་ཡུལ་གང་ལ་བྱ་བ་ བྱས་པ་རུ་དངོས་སམ་ཤུགས་ལ་བསྟན་ཀྱང་རུང་། བྱ་བ་གཙོ་བོར་མི་སྟོན་པར་བྱེད་པ་པོ་གཙོ་བོར་སྟོན་པའི་སྒྲ་དེ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་ཞེས་བཤད་པ་ཡིན་ནོ།། དཔེར་ན། བདག་གིས་བཤད། ཁོང་གིས་ཐོས། ཁྱོད་ཀྱིས་མཛད། ཆབ་ཀྱིས་བཀྲུ། ཐབས་ཀྱིས་བསླུ། དོན་གྱིས་འཇལ། ལམ་གྱིས་སྤངས། གསེར་གྱིས་བྱུག །ཞལ་གྱིས་བཞེས། དེའིས་མཚོན་ཞེས་སམ། སྐད་གསར་བཅད་ལ་འ་མཐའ་བསྡུས་ནས། དེས་མཚོན་ལྟ་བུ་དང་། གཞན་ལའང་དེ་ཡིས་མཚོན་པར་བྱ། ལྟ་བུ་དཔེར་བརྗོད་རྒྱ་ཆེར་སྦྱར་བར་བྱའོ།། གཞན་ཡང་བདག་གིས་མི་བཤད། ཁོང་གིས་མི་གོ། ལྟ་བུ་ཡང་རྗེས་མཐུན་ཙམ་དུ་རིག་པར་བྱའོ།། ཡང་ད་དྲག་ཅན་རྣམས་ཀྱི་མཐར་དོན་གྱིས་ཀྱི་ཐོབ་ཀྱང་དེང་སང་ཆེར་མི་སྣང་བས་འདིར་བཏང་སྙོམས་སུ་བྱས་སོ།།

གསུམ་པ་ནི།
རྒྱུ་མཚན་ངེས་པའི་ཚིག་ལ་ཡང་། །ས་མཐའ་སྦྱོར་ཚུལ་ཤེས་པར་གཅེས།།
ཞེས་པས་བསྟན་ཏེ། གཞན་ཡང་རྒྱུ་མཚན་གྱི་དོན་རྣམས་དང་ ངེས་པའི་ཚིག་བཤད་པ་ལ་ཡང་བྱེད་སྒྲ་ཤན་སྦྱར་དགོས་པ་མང་དུ་ཡོད་དེ། དཔེར་ན། དུ་བ་མཐོང་བས་མེ་རུ་ཤེས། །རྣམ་འགྱུར་མཐོང་བས་བསམ་པ་གོ། གནས་ཚུལ་ཐོས་པས་སིམ་པ་ཐོབ། ལྟ་བུ་རྒྱུ་མཚན་དངོས་གནས་པ་རྣམས་བྱེད་སྒྲ་དངོས་དང་མཐུན་པར་འཇུག་པ་དང་། དེ་ལྟ་བས་ན་འདིས་དབང་བས་སོ།། དེས་ན་དེས་ཀྱང་ཆེས་དབང་བས་སོ།། དེའི་དབང་གིས་མི་མཐུན་པས་སོ། ལྟ་བུ་རྒྱུ་མཚན་ཤུགས་བསྟན་གྱི་དོན་ལ་འཇུག་པ་དང་། འདི་ཁྱོད་ལ་དབང་གིས་ཁྱེར་ཅིག །འདི་ཁྱོད་ལ་སྦྱིན་གྱིས་ལོངས་ཤིག །ད་ནི་འཁོན་པ་འདུམ་གྱིས་མ་རྩོད་ཅིག  །བདེ་བ་ཐོབ་ཀྱིས་བརྩོན་པར་མཛོད་ཅིག། ལྟ་བུ་རྒྱུ་མཚན་སྟོན་བྱེད་ཀྱི་དོན་ལ་འཇུག་པ་དང་། དྲི་མ་བྱང་བས་ན་བྱང་། ཡོན་ཏན་ཁོངས་དུ་ཆུབ་པས་ན་ཆུབ། སེམས་མི་ཞུམ་པར་དཔའ་བས་ན་སེམས་དཔའ། ལྟ་བུ་ངེས་ཚིག་ལ་འཇུག་པ་དང་། ཁ་ཏོན་གྱིས་ཤིག། འགྲུབ་པར་གྱིས་ཤིག། ལྟ་བུ་སྐུལ་ཚིག་ལ་འཇུག་པ་ལ་སོགས་པ་རྣམས་ལ་ཡང་བྱེད་སྒྲའི་ས་མཐའ་སྦྱོར་དགོས་པའི་ཚུལ་ཤེས་པར་གཅེས་སོ།།

རྒྱན་སྡུད་བཤད་པ།

བཞི་པརྒྱན་སྡུད་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤ་པའོ།། དང་པོ་ནི།
མཐུན་དང་མི་མཐུན་རྒྱན་གཉིས་དང་། །གཞན་སྦྱོར་སྡུད་པའི་རྒྱན་སྡུད་ནི།།
ཞེས་པས་བསྟན་ཏེ། ཚིག་གི་རྒྱན་སྔ་ཕྱི་མཐུན་པར་སྦྱོར་བ་མཐུན་པའི་རྒྱན་དང་། སྔ་ཕྱི་མི་མཐུན་པར་སྦྱོར་བ་མི་མཐུན་པའི་རྒྱན་ཏེ་གཉིས་དང་། གཞི་གཅིག་ལ་མིང་དོན་གཞན་སྡུད་པར་སྦྱོར་བ་སྡུད་པའི་རྒྱན་བཅས་རྒྱན་སྡུད་རྣམས་ནི་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་རྒྱས་བཤད་ལ་གཉིས། སྒྲའི་སྦྱོར་ཚུལ་དང་། དོན་གྱི་སྦྱོར་ཚུལ་ལོ།། དང་པོ་ནི།
ཀྱང་འང་ཡང་གསུམ་སྒྲའི་སྦྱོར་ཚུལ། །ག་ད་བ་ས་དྲག་མཐར་ཀྱང་།།
ང་མ་ན་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་།།
ཚིགས་བཅད་རྐང་པའི་བབ་དང་བསྟུན། །དཔེར་ན་རྟག་ཀྱང་ཡོད་ཀྱང་སོགས།།
ལྟ་བུ་སྦྱར་ནས་དོན་སྦྱོར་ནི།།
ཞེས་པས་བསྟན་ཏེ། དེ་ལ་རྒྱན་སྡུད་ཀྱི་སྒྲ་ནི། ཀྱང་འང་ཡང་གསུམ་ཡིན་ཏེ། དེ་ཡང་སྒྲ་མཚུངས་དང་བརྗོད་བདེ་ཅི་རིགས་པར་སྦྱོར་བ་སྒྲའི་སྦྱོར་ཚུལ་ནི། རྗེས་འཇུག་ག་ད་བ་ས་ད་དྲག་ཅན་གྱི་མཐར་ཀྱང་སྦྱར་བ་དང་། རྗེས་འཇུག་ང་མ་ན་ར་ལ་རྣམས་ཀྱི་མཐར་ཡང་སྦྱར་བ་དང་། རྗེས་འཇུག་འ་ཡི་མཐའ་ཅན་དང་མཐའ་མེད་བརྩེགས་འདོགས་ཅན་རྣམས་ལ་ འང་དང་ཡང་སྦྱར་བ་དང་། འང་དང་ཡང་གཉིས་པོ་ཡི་དང་འི་བཞིན་དུ་ ཚིགས་བཅད་རྐང་པའི་བབ་དང་བསྟུན་ཏེ་སྦྱར་བར་བྱའོ།། དཔེར་ན། རྟག་ཀྱང་། ཡོད་ཀྱང་། ལབ་ཀྱང་། བྱས་ཀྱང་། བསྟནད་ཀྱང་སོགས་དང་། གང་ཡང་། ལམ་ཡང་། ཡིན་ཡང་སོགས་དང་། ལྷའང་། ལྷ་ཡང་དུས་སུ་ཆར་འབེབས་ཤིང་།  ལྟ་བུ་རྒྱ་ཆེར་སྦྱར་ནས་ཚིག་གྲོགས་དོན་གྱི་སྦྱོར་བ་རྣམས་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

 གཉིས་པ་དོན་གྱི་སྦྱོར་ཚུལ་ནི།
གསལ་ཡང་གསལ་ལ་མཛེས་ཀྱང་མཛེས། །ལྟ་བུ་མཐུན་པའི་ཚིག་རྒྱན་དང་།།
བཏུད་ཀྱང་ཁྲོ་ལ་མཛའ་ཡང་བསླུ། །ལྟ་བུ་མི་མཐུན་ཚིག་རྒྱན་དང་།།
ཆོས་མིན་མ་ཟད་ཆོས་ཀྱང་སྤོང་། །ལྟ་བུ་སྡུད་པའི་རྒྱན་ཡིན་ཏེ།།
འདིས་མཚོན་མཐའ་ཡས་རྟོགས་པར་གྱིས།།
ཞེས་པས་བསྟན་ཏེ། མཐུན་པའི་རྒྱན་ནི། དཔེར་ན། བཞིན་རས་དཀར་ལ་འཛུམ་ཡང་འཛུམ། ཡིད་ནི་གཞུངས་ཞིང་བློ་ཡང་རྣོ། །འཆད་ལ་མཁས་ཤིང་རྩོམ་ཡང་སྙན།། ལྟ་བུའོ།། མི་མཐུན་པའི་རྒྱན་ནི། དཔེར་ན། དགའ་ཡང་ངུ་ཞིང་སྐྱོ་ཡང་བྲོད། །བཙལ་ཀྱང་མ་རྙེད་སྤངས་ཀྱང་འདུ། །འཛིན་ཀྱང་མ་ཟིན་གཏོང་ཡང་མི་འགྲོ། ལྟ་བུའོ།། སྡུད་པའི་རྒྱན་ནི། དཔེར་ན། མི་ཆོས་མ་ཟད་ལྷ་ཆོས་ཀྱང་མངའ། ཡུལ་མིས་ལྟ་ཅི་རྒྱལ་པོས་ཀྱང་བཀུར། ཀླུ་ཡིས་འདུད་ཅིང་ལྷ་ཡང་ངོ་།། ལྟ་བུའོ།། ཡང་གི་སྒྲ་ནི། ཡང་བརྗོད་དམ་བསྐྱར་དོན་ལའང་འཇུག་སྟེ། དཔེར་ན། ཡང་དང་ཡང་དུ་ཕྲད་ན་ཡང་། །གྲོགས་ཁྱོད་ཡང་ཡང་ཡིད་ལ་འཆར། སླར་ཡང་ཡང་ཡང་འབྱོན་པར་རིགས།། ལྟ་བུའོ།།

ལྷག་བཅས་བཤད་པ།

ལྔ་པ་ལྷག་བཅས་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
བསྟན་བྱ་ལྷག་མ་འདྲེན་པའི་དོན། །ལྷག་བཅས་ཏེ་སྟེ་དེ་གསུམ་ནི།།
ཞེས་པས་བསྟན་ཏེ། སྐབས་ཀྱི་བསྟན་བྱའི་དོན་ཡོངས་སུ་མ་རྫོགས་པར་ཚིག་ལྷག་མ་འདྲེན་པའི་དོན་དུ་གྱུར་པའི་ལྷག་བཅས་ཀྱི་སྒྲ་ནི། སྟེ་ཏེ་དེ་གསུམ་ཡིན་ཏེ། སྦྱོར་ཚུལ་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྒྲའི་སྦྱོར་ཚུལ་དང་། དོན་གྱི་སྦྱོར་ཚུལ་ལོ།། དང་པོ་ནི།
ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ།།
མཐའ་མེད་རྣམས་ལ་ས་སྟེ་དཔེར། །ཡིན་ཏེ་བརྟགས་ཏེ་ལ་སོགས་པས།།
བསྒྲེས་ནས་ཐ་དག་སྦྱར་བར་བྱ།།
ཞེས་པས་བསྟན་ཏེ། འདི་ལ་ཕལ་ཆེར་བརྗོད་བདེའི་དབང་དུ་བྱས་ཏེ། རྗེས་འཇུག་ན་ར་ལ་ས་ད་དྲག་ཅན་རྣམས་ཀྱི་མཐར་ཏེ་རྐྱང་སྦྱར་བ་དང་། རྗེས་འཇུག་ད་མཐར་དེ་སྦྱར་བ་དང་། རྗེས་འཇུག་ག་ང་བ་མ་འ་དང་མཐའ་མེད་རྣམས་ལ་ས་སྟེ་སྦྱར་ཏེ། དཔེར་ན། ཡིན་ཏེ། དར་ཏེ། གལ་ཏེ། བྱས་ཏེ། བསྟནད་ཏེ་སོགས་དང་། ཡོད་དེ། རྟག་སྟེ། བྱུང་སྟེ་སོགས་དང། ཡོད་པ་སྟེ། འདི་ལྟ་སྟེ། ལྟ་བུ་ལ་སོགས་པས་བསྒྲེས་ནས་ཐ་དག་སྦྱར་བར་བྱའོ།།

གཉིས་པ་དོན་གྱི་སྦྱོར་ཚུལ་ལ་གསུམ། དྲི་བས་མཚམས་སྦྱར་བ། ལན་གྱིས་མདོར་བསྟན་པ། དབྱེ་བས་རྒྱས་པར་བཤད་པའོ།། དང་པོ་ནི།
འོ་ན་སྟེ་སོགས་དེ་དག་གིས། །ལྷག་མ་ཇི་ལྟར་འདྲེན་ཞེ་ན།།
ཞེས་པས་བསྟན་ཏེ། ཚིག་དོན་ལྷག་མ་དང་བཅས་པའི་སྒྲར་གྲགས་པའི་ ལྷག་བཅས་སྟེ་སོགས་ དེ་དག་གིས་ལྷག་མ་འདྲེན་པའི་ཚུལ་ཇི་ལྟར་ཡིན་ནམ་ཞེའོ།།

གཉིས་པ་ལན་གྱིས་མདོར་བསྟན་པ་ནི།
འདྲེན་ཚུལ་རྣམ་པ་གསུམ་གྱིས་ཏེ། །མཚམས་སྦྱོར་དམ་བཅའ་གཞན་འདྲེན་ནོ།།
ཞེས་པས་བསྟན་ཏེ། འདྲེན་ཚུལ་རྣམ་པ་གསུམ་གྱི་སྒོ་ནས་འདྲེན་པ་ཡིན་ཏེ། གསུམ་གང་ཞེ་ན། ཚིག་སྔ་ཕྱིའི་མཚམས་སྦྱོར་བ་མཚམས་སྦྱོར་ལྷག་བཅས་དང་། ཚིག་སྔ་མ་དམ་བཅའ་བ་དེ་སྒྲུབ་བྱེད་ཕྱི་མ་འདྲེན་པ་དམ་བཅའ་ལྷག་བཅས་དང་། ཚིག་ལྷག་མ་གཞན་ཡོད་པ་ཙམ་འདྲེན་པ་གཞན་འདྲེན་ལྷག་བཅས་དང་གསུམ་ཡིན་ནོ།།

གསུམ་པ་དབྱེ་བས་རྒྱས་པར་བཤད་པ་ལ་གསུམ། མཚམས་སྦྱོར། དམ་བཅའ། གཞན་འདྲེན་ནོ།། དང་པོ་ནི།
མཚམས་སྦྱོར་ལ་ཡང་ནང་གསེས་གསུམ། །དང་པོ་བྱེད་སྔ་བྱ་ཕྱི་ནི།།
དྲི་མ་འཁྲུད་དེ་དག་ཅེས་དང་།།
ཞེས་པས་བསྟན་ཏེ། དེ་ལ་ནང་གསེས་སུ་དབྱེ་བ་གསུམ་ཡོད་པ་ལས། དང་པོ་ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བ་སྦྱོར་བ་དུས་རིམ་གྱིས་འཇུག་པ་ནི། དཔེར་ན། དྲི་མ་འཁྲུད་དེ་དག། གཏམ་བཤད་དེ་གོ། ལྟ་བུའོ།།
གཉིས་པ་སྔ་ཕྱི་གཉིས་བྱ་བ། །སྔ་མ་སོང་ནས་རིམ་འཇུག་ནི།།
གྲོལ་ཏེ་སླར་ཡང་འཇུག་ཅེས་དང་།།
ཞེས་པས་བསྟན་ཏེ། ཡང་ཚིག་སྔ་ཕྱི་གཉིས་ཀར་བྱ་བ་སྦྱོར་བ། བྱ་བ་སྔ་མ་སོང་ནས་ཕྱི་མ་རིམ་གྱིས་འཇུག་པ་ནི། དཔེར་ན། གྲོལ་ཏེ་སླར་འཇུག། བུམ་པ་ཐོགས་ཏེ་ཆུ་ལེན། ལྟ་བུའོ།།
གསུམ་པ་སྔ་ཕྱི་གཉིས་ཀ་ལ། །བྱ་བ་ཡིན་ལ་མཉམ་འབྱུང་ནི།།
འཕར་ཏེ་འགྲོ་སོགས་ལྟ་བུའོ།།
ཞེས་པས་བསྟན་ཏེ། ཡང་ཚིག་སྔ་ཕྱི་གཉིས་ཀར་བྱ་བ་སྦྱོར་བ་བྱ་བ་དེ་དུས་མཉམ་དུ་འབྱུང་བ་ནི། དཔེར་ན། འཕར་ཏེ་འགྲོ། མཐོང་སྟེ་བགད། ལ་སོགས་པ་ལྟ་བུའོ།།

གཉིས་པ་དམ་བཅའ་འདྲེན་པ་ནི།
དམ་བཅའ་འདྲེན་ལ་ནང་གསེས་བཞི། །དང་པོ་དབྱེ་བ་འདྲེན་པ་ནི།།
མཁས་ཚུལ་གསུམ་སྟེ་འཆད་པ་དང་། །རྩོད་དང་རྩོམ་པ་འོ་ལྟ་བུ།།
ཞེས་པས་བསྟན་ཏེ། དེ་ལའང་ནང་གསེས་སུ་དབྱེ་བ་བཞི་ཡོད་པ་ལས། དང་པོ་མིང་གི་དབྱེ་བ་འདྲེན་པ་ནི། དཔེར་ན། མཁས་ཚུལ་ནི་གསུམ་སྟེ་འཆད་པ་དང་། རྩོད་པ་དང་། རྩོམ་པའོ། ཞེས་སམ་ཡང་ན། དད་པ་རྣམ་པ་གསུམ་སྟེ། དྭང་བའི་དང་། འདོད་པའི་དང་། ཡིད་ཆེས་ཀྱི་དད་པའོ། ལྟ་བུའོ།།
གཉིས་པ་གཏན་ཚིགས་འདྲེན་པ་ནི། །ཆོས་སོ་ཅོག་སྟེ་མི་རྟག་སྟེ།།
བྱས་པ་ཡིན་པའི་ཕྱིར་ལྟ་བུ།།
ཞེས་པས་བསྟན་ཏེ། ཡང་རྟགས་སམ་གཏན་ཚིགས་འདྲེན་པ་ནི། དཔེར་ན། འདུས་བྱས་ཀྱི་ཆོས་སོ་
ཅོག་ནི་མི་རྟག་སྟེ། རྒྱུ་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར། ཞེས་སམ་ཡང་ན། ཕ་གི་ན་མེ་ཡོད་དེ་དུ་བ་མཐོང་བའི་ཕྱིར། ལྟ་བུའོ།།
གསུམ་པ་ངེས་ཚིག་འདྲེན་པ་ནི། །དགྲ་བཅོམ་པ་སྟེ་ཉོན་མོངས་པའི།།
དགྲ་རྣམས་བཅོམ་པས་སོ་ལྟ་བུ།།
ཞེས་པས་བསྟན་ཏེ། ཡང་རྗེས་སྒྲུབ་བམ་ངེས་ཚིག་འདྲེན་པ་ནི། དཔེར་ན། དགྲ་བཅོམ་སྟེ། ཉོན་མོངས་པའི་དགྲ་རྣམས་བཅོམ་པས་སོ།། ཞེས་སམ་ཡང་ན། སངས་རྒྱས་ཏེ། མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པས་སོ།། ལྟ་བུའོ།།
བཞི་པ་རྒྱས་བཤད་འདྲེན་པ་ནི། །ཆོས་ཏེ་ཀུན་ཉོན་རྣམ་བྱང་གིས།།
བསྡུས་པའི་ཆོས་སོ་ལྟ་བུའོ།།
ཞེས་པས་བསྟན་ཏེ། ཡང་ཤེས་བྱའམ་རྒྱས་བཤད་འདྲེན་པ་ནི། དཔེར་ན། ཆོས་ཏེ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་རྣམས་དང་།  རྣམ་པར་བྱང་བ་མྱང་འདས་ཀྱིས་བསྡུས་པའི་ཆོས་རྣམས་སོ།། ཞེས་སམ་ཡང་ན། ཐར་པ་འདོད་པ་སྟེ། ཉན་རང་གི་གོ་འཕང་ལ་འདོད་པ་དང་། བྱང་ཆུབ་སེམས་དཔའི་ས་ལ་འདོད་པ་དང་། ཐར་པ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ལ་འདོད་པ་རྣམས་སོ།། ཞེས་པ་ལྟ་བུའོ།།

 གསུམ་པ་གཞན་འདྲེན་ནི།
གཞན་འདྲེན་ལྷག་མ་ཡོད་ཙམ་ནི། །ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན།།
ལྟ་བུ་མཐའ་ཡས་འདྲེན་པར་བྱ།།
ཞེས་པས་བསྟན་ཏེ། གཞན་འདྲེན་ལྷག་མ་ཡོད་ཙམ་བསྟན་པ་ནི། དཔེར་ན། ཁྱོད་ནི་དཔལ་ཏེ་ཁྱོད་ནི་མགོན། ཞེས་སམ་ཡང་ན།  ཉི་མ་ཤར་ནས་འཆར་ཏེ་ཟླ་བའང་དེ་བཞིན་ནོ།། ལྟ་བུ། བཤད་མ་ཐག་པའི་མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མི་གཏོགས་པའི་ཚིག་ལྷག་མ་གཞན་འདྲེན་ནོ་ཅོག་ཡིན་པར་འདོད་དོ།།

འབྱེད་སྡུད་བཤད་པ།

དྲུག་པ་འབྱེད་སྡུད་བཤད་པ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ།། དང་པོ་ནི།
ཚིག་དོན་སོ་སོར་འབྱེད་པ་དང་། །ཕྱོགས་གཅིག་སྡུད་པའི་འབྱེད་སྡུད་ནི།།
ཞེས་པས་བསྟན་ཏེ། གཞི་གཅིག་ལས་ཚིག་དོན་མང་པོ་སོ་སོར་འབྱེད་པ་དང་།  ཚིག་དོན་མང་པོ་ཕྱོགས་གཅིག་ཏུ་སྡུད་པའི་འབྱེད་སྡུད་ཀྱི་སྒྲ་རྣམས་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།

གཉིས་པ་རྒྱས་བཤད་ལ་གཉིས། སྒྲ་སྦྱོར་འགོ་མཚུངས་དང། དོན་སྦྱོར་དངོས་བསྟན་པའོ།། དང་པོ་ནི།
གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་བཅུ་གཅིག་པོ།།
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །དཔེར་ན་རྟག་གམ་མཐོང་ངམ་སོགས།།
ལྟ་བུ་སྐབས་ཀྱི་དོན་ལ་སྦྱོར། །ཞེས་པས་བསྟན་ཏེ། གམ་ངམ་སོགས་བཅུ་གཅིག་པོ་མིང་ཚིག་གང་གི་མཐར་ཡིན་ཀྱང་རུང་། རྗེས་འཇུག་རང་རང་དང་མཐུན་པའི་སྦྱོར་ཚུལ་སྔར་སླར་བསྡུའི་སྐབས་སུ་བཤད་པ་དང་མཚུངས་ཏེ། དཔེར་ན། རྟག་གམ། མཐོང་ངམ། ཡོད་དམ་སོགས་དང་། ཤེས་པར་གྱུརད་ཏམ། ལྟ་བུ། སྦྱར་ནས་སྐབས་ཀྱི་འབྱེད་སྡུད་དངོས་ཀྱི་དོན་སྦྱོར་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་དོན་སྦྱོར་དངོས་བསྟན་པ་ ལ་གསུམ། འབྱེད་པའི་སྒྲ། སྡུད་པའི་སྒྲ། དྲི་བ་དང་ཐེ་ཚོམ་བཤད་པའོ།། དང་པོ་ནི།
གཅིག་ལས་གཉིས་སམ་མང་འབྱེད་པ། །ཆོས་ནི་གཉིས་ཏེ་འདུས་བྱས་སམ།།
འདུས་མ་བྱས་སོ་ལྟ་བུ་དང་།།
ཞེས་པས་བསྟན་ཏེ། དབྱེ་གཞི་གཅིག་ལས་དབྱེ་ངོ་གཉིས་སུ་འབྱེད་པ་དང་། མང་པོར་འབྱེད་པ་གཉིས་ལས། དང་པོ་གཉིས་སུ་འབྱེད་པ་ནི། དཔེར་ན། ཆོས་ནི་གཉིས་ཏེ་འདུས་བྱས་སམ། འདུས་མ་བྱས་སོ། ཞེས་སམ་ཡང་ན།  ཚོགས་ནི་གཉིས་ཏེ། དམིགས་བཅས་བསོད་ནམས་སམ། དམིགས་མེད་ཡེ་ཤེས་སོ།། ལྟ་བུའོ།།
དབང་པོ་འདི་ནི་དྲུག་ཡིན་ཏེ། །མིག་གམ་རྣའམ་སྣ་འམ་ལྕེ།།
ལུས་སམ་ཡིད་རྣམས་སོ་ལྟ་བུ། །རྒྱ་ཆེར་མཚོན་ཏེ་འབྱེད་པར་བྱ།།
ཞེས་པས་བསྟན་ཏེ། གཉིས་པ་མང་པོར་འབྱེད་པ་ན། དཔེར་ན། དབང་པོ་དྲུག་སྟེ། མིག་གམ། རྣའམ། སྣའམ། ལྕེའམ། ལུས་སམ། ཡིད་རྣམས་སོ། །ཞེས་སམ་ཡང་ན། ཡུལ་དྲུག་སྟེ། གཟུགས་སམ། སྒྲའམ། དྲིའམ། རོའམ། རེག་བྱའམ། ཆོས་རྣམས་སོ། ལྟ་བུ། རྒྱ་ཆེར་མཚོན་ཏེ་འབྱེད་ཤེས་པར་བྱའོ།།

གཉིས་པ་སྡུད་པའི་སྒྲ་ནི།
གཉིས་སམ་མང་པོ་གཅིག་སྡུད་པ། །འདུས་པར་བྱས་སམ་འདུས་མ་བྱས།།
གཉིས་ནི་ཆོས་སོ་ལྟ་བུ་དང་།།
ཞེས་པས་བསྟན་ཏེ། དབྱེ་ངོ་གཉིས་དབྱེ་གཞི་གཅིག་ལ་སྡུད་པ་དང་། མང་པོ་དབྱེ་གཞི་གཅིག་ལ་སྡུད་པ་གཉིས་ལས། དང་པོ་གཉིས་སྡུད་པ་ནི། དཔེར་ན། འདུས་བྱས་སམ། འདུས་མ་བྱས་པ་ནི་ཆོས་སོ། ཞེས་སམ་ཡང་ན་། བསོད་ནམས་སམ། ཡེ་ཤེས་ནི་ཚོགས་སོ། ལྟ་བུའོ།།
མིག་གམ་རྣ་འམ་སྣ་འམ་ལྕེ། །ལུས་སམ་ཡིད་རྣམས་དབང་པོ་འོ།།
ལྟ་བུ་རྒྱ་ཆེར་སྡུད་པར་བྱ།།
ཞེས་པས་བསྟན་ཏེ། གཉིས་པ་མང་པོ་སྡུད་པ་ནི། དཔེར་ན། མིག་གམ། རྣའམ། སྣའམ། ལྕེའམ། ལུས་སམ། ཡིད་རྣམས་དབང་པོའོ།  ཞེས་སམ་ཡང་ན། གཟུགས་སམ། སྒྲའམ། དྲིའམ། རོའམ། རེག་བྱའམ། ཆོས་རྣམས་དབང་ཡུལ་ལོ། ལྟ་བུ། རྒྱ་ཆེར་མཚོན་ཏེ་སྡུད་ཤེས་པར་བྱའོ།།

གསུམ་པ་དྲི་བ་དང་ཐེ་ཚོམ་བཤད་པནི།  
ངོ་བོས་སྟོང་ངམ་བདེན་པས་སྟོང་། །ལྟ་བུ་དྲི་དང་ལྡན་ནམ་སྙམ།།
ཐེ་ཚོམ་ལ་འཇུག་དེ་དག་ནི། །བརྟག་ཅིང་འབྱེད་ཕྱིར་འབྱེད་སྒྲར་འགྱུར།།
ཞེས་པས་བསྟན་ཏེ། །ཆོས་རྣམས་ངོ་བོས་སྟོང་ངམ་བདེན་པས་སྟོང་། བདག་གམ་འཇིག་རྟེན་རྟག་གམ་མི་རྟག། ལྟ་བུ། དྲི་བའི་དོན་ལ་འཇུག་པ་དང་། བདེན་ནམ་མི་བདེན། ཐོབ་བམ་མི་འཐོབ། ལྟ་བུ། ཐེ་ཚོམ་ལ་འཇུག་པ་དང་། དྲི་བ་དང་ཐེ་ཚོམ་དེ་དག་ནི་སྐབས་ཀྱི་འབྱེད་སྡུད་གཉིས་ཀ་མིན་ན་ཡང་། དོན་གྱི་ཁྱད་པར་རིགས་པས་བརྟག་ཅིང་འབྱེད་དགོས་པའི་ཕྱིར། འབྱེད་སྒྲའི་ཡན་ལག་ཡིན་པར་འདོད་དོ།།

འབྱུང་ཁུངས་བཤད་པ།

བདུན་པ་འབྱུང་ཁུངས་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ཁ་སྐོང་གི་མཇུག་སྡུད་བཤད་པའོ།། དང་པོ་ནི།
གང་ལས་གང་ཞིག་འབྱུང་སྟོན་པའི། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ནི།།
ནས་ལས་གཉིས་ཏེ་དགར་སྡུད་ཀྱང་། །དེ་ཡིས་འཇུག་པར་གཞུང་ལས་བསྟན།།
ཅེས་པས་བསྟན་ཏེ། ཡུལ་གང་ལས་དངོས་པོའི་ཆོས་གང་ཞིག་བྲལ་བའམ་བྱུང་བའི་ཁུངས་སྟོན་པའི་དོན་ཅན་གྱུར་པའི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་ནི། ནས་ལས་གཉིས་སུ་བཤད་པ་ཡིན་ཏེ། དེར་མ་ཟད། དགར་བ་དང་། སྡུད་པ་གཉིས་ཀྱང་ ནས་ལས་དེས་འཇུག་པར་ སུམ་ཅུ་པའི་གཞུང་ལས་དངོས་སུ་བསྟན་ཏོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཐུན་མོང་གི་དམིགས་བསལ་སྤྱིར་བསྟན་པ། སོ་སོའི་འཇུག་པ་བྱེ་བྲག་ཏུ་བཤད་པ། དགར་ སྡུད་འདིར་བསྟན་པའི་རྒྱུ་མཚན་བཤད་པའོ།། དང་པོ་ནི།
དེ་དག་ཚིག་ཕྲད་རང་དབང་ཅན། །ཡིན་ཕྱིར་རྗེས་འཇུག་ལ་མི་ལྟོས།།
འཇུག་ཚུལ་འབྱུང་ཁུངས་དངོས་ལ་ནི། །ནས་ལས་གཉིས་པོ་གང་སྦྱར་འཐུས།།
རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ནས་འཇུག།
ཅེས་པས་བསྟན་ཏེ། རྣམ་དབྱེ་ལྔ་པའི་རྐྱེན་ནམ་སྒྲར་གྱུར་པའི་ནས་ལས་དེ་དག་ཚིག་ཕྲད་རང་དབང་ཅན་ཡིན་པའི་ཕྱིར་རྗེས་འཇུག་གི་ཁྱད་པར་གང་ལ་ཡང་ མི་ལྟོས་པར་ཅི་བདེར་འཇུག་ཆོག་པ་ཡིན་ནོ།། དེས་ན། ནས་ལས་གཉིས་ཀྱིས་འབྱུང་ཁུངས་སོགས་ཐམས་ཅད་ལ་ཁྱབ་མཉམ་དུ་འཇུག་གམ། ཞེ་ན། མ་ཡིན་ཏེ། འཇུག་ཚུལ་འབྱུང་ཁུངས་དངོས་ལ་ནས་ལས་གཉིས་པོ་གང་སྦྱར་ཀྱང་རུང་བའམ་འཐུས་པ་དང་། དགར་བ་ལ་རིགས་མཐུན་པར་དགར་ན་ ནས་སྒྲ་འཇུག་པ་དང་། རིགས་མི་ཐུན་པར་དགར་ན་ ལས་སྒྲ་འཇུག་པ་དང་། སྡུད་པའི་དོན་ལ་ ནས་སྒྲ་ཁོ་ནས་འཇུག་པ་ཡིན་ནོ།།

གཉིས་པ་དགར་སྡུད་འདིར་བསྟན་པའི་རྒྱུ་མཚན་ལ་གསུམ། འབྱུང་ཁུངས་ཆ་ལག་དང་བཅས་པ།  དགར་བ་ལ་འཇུག་ཚུལ། སྡུད་པ་ལ་འཇུག་ཚུལ་བཤད་པའོ།། དང་པོ་ལ་གཉིས། དངོས་དང་། ཆ་ལག་གོ། དང་པོ་ནི།
དཔེར་ན་མཚོ་ནས་ནོར་བུ་དང་། བ་ལས་འོ་མ་ལ་སོགས་པ།།
ལྟ་བུ་འབྱུང་ཁུངས་དངོས་ཉིད་དང།།
ཞེས་པས་བསྟན་ཏེ། འབྱུང་ཁུངས་དངོས་ལ་འཇུག་པ་ནི། དཔེར་ན། མཚོ་ནས་ནོར་བུ། བ་ལས་འོ་མ། ཆུ་ནས་ཉ། མ་ལས་བུ། ས་འོག་ནས་གསེར། མཁས་པ་ལས་རིག་པ། ལྟ་བུའོ།།

གཉིས་པ་འབྱུང་ཁུངས་ཆ་ལག་དང་བཅས་པ་བཤད་པ་ནི།
རྟ་ལས་ལྷུང་དང་རི་ནས་ལྷུང་། །ལྟ་བུ་འབྱུང་ཁུངས་འདྲ་བ་དང་།།
དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ།།
ལྟ་བུའི་རྒྱུ་མཚན་དུ་སོགས་ལས། །བྱུང་ཕྱིར་འབྱུང་ཁུངས་རྗེས་མཐུན་ནོ།།
ཞེས་པས་བསྟན་ཏེ། འབྱུངས་ཁུངས་དངོས་མ་ཡིན་ཀྱང་། དེ་ལས་དེ་བྱུང་གི་ཆ་འདྲ་བ་ཡང་མང་དུ་ཡོད་དེ། དཔེར་ན། རྟ་ལས་ལྷུང་། རི་ནས་ལྷུང་། ཆུ་ཤེལ་ནས་ཆུ། མེ་ཤེལ་ལས་མེ། ཤར་ཕྱོགས་ནས་འོད། ཉི་མ་ལས་དྲོད། ལྟ་བུའོ།། ཡང་། དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས། བརྩམ་བྱ་ལས་མཁས་བླུན་རིག། རྣམ་འགྱུར་ལས་བསམ་པ་གོ། ལྟ་བུ། ལ་སོགས་པའི་རྒྱུ་མཚན་དུ་བ་དང་ཆུ་སྐྱར་དང་བརྩམ་བྱ་སོགས་ལས། རྒྱུ་མཚན་ཅན་མེ་དང་ཆུ་མཁས་པ་སོགས་བྱུང་བའི་ཕྱིར་འབྱུང་ཁུངས་དང་རྗེས་སུ་མཐུན་པ་ཡིན་པས། དེ་རྣམས་ལ་ལས་སྒྲ་ཉིད་འཇུག་པ་ཡང་ཤེས་པར་བྱའོ།།

གཉིས་པ་དགར་བའི་འཇུག་ཚུལ་བཤད་པ་ལ་གཉིས། ལས་ཀྱིས་དགར་བ་དང་། ནས་ཀྱིས་དགར་བ་བཤད་པའོ། དང་པོ་ལ་གཉིས། དགར་གཞི་ངོས་བཟུང་བ་དང་། དེའི་དཔེར་བརྗོད་པའོ།། དང་པོ་ནི།
དགར་ལ་རིགས་དང་བྱ་བ་དང་། །ཡོན་ཏན་རྣམས་ནི་རིམ་བཞིན་དུ།།
གཞི་གཅིག་གཉིས་སམ་མང་པོ་ལས། །ལོགས་སུ་བཀར་ཏེ་དགར་བ་ནི།།
ཞེས་པས་བསྟན་ཏེ། འདི་ལ་རྣམ་དབྱེ་སྦྱར་གཞིའི་མིང་ཚིག་དེ་ལས། རིགས་དང་། བྱ་བ། ཡོན་ཏན་རྣམས། རིམ་བཞིན་དུ་ནང་གསེས་སུ་དབྱེ་ན། དགར་གཞི་གཅིག་གམ། གཉིས་སམ། མང་པོ་རྣམས་ལས་ ལོགས་སུ་བཀར་ཏེ། དགར་བའི་ཚུལ། དཔེར་བརྗོད་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།
 གཉིས་པ་དེའི་དཔེར་བརྗོད་བཤད་པ་ནི།
མི་འམ་ཅི་ལས་དྲི་ཟ་གཞན། །ཕྱག་འཚལ་བ་ལས་སྒོམ་པ་རབ།།
དཀར་པོ་ཉིད་ལས་ངུར་མིག་མཛེས། །དེ་བཞིན་གཉིས་སམ་མང་པོའང་།།།
སྦྱར་ཏེ་དགར་བ་ལས་ཀྱིས་སོ།།
ཞེས་པས་བསྟན་ཏེ། རིགས་ཀྱི་གཞི་གཅིག་ལས་དགར་བ་ནི། དཔེར་ན། མིའམ་ཅི་ལས་དྲི་ཟ་གཞན། འབྱོར་ལྡན་ལས་མཁས་པ་མཛེས། ལྟ་བུ་དང་། བྱ་བའི་གཞི་གཅིག་ལས་དགར་བ་ནི། ཕྱག་འཚལ་བ་ལས་སྒོམ་པ་རབ། འཆད་པ་ལས་རྩོམ་པ་མཆོག། ལྟ་བུ་དང་། ཡོན་ཏན་གྱི་གཞི་གཅིག་ལས་དགར་བ་ནི། དཀར་པོ་ལས་ངུར་མིག་མཛེས། མི་ཆོས་ལས་ལྷ་ཆོས་བཟང་། ལྟ་བུའོ།། དེ་བཞིན་དུ། རིགས། བྱ་བ། ཡོན་ཏན་རྣམས། རིམ་པ་བཞིན་དུ་གཞི་གཉིས་ལས་དགར་བ་ནི། དཔེར་ན། མིའམ་ཅི་དང་དྲི་ཟ་ལས་ལྷ་མཛེས། ཕྱག་འཚལ་བ་དང་མཆོད་པ་ཕུལ་བ་ལས་ཏིང་འཛིན་སྒོམ་པ་རབ། དཀར་པོ་དང་སེར་པོ་ལས་ངུར་མིག་ཡིད་གར་འོང་། ལྟ་བུའོ།། དེ་བཞིན་དུ། གཞི་མང་པོ་ལས་དགར་བ་ནི། དཔེར་ན། ལྷདང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་ལས་སྲིན་པོ་འཇིགས་སུ་རུང་ངོ་།། ཟ་བ་དང་། དགོད་པ་དང་། སྨྲ་བ་དང་། འགྲོ་བ་ལས་ སྒོམ་པ་ལེགས་སོ།། ལྕགས་དང་། ཟངས་དང་། འཁར་བ་དང་། དངུལ་ལས་གསེར་རིན་ཐང་ཆེའོ།། ལྟ་བུ་རྣམས་ལ་ལས་ཀྱི་དགར་བ་ཤེས་པར་བྱའོ།།

གཉིས་པ་ནས་ཀྱིས་དགར་བ་བཤད་པ་ནི།
མི་ཡི་ནང་ནས་རྒྱལ་རིགས་དཔའ། །བྱ་བའི་ནང་ནས་མཆོད་པ་ལེགས།།
རོ་ཡི་དཀྱིལ་ནས་བུ་རམ་བྲོ། །ལྟ་བུ་ནས་ཀྱིས་དགར་བའོ།།
དེ་ལ་ཁ་ཅིག་རྫས་དགར་ཡང་། །འགྲེལ་པས་ཞིབ་ཏུ་བཀག་ཟིན་ཏོ།།
ཞེས་པས་བསྟན་ཏེ། རིགས་སོགས་སོ་སོའི། རིགས་མཐུན་ཚོགས་པའི་ནང་ནས་དགར་བནི། དཔེར་ན། མི་རྣམས་ཀྱི་ནང་ནས་རྒྱལ་རིགས་དཔའ། རིགས་བཞིའི་ནང་ནས་བྲམ་ཟེའི་གཙང་། ལྟ་བུ་དང་། བྱ་བ་རྣམས་ཀྱི་ནང་ནས་མཆོད་པ་ལེགས། མཁས་པའི་བགྱི་བ་གསུམ་གྱི་ནང་ནས་རྩོམ་པ་མཆོག། ལྟ་བུ་དང་། རོ་རྣམས་ཀྱི་ནང་ནས་བུ་རམ་བྲོ། རིན་ཆེན་རྣམས་ཀྱི་ནང་ནས་ཕ་ལམ་མནང་ཆེ། ལྟ་བུ། རྣམས་ལ་ནས་ཀྱིས་དགར་བར་ཤེས་པར་བྱའོ།། དེ་ལ་ བོད་སྔ་རབས་པ་ཁ་ཅིག་གིས་རིགས་དང་བྱ་བ་ཡོན་ཏན་རྫས་ཞེས་པའི་ རྫས་ལའང་དགར་བར་འདོད་ཀྱང་། རྫས་ནི་གཞན་ལྡན་ཡིན་ཕྱིར། རྫས་རྐྱང་པ་དགར་མི་སྲིད་ཅེས་འགྲེལ་པས་བཀག་ཟིན་ཏོ།།

གསུམ་པ་སྡུད་པ་ལ་འཇུག་ཚུལ་ནི།
སྡུད་ལ་ཡུལ་དུས་དངོས་པོ་གསུམ། །ནས་ཀྱི་སྒྲ་ཉིད་འཇུག་སྟེ་དཔེར།།
དབུས་འགྱུར་ཚལ་ནས་ལྷ་སའི་བར། །ལྟ་བུ་ཡུལ་གྱི་མཚམས་འཛིན་དང་།།
འདི་ནས་བྱང་ཆུབ་སྙིང་པོའི་བར། །ལྟ་བུ་དུས་ཀྱི་མཚམས་འཛིན་དང་།།
ཀུན་ཉོན་གཟུགས་ནས་རྣམ་མཁྱེན་བར། །ལྟ་བུ་དངོས་པོའི་མཚམས་འཛིན་ནོ།།
ཞེས་པས་བསྟན་ཏེ། འདི་ལ་ཐོག་མར་བརྩམ་བྱ་གང་ནས་བརྩམས་པ་དེ་ནས། མཐའ་དེ་ཚུན་གྱི་ ཚམས་བསྡུ་བའི་ཚུལ། ཡུལ། དུས། དངོས་པོ། གསུམ་གྱི་སྒོ་ནས་དབྱེ་བ་དེ་ལ། ནས་ཀྱི་སྒྲ་ཉིད་འཇུག་སྟེ། དཔེར་ན། དབུས་འགྱུར་ཚལ་ནས་ལྷ་སའི་བར། རིན་རྫོང་ནས་ཆོས་རྩེའི་བར། ལྟ་བུ། ཡུལ་གྱི་མཚམས་འཛིན་ལ་འཇུག་པ་དང་། འདི་ནས་བྱང་ཆུབ་སྙིང་པོའི་བར། དེང་ནས་སང་ཉི་མ་མ་ཤར་གྱི་བར། ལྟ་བུ། དུས་ཀྱི་མཚམས་འཛིན་ལ་འཇུག་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར། གཅིག་ནས་བརྒྱའི་བར། ལྟ་བུ། དངོས་པོའི་མཚམས་འཛིན་ལ་འཇུག་པ་ཡིན་ནོ།།

གསུམ་པ་དགར་སྡུད་འདིར་བསྟན་པའི་རྒྱུ་མཚན་བཤད་པ་ནི།
དགར་དང་སྡུད་པ་དེ་དག་ནི། །འབྱུང་ཁུངས་གཉིས་ཀ་མིན་ན་ཡང་།།
ཚིག་སྦྱོར་ཙམ་གྱི་ཆ་མཐུན་ཕྱིར། །རྣམ་དབྱེ་ལྔ་པའི་ཡན་ལག་གོ།།
ཞེས་པས་བསྟན་ཏེ། དགར་བ་དང་སྡུད་པའི་སྒྲ་དེ་དག་ནི། འབྱུང་ཁུངས་དངོས་དང་། ཆ་མཐུན་གཉིས་ཀ་མིན་ན་ཡང་ ནས་ལས་ཀྱི་སྒྲ། གཞི་མཐུན་དུ་གྲུབ་པས། ཚིག་སྦྱོར་ཙམ་གྱིས་ཆ་མཐུན་པ་མ་ཟད་དོན་གྱིས་ཀྱང་འདི་དང་ཉེ་བར་གྲུབ་སྟེ། དགར་བ་ནི། དགར་གཞི་དེ་ལས་དགར་ཆོས་ལོགས་སུ་བྱུང་བ་དང་། སྡུད་པ་ནི། མཚམས་དེ་ནས་དེ་ཚུན་གྱི་བསྡུ་བྱ་དམིགས་སུ་བྱུང་བས་ན། གོང་གི་ཆ་མཐུན་རྣམས་དང་འདྲ་བའི་ཕྱིར་ རྣམ་དབྱེ་ལྔ་པའི་ཡན་ལག་ཏུ་བཞག་གོ།

གསུམ་པ་ཁ་སྐོང་གི་མཇུག་སྡུད་བཤད་པ་ནི།
གཞུང་ལས་དངོས་སུ་མ་བསྟན་ཀྱང་། །ནས་སྒྲ་ལྷག་བཅས་ལ་ཡང་འཇུག།
དཔེར་ན་ལངས་ནས་བྱ་བ་བྱེད། །ལྟ་བུ་ལྷག་བཅས་གང་བསྡུ་ན།།
གོང་དུ་སྨོས་པའི་ལ་ཡིག་དང་། །འདིར་བསྟན་ནས་ཀྱི་ལྷག་བཅས་གཉིས།།
རྗེས་འཇུག་མི་ལྟོས་མཚམས་སྦྱོར་གྱི། །ལྷག་བཅས་ཉིད་དུ་བསྡུ་བའོ།།
ཞེས་པས་བསྟན་ཏེ། སུམ་ཅུ་པའི་གཞུང་ལས་དངོས་སུ་མ་བཤད་ཀྱང་འགྲེལ་པའི་ཁ་སྐོང་ལས། ད་ལྟའི་ནས་སྒྲ་འདི་ནི། ལྷག་བཅས་ལ་ཡང་འཇུག་སྟེ། དཔེར་ན། ལངས་ནས་བྱ་བ་བྱེད། བརྟགས་ཤིང་དཔྱད་ནས་བྱ་བ་རྩོམས། ལྟ་བུའོ།། དེ་ལྟ་བུའི་ལྷག་བཅས་གང་དུ་བསྡུ་བ་ཡིན། ཞེ་ན། གོང་དུ་སྨོས་པའི་ལ་ཡིག་གི་ལྷག་བཅས་དང་། ད་ལྟའི་ནས་ཀྱི་ལྷག་བཅས་གཉིས་པོ་ཕྲད་རང་དབང་ཅན་ཡིན་ཕྱིར། རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་ཤིང་། ཚིག་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་ཉིད་དུ་བསྡུ་བའོ།།

བོད་པའི་སྒྲ་བཤད་པ།

 བརྒྱད་པ་བོད་པའི་སྒྲ་བཤད་པ་ལ་གཉིས། དངོས་དང་། དམིགས་བསལ་བསྟན་པའོ།། དང་པོ་ནི།  
ཀྱེ་སྦྱར་བོད་པ་གསལ་བྱེད་ནི།   །མིང་གི་ཐོག་མར་གཙོ་ཆེར་གསུངས།།
བར་དང་མཐའ་ལའང་སྦྱར་རུང་དཔེར།  །ཀྱེ་ཧོ་ཡབ་གཅིག་འཇམ་དཔལ་དབྱངས།།
དབྱངས་ཅན་མ་ཀྱེ་བདག་ལ་དགོངས།  །དགོངས་ནས་ཤེས་རབ་མཆོག་སྩོལ་ཀྱེ།།
ཞེས་པས་བསྟན་ཏེ།   གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ། ཀྱེ་ཞེས་སྦྱར་བ་ནི། མིང་ནས་བོད་པ་ལྟ་བུའི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ནོ། །དེ་ཡང་། མིང་གི་ཐོག་མར་གཙོ་ཆེ་བའི་དབང་གིས་གསུངས་པ་མ་གཏོགས། གཞན་ཚིགས་བཅད་སོགས་སྦྱོར་བའི་ཚེ། བར་དང་མཐའ་ལའང་སྦྱར་རུང་སྟེ། དཔེར་ན།  ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །ཀྱེ་ཧོ་ཡབ་གཅིག་འཇམ་དཔལ་དབྱངས།། ལྟ་བུ། མིང་གི་ཐོག་མར་སྦྱར་བ་དང་།  འཇམ་དབྱངས་མགོན་ཀྱེ་བདག་ལ་དགོངས།  །དབྱངས་ཅན་མ་ཀྱེ་ཤེས་རབ་སྩོལ།། ལྟ་བུ། མིང་གི་བར་མཚམས་སུ་སྦྱར་བ་དང་། བདག་ལ་དགོངས་ཤིག་མགོན་པོ་ཀྱེ།  །དགོངས་ནས་ཤེས་རབ་མཆོག་སྩོལ་ཀྱེ།། ལྟ་བུ། མིང་གི་མཐའ་རུ་སྦྱར་བའོ།།

 གཉིས་པ་དམིགས་བསལ་བསྟན་པ་ནི།  
ལྟ་བུ་སྦྱར་བའི་མིང་མཐའ་ཡང་།  །རྣམ་དབྱེ་དང་པོ་མ་གཏོགས་པ།།
རྣམ་དབྱེ་གཞན་ལ་འཇུག་པ་མིན།  །ཀ་ཡེ་ཀྭ་ཡེ་བོད་སྒྲ་ནི།།
གླུ་དང་སྐུལ་ལ་སྦྱར་བ་ལས། །དམ་པའི་ཡུལ་ལ་མི་མཛེས་སོ།།
ཞེས་པས་བསྟན་ཏེ། དེ་ལྟ་བུར་སྦྱར་བའི་མིང་མཐའ་ཡང་། རྣམ་དབྱེ་དང་པོའི་མིང་རྐྱང་ཁོ་ནར་མ་གཏོགས་རྣམ་གཉིས་པ་སོགས་ གཞན་ལ་གཏན་ནས་འཇུག་པ་མ་ཡིན་ནོ།། གཞན་ཡང་། གཞུང་ལས་མ་བསྟན་པའི་བོད་སྒྲའི་ཆར་གཏོགས་པའང་འགའ་ཞིག་ཡོད་དེ། དཔེར་ན།  ཀྱེ་མ་སེམས་ཅན་འདི་འདྲ་བ། ལྟ་བུ། སྙིང་རྗེ་བའི་དོན་ལ་འཇུག་པ་དང་།  །ཀ་ཡེ་ཉོན་དང་གྲོགས་པོ་དག། ལྟ་བུ། གླུ་དང་གྲོང་ཚིག་ལ་འཇུག་པ་དང་།  ཀྭ་ཡེ་ཁྲོ་བོ་ཁྲོ་མོའི་ཚོགས། ལྟ་བུ། སྐུལ་དང་དྲག་ཤུལ་ལ་འཇུག་པ་རྣམས་ཡུལ་དམན་པ་སོགས་དེ་དང་དེར་སྦྱར་བ་མ་གཏོགས། དམ་པའི་ཡུལ་ལ་སྦྱར་ན་ཆེས་མི་མཛེས་པས་སོ།།

ཕྲད་རང་དབང་ཅན།

གཉིས་པ་ཕྲད་རང་དབང་ཅན་འབའ་ཞིག་བཤད་པ་ལ་གཉིས། མིང་གིས་མདོར་བསྟན་པ།  དབྱེ་བས་རྒྱས་པར་བཤད་པའོ།། དང་པོ་ནི། 
ད་ནི་ཚིག་ཕྲད་རང་དབང་ཅན།  །འབའ་ཞིག་པ་ལས་་
ཞེས་པས་བསྟན་ཏེ། རྗེས་འཇུག་ལ་ལྟོས་པའི་ ཕྲད་རྣམ་དབྱེ་དང་བཅས་པ་རྣམས་བཤད་ཟིན་ནས།  ད་ནི་རྗེས་འཇུག་ལ་མི་ལྟོས་པའི་ ཕྲད་རང་དབང་ཅན་འབའ་ཞིག་བཤད་པ་ལས། ནི་སྒྲ་སོགས་དྲུག་པོ་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

 ནི་སྒྲ་བཤད་པ།

གཉིས་པ་དབྱེ་བས་རྒྱས་པར་བཤད་པ་ལ་དྲུག། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པའོ།། དང་པོ་ལ་གཉིས།  འཇུག་ཡུལ་དབྱེ་བ་དང་། འཇུག་ཚུལ་དཔེར་བརྗོད་པའོ།། དང་པོ་ནི།
་་་ནི་སྒྲ་ནི། །དགར་དང་བརྣན་པ་གཉིས་སུ་ཕྱེ།།
དགར་ལ་མཆོག་དང་མཆོག་མིན་དང་། །ཐ་དད་དགར་བ་རྣམ་པ་གསུམ།།
དགར་གཞི་སྨོས་དང་མ་སྨོས་གཉིས། །དབྱེ་བས་ལྔ་སྟེ་རིམ་བཞིན་དཔེར།།
ཞེས་པས་བསྟན་ཏེ། དེ་ལས་དང་པོ་མིང་ཚིག་གང་རུང་གི་མཐའ་དང་མཐུན་པར་སྦྱོར་བའི་ཚིག་ཕྲད་ནི་སྒྲ་ནི། བརྗོད་གཞི་གང་ཡིན་པ་དེ་ལས་དམིགས་ཀྱིས་ལོགས་སུ་དགར་བ་དང་། བརྗོད་དོན་གང་ཡིན་པ་དེ་ཉིད་ནན་གཏན་དུ་བརྣན་པ་སཏེ་རཙ་བའི་འཇུག་ཡུལ་གཉིས་སུ་དབྱེ་བ་ལས། དང་པོ་དགར་བ་ལ་ནང་གསེས་སུ་བརྗོད་གཞི་དེ་ལས་མཆོག་ཏུ་དགར་བ་དང་མཆོག་མིན་པར་དགར་བ་དང་། ཐ་དད་པ་ཙམ་དུ་དགར་བ་སྟེ་དངོས་བསྟན་དགར་བ་རྣམ་པ་གསུམ་དང་། ཤུགས་བསྟན་སྨྲ་སྒོ་ལས་བཤད་པའི་དགར་གཞི་དངོས་སུ་སྨོས་མ་སྨོས་གཉིས་བསྣན་ནས་དབྱེ་བས་འཇུག་ཡུལ་རྣམ་པ་རིམ་པ་བཞིན་དུ་དཔེར་བརྗོད་ཀྱིས་བསྟན་པར་བྱའོ།།

གཉིས་པ་འཇུག་ཚུལ་དཔེར་བརྗོད་པ་ལ་གསུམ། དངོས་བསྟན་གྱི། ཤུགས་བསྟན་གྱི།  བརྣན་པའི་དཔེར་བརྗོད་པའོ།། དང་པོ་ནི། 
ཤཱཀྱ་པ་ནི་རིགས་ཀྱི་མཆོག  །རིགས་རྣམས་ལས་ནི་གདོལ་པ་དམན།།
གསེར་ནི་དངུལ་ལས་ཐ་དད་དོ།  །ལྟ་བུ་དགར་བ་རྣམ་གསུམ་དང་།།
ཞེས་པས་བསྟན་ཏེ།  མཆོག་ཏུ་དགར་བ་ནི། དཔེར་ན། ཤཱཀྱ་པ་ནི་རིགས་ཀྱི་མཆོག་གོ། ཞེས་སམ་ཡང་ན། ཕ་ལམ་ནི་རྡོ་རྣམས་ཀྱི་རྗེ་བོ་འོ། ལྟ་བུ་དང་།  གདོལ་པ་ནི་རིགས་རྣམས་ཀྱི་ཐ་ཆད་དོ།། ཞེས་སམ་ཡང་ན།  རྐུ་བྱེད་པ་ནི་སྐྱེ་བོ་ཐ་མའོ། ལྟ་བུ། དམན་པར་དགར་བ་དང་།  གསེར་ནི་དངུལ་ལས་ཐ་དད་དོ།  །ཞེས་སམ་ཡང་ན།  ཚངས་པ་ནི་བརྒྱ་བྱིན་ལས་གཞན་ནོ། ལྟ་བུ། ཐ་དད་པར་དགར་བ་སྟེ་དགར་བ་རྣམ་པ་གསུམ་མོ།།

 གཉིས་པ་ཤུགས་བསྟན་གྱི་དཔེར་བརྗོད་ནི།
ལྷ་རྣམས་ལས་ནི་ཚངས་པའི་མགོ །གཅོད་པ་པོ་ནི་དབང་ཕྱུག་གོ།།
ལྟ་བུ་དགར་གཞི་སྨོས་པ་དང་། །མིག་སྟོང་ཅན་ནི་བརྒྱ་བྱིན་ནོ།།
ལྟ་བུ་དགར་གཞི་མ་སྨོས་སོ།།
ཞེས་པས་བསྟན་ཏེ།  སྨྲ་སྒོ་ནས་གསུངས་པའི་དགར་གཞི་སྨོས་མ་སྨོས་གཉིས་ནི། དཔེར་ན།  ལྷ་རྣམས་ལས་ཚངས་པའི་མགོ་གཅོད་པ་པོ་ནི་དབང་ཕྱུག་གོ  །ཞེས་སམ་ཡང་ན།  ལྷ་རྣམས་ལས་གདོང་བཞི་དང་ལྡན་པ་ནི་ཚངས་པའོ། ལྟ་བུ་དགར་གཞི་སྨོས་པ་དང་།  མིག་སྟོང་ཅན་ནི་བརྒྱ་བྱིན་ནོ།  །ཞེས་སམ་ཡང་ན།  སྟོབས་དང་ལྡན་པ་ནི་སྲེད་མེད་ཀྱི་བུའོ། ལྟ་བུ། དགར་གཞི་མ་སྨོས་པའོ།།

 གསུམ་པ་བརྣན་པའི་དཔེར་བརྗོད་ནི། 
ནན་གྱིས་བརྣན་ལ་འཇུག་པ་ནི། །ཁྱོད་ནི་གཉེན་དང་ཁྱོད་ནི་བཤེས།།
ཞེས་སོགས་ལྟ་བུ་བརྣན་པ་དང་། །སྡོམ་པ་ཐམས་ཅད་ལྡན་པ་ནི།།
ལྟ་བུ་ཚིགས་བཅད་ཁ་སྐོང་དང་། །ངེས་བཟུང་བརྣན་པའི་སྒྲ་ཉིད་དོ།།
ཞེས་པས་བསྟན་ཏེ། གཉིས་པ་ནན་གྱིས་བརྣན་པ་ནི། དཔེར་ན། ཁྱོད་ནི་གཉེན། ཁྱོད་ནི་བཤེས། ཁྱོད་ནི་གྲོགས། ཁྱོད་ནི་མཛའ་བའོ།། ཞེས་སམ་ཡང་ན། རིགས་ནི་མཐོ། གཟུགས་ནི་མཛེས། ཐོས་པ་ནི་ཆེ། ལང་ཚོ་ནི་གཞོན། དབང་ཐང་ནི་ཆེའོ། ལྟ་བུའོ།། བུ་འདོད་པས་ནི་བུ་ཐོབ་གྱུར་ཅིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ།། ལྟ་བུ། ཚིགས་བཅད་ཁ་སྐོང་གི་དོན་དུ་ཡང་ངེས་བཟུང་བརྣན་པའི་ནི་སྒྲ་ཉིད་འཇུག་པ་ཉིད་དོ།།

དང་སྒྲ་བཤད་པ།

གཉིས་པ་དང་སྒྲ་བཤད་པ་ལ་གཉིས། འཇུག་ཡུལ་གྱི་རྣམ་གྲངས་དང་། འཇུག་ཚུལ་གྱི་དཔེར་བརྗོད་བཤད་པ་འོ།། དང་པོ་ནི།
དང་སྒྲ་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་རིམ་དཔེར།།
ཞེས་པས་བསྟན་ཏེ། མིང་ཚིག་གང་རུང་གི་བར་མཚམས་རྣམས་སུ་སྦྱོར་བའི་ཚིག་ཕྲད་ དང་སྒྲ་ནི། བསྡུ་གཞི་གཅིག་ལས་བསྡུ་ཆོས་གཉིས་སམ་དུ་མ་སྡུད་པ་དང་། དབྱེ་གཞི་གཅིག་ལས་འབྱེད་ཆོས་གཉིས་སམ་དུ་མར་འབྱེད་པ་དང་། རྒྱུ་དེ་ལས་མཚན་མ་དེ་བྱུང་བ་རྒྱུ་མཚན་གྱི་དོན་དང་། དུས་ཀྱི་བྱེ་བྲག་བརྗོད་པ་ཚེ་སྐབས་ཀྱི་དོན་དང་། གཞན་ལ་བླང་དོར་སྟོན་པ་ གདམས་ངག་བརྗོད་པའི་དོན་ཏེ། དོན་ཚན་ལྔ་ལ་འཇུག་པ་རིམ་པས་དཔེར་བརྗོད་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་ལ་ལྔ་ལས། དང་པོ་བསྡུ་བྱ་མང་པོ་གཅིག་ལ་བསྡུ་བ་ནི།
ལུང་དང་རྟོགས་པ་གཉིས་ཆོས་སོ། །ས་དང་ཆུ་དང་མེ་དང་རླུང་།།
ནམ་མཁའ་རྣམས་ནི་འབྱུང་བ་འོ། །ལྟ་བུ་བསྡུ་བྱ་ཆོས་གཉིས་སམ།།
དུ་མ་གཅིག་ལ་སྡུད་པ་དང་།།
ཞེས་པས་བསྟན་ཏེ། བསྡུ་གཞི་གཅིག་ལ་བསྡུ་བྱའི་ཆོས་གཉིས་སྡུད་པ་དང་དུ་མ་སྡུད་པ་གཉིས་ལས།  དང་པོ་གཉིས་སྡུད་པ་ནི། དཔེར་ན། ལུང་དང་རྟོགས་པ་ནི་ཆོས་སོ། ཞེས་སམ་ཡང་ན། ཀུན་རྫོབ་དང་དོན་དམ་ནི་བདེན་པའོ། ལྟ་བུ་དང་། དུ་མ་ སྡུད་པ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་རྣམས་ནི་འབྱུང་བའོ། །ཞེས་སམ་ཡང་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ནི་བདེན་པའོ།། ལྟ་བུའོ།། 

གཉིས་པ་དུ་མར་འབྱེད་པ་ནི། 
ཆོས་ནི་ལུང་དང་རྟོགས་པའོ། འབྱུང་བ་འདི་ནི་ས་དང་ཆུ།།
མེ་དང་རླུང་དང་ནམ་མཁའོ། །ལྟ་བུ་དབྱེ་གཞི་གཅིག་གཉིས་ལས།།
གཉིས་སམ་དུ་མར་འབྱེད་པའོ།།
ཞེས་པས་བསྟན་ཏེ། དབྱེ་གཞི་གཅིག་ལས་འབྱེད་ཆོས་གཉིས་སུ་འབྱེད་པ་དང་། དུ་མར་འབྱེད་པ་གཉིས་ལས། དང་པོ་གཉིས་སུ་འབྱེད་པ་ནི། དཔེར་ན། ཆོས་ནི་ལུང་དང་རྟོགས་པའོ། ཞེས་སམ་ཡང་ན། བདེན་པ་ནི་ཀུན་རྫོབ་དང་དོན་དམ་མོ། ལྟ་བུ་དང་། དུ་མར་འབྱེད་པ་ནི། འབྱུང་བ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའོ།། ཞེས་སམ་ཡང་ན། བདེན་པ་ནི། སྡུག་ བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། ལྟ་བུ་འོ།།

 གསུམ་པ་རྒྱུ་མཚན་དོན་ལ་འཇུག་པ་ནི།
སྨན་ཟོས་པ་དང་ནད་སོས་སོ། །ལྟ་བུ་རྒྱུ་མཚན་དོན་ལ་འཇུག།
ཅེས་པས་བསྟན་ཏེ། རྒྱུ་མཚན་ལ་འཇུག་པ་ནི། དཔེར་ན། སྨན་ཟོས་པ་དང་ནད་སོས། ཆར་པ་བབས་པ་དང་ཆུ་བོ་རྒྱས། མང་དུ་ཐོས་པ་དང་ཤེས་རབ་འཕེལ། ལྟ་བུའོ།།

བཞི་པ་ཚེ་སྐབས་ཀྱི་དོན་ལ་འཇུག་པ་ནི།
ནམ་ལངས་པ་དང་མུན་པ་ཡལ། །ལྟ་བུ་ཚེ་སྐབས་དོན་ལ་འཇུག།
ཅེས་པས་བསྟན་ཏེ། ཚེ་སྐབས་ལ་འཇུག་པ་ནི། དཔེར་ན། བྱ་སྐད་བོད་པ་དང་གཉིད་སད། །ནམ་ལངས་པ་དང་མུན་པ་ཡལ། ཉི་མ་ཤར་བ་དང་ཆོས་སྟོན། ལྟ་བུའོ། ལྔ་པ་ནི། ཉོན་དང་སློབས་དང་སྒོམས་དང་སོགས། །ལྟ་བུ་གདམས་ངག་ལ་འཇུག་གོ ཞེས་པས་བསྟན་ཏེ། གདམས་ངག་ལ་འཇུག་པ་ནི། དཔེར་ན། ཆོས་ཉོན་དང་། ལེགས་པར་སློབ་དང་། ཡིད་ལ་ཟུངས་དང་། དོན་སྒོམས་དང་། ལྟ་བུ། སྐུལ་ཚིག་དང་འབྲེལ་བའི་ངག་སྦྱོར་ལ་འཇུག་གོ།



དེ་སྒྲ་བཤད་པ།

གསུམ་པ་དེ་སྒྲ་བཤད་པ་ལ་གཉིས། དབྱེ་བ་མདོར་བསྟན་པ། འཇུག་ཚུལ་རྒྱས་པར་བཤད་པའོ།།  དང་པོ་ནི།
དེ་སྒྲ་ཐ་སྙད་དངོས་པོ་དུས། །གསུམ་གྱིས་དབྱེ་བས་འཇུག་ཚུལ་དགུ།།
ཞེས་པས་བསྟན་ཏེ། མིང་ཚིག་གང་རུང་གི་ཐོག་མཐའ་རྣམས་སུ་ཅི་རིགས་པར་སྦྱོར་བའི་ ཚིག་ཕྲད་དེ་སྒྲ་ནི། ཐ་སྙད་བཏགས་པ་བ་ཙམ་གྱི་དབང་དུ་འཇུག་པ་གསུམ་དང་།  དངོས་པོའི་དོན་གཙོ་ཆེ་བའི་དབང་དུ་འཇུག་པ་བཞི་དང་། དུས་ཁོ་ན་ཉིད་ཀྱི་དབང་དུ་འཇུག་པ་གཉིས་བཅས་དོན་ཚན་གསུམ་གྱིས་དབྱེ་བས། འཇུག་ཚུལ་རྣམ་པ་དགུ་ཡོད་པ་རྣམས་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་འཇུག་ཚུལ་རྒྱས་པར་བཤད་པ་ལ་གསུམ། ཐ་སྙད་དུ་འཇུག་ཚུལ། དངོས་པོ་ལ་འཇུག་ཚུལ། དུས་ལ་འཇུག་ཚུལ་བཤད་པའོ།། དང་པོ་ལ་གཉིས། འཇུག་ཡུལ་གྱི་ངོས་བཟུང་དང་། འཇུག་ཚུལ་གྱི་དབྱེ་བ་བཤད་པའོ།། དང་པོ་ནི།
ཐ་སྙད་འཇུག་པ་རྣམ་གསུམ་ནི། །རྣམ་གྲངས་གཞན་སྦྱོར་ལྷག་བཅས་དང་།།
དུས་འདས་གོ་བའི་ཐ་སྙད་དོ།།
ཞེས་པས་བསྟན་ཏེ། ཐ་སྙད་དུ་འཇུག་པ་རྣམ་གསུམ་ནི། དེ་སྒྲ་དེའི་སྔོན་དུ་ རྣམ་གྲངས་ཚིག་ཟིན་དུ་ གསལ་མི་གསལ་ ཇི་ལྟར་ཡིན་ཡང་། དོན་གྱི་རྣམ་གྲངས་གཞན་ཞིག་མཚོན་དུ་ཡོད་པའི་རྣམ་གྲངས་གཞན་སྦྱོར་དང་། དོན་གྱི་རྣམ་གྲངས་མཚོན་དུ་མེད་པའི་ལྷག་བཅས་ཏེ། དབྱེ་བ་མཚན་ཉིད་པ་གཉིས་དང་། དེ་ཉིད་དུས་འདས་པར་གོ་བའི་ དབྱེ་གཞི་གཅིག་བཅས་གསུམ་དུ་གྲངས་ངེས་པར་འདོད་དོ།།
དེ་ཡང་ཐ་སྙད་ཅེས་པ་ནི། གཞུང་ལུགས་རྣམས་ལས་ བརྡ་དང་ཐ་སྙད་གཉིས་སུ་གསུངས་པའི་ཐ་སྙད་དེ་དངོས་པོ་མེད་པ་ལ་ ནན་གྱིས་བཏགས་པ་ཙམ་ཡིན་པར་གསུངས་ཤིང་། དེ་ཡང་ཤེས་བརྗོད་འཇུག་པའི་ཐ་སྙད་བྱེད་པ་ཡིན་ཞིང་། དབྱེ་བ་འདི་ལའང་ཐ་སྙད་དུ་འཇོག་པའི་རྒྱུ་མཚན་ནི། རྣམ་གྲངས་གཞན་སྦྱོར་ནི། དོན་གཞན་ལ་དེ་ཞེས་ནན་གྱིས་བཏགས་པ་ཙམ་ཡིན་པ་དང་། ལྷག་བཅས་ནི། ཤེས་བརྗོད་རུང་བ་ཙམ་གྱིས་དང་། དུས་འདས་གོ་བ་ནི་ཐུན་མོང་གི་འཇུག་པ་བཏགས་པ་བ་ཙམ་ཡིན་པས་ན། དེ་སྐད་དུ་བརྗོད་པར་ངེས་སོ།།
 གཉིས་པ་འཇུག་ཚུལ་གྱི་དབྱེ་བ་བཤད་པ་ལ་གསུམ། རྣམ་གྲངས་གཞན་ཅན། ལྷག་བཅས། དུས་འདས་གོ་ཚུལ་བཤད་པའོ།། དང་པོ་ནི།
དཔེར་ན་རྣམ་གྲངས་གཞན་སྦྱོར་ནི། །དེ་བཞིན་དེ་ལས་ཀྱང་ནི་མཁས།།
ལྟ་བུ་དཔེ་དང་གང་ཟག་གི །རྣམ་གྲངས་ཤུགས་ལས་གོ་རྒྱུ་དང་།།
མཁས་པ་དེ་ནི་མཆོག་ལྟ་བུ། །རྣམ་གྲངས་ཚིག་ཟིན་ཡོད་པ་དང་།།
ཚིག་ཟིན་ཡོད་དམ་མེད་ཀྱང་རུང་། །རྣམ་གྲངས་གཞན་ཞིག་དེ་སྒྲ་དེར།།
སྦྱར་དགོས་པས་ན་གཞན་སྦྱོར་བཤད།།
ཅེས་པས་བསྟན་ཏེ། རྣམ་གྲངས་གཞན་སྦྱོར་ནི། དཔེར་ན། སྔར་གྱི་དེ་ནི་དེ་མ་ཡིན་ནོ། དེ་ནི་འདི་ལྟ་བུ་ཡོད་པས་དེ་ཡིན་ནོ། དེ་བཞིན་དེ་ལས་ཀྱང་ལེགས་སོ། ལྟ་བུ། རྣམ་གྲངས་ཤུགས་ལས་མཚོན་དུ་ཡོད་པ་དང་། སྔར་དེར་བཅོལ་བའི་གོས་དེ་ཁ་དོག་དེ་མ་ཡིན་ནོ། ངའི་གོས་དེ་མདོག་འདི་ལྟ་བུ་ཡོད་པས་དེ་ཡིན་ནོ། གོས་དེ་བཞིན་དུའམ་དེ་ལས་ཀྱང་ལེགས་སོ། ལྟ་བུ་རྣམ་གྲངས་ཚིག་ཟིན་དུ་ཡོད་པ་དང་།  རྣམ་གྲངས་ཚིག་ཟིན་དུ་ཡོད་དམ་མེད་ཀྱང་རུང་། གང་ལྟར་ཡང་དོན་གྱི་རྣམ་གྲངས་གཞན་ཞིག་ཐ་སྙད་ཀྱི་དེ་སྒྲ་དེར་ ངེས་ཅན་སྦྱར་ནས་གོ་དགོས་པས་ན། རྣམ་གྲངས་གཞན་སྦྱོར་ཞེས་བཤད་པ་ཡིན་ནོ།།

 གཉིས་པ་ལྷག་བཅས་ནི།
ཐ་སྙད་ལྷག་བཅས་དེ་སྒྲ་ནི། །དཔེར་ན་བཤད་དེ་གོ་ལྟར་རོ།།
ཞེས་པས་བསྟན་ཏེ། དེ་སྒྲ་ལྷག་བཅས་ལ་འཇུག་པ་ནི། དཔེར་ན། བཤད་དེ་གོ། བཅད་དེ་ཆོད། བཏུད་དེ་བཀུར། ལྟ་བུའོ།།

གསུམ་པ་དུས་འདས་གོ་ཚུལ་བཤད་པ་ནི།  
དུས་འདས་གོ་བའི་ཐ་སྙད་ནི། །རྣམ་གྲངས་གཞན་གྱི་དེ་སྒྲའི་དོན།།
སྔོན་དུ་སོང་ངམ་བརྗོད་ཟིན་པ། །ཞིག་ལ་བསམ་པས་འདས་པར་གྱུར།
ཐ་སྙད་ལྷག་བཅས་འདི་མ་ཟད། །གོང་གི་ལྷག་བཅས་ཐམས་ཅད་ཀྱང་།།
དོན་ལ་འདས་མ་འདས་ཀྱང་རུང་། །ཚིག་ཙམ་ཐལ་བས་འདས་པར་གོ།
དེ་གཉིས་དུས་འདས་གོ་ཕྱིར་དུ། །དབྱེ་ཡི་འདས་པ་གུད་དུ་མེད།།
ཅེས་པས་བསྟན་ཏེ། རྣམ་གྲངས་གཞན་ཅན་དང་ལྷག་བཅས་གཉིས་པོ་དུས་འདས་པར་གོ་ཚུལ་ནི།  རྣམ་གྲངས་གཞན་སྦྱོར་ནི། དཔེར་ན། སང་གི་ཁ་ཟས་དེ་དེ་རིང་སྟ་གོན་གྱིས་ཤིག། ལྟ་བུའི་ཚིག་སྔོན་དུ་སོང་བའམ། བརྗོད་ཟིན་པ་ཞིག་ལ་བསམ་དགོས་པས་ན། འདས་པར་གྱུར་བ་དང་། ལྷག་བཅས་ཀྱང་ཐ་སྙད་ཀྱི་འདི་མ་ཟད། གོང་གི་ལྷག་བཅས་སྟེ་ཏེ་དེ་གསུམ་ཐམས་ཅད་ཀྱང་དོན་ལ་འདས་ཀྱང་རུང་མ་འདས་ཀྱང་རུང་ཚིག་ཙམ་སྔོན་དུ་ཐལ་ཟིན་པས་ན། འདས་པར་གོ་བ་ཡིན་ནོ།། རྣམ་གྲངས་གཞན་སྦྱོར་དང་ལྷག་བཅས་དེ་གཉིས་དུས་འདས་པ་རུ་ གོ་དགོས་པའི་ཕྱིར། ཐ་སྙད་རྣམ་པ་གསུམ་དུ་དབྱེ་བ་ཡིན་གྱི་ དུས་འདས་པ་ལ་འཇུག་ཚུལ་གྱི་དཔེར་བརྗོད་གུད་དུ་བསྟན་པ་ནི་མེད་པར་ཤེས་དགོས་སོ།།

གཉིས་པ་དངོས་པོ་ལ་འཇུག་ཚུལ་བཤད་པ་ལ་གསུམ། འཇུག་ཚུལ་ངོས་བཟུང་བ། འཇུག་ཚུལ་དཔེར་བརྗོད་པ། དམིགས་བསལ་དོན་བསྡུ་བའོ།། དང་པོ་ནི།
དངོས་པོར་འཇུག་པ་རྣམ་བཞི་ནི། །བདེན་དང་གསང་བའི་དངོས་པོ་དང་།།
བདག་གི་བ་དང་གཞན་དངོས་སོ།།
ཞེས་པས་བསྟན་ཏེ། དངོས་པོའི་དོན་གཙོ་ཆེ་བའི་དབང་དུ་འཇུག་པ་རྣམ་པ་བཞི་ནི། སྐབས་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་བདེན་པའི་དངོས་པོ་དང་། །སྐབས་དོན་གཞན་ལ་དངོས་སུ་མི་སྨྲ་བར་ཟུར་གྱིས་གོ་བའི་ཚིག་སྟོན་པས་གསང་བའི་དངོས་པོ་དང་། བདག་ཉིད་དང་འབྲེལ་བའི་དངོས་པོ་གང་རུང་སྟོན་པ་བདག་གི་བ་ཡི་དངོས་པོ་བསྟན་པ་དང་། ཕ་རོལ་པོའི་གང་ཟག་དང་དངོས་པོ་གང་རུང་སྟོན་པ་གཞན་གྱི་དངོས་པོ་བསྟན་པ་རྣམས། དཔེར་བརྗོད་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

 གཉིས་པ་འཇུག་ཚུལ་དཔེར་བརྗོད་པ་ནི།
དཔེར་ན་དེ་ཡིན་དེ་ཀའོ། །ལྟ་བུ་བདེན་པའི་དངོས་པོ་དང་།།
ཁྱོད་ཀྱི་དོན་དེ་བསྒྲུབས་ཟིན་ཏམ། །ལྟ་བུ་གསང་བའི་དངོས་པོ་དང་།།
བདག་གི་ནོར་དེ་ལེགས་ལྟ་བུ། །བདག་གི་བ་ཡི་དངོས་པོ་དང་།།
མི་དེ་ནོར་དེ་ལྟ་བུ་རྣམས། །གཞན་གྱི་དངོས་སོ་་་
ཞེས་པས་བསྟན་ཏེ། བདེན་པའི་དངོས་པོ་ནི། དཔེར་ན། དེ་ཁོ་ན་ཡིན་ནོ། །དེ་ཀ་ངོ་མའོ། །རབ་འབྱོར་དེ་དེ་བཞིན་ནོ། ཞེས་པ་ལྟ་བུ་དང་། གསང་བའི་དངོས་པོ་ནི། དོན་དེ་བསྒྲུབས་ཟིན་ཏམ། དེ་མ་བརྗེད་པར་བྱོས་ཤིག །ཁྱོད་ཀྱིས་ཟེར་བ་དེ་ངས་སྟེར་རོ། ལྟ་བུ་དང་། བདག་གི་བ་ཡི་དངོས་པོ་ནི། བདག་གི་ཕ་དེ། བདག་གི་མ་དེ། བདག་གི་བུ་དེ། བདག་གི་ནོར་དེ། ལྟ་བུ་དང་། གཞན་གྱི་དངོས་པོ་ནི། གང་ཟག་དེ། ནོར་རྫས་དེ། ཀ་བ་དེ། བུམ་པ་དེ་སོགས། ལྟ་བུ་རྣམས་སོ།།

གསུམ་པ་དམིགས་བསལ་དོན་བསྡུ་བ་ནི།
་་་དེ་དག་བཞིར། །མ་འདུས་པ་ཡི་དངོས་པོ་མེད།།
དེ་བཞིན་རང་རང་ཚིག་གྲོགས་ཀྱི། །སྒོ་ནས་དུས་གསུམ་མཉམ་པར་འཇུག།
ཅེས་པས་བསྟན་ཏེ། དངོས་པོར་འཇུག་པ་དེ་དག་བཞིར་མ་འདུས་པའི་དངོས་པོ་ལོགས་གེ་བ་ཞིག་མེད་ལ། དེ་བཞི་པོ་རང་རང་གི་ཚིག་གྲོགས་ཀྱི་སྒོ་ནས་ དུས་གསུམ་ཀུན་ལ་མཉམ་པར་འཇུག་སྟེ། དཔེར་ན། ཁྱོད་ཀྱིས་སྔར་སྨྲས་པ་དེ་བདེན་པར་སྣང་། ད་རེས་གསུང་བ་ཡང་དེ་བཞིན་བདེན་མོད། ཕྱིས་སུའང་དེ་འདྲ་བདེན་པར་གསུང་རོགས་གནང་། ལྟ་བུས་མཚོན་ཏེ་ཤེས་པར་བྱའོ།།

གསུམ་པ་དུས་ལ་འཇུག་ཚུལ་བཤད་པ་ལ་གཉིས། དངོས་དང་། མཐའ་དཔྱད་བཤད་པའོ།། དང་པོ་ནི།
དུས་ལ་འཇུག་པ་རྣམ་གཉིས་ནི། །འདས་དང་མ་འོངས་པ་ཡི་དུས།།
གཉིས་ལ་འཇུག་པ་ངེས་ཏེ་དཔེར། །སྔོན་དེ་ཕྱི་དེ་ལྟ་བུ་འོ།།
ཞེས་པས་བསྟན་ཏེ། དུས་ཁོ་ན་ཉིད་ཀྱི་དབང་དུ་འཇུག་པ་རྣམ་པ་གཉིས་ནི། འདས་པའི་དུས་དང་། མ་འོངས་པའི་དུས་གཉིས་ལ་འཇུག་པ་ལས། འདས་པ་ལ་འཇུག་པ་ནི། དཔེར་ན། སྔོན་འདས་པའི་བསྐལ་པ་དེ་ལ་སངས་རྒྱས་མར་མེ་མཛད་དེ་ལྟ་བུ་བྱོན། ལྟ་བུ་དང་། ཡང་ ན་ནིང་གི་ལོ་དེ་ལ། ཁ་སང་གི་དུས་དེ་ལ། ལྟ་བུའོ།། མ་འོངས་པ་ལ་འཇུག་པ་ནི། དཔེར་ན། མ་འོངས་པའི་བསྐལ་པ་དེ་ལ་རྒྱལ་བ་བྱམས་པ་དེ་ལྟ་བུ་བྱོན། ལྟ་བུ་དང་། ཡང་ཕྱི་མའི་ལོ་ཚེས་འགྱུར་དེ་ལ། སང་གི་དུས་དེ་ལ།  ལྟ་བུས་མཚོན་ཏེ་ཤེས་པར་བྱའོ།།

གཉིས་པ་མཐའ་དཔྱད་བཤད་པ་ནི།
དངོས་པོའི་ནང་ནས་བདག་རང་དང་། །དུས་ཀྱི་ནང་ནས་ད་ལྟ་བ།།
གཉིས་ལ་འདི་ཞེས་སྦྱོར་བ་ལས། །དེ་སྒྲ་མི་འཇུག་དངོས་གཞན་ཡང་།།
རིང་ལ་དེ་དང་ཉེ་ལ་འདི། །སྦྱར་བའི་གནད་འདི་ཤེས་པར་གཅེས།།
ཞེས་པས་བསྟན་ཏེ། དངོས་པོར་འཇུག་པ་བཞིའི་ནང་ནས། བདག་རང་ཉིད་དང་། དུས་ཀྱི་ནང་ནས། ད་ལྟ་བ་གཉིས་ལ་ འདི་ཞེས་སྦྱར་བ་མ་གཏོགས། དེ་སྒྲ་ གཏན་ནས་མི་འཇུག་སྟེ། དཔེར་ན། བདག་འདི་ལྟ་བུ་ལ། བསམ་པ་འདི་ལྟ་བུ།  ལས་འབྲས་འདི་ལྟ་བུ་བྱུང་ངོ་། ལྟ་བུའོ།། ད་ལྟ་བ་ལ་འཇུག་པ་ནི། དཔེར་ན། ད་ལྟའི་བསྐལ་པ་འདི་ལ་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ལྟ་བུ་བྱོན། ལྟ་བུ་དང་། ད་ལྟའི་ལོ་འདི་ལ། དེ་རིང་གི་ཉི་མ་འདི་ལ། ལྟ་བུའོ།། དེར་མ་ཟད། དངོས་པོ་གཞན་ཡང་ཐག་རིང་ན་གནས་པ་ལ། དེ་ཞེས་སྦྱར་བ་དང་། དྲུང་ན་ཉེ་བར་གནས་པ་ལ།  འདི་ཞེས་སྦྱར་དགོས་ཏེ། དཔེར་ན། དེར་ཁྱོད་སྔར་ཁུལ་དུ་ཡོད་པ་ནས་ཞེས་དང་། འདིར་རང་ཡང་སྔར་མུས་སུ་གནས། ལྟ་བུ་དང་། ཕ་གིའི་རི་དེ་བས་འདི་གའི་རི་འདི་གཏོས་ཆེ། ཁྱོད་ཀྱི་དེ་བས་བདག་གི་འདི་བཟང་ངོ་། ལྟ་བུར་སྦྱར་བའི་གནད་འདི་ཤེས་པར་ཤིན་ཏུ་གཅེས་སོ།། ཞེས་པའི་དོན་ནོ།།

གང་སྒྲ་བཤད་པ།

བཞི་པ་གང་སྒྲ་བཤད་པ་ལ་གཉིས། དངོས་བསྟན་གཞུང་གི་རིམ་པ་དང་། ཤུགས་བསྟན་གཞན་གྱི་གོ་བ་བཤད་པའོ།། དང་པོ་ལ་གཉིས། འཇུག་ཡུལ་གྱི་རྣམ་གྲངས་དང་། འཇུག་ཚུལ་གྱི་དཔེར་བརྗོད་བསྟན་པའོ།། དང་པོ་ནི།
གང་སྒྲ་སྤྱི་ལ་འཇུག་པ་སྟེ། །སྤྱི་སྒྲ་དངོས་དང་བྱེ་བྲག་དང་།།
དྲི་བ་དང་བཅས་གསུམ་ལ་འཇུག།
ཅེས་པས་བསྟན་ཏེ། མིང་ཚིག་གང་རུང་གི་ཐོག་མཐའ་རྣམས་སུ་ ཅི་རིགས་པར་སྦྱོར་བའི་ཚིག་ཕྲད་གང་སྒྲ་ནི། དོན་གྱི་བྱེ་བྲག་གང་ལ་ཡང་དམིགས་སུ་མ་གཟུང་བར་ སྤྱི་ལ་ཁྱབ་པའི་དོན་ཅན་དུ་འཇུག་པ་སྟེ། དེ་ལ་དབྱེ་བ། སྤྱི་སྒྲ་དངོས་དང་། བྱེ་བྲག་དང་། དྲི་བ་བཅས། དོན་ཚན་གསུམ་ལ་འཇུག་པ་རིམ་པས་བསྟན་པར་བྱའོ།།ཞེས་པ་འོ།།

གཉིས་པ་འཇུག་ཚུལ་གྱི་དཔེར་བརྗོད་བསྟན་པ་ནི།
གང་ཞིག་ལྟ་བུ་སྤྱི་སྒྲ་དངོས། །གང་གིས་གསུངས་ན་ཁོ་བོའི་རྗེ།།
ལྟ་བུ་སྤྱི་སྒྲ་བྱེ་བྲག་འཇུག །ལྟ་བ་གང་ཡིན་སྒོམ་པ་གང་།།
ལྟ་བུ་དྲི་བའི་དོན་ལ་འཇུག།
ཅེས་པས་བསྟན་ཏེ། སྤྱི་སྒྲ་དངོས་ནི། དཔེར་ན། གང་ཞིག། གང་དག། གང་ལ། ལྟ་བུ་དང་། དེ་དག་གི་སྔོན་དུ་ཚིག་གྲོགས་སྦྱར་ན། སྐྱེ་བོ་གང་ཞིག། བློ་ལྡན་གང་དག། ཡུལ་དུས་གང་ལ། ལྟ་བུ་དང་། རྗེས་སུ་སྦྱར་ན། གང་ཞིག་ཆོས་ལ་སྤྱོད། གང་དག་ཁྱིམ་ལ་གནས། གང་ལ་ཡང་འགྲོ། ལྟ་བུའོ།། སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་ནི། དཔེར་ན། གང་ཞིག་བཤད་ན་སུམ་རྟགས་སོ། །གང་གིས་བཤད་ན་ཁོ་བོས་སོ། །གང་ལ་བཤད་ན་སློབ་མ་ལའོ། ཞེས་པ་ལྟ་བུའོ།།  སྤྱི་སྒྲ་དྲི་བ་འཇུག་པ་ནི། དཔེར་ན། ཁྱོད་གང་ནས་ཡིན། གང་དུ་འགྲོ། ཆོས་ལུགས་གང་། ལྟ་བ་གང། ལྟ་བུའོ།།

གཉིས་པ་ཤུགས་བསྟན་གཞན་གྱི་གོ་བ་བཤད་པ་ནི།
གཞན་ཡང་ཅི་ཇི་སུ་རྣམས་ལ། །སྤྱི་སྒྲ་འཇུག་པ་ཡོད་ན་ཡང་།།
ཅི་ནི་ཕལ་ཆེར་དྲི་བའི་སྒྲ། །ཞིག་སྟེ་སླད་འདྲ་ཕྱིར་ལའཇུག།
ཇི་ནི་མང་ཚིག་དུས་དང་དཔེ། །སྙེད་སྲིད་ལྟར་བཞིན་སྐད་ལ་འཇུག།
སུ་ནི་གང་ཟག་མ་གཏོགས་པ། །བེམས་པོའི་དོན་ལ་མི་འཇུག་གོ།།
ཞེས་པས་བསྟན་ཏེ། གཞན་ཡང་གཞུང་ལས་དངོས་སུ་མ་བསྟན་ཀྱང་། ཅི་ཇི་སུ་རྣམས་གང་སྒྲ་དང་མཚུངས་པར་འཇུག་པའང་ཡོད་དེ། དཔེར་ན། གང་ཅི་ཡང་རུང་། གང་ཇི་སྙེད་པ། གང་སུ་ཡང་རུང། ལྟ་བུ། སྤྱི་སྒྲ་དངོས་ལ་འཇུག་པ་དང་།  ཅི་བསམ་པ་ཡིད་བཞིན་འགྲུབ། ཇི་དགོས་པ་རང་གིས་ཚང་། སུ་ཡང་གྲོགས་སུ་རུང། ལྟ་བུ། བྱེ་བྲག་ལ་འཇུག་པ་དང་། མིང་ཅི་ཟེར། ལོ་ཇི་ཙམ་སོང་། བླ་མ་སུ། ལྟ་བུ། དྲི་བ་འཇུག་པའོ།། དེ་རྣམས་ལ་སྤྱི་སྒྲ་ཅི་རིགས་པར་འཇུག་པ་ཡོད་ན་ཡང་། ཅི་ནི་ཕལ་ཆེར་དྲི་བའི་སྒྲར་འཇུག་སྟེ། དཔེར་ན། ཅི་ཞིག་ཡོད། ཅི་སྟེ་འཛིན། ཅི་སླད་འགྲོ། ཅི་འདྲ་མཐོང་། ཅི་ཕྱིར་འོང་། ལྟ་བུའོ། །ཇི་ནི་མང་ཚིག་དང་དུས་དང་དཔེ་དོན་རྣམས་ལ་འཇུག་སྟེ། དཔེར་ན། དངོས་པོ་ཇི་སྙེད་པ། དུས་ཇི་སྲིད་དུ། དཔེ་ཇི་ལྟར་ན། དོན་ཇི་བཞིན་པ། ལུང་ཇི་སྐད་དུ། ཞེས་པ་ལྟ་བུའོ།། སུ་ནི། དཔེར་ན། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། ཞེས་པ་ལྟ་བུ་ཤེས་ལྡན་གྱི་གང་ཟག་ཁོ་ནར་མ་གཏོགས་བེམས་པོ་སོགས་དོན་གཞན་ལ་གཏན་ནས་མི་འཇུག་གོ། སྐབས་འདིར་ དེང་སང་གི་མཁས་དབང་དུ་གྲགས་པ་འགའ་ཞིག་གིས་ སྤྱོད་འཇུག་གི་ལུང་དྲངས་ནས་སུ་ནི་གང་ཟག་ཁོ་ན་ལ་འཇུག་པ་བརྟག་པའི་གཞིར་མཛད་མོད་ཀྱི་འོན་ཀྱང་དེ་ནི་མི་མཐུན་ཕྱོགས་ཉོན་མོངས་ཅན་གྱི་སེམས་ལ་དགོངས་པ་ཡིན་པས་གང་ཟག་གི་ངེས་ཚིག་དང་ཡང་མཐུན་ཞིང་བརྟག་མི་དགོས་སོ།།

བདག་སྒྲ་བཤད་པ།

ལྔ་པ་བདག་སྒྲ་བཤད་པ་ལ་བཞི། དངོས་བསྟན་གཞུང་གི་རིམ་པ། ཤུགས་བསྟན་གཞན་གྱི་འདོད་པ།  བདག་དང་མིང་མཐའི་ཁྱད་པར། མིང་མཐའ་དངོས་བཤད་པའོ།། དང་པོ་ནི།
པ་པོ་གཉིས་ནི་བདག་པོའི་སྒྲ། །རྗེས་འཇུག་སྒྲ་ལ་ལྟོས་པ་མིན།།
ཞིང་པ་བྱེད་པོ་ལྟ་བུའོ། །མ་མོ་པུ་ལིང་སྒྲ་མེད་ཀྱང་།།
ཆང་མ་འབྱིན་པ་མོ་ལྟ་བུ། །བདག་པོའི་དོན་སྟོན་རུང་བར་བཤད།།
ཅེས་པས་བསྟན་ཏེ། མིང་ཚིག་གང་རུང་གི་མ་མཐའ་རྣམས་སུ་སྦྱོར་བའི་ཚིག་ཕྲད། པ་དང་པོ་གཉིས་ནི། གང་ཟག་གང་ལཆོས་གང་དང་ལྡན་པར་སྟོན་པའི་སྒོ་ནས་བདག་པོའི་དོན་གསལ་བར་གོ་ནུས་པའི་ཕྱིར། བདག་སྒྲ་ཞེས་བཤད་དོ། དེ་ཡང་ཕྲད་རང་དབང་ཅན་ ཡིན་ཕྱིར། རྗེས་འཇུག་གི་སྒྲ་ལ་མི་ལྟོས་པར་ཁྱབ་མཉམ་དུ་འཇུག་སྟེ། དཔེར་ན། འབྲོག་པ། ཞིང་པ། ནད་པ། གཤན་པ། གྲུབ་ཐོབ་པ། ཁྱིམ་པ། མདའ་པ། གསེར་པ། དྲེལ་པ། ཆོས་པ། རྟ་པ། བྱེད་པ་པོ། ལེན་པ་པོ། ལྟ་བུའོ། །མ་མོ་གཉིས་ལ་པུ་ལིངྒ་སྟེ། སྐྱེས་བུའི་རྟགས་མཚོན་པའི་སྒྲ་མེད་པས། སྐབས་འདིའི་དངོས་བསྟན་མིན་ཀྱང་བདག་པོའི་དོན་སྟོན་རུང་བ་ཡིན་ཏེ། དཔེར་ན། གླུ་མ། གར་མ། གཡོས་མ། ལག་བདེ་མ། ཆང་ཚོང་མ། བུ་རྫི་མ། འབྱིན་པ་མོ། གཏོང་བ་མོ། ལེན་པ་མོ། ལྟ་བུའོ།།

གཉིས་པ་ཤུགས་བསྟན་གཞན་གྱི་འདོད་པ་ནི 
ཅན་ལྡན་བདག་སྒྲ་མི་རུང་སྟེ། །བདག་སྒྲ་ཤེས་ཅན་ཉིད་ལས་གཞན།།
བེམས་པོར་འཇུག་པ་མེད་ཕྱིར་རོ།།
ཞེས་པས་བསྟན་ཏེ། འདི་ལ་འགའ་ཞིག་གིས། ཅན་ལྡན་གཉིས་ཀྱང་བདག་སྒྲ་དངོས་སུ་འདོད་དེ། དཔེར་ན། མི་འབྱོར་པ་ཅན། འབྱོར་ལྡན། དད་ཅན། དད་ལྡན། ནོར་ཅན། ནོར་ལྡན། སོགས་ཀྱི་དོན་ལ་བསམས་ནས་བདག་སྒྲར་འདོད་པ་ལྟར་ན། དེ་འདྲའི་རིགས་མང་པོ་ཡོད་དེ། དཔེར་ན། རས་ཁྲ་ཅན། རས་བཅོས་ལྡན། རྡོ་རིས་མོ་ཅན། ཤིང་འབྲས་ལྡན། སྒྲོམ་ཚོན་ཅན། གོས་ལེགས་ལྡན། གཞུ་ཤན་ཅན། མདའ་སྒྲོ་ལྡན། སོགས་ཅན་ལྡན་གྱི་འཇུག་པ་ཡོད་ཚད་ བདག་སྒྲར་འདོད་དགོས་ཏེ། ཆོས་གང་ཞིག་གང་ལ་ལྡན་པའམ་ཡོད་པའི་ཆ་ནས་མཚུངས་པའི་ཕྱིར་རོ།། དེ་ལྟར་འཐད་པ་ཉིད་དུ་འདོད་ན་ཡང་།  ཅན་ལྡན་བདག་སྒྲར་མི་རུང་སྟེ། བདག་སྒྲ་ནི། ཤེས་ཅན་གྱི་གང་ཟག་ཁོ་ནར་འཇོག་པ་མ་གཏོགས། གཞན་བེམས་པོའི་དོན་ལ་འཇུག་པའི་ཐ་སྙད་གཞུང་ལས་མ་བསྟན་པའི་ཕྱིར་རོ།། དེས་ན། ཅན་ལྡན་འཇུག་པ་ དེ་རྣམས་ནི་ཁྱད་གཞི་དེ་དང་དེ་ལ་ ཁྱད་ཆོས་དེ་དང་དེ་ ཡོད་པ་ཙམ་གྱིས་བདག་དང་མཚུངས་པའི་ཆ་ནས་ བདག་སྒྲའི་རྗེས་མཐུན་ཙམ་དུ་རིག་པར་བྱའོ།།

གསུམ་པ་བདག་དང་མིང་མཐའི་ཁྱད་པར་ནི།  
རིག་པ་པོ་དང་ཕྱུང་བ་མོ། །ལྟ་བུ་པ་བ་མིང་མཐའ་དང་།།
པོ་མོ་གཉིས་ནི་བདག་སྒྲར་གོ།།
ཞེས་པས་བསྟན་ཏེ། དེ་ལ་བདག་དང་མིང་ མཐའི་ཁྱད་པར་ཡང་། དཔེར་ན། རིག་པ་པོ། མཛད་པ་པོ། འཆབ་པ་པོ། ཐོས་པ་པོ། ཉན་པ་པོ། སྐོམ་པ་པོ། ཡོད་པ་པ། མེད་པ་པ། འགྲོ་བ་པོ། འོང་བ་པོ། ཕྱུང་བ་མོ། གཏོང་བ་མོ། ལྟ་བུ་རྣམས་ལ་ སྔོན་ནས་ཡོད་པའི་པ་དང་བའི་སྒྲ་རྣམས་མིང་མཐའ་ཡིན་པས་བདག་པོའི་དོན་སྟོན་མི་ནུས་ཤིང་། ཕྱིས་སུ་ཆེད་དུ་སྦྱོར་བའི་པོ་དང་མོ་རྣམས་ནི་ བདག་སྒྲ་སྟོན་བྱེད་ཡིན་པར་གོ་ཞིང་ རིག་པར་བྱའོ།།

བཞི་པ་མིང་མཐའ་དངོས་བཤད་པ་ནི།  
པ་དང་བ་ཡི་མིང་མཐའ་ཡང་། །ག་ད་བ་ས་ན་མ་དང་།།
ད་དྲག་ཅན་གྱི་མཐའ་རུ་པ། །ང་འ་ར་ལ་མཐའ་མེད་བ།།
སྦྱར་བ་འདི་ཡིས་མིང་མཐའ་དང་། །བདག་སྒྲ་སོ་སོར་ངེས་པར་བྱ།།
ཞེས་པས་བསྟན་ཏེ། །རྗེས་འཇུག་ལ་ལྟོས་བཅས་ཀྱི་ཚིག་ཕྲད། པ་དང་བ་ཡི་མིང་མཐའ་སྦྱོར་ཡང་ཞར་ལས་བཤད་པར་བྱ་སྟེ། སྒྲ་མཐུན་དང་བརྗོད་དེ་ཅི་རིགས་པའི་སྒོ་ནས་སྦྱོར་བ་ལས། རྗེས་འཇུག། ག་ད་བ་ས་ན་མ་དང་ད་དྲག་ཅན་རྣམས་ཀྱི་མཐར་པ་སྦྱར་བ་དང་། རྗེས་འཇུག་ང་འ་ར་ལ་དང་མཐའ་རྟེན་མེད་པ་རྣམས་ལ་བ་སྦྱར་བ་སྟེ། དཔེར་ན། རྟག་པ། ཡོད་པ།ཆུབ་པ། ཤེས་པ། ཡིན་པ། བསམ་པ། གྱུརད་པ་སོགས་དང་། གང་བ། མངའ་བ། འཆར་བ། མཇལ་བ། སྤྲོ་བ། ལ་སོགས་ལྟ་བུའོ། གཞན་ཡང་མིང་མཐའ་དང་བདག་སྒྲ་གཉིས་ཀ་མ་ཡིན་པའི་བརྗོད་བདེ་ འདྲེན་པ་ཡང་མང་དུ་ཡོད་དེ། དཔེར་ན། རྐང་པ། ཁང་པ། ངང་པ། སྟོང་པ། གདོང་པ། ཆར་པ། ཕོར་པ། བར་པ། གསར་པ། རྐྱལ་པ། ཚལ་པ། མཆིལ་པ། ཟིལ་པ། རལ་པ། སོགས་ལྟ་བུའོ། དེ་ལྟར་སྦྱར་བ་འདིས་ད་ལྟའི་མིང་མཐའ་རྣམས་དང་གོང་གི་བདག་སྒྲ་མ་ནོར་བར་སོ་སོར་ངེས་པར་བྱའོ།།

དགག་སྒྲ་བཤད་པ།

དྲུག་པ་དགག་སྒྲ་བཤད་པ་གཉིས། འཇུག་ཡུལ་ངོས་བཟུང་བ་དང་། འཇུག་ཚུལ་དཔེར་བརྗོད་བསྟན་པའོ།།  དང་པོ་ནི།
མ་མི་གཉིས་ནི་དགག་སྒྲ་སྟེ། །རྩ་བའི་ཚིག་གིས་མ་བསྟན་པ།།
དོན་གྱིས་སོང་བའི་མེད་མིན་ཀྱང་། །དེ་དང་འབྲེལ་བའི་དགག་སྒྲར་འགྱུར།།
ཞེས་པས་བསྟན་ཏེ། མིང་ཚིག་གང་རུང་གི་ཐོག་མར་སྦྱར་བའི་སྦྱར་བའི་ཚིག་ཕྲད། མ་དང་མི་གཉིས་ནི། དགག་སྒྲའི་ཡུལ་གྱི་དོན་དེ་མ་ཡིན་པར་སྟོན་པའི་ཕྱིར། དགག་པའི་སྒྲ་ཞེས་བཤད་དོ།། ཡང་རྩ་བའི་ཚིག་གིས་དངོས་སུ་མ་བསྟན་པ་ དོན་གྱི་དགག་བྱ་འགོག་ནུས་ཀྱི་ཚིག་ཏུ་གྲུབ་པའི་ཚིག་ཕྲད། མེད་དང་མིན་གཉིས་ཀྱང་ དགག་སྒྲ་རུ་འགྱུར་བ་ཡིན་ནོ།།

གཉིས་པ་འཇུག་ཚུལ་དཔེར་བརྗོད་བསྟན་པ་ནི།
དཔེར་ན་མ་སྐྱེས་མི་འགག་དང་། །ཡོད་མིན་གྲུབ་པ་མེད་ལྟ་བུ།།
མ་མི་ཐོག་མར་མིན་མེད་འཇུག །སྦྱར་བ་འདི་ཡི་ཁྱད་པར་རོ།།
ཞེས་པས་བསྟན་ཏེ། མ་མི་གཉིས་ནི། དཔེར་ན། མ་སྐྱེས། མ་མཐོང་། མ་ཐོས། མ་ཤེས། མ་ནོར། མ་འཁྲུལ། མ་འགལ། ལྟ་བུ། གཙོ་བོ་བྱས་ཟིན་དགག་པ་དང་། མི་འགག མི་མཐོང་། མི་ཐོས། མི་ཤེས། མི་ནོར། མི་འཁྲུལ། མི་འགལ། ལྟ་བུ། གཙོ་བོ་བྱ་འགྱུར་འགག་པའོ།། མེད་མིན་གཉིས་ནི། དཔེར་ན། བཟུང་བ་མེད། འཛིན་པ་མེད། ལྷ་མེད། འདྲེ་མེད། ལྟ་བུ་དང་། རྟག་པ་མིན། མི་རྟག་པའང་མིན། ཡོད་པ་མིན། མེད་པའང་མིན། ལྟ་བུ། གཙོ་བོ་བྱེད་བཞིན་པའི་དགག་ཚིག་ཏུ་མངོན་ནོ།། དེ་ཡང་མ་མི་གཉིས་མིང་གི་ཐོག་མར་སྦྱར་བ་གཞུང་གིས་དངོས་བསྟན་དང་། མེད་མིན་གཉིས་མིང་གི་མཇུག་ཏུ་སྦྱར་བ་ནི། རྩ་བའི་ཚིག་གིས་དངོས་སུ་མ་བསྟན་ཀྱང་སྤྱིར་དགག་སྒྲ་ཡིན་པ་ནི་ འདིའི་ཁྱད་པར་རོ།།

ཚིག་ཕྲད་ཅིང་སོགས་བཤད་པ།

གསུམ་པ་ཞར་འབྱུང་ཟུར་རྒྱན་གྱི་ཉེར་མཁོ་བཤད་པ་ལ་གཉིས། ཚིག་ཕྲད་ཅིང་སོགས་བཤད་པ་དང་། དེའི་དཔེར་བརྗོད་པའོ།། དང་པོ་ནི།
གཞན་ཡང་ཞར་ལས་རྟོགས་དགོས་པའི། །ཉེར་མཁོའི་ཚིག་ཕྲད་ཅིང་སོགས་ནི།།
ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག།
ང་ན་མ་འ་ར་ལ་དང་། །མཐའ་རྟེན་མེད་པའི་མིང་མཐའ་རུ།།
ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ས་མཐར་དམིགས་གསལ་ཞེས་མ་གཏོགས།།
ཤིང་ཤིག་ཤེ་འོ་ཤེ་ན་སྦྱར།།
ཞེས་པས་བསྟན་ཏེ། གཞན་ཡང་ཞར་ལས་ངེས་པར་རྟོགས་དགོས་པའི་ཚིག་ཕྲད་ལྷག་བཅས་དང་མཚུངས་པ་འང་འགའ་ཞིག་ཡོད་དེ། མིང་ཚིག་སྔ་ཕྱི་མཚམས་སྦྱོར་བ་ལ་ཉེ་བར་མཁོ་བའི་ ལྟོས་བཅས་ཀྱི་ཚིག་ཕྲད་ ཅིང་ལ་སོགས་པ་རྣམས་ སྒྲ་མཚུངས་དང་བརྗོད་བདེ་ཅི་རིགས་པའི་སྒོ་ནས་བསྟན་པ་ནི། རྗེས་འཇུག་ག་ད་བ་དང་ད་དྲག་ཅན་རྣམས་ཀྱི་མཐར་ ཅིང་ཅེས་ཅེ་འོ་ཅེ་ན་ཅིག་ སྦྱར་བ་དང་། རྗེས་འཇུག་ག་ན་མ་འར་ལདང་མཐའ་རྟེན་མེད་པ་རྣམས་ཀྱི་མིང་མཐར་ཞིང་ཞེས་ཞེ་འོ་ཞེ་ན་ཞིག་སྦྱར་བ་དང་། རྗེས་འཇུག་ས་ཡི་མཐར་ཤེས་སྦྱར་ན་བློ་ཡི་ཤེས་པ་དང་ནོར་བ་དགོངས་ནས་དམིགས་བསལ་ཞེས་སྦྱར་བ་མ་གཏོགས། གཞན་ཤིང་ཤེ་འོ་ཤེ་ན་ཤིག་སྦྱར་བ་རྣམས་ཡིན་ནོ།།

གཉིས་པ་དེ་རྣམས་རིམ་པ་བཞིན་དུ་དཔེར་བརྗོད་པ་ནི།
རིག༌ཅིག༌རྟོག༌ཅེས༌དགུག༌ཅེའོ། །གང༌དགུག༌ཅེ༌ན༌གཡང༌ཁུག༌ཅིག།
དད༌ཅིང༌འདུད༌ཅེས༌བཤད༌ཅེ༌འོ། །ཅི༌བཤད༌ཅེ༌ན༌ཆོས༌ཤོད༌ཅིག།
ཟབ༌ཅིང༌ཐོབ༌ཅེས༌ཕོབ༌ཅེ༌འོ། །གང༌ཕོབ༌ཅེ༌ན༌བྱིན༌ཕོབ༌ཅིག།
མཁྱེན༌ཅིང༌བསྟན༌ཅེས༌མཉན༌ཅེ༌འོ། །ཅི༌མཉན༌ཅེ༌ན༌ཆོས༌ཉོནད༌ཅིག།
མཐོང༌ཞིང༌བྱུང༌ཞེས༌མྱོང༌ཞེ༌འོ། །གང༌མྱོང༌ཞེ༌ན༌དོན༌མྱོང༌ཞིག།
སྙན༌ཞིང༌སྟོན༌ཞེས༌ཡིན༌ཞེ༌འོ། །ཅི༌ཡིན༌ཞེ༌ན༌དོན༌ཞིག༌གོ།།
བཀྲམ༌ཞིང༌གོམ༌ཞེས༌བསམ༌ཞེ༌འོ། །གང༌བསམ༌ཞེ༌ན༌ལམ༌ཞིག༌གོ།
མངའ༌ཞིང༌བཟའ༌ཞེས༌དགའ༌ཞེ༌འོ། །སུ༌དགའ༌ཞེ༌ན༌འགའ༌ཞིག༌གོ།
དར༌ཞིང༌འཕྱུར༌ཞེས༌གཏོར༌ཞེའོ། །གང༌གཏོར༌ཞེ༌ན༌འབྲུ༌འཐོར༌ཞིག།
ངལ༌ཞིང༌ཉུལ༌ཞེས༌ཚོལ༌ཞེ༌འོ། །ཅི༌ཚོལ༌ཞེ༌ན༌ནོར༌ཚོལ༌ཞིག།
བདེ༌ཞིང༌སྤྲོ༌ཞེས༌སྨྲ༌ཞེ༌འོ།། སྨྲ༌འོ༌ཞེ༌ན༌ མ༌སྨྲ༌ཞིག།
འདུས༌ཤིང༌ཚོགས༌ཞེས༌ཐོས༌ཤེ༌འོ། །གང༌ཐོས༌ཤེ༌ན༌ཆོས༌ཤིག་གོ།
 ལྟ༌བུ༌སྦྱར༌བས༌ ཤེས༌པར༌བྱའོ།།

གདམས་ངག་བརྗོད་པས་མཇུག་བསྡུ་བ།

གཉིས༌པ་དགོས༌པ༌བརྗོད༌པས་ མཇུག༌བསྡུ༌བ༌ལ༌གཉིས།  དེ༌ལ༌བརྩོན༌པའི༌ དགོས༌པ༌དང༌། འདི༌བརྩམས༌པའི༌དགོས༌པའོ། དང༌པོ༌ནི།
ཚུལ༌འདི༌ཡང༌དག༌དཔྱད༌གྱུར༌ན། །བརྡ༌སྤྲོད༌འཕྲུལ༌གྱི༌ལྡེ༌མིག༌གིས།།
གཞུང༌ལུགས༌ཀུན༌གྱི༌སྒོ༌འབྱེད༌ནས། །དེ༌ཚེ༌མཁས༌པའི༌མཆོག༌ཏུ༌འགྱུར།།
ཞེས༌པས༌བསྟན༌ཏེ། དེ༌ལྟར༌ཕྲད༌དང༌རྣམ༌དབྱེ༌ལ༌སོགས༌པའི༌ ཡི༌གེ༌སྦྱོར༌བ༌བཤད༌ མ༌ཐག༌པའི༌ ཚུལ༌འདི༌ལ༌གུས༌སྦྱོར༌དང༌རྟག༌སྦྱོར༌གྱི༌ བརྩོན༌འགྲུས༌དང༌། སྐྱེས༌ སྦྱངས༌ སྤོབས༌པའི༌ཤེས༌རབ་ཀྱིས་ཡང་དག་པར་དཔྱད་དེ་རྟོགས་པར་གྱུར་ན། ཐ་སྙད་མིང་ཚིག་གི་ཡིག་སྦྱོར་བརྡ་སྤྲོད་པའི་ བསྟན་བཅོས་འཕྲུལ་གྱི་ལྡེ་མིག་ལྟ་བུ་འདི་ཉིད་ཀྱིས། བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ཀུན་གྱི་སྒོ་བརྒྱ་ཅིག་ཅར་དུ་འབྱེད་ནས་ཟབ་དོན་རིན་ཆེན་མཛོད་ལ་མངའ་བར་འགྱུར་བ་དེའི་ཚེ། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བགྱི་བ་གང་ལ་ཡང་ གཞན་དྲིང་མི་འཇོག་པར་མཁས་པའི་མཆོག་ཏུ་འགྱུར་བའི་དགོས་པ་ཁྱད་པར་ཅན་མཐོང་ནས་ ཤེས་ལྡན་རྣམས་ཀྱིས་ཐོག་མར་འདི་ལ་བརྩོན་པར་མཛོད་ཅིག་ཅེས་པའོ།།

གཉིས་པ་འདི༌བརྩམས༌པའི༌དགོས༌པ་ནི།
སྙིགས་མའི་རང་མཚང་ངོམ་དུས་འདིར། །ཡོན་ཏན་དོན་གཉེར་མེད་ལགས་ཀྱང་།།
བློ་ཆུང་ཞུམ་པ་སྤོང་ཕྱིར་དུ། །ཉུང་ངུའི་ངག་གིས་སྤེལ་བའོ།།
ཞེས་པས་བསྟན་ཏེ། དེང་སང་སྙིགས་མ་ལྔ་བདོ་བའི་རང་མཚང་མངོན་སུམ་དུ་ངོམ་ནས་དམ་ཆོས་ལམ་ཁའི་ས་རྡོ་བཞིན་དུ་གང་བྱུང་རྩིས་མེད་བྱས་པའི་དུས་ཚོད་འདིར། ཐོས་བསམ་སྒོམ་པའི་ཡོན་ཏན་ལ་དོན་དུ་གཉེར་ནས་བརྩོན་པའང་ཉིན་སྐར་ལས་ཀྱང་དཀོན་པ་དང་། འགའ་ཞིག་བརྩོན་འདོད་ཡོད་པ་ལགས་ཀྱང་ཤེས་རབ་ཆུང་བའི་དབང་གིས་ཚེགས་ཆུང་ངུས་ཤེས་ན་མ་གཏོགས་ཚེགས་ཆེན་གྱིས་གཞུང་རྒྱ་ཆེན་པོ་ལ་བརྩོན་མི་ནུས་པར་བག་ཁུམས་ནས་གྱི་ནར་གནས་པ་རྣམས་ཀྱི་ཞུམ་པ་སྤོང་བའི་ཆེད་དུ་ཁོ་བོ་དགེ་འདུན་རིན་ཆེན་པས་བརྗོད་བྱའི་དོན་ ཡོངས་སུ་ཚང་ཞིང་རྗོད་བྱེད་ཚིག་ཉུང་ངུའི་ངག་གིས་སྤེལ་བ་ལ་ ཚིག་འགྲེལ་ཀྱང་རུས་སྦལ་འགྲོས་བཤད་ཀྱིས་བཀྲལ་བ་ཡིན་ནོ་ཞེས་པ་འོ། སླར་སྨྲས་པ། ལེགས་བཤད་པདྨ་འཛུམ་པའི་དྲི་བསུང་ལ། །བཙོག་སྣང་བྱེད་ནས་སྣ་བུག་བསུབས་མི་དགོས། །བློ་ལྡན་བུང་བ་དགའ་བས་བརྩོན་མཐོང་ན། །དོན་བཟང་ཟིལ་མངར་ལྡན་པར་གོར་མ་ཆག། ཅེས་བར་གྱི་ཚིགས་སུ་བཅད་པའོ།། །།



















རྟགས་ཀྱི་འཇུག་པ།

༈ ད་ནི་རྩ་བའི་ས་བཅད་གཉིས་པ། རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། ངོ་བོ་མདོར་བསྟན་པ། དབྱེ་བ་རྒྱས་པར་བཤད་པ། དགོས་པ་བསྟན་པས་མཇུག་བསྡུ་བའོ།། དང་པོ་ནི།
ད་ནི་རྟགས་ཀྱི་འཇུག་པ་ཡི། །སྙིང་པོ་མདོ་ཙམ་བསྟན་པར་བྱ།།
ཞེས་པས་བསྟན་ཏེ། སུམ་ཅུ་པའི་རྣམ་གཞག་ཡན་ལག་དང་བཅས་པ་གོང་དུ་བཤད་ཟིན་ནས་ད་ནི། སྔོན་རྗེས་མིང་གསུམ་གྱི་ཡི་གེའི་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་དང་། དེའི་འཇུག་ཚུལ་བརྗོད་བྱ་དོན་གྱི་སྙིང་པོ་ཡོངས་སུ་བསྡུས་ནས་ རྗོད་བྱེད་ཀྱི་ཚིག་མདོརབསྡུས་པ་འདི་སླར་ཡང་ཚིག་དོན་རྣམ་པར་དགྲོལ་བར་བྱའོ།། ཞེས་པ་འོ།།

དབྱངས་གསལ་གྱི་རྟགས

གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་བཞི། དབྱངས་གསལ་གྱི་རྟགས་ངོས་བཟུང་བ། མིང་གཞི་གསལ་བྱེད་སུམ་ཅུའི་རྟགས་དབྱེ་བ། སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ། རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པའོ།།
དང་པོ་ནི།
སྤྱིར་ནི་དབྱངས་ཡིག་ཨི་སོགས་བཞི། །ཤེས་རབ་རང་བཞིན་མོ་ཡིག་དང་།།
གསལ་བྱེད་ཀ་སོགས་སུམ་ཅུ་ནི། །ཐབས་ཀྱི་རང་བཞིན་ཕོ་རུ་བཟུང་།།
ཞེས་པས་བསྟན་ཏེ། སྤྱིར་བོད་ཀྱི་ཡི་གེ་ལ་དབྱངས་ཡིག་མཚོན་བྱེད་ གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ། བཞི་ནི། གསལ་བྱེད་སུམ་ཅུའི་སྲོག་ཏུ་ཞུགས་རུང་བས་ན་ ཤེས་རབ་སྟོང་པའི་རང་བཞིན་མོའི་ཡི་གེ་རུ་ངོས་བཟུང་བ་དང་། གསལ་བྱེད་ཀ་སོགས་སུམ་ཅུ་པོ་རྣམས་ནི། དེ་ལྟར་ཡི་གེ་གཞན་གྱི་སྲོག་ཏུ་ཞུགས་བྱ་ རིན་པས་སྣང་བ་ ཐབས་ཀྱི་རང་བཞིན་ཕོའི་ཡི་གེ་རུ་ངོས་བཟུང་བར་བྱའོ།། ཞེས་པ་འོ།
གཉིས་པ་མིང་གཞི་གསལ་བྱེད་སུམ་ཅུའི་རྟགས་དབྱེ་བལ་གཉིས། མདོར་བསྟན་པདང་། རྒྱས་པར་བཤད་པའོ། དང་པོ་ནི།
མིང་གཞི་གསལ་བྱེད་སུམ་ཅུ་པོ། །ནང་གསེས་ཕོ་མོ་ལྔ་རུ་དབྱེ།།
ཞེས་པས་བསྟན་ཏེ། དེ་ལ་ཕོའི་ཡི་གེ་འབའ་ཞིག་ཏུ་གནས་པའི་མིང་གཞི་གསལ་བྱེད་སུམ་ཅུ་པོ་དེ་རྣམས་ནང་གསེས་ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་སྟེ། སྡེ་ཚན་ལྔ་རུ་དབྱེ་བར་བྱའོ།། ཞེས་པ་འོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དབྱེ་བ་དངོས་དང་། དབྱེ་བའི་རྒྱུ་མཚན། རྫས་སུ་བསྡུ་ཚུལ་བཤད་པའོ།། དང་པོ་ནི།
ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་།།
ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ།།
ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་སྟེ།།
ཨ་ནི་མཚན་མེད་ཅེས་ཀྱང་བྱ།།
ཞེས་པས་བསྟན་ཏེ། ཇི་ལྟར་དབྱེ་ན། ཀ་ཅ་ཏ་པ་ཙ་རྣམས་ཕོའི་ཡི་གེ་དང་། ཁཆ་ཐ་ཕ་ཚ་རྣམས་མ་ནིང་གི་ཡི་གེ་དང་། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་མོའི་ཡི་གེ་དང་། ང་ཉ་ན་མ་རྣམས་ཤིན་ཏུ་མོའི་ཡི་གེ་དང་། ར་ལ་ཧ་རྣམས་ནི་ མོ་གཤམ་གྱི་ཡི་གེ་ཡིན་པ་སྟེ། ཨ་ནི་མོ་གཤམ་གྱི་ཡི་གེ་ཡིན་པ་མ་ཟད། མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བརྗོད་པར་བྱའོ།། དེས་ན་ཕོའི་ཡི་གེ་ལྔ། མ་ནིང་གི་ཡི་གེ་ལྔ། མོའི་ཡི་གེ་བཅུ་གཉིས། ཤིན་ཏུ་ཤོའི་ཡི་གེ་བཞི། མོ་གཤམ་གྱི་ཡི་གེ་བཞི་ཡོད་པ་ཡིན་ནོ།།

 གཉིས་པ་དབྱེ་བའི་རྒྱུ་མཚན་ནི།
སྡེ་ཚན་ལྔ་རུ་དྲིལ་བའི་ཚུལ། །ངག་ནས་བརྗོད་ཚེ་སྐྱེས་གནས་ལ།།
བྱེད་རྩོལ་ཆེ་ཆུང་འགྲིམས་ལྷོད་ཀྱིས། །ཤུགས་ཆེར་འགྲིམས་པ་རྣམས་ལ་ཕོ།།
རན་པ་མ་ནིང་ཅུང་ལྷོད་མོ། །དེ་ལས་ལྷོད་པར་ཤིན་ཏུ་མོ།།
ཤིན་ཏུ་ལྷོད་ཞན་མོ་གཤམ་སྟེ། །ཨ་ནི་མོ་གཤམ་དེ་བཞིན་དང་།།
དེ་ལས་ཀྱང་ནི་རྩོལ་ཞན་ཕྱིར། །མཚན་མེད་ཡི་གེའི་རྣམ་པར་གཞག།
ཅེས་པས་བསྟན་ཏེ། གསལ་བྱེད་དེ་དག་ཕོ་མོ་སྡེ་ཚན་ལྔ་རུ་ དྲིལ་བའི་རྒྱུ་མཚན་ནམ་ཚུལ་ཇི་ལྟར་ཡིན་ཅེ་ན། ཡི་གེ་དེ་རྣམས་ངག་ནས་བརྗོད་པའི་ཚེ། སོ་སོའི་སྐྱེ་གནས་མགྲིན། སོ། མཆུ། རྐན། སོགས་ལ་བྱེད་རྩོལ་སྒྲ་ཤུགས་ཆེ་ཆུང་འགྲིམས་ལྷོད་ཀྱི་དབང་གིས། ཤུགས་ཆེར་འགྲིམས་པ་རྣམས་ལ་ཕོའི་ཡི་གེ་དང་། ཤུགས་རན་པ་རྣམས་ལ་མ་ནིང་གི་ཡི་གེ་དང་། ཤུགས་ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་ལ་མོའི་ཡི་གེ་དང་། དེ་ལས་ཤུགས་ཆུང་བ་འམལྷོད་པ་རྣམས་ལ་ཤིན་ཏུ་མོའི་ཡི་གེ་དང་། ཤིན་ཏུ་ལྷོད་ཅིང་ཞན་པ་རྣམས་ལ་མོ་གཤམ་གྱི་ཡི་གེ་རུ་བཞག་པ་སྟེ། ཨ་ནི་མོ་གཤམ་དེ་བཞིན་དུ་ རྩོལ་བ་ཤིན་ཏུ་ལྷོད་ཅིང་ཞན་པར་བཞག་མོད་ཀྱི། མོ་གཤམ་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར། མཚན་མེད་ཡི་གེ་ཉིད་དུ་རྣམ་པར་བཞག་གོ། ཞེས་པ་འོ།།

གསུམ་པ་རྫས་སུ་བསྡུ་ཚུལ་བཤད་པནི།
ཤིན་ཏུ་མོ་དང་མོ་གཤམ་གཉིས། །བསྡུ་ན་མོ་ལས་ཐ་དད་མིན།།
ཞེས་པས་བསྟན་ཏེ། དེ་ལ་ཤིན་ཏུ་མོ་དང་མོ་གཤམ་གཉིས་པོ། རེ་ཞིག་རྫས་སུ་བསྡུ་ན། མོ་ལས་ཐ་དད་པ་མིན་ཏེ། མོའི་ནང་གསེས་ཀྱི་དབྱེ་བ་ཙམ་ཡིན་པས་ན། མོའི་ཁོངས་སུ་བསྡུ་བའོ།།

སྔོན་འཇུག་གི་རྟགས་ཀྱི་འཇུག་ཚུལ།
གསུམ་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། མིང་གཞི་ལས་སྔོན་འཇུག་དབྱུང་ཚུལ། སྔོན་འཇུག་གི་རྟགས་དབྱེ་ཚུལ། དེའི་འཇུག་ཚུལ་རྒྱས་པར་བཤད་པའོ།། དང་པོ་ནི།
མོ་ཡི་ཁོངས་ནས་རྗེས་འཇུག་དང་། །དེ་ཡི་ནང་ནས་སྔོན་འཇུག་དབྱུང་།།
ཞེས་པས་བསྟན་ཏེ། མོའི་ཡི་གེ་འབའ་ཞིག་གི་ཁོངས་ནས། རྗེས་འཇུག་གི་ཡི་གེ་བཅུ་རྣམས་དབྱུང་བ་དང་། རྗེས་འཇུག་བཅུ་པོ་དེ་ཡི་ནང་ནས་སྔོན་འཇུག་གི་ཡི་གེ་ལྔ་པོ་དབྱུང་བར་བྱའོ། ཞེས་པ་འོ

གཉིས་པ་སྔོན་འཇུག་གི་རྟགས་དབྱེ་ཚུལནི།
སྔོན་འཇུག་དེ་ཡང་མིང་གཞི་རུ། །འཇུག་ཚེ་སྒྲ་ཤུགས་ཆེ་ཆུང་གིས།།
ཕོ་མོ་མ་ནིང་བཞི་རུ་དབྱེ། །བ་ཕོ་ག་ད་གཉིས་མ་ནིང་།།
འ་མོ་མ་ནི་ཤིན་ཏུ་མོ།།
ཞེས་པས་བསྟན་ཏེ། སྔོན་འཇུག་ལྔ་པོ་དེ་ཡང་། རང་རང་གི་ འཇུག་ཡུལ་གྱི་མིང་གཞི་རུ་འཇུག་ནས་ཀློག་པའི་ཚེ། སྔར་བཞིན་ངག་གི་བྱེད་རྩོལ་ཆེ་ཆུང་འགྲིམས་ལྷོད་ཀྱི་སྒོ་ནས། ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་སྟེ། བཞི་རུ་དབྱེ་བར་བྱ་སྟེ། ཇི་ལྟར་ཞེ་ན། བ་ནི་ཕོ་དང་། ག་ད་གཉིས་ནི་མ་ནིང་དང་། འ་ནི་མོ་དང་། མ་ནི་ཤིན་ཏུ་མོ་རུ་དབྱེ་བར་བྱའོ།།

སྔོན་འཇུག་རྟགས་ཀྱི་འཇུག་ཚུལ་བཤད་པ།

གསུམ་པདེའི་འཇུག་ཚུལ་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ།། དང་པོ་ནི།
འཇུག་ཚུལ་རེ་རེའང་བཞི་བཞི་སྟེ། །གང་ལ་འཇུག་ན་མིང་གཞི་ལ།།
གང་གིས་འཇུག་ན་སྔོན་འཇུག་གིས། །ཇི་ལྟར་འཇུག་ན་དྲག་ཞན་གྱིས།།
དགོས་པ་ཅི་ཕྱིར་འཇུག་ཅེ་ན། །བདག་གཞན་དུས་ཀྱི་སྒོ་ནས་སོ།།
ཞེས་པས་བསྟན་ཏེ། འཇུག་ཚུལ་སྔོན་འཇུག་ལྔ་པོ་རེ་རེ་ལའང་རྣམ་པ་བཞི་བཞི་རུ་འབྱེད་པ་སྟེ། གང་ལ་འཇུག་ན། འཇུག་ཡུལ་མིང་གཞི་གསལ་བྱེད་སོ་སོ་ལ་འཇུག་པ་དང་། གང་གིས་འཇུག་ན། འཇུག་པ་པོ་སྔོན་འཇུག་ལྔ་པོ། རང་རང་གིས་འཇུག་པ་དང་། ཚུལ་ཇི་ལྟར་འཇུག་ན། ཕོ་མོ་སོགས་སོ་སོའི་སྒྲ་གདངས་ དྲག་ཞན་གྱི་སྒོ་ནས་ འཇུག་པ་དང་། དགོས་པའམ་དོན་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན། བདག་གཞན་དུས་གསུམ་གྱི་རྣམ་གཞག་གསལ་བར་སྟོན་པའི་སྒོ་ནས་འཇུག་པ་ཡིན་པས་སོ།། ཞེས་པ་འོ།།

སྔོན་འཇུག་ཕོའི་འཇུག་ཡུལ་བཤད་པ།

གཉིས་པ་འཇུག་ཚུལ་རྒྱས་བཤད་ལ་བཞི། གང་ལ་གང་གིས་འཇུག་པ། ཞར་འབྱུང་མི་འཇུག་པའི་རྣམ་གཞག། བདག་གཞན་དུས་གསུམ་གྱི་གོ་བ། སོ་སོའི་འཇུག་དོན་མཐའ་ཆགས་སུ་བཤད་པའོ།། དང་པོ་ལ་གཉིས། སྔོན་འཇུག་སོ་སོའི་འཇུག་ཡུལ་དང་། འཐད་པའི་ཟུར་རྒྱན་བཤད་པའོ།། དང་པོ་ལ་བཞི། སྔོན་འཇུག་ཕོའི། སྔོན་འཇུག་མོའི། སྔོན་འཇུག་མ་ནིང་གི་ སྔོན་འཇུག་ཤིན་ཏུ་མོའི་འཇུག་ཡུལ་བཤད་པའོ།། དང་པོ་ལ་གཉིས། འཇུག་ཡུལ་གྱི་གྲངས། འཇུག་ཚུལ་གྱི་དམིགས་གསལ་བཤད་པའོ།། དང་པོ་ནི།
འཇུག་པོ་སྔོན་འཇུག་ཕོ་ཡིག་གིས། །འཇུག་ཡུལ་མིང་གཞི་ཕོ་མོ་ལའོ།།
ཕོ་ཡིག་ཀ་ཅ་ཏ་ཙ་དང་། །མོ་ཡིག་ག་ང་ཇ་ཉ་དང་།།
ད་ན་ཛ་ཞ་ཟ་ར་ཤ། །ས་སྟེ་འཇུག་ཡུལ་བཅུ་དྲུག་ལས།།
ཞེས་པས་བསྟན་ཏེ། དེ་ལ་གང་གིས་འཇུག་པར་བྱེད་པ་པོ་སྔོན་འཇུག་གི་ ཕོ་བ་ཡིག་གིས། གང་ལ་འཇུག་པའི་ཡུལ་ རང་སྡེ་མ་ཡིན་པའི་ མིང་གཞི་ཕོ་དང་མོ་ལ་འཇུག་པའོ།། དེ་ཡང་ཕོ་ཡིག་ཀ་ཅ་ཏ་ཙ་རྣམས་དང་། མོ་ཡིག་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་སྟེ། འཇུག་ཡུལ་ བཅུ་དྲུག་ཏུ་གྲངས་ངེས་པ་ལས་ ནང་གསེས་ རྐྱང་འདོགས་སོགས་ཀྱི་དམིགས་བསལ་རིམ་པས་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་འཇུག་ཚུལ་གྱི་དམིགས་བསལ་བཤད་པ་ནི།
ཀ་ག་གཉིས་ལ་རྐྱང་འཕུལ་དང་། །འདོགས་འཕུལ་བརྩེགས་འཕུལ་གསུམ་གྱིས་འཇུག།
ཏ་ཙ་ད་གསུམ་རྐྱང་འཕུལ་དང་། །བརྩེགས་འཕུལ་གཉིས་ཀྱི་སྒོ་ནས་འཇུག།
ང་ཇ་ཉ་ན་ཛ་ལྔ་ལ། །བརྩེགས་འཕུལ་ཁོ་ནས་འཇུག་པ་དང་།།
ཅ་ཞ་ཤ་གསུམ་རྐྱང་འཕུལ་འཇུག །ཟ་ས་གཉིས་ལ་རྐྱང་འཕུལ་དང་།།
འདོགས་འཕུལ་གཉིས་ཀྱིས་འཇུག་པ་ཡིན། །ར་ལ་འདོགས་འཕུལ་ཁོ་ནས་འཇུག།
ཅེས་པས་བསྟན་ཏེ། དེ་ཀ་ག་གཉིས་ལ་ རྐྱང་འཕུལ་དང་། འདོགས་འཕུལ་དང་། བརྩེགས་འཕུལ་གསུམ་གྱི་སྒོ་ནས་འཇུག་སྟེ། དཔེར་ན། བཀའ། བགད། ལྟ་བུ། རྐྱང་འཕུལ་དང་།  བཀྱེ། བཀྲ། བཀླག བགྱིད། བགྲོད། ལྟ་བུ། འདོགས་འཕུལ་དང་། བརྐམས། བསྐལ། བརྒལ། བསྒར། ལྟ་བུ། བརྩེགས་འཕུལ་ལོ། ཏ་ཙ་ད་གསུམ་ལ་འདོགས་པའི་ཐ་སྙད་མེད་པར་ རྐྱང་འཕུལ་དང་། བརྩེགས་འཕུལ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དཔེར་ན། བཏགས། བཙགས། བདག། ལྟ་བུ། རྐྱང་འཕུལ་དང་། བརྟན། བལྟས། བསྟན། བརྩམ། བསྩལ། བརྡལ། བསྡམ། བལྡད། ལྟ་བུ། བརྩེགས་འཕུལ་ལོ། ང་ཇ་ཉ་ན་ཛ་ལྔ་ལ་ རྐྱང་འདོགས་གཉིས་ཀྱི་ཐ་སྙད་མེད་པར་བརྩེགས་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན། བརྔན། བསྔགས། བརྗོད། བརྙན། བསྙད། བརྣན། བསྣན། བརྫངས། ལྟ་བུའོ།། ཅ་ཞ་ཤ་གསུམ་ལ་ བརྩེགས་འདོགས་ཀྱི་ཐ་སྙད་མེད་པར་ རྐྱང་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན། བཅད། བཞད། བཤད། ལྟ་བུའོ།། ཟ་ས་གཉིས་ལ་ བརྩེགས་པའི་ཐ་སྙད་མེད་པར་ རྐྱང་འདོགས་གཉིས་ཀྱི་སྒོ་ནས་འཇུག་སྟེ། དཔེར་ན། བཟང་། བསམ། ལྟ་བུ། རྐྱང་འཕུལ་དང་། བཟླ། བསླབ། ལྟ་བུ། འདོགས་འཕུལ་ལོ།། ར་ཡིག་ལ་ནི་ རྐྱང་བརྩེགས་ཀྱི་ཐ་སྙད་མེད་པར་ འདོགས་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན། བརླ། བརླབས། ལྟ་བུའོ།།

སྔོན་འཇུག་མོའི་འཇུག་ཡུལ་བཤད་པ།

གཉིས་པ་སྔོན་འཇུག་མོའི་འཇུག་ཡུལ་བཤད་པ་ནི།
དེ་བཞིན་སྔོན་འཇུག་མོ་ཡིག་གིས། །མིང་གཞི་མོ་དང་མ་ནིང་ལའོ།།
མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ།།
བཅུ་ལ་རྐྱང་འཕུལ་དེ་དག་ལས། །ག་ད་བ་ཁ་ཕ་ལྔ་ལ།།
འདོགས་འཕུལ་དུ་ཡང་འཇུག་པའོ།།
ཞེས་པས་བསྟན་ཏེ། དེ་བཞིན་དུ་འཇུག་པ་པོ་སྔོན་འཇུག་མོ་ འ་ཡིག་གིས། འཇུག་ཡུལ་མིང་གཞི་མོ་དང་། མ་ནིང་ལ་འཇུག་པའོ།། དེ་ཡང་། མོ་ཡིག་ག་ཇ་ད་བ་ཛ་རྣམས་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་སྟེ་ བཅུ་ལ་རྐྱང་འཕུལ་གྱིས་འཇུག་སྟེ། དཔེར་ན། འགའ། འཇའ། འདའ། འབའ། འཛའ། འཁར། འཆར། འཐད། འཕར། འཚལ། ལྟ་བུ་དང། བཅུ་པོ་དེ་དག་ལས། ག་ད་བ་ཁ་ཕ་ལྔ་ལ་རྐྱང་འཕུལ་དུ་མ་ཟད། འདོགས་འཕུལ་དུ་ཡང་འཇུག་སྟེ། དཔེར་ན། འགྱངས། འགྲན། འདྲ། འབྱམས། འབྲས། འཁྱམས། འཁྲབ། འཕྱན། འཕྲད། ལྟ་བུའོ།།

སྔོན་འཇུག་མ་ནིང་གི་འཇུག་ཡུལ་བཤད་པ།

གསུམ་པ་སྔོན་འཇུག་མ་ནིང་གི་འཇུག་ཡུལ་བཤད་པ་ལ་གཉིས། ག་ཡིག་གི་འཇུག་ཡུལ་དང་། ད་ཡིག་གི་འཇུག་ཡུལ་བསྟན་པའོ།། དང་པོ་ནི།
སྔོན་འཇུག་མ་ནིང་ག་ཡིག་གིས། །མིང་གཞི་ཕོ་ཡིག་ཅ་ཏ་ཙ།།
མོ་ཡིག་ཉ་ད་ན་ཞ་ཟ། །ཡ་ཤ་ས་སྟེ་བཅུ་གཅིག་ལ།།
རྐྱང་འཕུལ་ཁོ་ནས་འཇུག་པའོ།།
ཞེས་པས་བསྟན་ཏེ། དེ་བཞིན་དུ་ འཇུག་པ་པོ་སྔོན་འཇུག་མ་ནིང་ ག་ཡིག་གིས། འཇུག་ཡུལ་མིང་གཞི་ཕོ་ཡིག་ ཅ་ཏ་ཙ་རྣམས་དང་། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་སྟེ་བཅུ་གཅིག་ལ་ བརྩེགས་འདོགས་ཀྱི་ཐ་སྙད་མེད་པར་ རྐྱང་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན། གཅན། གཏན། གཙང་། གཉའ། གདན། གནས། གཞལ། གཟན། གཡས། གཤམ། གསལ། ལྟ་བུའོ།།

གཉིས་པ་ད་ཡིག་གི་འཇུག་ཡུལ་བསྟན་པ་ནི།
དེ་བཞིན་མ་ནིང་ད་ཡིག་གིས། །མིང་གཞི་ཕོ་ཡིག་ཀ་པ་དང་།།
མོ་ཡིག་ག་ང་བ་མ་སྟེ། །དྲུག་པོ་ང་ཡིག་མ་གཏོགས་པའི།།
གཞན་ལྔར་རྐྱང་འདོགས་གཉིས་ཀྱིས་འཇུག །ང་ལ་རྐྱང་འཕུལ་ཁོ་ནས་སོ།།
ཞེས་པས་བསྟན་ཏེ། དེ་བཞིན་དུ་འཇུག་པ་པོ་ སྔོན་འཇུག་གི་མ་ནིང་ད་ཡིག་གིས། འཇུག་ཡུལ་མིང་གཞིའི་ཕོ་ཡིག་ ཀ་པ་གཉིས་དང་ མོ་ཡིག་ག་ང་བ་མ་སྟེ། དྲུག་པོ་ང་ཡིག་མ་གཏོགས་པའི་ གཞན་ལྔར་ རྐྱང་འདོགས་གཉིས་ཀྱིས་འཇུག་སྟེ། དཔེར་ན། དཀར། དཔལ། དགའ། དབང་། དམར། ལྟ་བུ། རྐྱང་འཕུལ་དང་། དཀྱིལ། དཀྲོལ། དཔྱད། དཔྲལ། དགྱེས། དགྲ། དབྱངས། དབྲལ། དམྱལ། ལྟ་བུ། འདོགས་འཕུལ་ལོ། ང་ལ་རྐྱང་འཕུལ་ཁོ་ནས་འཇུག་སྟེ། དཔེར་ན། དངར། དངུལ། དངོས། ལྟ་བུ་འོ།།

སྔོན་འཇུག་ཤིན་ཏུ་མོའི་འཇུག་ཡུལ་བཤད་པ།

བཞི་པསྔོན་འཇུག་གི་ཤིན་ཏུ་མོའི་འཇུག་ཡུལ་བཤད་པ་ནི།
དེ་བཞིན་སྔོན་འཇུག་ཤིན་ཏུ་མོ། །མ་ཡིག་གིས་ནི་མིང་གཞི་ཡི།།
མ་ནིང་ཁ་ཆ་ཐ་ཚ་དང་། །མོ་ཡིག་ག་ཇ་ད་ཛ་དང་།།
ང་ཉ་ན་བཅས་བཅུ་གཅིག་ལ། །རྐྱང་འཕུལ་འཇུག་ཅིང་ཁ་ག་གཉིས།།
འདོགས་འཕུལ་གྱིས་ཀྱང་འཇུག་པ་སྟེ། །དཔེར་བརྗོད་སླ་བས་གཏོགས་ནུས་སོ།།
ཞེས་པསབསྟན་ཏེ། དེ་བཞིན་དུ་ འཇུག་པ་པོ་སྔོན་འཇུག་གི་ཤིན་ཏུ་མོ་ མ་ཡིག་གིས། འཇུག་ཡུལ་མིང་གཞིའི་མ་ནིང་ ཁ་ཆ་ཐ་ཚ་རྣམས་དང་། མོ་ཡིག་ག་ཇ་ད་ཛ་རྣམས་དང་། ཤིན་ཏུ་མོ་ང་ཉ་ན་བཅས་བཅུ་གཅིག་ལ་ རྐྱང་འཕུལ་གྱིས་འཇུག་སྟེ། དཔེར་ན། མཁས། མཆན། མཐར། མཚར། མགར། མཇལ། མདའ། མཛད། མངོན། མཉེས། མནན། ལྟ་བུ་དང་། དེ་དག་ལས། ཁ་ག་གཉིས་ལ་ འདོགས་ཕུལ་གྱིས་ཀྱང་འཇུག་སྟེ། དཔེར་ན། མཁྱེན། མཁྲིས། མགྱོགས། མགྲོན། ལྟ་བུ་འོ། དེ་དག་གི་དཔེར་བརྗོད་པ་ནི་གོ་སླ་བས་དེ་ཙམ་གྱིས་རྟོགས་ནུས་སོ།།

གཉིས་པ་འཐད་པའི་ཟུར་རྒྱན་བཤད་པ་ནི།
དེ་ཡང་བརྩེགས་འཕུལ་བ་ལ་གཞན། །མེད་ཅེས་གསུངས་པའང་སྐབས་འདིར་མངོན།།
རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་སྐྱེད་བརྩེགས་འདོགས་ཅན་ལ་སྤོང་།།
ར་ལ་ས་ཡི་མགོ་ཅན་ལ། །བརྩེགས་ཅན་གསུམ་ཞེས་བརྗོད་པ་ལས།།
ཡ་ར་ལ་ཡི་འདོགས་ཅན་ལ། །བརྩེགས་པའི་ཐ་སྙད་མི་འཇུག་གོ།
ཞེས་པས་བསྟན་ཏེ། བརྩེགས་པ་འཕུལ་བ་ལ་ སྔོན་འཇུག་བ་ལས་གཞན་མེད་ཅེས་མཁས་རྣམས་མགྲིན་གཅིག་ཏུ་གསུངས་པ་ སྐབས་འདིར་མཐོང་ཆོས་སུ་མངོན་ནོ།། དེ་ཡང་རྐྱང་འཕུལ་རྣམས་ལ་ འ་མཐའ་ངེས་པར་དགོས་ཏེ། དཔེར་ན། གདའ། དགའ། བདའ། མངའ། འདའ། ལྟ་བུ། རྣམས་ལ་ འ་མཐའ་མེད་ན་སྔོན་འཇུག་གི་ ནུས་པ་མེད་དེ། གད། དག བད། མང་། སོགས་དོན་གཞན་དུ་འགྱུར་བས་སོ། གུག་སྐྱེད་བརྩེགས་འདོགས་ཅན་ལ་ འ་མཐའ་ངེས་པར་སྤོང་དགོས་ཏེ། དཔེར་ན། གདུ། དཀྲུ། བགྲོ། མགོ། འདི། བརྡ། བསྐ། ལྟ་བུའོ། ལ་ལས་འདོགས་པའང་བརྩེགས་པའི་ཁོངས་སུ་བསྡུ་མོད་ཀྱང་། འདིར་ར་ལ་ས་ཡི་མགོ་ཅན་རྣམས་ལ་ བརྩེགས་ཅན་གསུམ་ཞེས་པའི་ ཐ་སྙད་བརྗོད་པ་མ་གཏོགས། དེ་ལས་གཞན་ཡ་ར་ལ་ཡི་འདོགས་པ་རྣམས་ལ་ བརྩེགས་པའི་ཐ་སྙད་ཡེ་ནས་མི་འཇུག་པ་ཡང་ཤེས་པར་བྱའོ།།

མི་འཇུག་པའི་རྣམ་གཞག་བཤད་པ།

གཉིས་པ་ཞར་འབྱུང་མི་འཇུག་པའི་རྣམ་གཞག་བཤད་པ་ལ་གཉིས། གཞན་ལ་མི་འཇུག་པའི་ཚུལ་དང་། རང་སྡེར་མི་འཇུག་པའི་ཚུལ་བཤད་པའོ།། དང་པོ་ནི།
མི་འཇུག་པ་ཡི་རྣམ་གཞག་ནི། །སྔོན་འཇུག་ཕོ་དེས་མིང་གཞི་ཡི།།
མ་ནིང་ཁ་ཆ་ཐ་ཕ་ཚར། །མི་འཇུག་དེ་བཞིན་སྔོན་འཇུག་གི།།
མོ་དང་ཤིན་ཏུ་མོ་གཉིས་ཀྱང་། །ཕོ་ཡིག་ཀ་ཅ་ཏ་པ་ཙར།།
མི་འཇུག་དེ་བཞིན་སྔོན་འཇུག་གི །མ་ནིང་གཉིས་ཀྱང་མིང་གཞི་ཡི།།
མ་ནིང་ཁ་ཆ་ཐ་ཕ་ཚར། །མི་འཇུག་་་
ཅེས་པས་བསྟན་ཏེ། གང་ལ་གང་གིས་འཇུག་པའི་ རྣམ་གཞག་བཤད་ཟིན་ནས། ཞར་འབྱུང་མི་འཇུག་པའི་རྣམ་གཞག་བསྟན་པ་ནི། སྔོན་འཇུག་གི་ཕོ་བ་ཡིག་དེས། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་ མི་འཇུག་པ་དང་། དེ་བཞིན་དུ། སྔོན་འཇུག་གི་མོ་འ་དང་ ཤིན་ཏུ་མོ་མ་གཉིས་ཀྱང་། མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་ མི་འཇུག་པ་དང། དེ་བཞིན་དུ། སྔོན་འཇུག་གི་ མ་ནིང་ག་ད་གཉིས་ཀྱང་། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་གོ།

གཉིས་པ་རང་སྡེར་མི་འཇུག་པའི་ཚུལ་བཤད་པ་ནི།
་་་རང་སྡེ་ཕྲད་པ་ན། །སྔོན་འཇུག་ཕོ་ནི་མིང་གཞིའི་མོ།།
གཞན་ལ་འཇུག་ཀྱང་མ་ལ་མིན། །སྔོན་འཇུག་མ་ནིང་གཉིས་མིང་གཞིའི།།
ཕོ་མོ་སྤྱི་ལ་འཇུག་མོད་ཀྱང་། །རང་སྡེ་ཀ་ང་ཏ་ན་གཉིས།།
ག་དས་མི་འཕུལ་དེ་བཞིན་དུ། །སྔོན་འཇུག་མོ་དང་ཤིན་ཏུ་མོས།།
མིང་གཞི་མ་ནིང་དང་ནི་མོ། །གཞན་ལ་འཇུག་ཀྱང་འ་ཡིག་གིས།།
རང་སྡེ་ཞ་ཟ་ཡར་མི་འཇུག །མ་ཡིག་རང་སྡེ་ཕ་སོགས་ལ།།
མི་འཇུག་པ་ཡང་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། དེར་མ་ཟད། སྔོན་འཇུག་རྣམས་རང་རང་གི་སྡེ་ཚན་དང་ཕྲད་པ་ན། སྔོན་འཇུག་ཕོ་བ་ནི་ མིང་གཞིའི་མོ་གཞན་ལ་འཇུག་ཀྱང་། རང་སྡེ་མ་དང་ཤུགས་བསྟན་པ་ལ་ཡང་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་། མིང་གཞིའི་ཕོ་མོ་སྤྱི་ལ་འཇུག་མོད་ཀྱང་རང་སྡེ་ཀ་ང་ཏ་ན་གཉིས་ལ་ག་དང་དས་མི་འཇུག་པ་དང་། དེ་བཞིན་དུ། སྔོན་འཇུག་གི་མོ་འ་དང་ཤིན་ཏུ་མོ་མ་ཡིག་གཉིས་ཀྱང། མིང་གཞིའི་མ་ནིང་དང་ནི་མོ་གཞན་ལ་འཇུག་ཀྱང་། འ་ཡིག་གིས་རང་སྡེ་ཞ་ཟ་ཡར་མི་འཇུག་པ་དང་། མ་ཡིག་གིས་རང་སྡེ་ཕ་སོགས་ལ་མི་འཇུག་པ་ཡང་ཤེས་པར་བྱའོ།།

བདག་གཞན་དུས་གསུམ་བཤད་པ།

གསུམ་པ་བདག་གཞན་དུས་གསུམ་གྱི་གོ་བ་མཛུབ་ཚུགས་སུ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
ད་ནི་བདག་གཞན་དུས་གསུམ་གྱི། །གོ་བ་མཛུབ་ཚུགས་བསྟན་པ་ནི།།
ཞེས་པས་བསྟན་ཏེ། འཇུག་པ་དང་མི་འཇུག་པའི་རྣམ་གཞག་བཤད་ཟིན་ནས། ད་ནི་གཞུང་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར། བདག་གཞན་དུས་གསུམ་གྱི་གོ་དོན་གྱི་སྙིང་པོ་བྱིས་པ་རྣམས་ལ་མཛུབ་ ཚུགས་སུ་བསྟན་པ་ནི། ཁོ་བོའི་ཁྱད་ཆོས་ཡིན་ནོ།། ཞེས་པ་འོ།།

གཉིས་པ་རྒྱས་བཤད་ལ་གསུམ།  བདག་གཞན་གྱི་དབྱེ་བ་བཤད་པ། དུས་གསུམ་གྱི་རྣམ་གཞག་བཤད་པ། ཐུན་མོང་གི་མཐའ་དཔྱད་པའོ།། དང་པོ་ལ་གཉིས། དབྱེ་བ་དངོས་དང་། བྱ་བྱེད་དངོས་ཤུགས་ཀྱི་རིམ་པ་བཤད་པའོ།། དང་པོ་ལ་གསུམ། བདག་གཞན་གྱི་དབྱེ་ཚུལ་སྤྱིར་བསྟན་པ། བདག་གཞན་གྱི་ངོས་འཛིན་སོ་སོར་བསྟན་པ། བདག་གཞན་གྱི་དཔེར་བརྗོད་ཐུན་མོང་དུ་བསྟན་པའོ།། དང་པོ་ནི།
བྱ་བའི་ལས་དང་བྱེད་པོ་གཉིས། །དངོས་སུ་འབྲེལ་ལ་བདག་གཞན་དབྱེ།།
ཞེས་པས་བསྟན་ཏེ། དེ་ལ་ཐོག་མར་འདི་ཤེས་དགོས་ཏེ། བྱ་བའི་ལས་གང་ཡང་རུང་བ་ཞིག་དང་། བྱེད་པ་པོ་གང་ཟག་གང་ཞིག་སྟེ། དེ་གཉིས་ཕན་ཚུན་དངོས་སུ་འབྲེལ་བའི་བྱ་བ་ལ་བདག་གཞན་གྱི་རྣམ་གཞག་ དབྱེ་བ་ཡིན་གྱི་ བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་བྱ་བ་ལ་བདག་གཞན་དབྱེ་བ་མིན་ནོ།། དེ་གཉིས་ཕན་ཚུན་དངོས་སུ་མ་འབྲེལ་བའི་སྐབས་སུ་ཡང་ བདག་གཞན་དབྱེ་ན་སྐྱོན་ཡོད་དེ། ཇི་ལྟ་བུ་ཞེ་ན། མི་ཐམས་ཅད་བྱེད་པ་པོར་ཐལ་བ་དང་། དངོས་པོ་ཐམས་ཅད་བྱ་ལས་སུ་ཐལ་བར་འགྱུར་རོ།། ཅི་སྟེ་མི་རྣམས་བྱེད་པོ་དང་དངོས་རྣམས་བྱ་ལས་སུ་འགྱུར་བ་སྐྱོན་ཅི་ཡོད་ཅེ་ན། མི་རྣམས་བྱེད་པོར་འདོད་ན། བྱ་བ་མི་བྱེད་པའི་མི་ཡང་མང་དུ་ཡོད་དེ། དཔེར་ན། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡང་ ཕྱུགས་རྫིར་འགྲོ་དགོས་པ་དང། དངོས་རྣམས་བྱ་ལས་སུ་འདོད་ན། བྱ་བའི་ལས་སུ་མི་འགྱུར་བའི་དངོས་པོའང་མང་དུ་ཡོད་དེ། དཔེར་ན། ལྷའི་དཔག་བསམ་ལྗོན་ཤིང་ཡང་གཅད་བྱར་འགྱུར་བ་སོགས་ཧ་ཅང་ཐལ་བའི་སྐྱོན་མང་དུ་ཡོད་དོ།། ཞེས་པ་འོ།།

གཉིས་པ་གཞན་གྱི་ངོས་འཛིན་སོ་སོར་བསྟན་པ་ལ་གཉིས། བདག་བྱེད་པ་པོའི་ངོས་འཛིན་དང་། གཞན་བྱ་བའི་ཡུལ་གྱི་ངོས་འཛིན་བསྟན་པའོ།། དང་པོ་ནི།
དཔེར་ན་གཅོད་མཁན་བྱེད་པོ་དང་། །གཅོད་བྱེད་སྟ་རེ་བྱེད་པའི་ལས།།
རྡེག་སྟངས་བཅས་ལ་བདག་ཅེས་འདོད།།
ཅེས་པས་བསྟན་ཏེ། དེ་ལ་བྱེད་པ་པོ་གང་ཞིག་ ལས་སུ་བྱ་བའི་དངོས་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ཏེ། དཔེར་ན། ཤིང་གཅད་པའི་བྱ་ལས་དང་ འབྲེལ་བའི་ཚེ། གཅོད་མཁན་གང་ཟག་ནི་བྱེད་པ་པོ་གཙོ་བོ་ཡིན་པ་དང་། གཅོད་བྱེད་སྟ་རེ་ནི་བྱེད་པ་པོ་ཕལ་པ་ཡིན་པ་དང་། བྱེད་པ་པོ་ལ་ཡོད་པའི་ལས་སྟ་རེའི་རྡེག་སྟངས་དང་བཅས་པས་ ཤིང་ཕར་གཅོད་པ་ལ་བདག་ཅེས་འདོད་པ་དང་། དེ་བཞིན་དུ། ས་བརྐོ་བའི་བྱ་ལས་དང་འབྲེལ་ན། རྐོ་མཁན་ནི་བྱེད་པོ་གཙོ་བོ་དང་། རྐོ་བྱེད་ཏོག་ཙེ་ནི་བྱེད་པ་པོ་ཕལ་པ་དང་། བྱེད་པའི་ལས་ ལག་པའི་རྡེག་སྟངས་དང་བཅས་པས་ ས་ཕར་བརྐོ་བ་ལ་ བདག་ཅེས་འདོད་པ་དང་། གཞན་ཡང་ཕལ་ཆེར་གཙོ་ཕལ་དུ་མི་བྱེད་པ་མང་སྟེ། དཔེར་ན། ཤིང་མཁན་གྱིས་སྒྲོམ་བཟོ། མདའ་མཁན་གྱིས་མདའ་བཟོ། རྫ་མཁན་གྱིས་བུམ་པ་བཟོ། ལྟ་བུ་ལ་མཚོན་ན། ཤིང་མཁན་དང་། མདའ་མཁན་དང་། རྫ་མཁན་རྣམས་བྱེད་པ་པོ་ཡིན་པ་དང་། དེ་དག་བཟོ་བའི་ཚེ་ལག་པའི་འདུ་བྱེད་དམ། བྱེད་རྩོལ་རྣམས་བྱེད་པའི་ལས་ཡིན་པས་དེ་རྣམས་ལ་བདག་ཅེས་འདོད་དོ།།

གཉིས་པ་གཞན་བྱ་བའི་ཡུལ་གྱི་ངོས་འཛིན་བསྟན་པ་ནི།
བྱ་ཡུལ་ཤིང་དང་བྱ་བའི་ལས། །སྟ་རེས་ཟུག་ཤུལ་རྣམ་འགྱུར་ལ།།
གཞན་ཞེས་་
ཞེས་པས་བསྟན་ཏེ། བྱ་བའི་ཡུལ་གྱི་ལས་གང་ཞིག་ བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ཏེ། དཔེར་ན། ཤིང་གཅོད་པའི་བྱེད་པོ་དང་འབྲེལ་བའི་ཚེ། བྱ་བའི་ཡུལ་ནི་ཤིང་ཡིན་པ་དང་། བྱ་བའི་ཡུལ་ལ་ཡོད་པའི་ལས་ སྟ་རེས་ཟུག་ཤུལ་རྣམ་འགྱུར་དང་བཅས་པ་སྟེ། ཤིང་རང་ཉིད་ཆད་པའི་ཆ་ལ་ གཞན་ཞེས་འདོད་པ་དང་།  དེ་བཞིན་དུ། ས་རྐོ་བའི་བྱེད་པོ་དང་འབྲེལ་ན། བྱ་བའི་ཡུལ་ནི་ས་ཡིན་པ་དང་། བྱ་བའི་ལས་ས་ཕྱི་ནང་སློག་པའི་རྣམ་འགྱུར་དང་བཅས་པ་ལ་ གཞན་ཞེས་འདོད་པ་དང་། གཞན་ཡང་། ཤིང་མཁན་གྱིས་སྒྲོམ་བཟོ། མདའ་མཁན་གྱིས་མདའ་ བཟོ། རྫ་མཁན་གྱིས་བུམ་པ་བཟོ། ལྟ་བུ་ལ་མཚོན་ན། ཤིང་དང་། མདའ་སྨྱུག་དང་། ས་རྣམས་བྱ་བའི་ཡུལ་ཡིན་པ་དང་། སྒྲོམ་དང་། མདའ་དང་། བུམ་པ་རྣམས་རིམ་གྱིས་གྲུབ་པའི་རྣམ་འགྱུར་མཐོང་བ་རྣམས། བྱ་བའི་ལས་ཡིན་པས། དེ་རྣམས་ལ་གཞན་ཞེས་འདོད་དོ།། ཞེས་པ་འོ།།

གསུམ་པ་བདག་གཞན་གྱི་དཔེར་བརྗོད་ཐུན་མོང་དུ་བསྟན་པ་ནི།
་་རིམ་བཞིན་གོ་བྱའི་དོན། །གཅོད་པ་པོ་དང་གཅོད་བྱེད་དང་།།
གཅོད་པར་བྱེད་དང་གཅད་བྱའི་ཤིང་། གཅད་པར་བྱ་ཞེས་ཁོ་བོས་སྨྲས།།
ཞེས་པས་བསྟན་ཏེ། དེ་དག་རིམ་པ་བཞིན་དུ་གོ་བྱའི་དོན་དཔེར་བརྗོད་པ་ནི།  བདག་གཞན་གཉིས་སུ་ཕྱེ་བའི་ སྐད་ཅིག་དང་པོ་ལ་ལས་སུ་བྱ་བ་མི་གྲུབ་ བདག་བྱེད་པ་པོ་ལ། གཅོད་པ་པོ། གཅོད་བྱེད། རྐོ་བ་པོ། རྐོ་བྱེད། སྟོན་པ་པོ། སྟོན་བྱེད། འཆད་པ་པོ། འཆད་བྱེད། སྒྲུབ་པ་པོ། སྒྲུབ་བྱེད་ལ་སོགས་པ་ལྟ་བུར་བརྗོད་པ་དང་།སྐད་ཅིག་གཉིས་པ་ཤིང་ལ་སྟ་རེ་རྒྱབ་ཚེ་ ལ་དོན་གྱི་རྣམ་དབྱེ་སྦྱར་ནས་བྱེད་པའི་ལས་ལ། གཅོད་པར་བྱེད། རྐོ་བར་བྱེད། སྟོན་པར་བྱེད། འཆད་པར་བྱེད། སྒྲུབ་པར་བྱེད། གཅོད་དོ། རྐོའོ། སྟོན་ནོ། འཆད་དོ། སྒྲུབ་བོ་ལ་སོགས་པ་ལྟ་བུར་བརྗོད་པ་དང་། དེ་བཞིན། བྱ་བའི་ཡུལ་ལ། གཅད་བྱའི་ཤིང་། བརྐོ་བྱའི་ས། བསྟན་བྱའི་དོན། བཤད་བྱའི་ཆོས། བསྒྲུབ་བྱའི་ལྷ་ལ་སོགས་པ་ལྟ་བུར་བརྗོད་པ་དང་། བྱ་བའི་ལས་ལ་རྣམ་དབྱེ་སྦྱར་ནས། གཅད་པར་བྱ། བརྐོ་བར་བྱ། བསྟན་པར་བྱ། བཤད་པར་བྱ། བསྒྲུབ་པར་བྱ་ལ་སོགས་ལྟ་བུར་ ལས་སུ་བྱ་བ་གྲུབ་པའི་ཁྱད་པར་ཅན་ར་ཡིག་གིས་བསྟན་པར་ཡིན་ནོ།། ཞེས་བྱ་བྱེད་ལས་གསུམ་མདོར་བསྡུས་བརྗོད་པ་དེ་ནི་ཁོ་བོས་དོན་བསྡུས་པའི་ངག་གིས་སྨྲས་པའོ།།

གཉིས་པ་བྱ་བྱེད་དངོས་ཤུགས་ཀྱི་རིམ་པ་བཤད་པ་ནི།
བྱ་བའི་ལས་དང་བྱེད་པོ་གཉིས། །ཕན་ཚུན་རྟེན་འབྲེལ་ཡིན་སྟབས་ཀྱིས།།
གཅིག་ཡོད་ཅིག་ཤོས་ཡོད་མོད་ཀྱི།  །འོན་ཀྱང་ཚིག་གི་ཁྱད་པར་ལས།།
བྱེད་པོ་སྟོན་ལ་བྱ་བའི་ཡུལ། །ཤུགས་ལས་གོ་དང་བྱ་ཡུལ་སྟོན།།
བྱེད་པོ་ཤུགས་ལས་གོ་བའང་ཡོད།།
ཞེས་པས་བསྟན་ཏེ། གཞན་བྱ་བའི་ལས་དང་། བདག་བྱེད་པ་པོ་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་ཏེ། དཔེར་ན། གཅད་བྱའི་ཤིང་ལ་ལྟོས་ནས། དེ་དང་འབྲེལ་བའི་གང་ཟག་ལ་གཅོད་པ་པོ་ཞེས་འཇོག་པ་དང་། གཅོད་པ་པོ་གང་ཟག་ལ་ལྟོས་ནས། དེ་དང་འབྲེལ་བའི་ཤིང་ལའང་གཅད་བྱའི་ཤིང་ཞེས་འཇོག་པ་སྟེ། བྱ་བྱེད་རྟེན་འབྲེལ་ཡིན་པའི་སྟབས་ཀྱིས། བདག་བྱེད་པ་པོ་གཅིག་ཡོད་ན་ཅིག་ཤོས་ གཞན་བྱ་བའི་ཡུལ་དེ་ཡང་ཡོད་དགོས་མོད་ཀྱི། འོན་ཀྱང་ཚིག་གི་ཁྱད་པར་ལས་བདག་བྱེད་པ་པོ་དངོས་སུ་སྟོན་ལ་བྱ་བའི་ཡུལ་ཤུགས་ལས་གོ་དགོས་པ་ཡོད་དེ། དཔེར་ན། གཅོག་བྱེད། དཔྱོད་པ་པོ། དཔྱོད་བྱེད། འདོགས་པ་པོ། འདོགས་བྱེད། འཕྲོག་པ་པོ། འཕྲོག་བྱེད། འཚོང་བ་པོ། འཚོང་བྱེད། ལྟ་བུ་རྣམས་བྱེད་པ་པོ་སྟོན་པའི་སྒྲ་ཡིན་པ་དང་། གཞན་ཡང་བྱ་བའི་ཡུལ་ དངོས་སུ་སྟོན་ལ་བྱེད་པ་པོ་ཤུགས་ལས་ གོ་དགོས་པའང་ཡོད་དེ། དཔེར་ན། གཅག་བྱ། དཔྱད་བྱ། གདགས་བྱ། དབྲོག་བྱ། བཙོང་བྱ། ལྟ་བུ་རྣམས་བྱ་བའི་ཡུལ་སྟོན་པའི་སྒྲ་ཡིན་ནོ།།

དུས་གསུམ་གྱི་རྣམ་གཞག་བཤད་པ།

གཉིས་པ་དུས་གསུམ་གྱི་རྣམ་གཞག་བཤད་པ་ལ་གསུམ། བྱ་བྱེད་དུས་ལ་བསྡུ་ཚུལ། དུས་ཁོ་ན་ཉིད་ཀྱི་དབྱེ་བ། དེའི་དམིགས་བསལ་བསྟན་པའོ།། དང་པོ་ནི།
བྱེད་པའི་ལས་རྣམས་ད་ལྟ་དང་། །བྱ་ལས་མ་འོངས་དུས་ལ་བསྡུ།།
ཞེས་ པས་བསྟན་ཏེ། སྤྱིར་བཏང་བྱ་བྱེད་གཉིས་པོ་དུས་ཀྱི་དབང་དུ་བྱས་ན། བྱེད་པ་པོའི་ལས་རྣམས་ད་ལྟ་བའི་དུས་ལ་བསྡུ་བ་དང་། བྱ་བའི་ལས་རྣམས་མ་འོངས་པའི་དུས་ལ་བསྡུ་བ་ཡིན་ཏེ། དཔེར་ན། རྡོ་གཅོག་པར་བྱེད། ཡིན་མིན་དཔྱོད་པར་བྱེད། རྒྱན་འདོགས་པར་བྱེད། ནོར་འཕྲོག་པར་བྱེད། ཟོང་འཚོང་བར་བྱེད། ལྟ་བུ། ད་ལྟ་བྱེད་བཞིན་པར་གོ་བ་དང་། རྡོ་གཅག་པར་བྱ། ཐེ་ཚོམ་དཔྱད་པར་བྱ། རྒྱན་གདགས་པར་བྱ། ནོར་དབྲོག་པར་བྱ། ཟོང་བཙོང་བར་བྱ། ལྟ་བུ། ཕྱིས་རིམ་གྱིས་བྱ་འགྱུར་ཉིད་དུ་གོ་བ་ཡིན་ནོ།།

གཉིས་པ་དུས་ཁོ་ན་ཉིད་ཀྱི་དབྱེ་བ་ལ་གཉིས། དངོས་དང་། དཔེར་བརྗོད་པའོ།། དང་པོ་ནི།
དུས་ཀྱི་དབང་དུ་དབྱེ་བྱས་ན། །བྱེད་པོ་དངོས་སུ་འབྲེལ་མ་འབྲེལ།།
ཇི་ལྟར་ཡིན་ཡང་བྱས་ཟིན་འདས། །བྱ་འགྱུར་མ་འོངས་བྱེད་བཞིན་པ།།
ད་ལྟ་བ་སྟེ་རིམ་བཞིན་དུ།།
ཞེས་པས་བསྟན་ཏེ། དུས་ཁོ་ན་ཉིད་ཀྱི་དབང་དུ་དབྱེ་བར་བྱས་ན། བྱེད་པོ་གཞན་དང་དངོས་སུ་འབྲེལ་ལམ་ མ་འབྲེལ་ཇི་ལྟར་ཡིན་ཡང་རུང་། བྱ་བ་སྔར་བྱས་ཟིན་པའམ་གྲུབ་པ་རྣམས་ནི། དུས་འདས་པ་དང་། བྱ་བ་ཕྱིས་སུ་བྱ་འགྱུར་རམ་འགྲུབ་འགྱུར་རྣམས་ནི། དུས་མ་འོངས་པ་དང་། བྱ་བ་འདི་གར་ བྱེད་བཞིན་པ་རྣམས་ནི། དུས་ད་ལྟ་བ་སྟེ་རིམ་པ་བཞིན་དུ་དཔེས་བསྟན་པར་བྱའོ།། ཞེས་པ་འོ།།

གཉིས་པ་དཔེར་བརྗོད་པ་ནི།
བྱེད་པ་པོ་དང་འབྲེལ་བ་ནི། །བསྒྲུབས་དང་བསྒྲུབ་བྱ་སྒྲུབ་བྱེད་དང་།།
བྱེད་པོ་དང་ནི་མ་འབྲེལ་བ། །གྲུབ་དང་འགྲུབ་འགྱུར་འགྲུབ་བཞིན་པ།།
ཞེས་པས་བསྟན་ཏེ། བྱེད་པ་པོ་དང་འབྲེལ་བའི་དུས་གསུམ་གྱི་དབྱེ་བ་ནི། དཔེར་ན། ཆོས་བསྒྲུབས་སོ། མདོག་བསྒྱུརད་ཏོ། རྡོ་བཅག་གོ ཤིང་བཅད་དོ། ཕྱིར་བཏོན་ཏོ། ཆར་ཕབ་བོ། ནོར་བཙལད་ཏོ། ལྟ་བུ་འདས་པ་དང་། ཆོས་བསྒྲུབ་པར་བྱ། མདོག་བསྒྱུར་བར་བྱ། རྡོ་གཅག་པར་འགྱུར། ཤིང་གཅད་པར་འགྱུར། ཕྱིར་གདོན་པར་འགྱུར། ཆར་དབབ་པར་འགྱུར། ནོར་བཙལ་བར་བྱ། ལྟ་བུ་མ་འོངས་པ་དང་། ཆོས་སྒྲུབ་པར་བྱེད། མདོག་སྒྲུར་བར་བྱེད། རྡོ་གཅག་བཞིན་པ། ཕྱིར་འདོན་བཞིན་པ། ཆར་འབེབས་བཞིན་པ། ནོར་འཚོལ་བར་བྱེད། ལྟ་བུ། ད་ལྟ་བའོ། བྱེད་པ་པོ་དང་མ་འབྲེལ་བའིདུས་གསུམ་གྱི་དབྱེ་བ་ནི། དཔེར་ན། ངང་གིས་གྲུབ། སྔོན་པོར་གྱུར། རྡོ་ཆག། ཤིང་གྱེལ། ཆར་བབ། ནོར་བྱུང་ངོ་། ལྟ་བུ། འདས་པ་དང་། ལྷུན་གྱིས་འགྲུབ། སྔོན་པོར་འགྱུར། རྡོ་འཆག་པར་འགྱུར། ཤིང་འགྱེལ་བར་འགྱུར། ཕྱིར་འཐོན་པར་འགྱུར། ཆར་འབབ་པར་འགྱུར། ནོར་འབྱུང་བར་འགྱུར། ལྟ་བུ། མ་འོངས་པ་དང་། དོན་འགྲུབ་བཞིན་པ། སྔོན་པོར་འགྱུར་བཞིན་པ། རྡོ་འཆག་བཞིན་པ། ཤིང་འགྱེལ་བཞིན་པ། ཕྱིར་འཐོན་བཞིན་པ། ཆར་འབབ་བཞིན་པ། ནོར་འབྱུང་བཞིན་པ། ལྟ་ བུ། ད་ལྟ་བའོ། དེ་ལྟར་བྱེད་པ་པོ་མེད་པར་རང་གིས་བྱུང་བ་སོགས་ལ་ རགས་པ་ཐ་སྙད་ཀྱི་བྱ་བྱེད་མེད་ཀྱང་ ཕྲ་བ་ཆོས་ཉིད་ཀྱི་བྱ་བྱེད་ཡོད་པའི་དབང་གིས་ཤུགས་ལས་རྐྱེན་གཞན་གྱི་བྱེད་པ་ནི་ཞིབ་ཏུ་བརྟགས་ན་ཡོད་མོད་ཀྱི། འོན་ཀྱང་བྱེད་པ་པོ་གང་ཟག་ལྟ་བུ་ དངོས་སུ་མི་སྣང་བའི་ཕྱིར། བྱེད་པ་པོ་ གཞན་མེད་ཚེ་བྱ་བྱེད་ཅེས་མི་བརྗོད་དོ།། འོ་ན་རང་གིས་རང་ལ་བྱ་བ་འགལ་བའི་ཕྱིར་རོ་ཞེ་ན། མི་འགལ་ཏེ། འཇིག་རྟེན་པའི་ཐ་སྙད་ལས།  ཆར་བབ་བོ།  མེ་ཏོག་ཤར་རོ། དོན་གྲུབ་བོ། །བློ་བདེའོ། བདག་ནམ་ཞིག་ཤིའོ། ལྟ་བུ། བྱ་བྱེད་སོ་སོར་སྣང་བ་ལྟར་གཞི་མཐུན་དུ་བཤད་པ་མང་པོ་ཡོད་པས། དེ་བཞིན་དུ། བྱེད་པོ་མེད་པར་རང་བཞིན་གྱིས་གྲུབ་པའི་ཐ་སྙད་འཇོག་ཆོག་པས། དེ་ལ་བྱ་བྱེད་ལས་གསུམ་དང་ དུས་གསུམ་གྱི་རྣམ་གཞག་འཇོག་པ་ལ་སྐྱོན་མེད་དོ།།

གསུམ་པ་དེའི་དམིགས་བསལ་བསྟན་པ་ནི།
ལྟ་བུར་རྣམ་རིག་གིས་དཔག་ནས། །བྱ་བྱེད་མ་འོངས་ད་ལྟ་བར།།
བསྡུས་ཀྱང་གཙོ་ཆེར་ཙམ་མ་གཏོགས། །བདག་གཞན་ཀུན་ལ་དུས་གསུམ་གྱི།།
དབྱེ་བ་མེད་ན་མི་རུང་སྟེ། །སྐྱེས་བུས་སངས་རྒྱས་བསྒྲུབས་ལྟ་བུ།།
མཉམ་པར་འཇུག་པའི་དོན་ཅན་ནོ།།
ཞེས་པས་བསྟན་ཏེ། དེ་ལྟ་བུའི་གོ་དོན་རྣམས་ལ་ བློ་རྣམ་པར་དཔྱོད་པའི་རིག་པས་དཔག་ནས་ ཤེས་དགོས་པ་མ་གཏོགས། མཐའ་གཅིག་ཏུ་དམིགས་སུ་འཛིན་ནའང་མི་རུང་སྟེ། སྔར་གོང་དུ་བྱ་བའི་ལས་རྣམས་མ་འོངས་པ་དང་། བྱེད་པའི་ལས་རྣམས་ད་ལྟ་བའི་དུས་ལ་བསྡུས་ཀྱང་། དེ་ནི་བྱ་བྱེད་ལས་ཚིག་གི་གསལ་བྱེད་རྣམས་ གཙོ་ཆེར་འཇུག་པའི་དབང་གིས་བསྡུ་བ་ཙམ་མ་གཏོགས། བདག་གཞན་རང་རང་གི་དོན། དུས་གསུམ་གྱི་དབྱེ་བ་མེད་ན་མི་རུང་སྟེ། དཔེར་ན། སྐྱེས་བུས་བྱས། ལྟ་བུ། བདག་གི་འདས་པ་དང་། སངས་རྒྱས་བསྒྲུབས། ལྟ་བུ། གཞན་དང་། སྐྱེས་བུས་བྱ། ལྟ་བུ། བདག་མ་འོངས་པ་དང་། སངས་རྒྱས་བསྒྲུབ། ལྟ་བུ། གཞན་དང་། སྐྱེས་བུས་བྱེད། ལྟ་བུ། བདག་ད་ལྟ་བ་དང་། སངས་རྒྱས་སྒྲུབ་བཞིན་པ། ལྟ་བུ། གཞན་བྱ་བའི་ཡུལ་ཏེ། བདག་གཞན་གཉིས་ཀྱིས་ དུས་གསུམ་ལ་འཇུག་པའི་དབང་གིས་ བདག་གཞན་གྱི་རྣམ་གཞག་ཀུན་ལ་ དུས་གསུམ་གྱིས་མཉམ་པར་འཇུག་པའི་དོན་ཅན་ཡིན་ནོ།།

གསུམ་པ་ཐུན་མོང་གི་མཐའ་དཔྱད་བཤད་པ་ནི།
དེས་ན་དུས་གསུམ་དབྱེ་བ་འདིས། །བྱེད་ལས་དང་འབྲེལ་ངག་སྦྱོར་ཀུན།།
ཁྱབ་ཅིང་བདག་གཞན་དབྱེ་བས་མིན། །ཅི་སྟེ་ཁྱབ་པ་མིན་ཅེ་ན།།
མིང་དང་འབྱུང་ཁུངས་འབྲེལ་བ་དང་། །ཐ་སྙད་ངག་སྦྱོར་འགའ་ཞིག་ལ།།
བདག་གཞན་དབྱེ་བ་མེད་པས་སོ།།
ཞེས་པས་བསྟན་ཏེ། དུས་གསུམ་གྱིས་བདག་གཞན་གཉིས་ལ་ཁྱབ་པ་རྒྱུ་མཚན་དེ་བས་ན། དུས་གསུམ་གྱི་དབྱེ་བ་འདི་ཉིད་ཀྱིས་ བྱེད་ལས་དང་འབྲེལ་བའི་ཐ་སྙད་ཀྱི་ངག་སྦྱོར་བརྗོད་དོ་ཅོག་ཀུན་ལ་ཁྱབ་ཅིང་། བདག་གཞན་གྱི་དབྱེ་བ་འདིས་དེ་ལྟ་བུར་ཁྱབ་པ་མ་ཡིན་ནོ། །ཅི་སྟེ་དེ་ལྟ་བུར་ཁྱབ་པ་མིན་ཅེ་ན། མ་ཁྱབ་པའི་རྒྱུ་མཚན་ནི། དཔེར་ན། ཀ་བ། བུམ་པ། ལྟ་བུའི་རྣམ་དབྱེ་དང་པོའི་མིང་རྐྱང་རྣམས་དང་། ནགས་ལས་ཙནྡན། ས་ནས་སེར། ལྟ་བུ། ལྔ་པ་འབྱུང་ཁུངས་རྣམས་དང་། ཙནྡན་གྱི་ཀ་བ། གསེར་གྱི་བུམ་པ། ལྟ་བུ། དྲུག་པ་འབྲེལ་པ་རྣམས་ལ་བདག་གཞན་གྱི་དབྱེ་བ་མེད་པདང་། དེར་མ་ཟད། ལྟོ་ཟ། ཇ་འཐུང། སྐད་ཆ་བཤད། ལྟ་བུའི་ཐ་སྙད་ཀྱི་ངག་སྦྱོར་འགའ་ཞིག་ལའང་། ལྟོར་ཟ། ཇར་འཐུང་། སྐད་ཆར་བཤད། ལྟ་བུའི་བདག་གཞན་གྱི་རྣམ་གཞག་མེད་ཅིང་། ལྟོ་ཟ་ཚར། ཇ་མ་འཐུང་། སྐད་ཆ་བཤད་ཀྱིན་ཡོད། ལྟ་བུའི་དུས་གསུམ་གྱི་རྣམ་གཞག་ནི་ཡོད་པ་ཡིན་པས་སོ།།


སྔོན་འཇུག་སོ་སོའི་འཇུག་དོན་བཤད་པ།

བཞི་པ་སོ་སོའི་འཇུག་དོན་མཐར་ཆགས་སུ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
སྔོན་འཇུག་རང་རང་ནུས་པ་ཡིས། །དོན་འཇུག་སོ་སོར་བསྟན་པ་ནི།།
ཞེས་པས་བསྟན་ཏེ། སྔོན་འཇུག་ལྔ་པོ་རང་རང་གི་སྒྲ་ཤུགས་ཀྱི་ནུས་པ་སོ་སོར་ཡོད་པའི་དབང་གིས། བདག་གཞན་དུས་གསུམ་གྱི་དོན་དུ་འཇུག་ཚུལ་གྱི་དགོས་པའང་སོ་སོར་ཡོད་པས། དེ་དག་རིམ་པ་བཞིན་དུ་བསྟན་པར་བྱའོ།། ཞེས་པའི་དོན་ནོ།།

སྔོན་འཇུག་ཕོ་ཡིག་གི་འཇུག་དོན་བཤད་པ།

གཉིས་པ་རྒྱས་བཤད་ལ་བཞི། སྔོན་འཇུག་ཕོ་ཡིག་གི། མ་ནིང་གི། མོ་ཡིག་གི། ཤིན་ཏུ་མོའི་འཇུག་དོན་བཤད་པའོ།། དང་པོ་ལ་དྲུག། དངོས་བསྟན་གྱི་འཇུག་པ། ཤུགས་བསྟན་གྱི་གོ་བ། སྐུལ་ཚིག་གི་ཟུར་རྒྱན། ཐུན་མོང་གི་དཔེར་བརྗོད། མཐའ་དཔྱད་ཀྱི་དམིགས་བསལ། བྱ་བྱེད་ཀྱི་ལས་ཚིག་བཤད་པའོ།། དང་པོ་ནི།
ཕོ་ཡིག་བ་ནི་དུས་གསུམ་ལས། །བྱེད་པོ་དང་འབྲེལ་འདས་པ་དང་།།
བདག་གཞན་གཉིས་ལས་བྱ་བའི་ཡུལ། །གཞན་དངོས་བསྒྲུབ་ཕྱིར་འཇུག་པའོ།།
ཞེས་པས་བསྟན་ཏེ། སྔོན་འཇུག་གི་ཕོ་ཡིག་བ་ནི། དགོས་པ་དུས་གསུམ་ལས། བྱེད་པ་པོ་གཞན་དང་ དངོས་སུ་འབྲེལ་བའི་ བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་དང་། དངོས་པོ་བདག་གཞན་གཉིས་ལས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་གཞན་གྱི་དངོས་པོ་བསྒྲུབ་པའི་ཕྱིར་འཇུག་པ་ལས། དང་པོ་འདས་པ་ལ་འཇུག་པ་ནི། དཔེར་ན། ལོགས་སུ་བཀར། ཤིང་བཀས། སྤྲུལ་པ་བཀྱེས། ཟོང་བཀྲམ། མདོ་བཀླགས། ནོར་བརྐུས། ལག་པ་བརྐྱངས། དྲིན་གྱིས་བསྐྱངས། དབང་བསྐུརད་ཏོ། གད་མོ་བགད། སྐལ་བ་བགོས། གྲངས་བགྲངས། ལས་བགྱིས། བང་བརྒྱུགས། སྐྱོན་བསྒྲིབས། མདོག་བསྒྱུརད་ཏོ། བཙས་མ་བརྔས། མཚང་བསྔོགས། ཆང་བརྔུབས། དགེ་བ་བསྔོས། རི་དྭགས་བརྔོནད་ཏོ། དམ་བཅས། ལག་ཏུ་བཅངས། དགྲ་བཅིངས། ལས་བཅོལད་ཏོ། ནོར་བརྗེས། གཏམ་བརྗོད་ཟིན། རྗེས་སུ་བསྙེགས། སར་བསྙལད། རྒྱན་བཏགས། བློས་བརྟགས། ཞལ་དུ་བསྟབས། ལྷ་བསྟིམས། ཆོས་བསྟནད་ཏོ། ནོར་བདས། དྲིས་བདུགས། སར་བརྡབས། ཉེས་པ་བསྡམས། མཚོན་བརྡརད་ཏོ། ཁ་བསྣནད། གནད་དུ་བསྣུནད། མཚོནབསྣུརད། སྲོལ་བསྣུབས། གོ་བསྣོལད་ཏོ། བུ་བཙས། ནོར་བཙལད། གོས་བཙེམས། བྱ་བ་བསྩམས། བཀའ་བསྩལད་ཏོ། གཞན་དུ་བརྫངས། ཟན་བརྫིས། མིར་བརྫུས། བ་བཞོས། ཤིང་བཞོགས། སྐྲ་བཞརད། མར་བཞུརད་ཏོ། ཟས་བཟས། སྒྲོམ་བཟོས། སྔགས་བཟླས། གོས་བཟརད་ཏོ། བྱིན་གྱིས་བརླབས། དགྲ་བརླགས། ཆུས་བརླནད་ཏོ། བྲེས་བཤརད་། སྡིག་པ་བཤགས། བྱ་བ་བཤོལད་ཏོ། ཚོགས་བསགས། དོན་བསམས། ཡི་གེ་བསྲིངས། སྡོམ་པ་བསྲུངས། རིག་པ་བསླབས། མེས་བསྲེགས། དུམ་བུར་བསིལད་ཏོ། ལྟ་བུ། དེ་རྣམས་ཕལ་ཆེར་སྔོན་འཇུག་དང་ཡང་འཇུག་གཉིས་ཀས་འདས་པ་སྟོན་པ་ཡིན་ནོ།། དེ་དག་ལས་སྔོན་འཇུག་ཁོ་ནས་འདས་པ་སྟོན་ཅིང་ ཡང་འཇུག་མེད་པའང་དུ་མ་ཡོད་དེ། དཔེར་ན། ལམ་བཀག། གོས་བཀབ། ཆུས་བཀང་། མདུན་དུ་བཀུག། བདེ་ལ་བཀོད། དགྲ་བཅོམ། རྡོ་བཅག། ནང་དུ་བཅུག། ཕྲག་པར་བཏེག། རྒྱ་བཏབ། བློས་བཏང་།  གདན་བཏིང་། ཆུ་བཏིག། གནས་སུ་བཞག། ལག་ཏུ་བཟུང་། མཁར་བཤིག། ལྟ་བུའོ།། ཡང་སྔོན་འཇུག་མེད་ཀྱང་ མཐའ་རྟེན་གྱིས་འདས་ཚིག་ཏུ་གྲུབ་པའང་ཡོད་དེ། དཔེར་ན། སྡིག་པ་སྤངས། དྲི་མ་སྦྱངས། རོ་མྱངས། གཏམ་སྨྲས། ཆུ་ཕྲིས། ཁ་ཕྲལ། རི་མོ་ཕྱིས། ནོར་ཕྲོགས། ཡོན་ཕུལ། ལུང་ཕོག། མཚོན་གྱིས་ཕུག། གདུགས་ཕུབ། བྱིན་ཕབ། གནས་ནས་ཕྱུང་། དོན་ལོག་པར་རྟོགས། ལྟ་བུའོ།།

གཉིས་པ། གཞན་བྱ་བའི་ཡུལ་བསྒྲུབ་པའི་ཕྱིར་འཇུག་པ་ནི། དཔེར་ན། བཀླག་བྱའི་མདོ། བརྐུ་བྱའི་ནོར། བརྐོ་བྱའི་ས། བསྐང་བྱའི་དམ་ཚིག། བསྐུར་བྱའི་ཡི་གེ། བགྲང་བྱའི་ལོ། བགྱི་བྱའི་ལས། བགྲོད་བྱའི་ལམ། བསྒྲུབ་བྱའི་ལྷ། བསྒྲིབ་བྱའི་དྲི་མ། བརྔ་བྱའི་རྩྭ། བརྔུབ་བྱའི་ཆང་། བསྔོ་བྱའི་དགེ་རྩ། བཅག་བྱའི་རྡོ། བཅང་བྱའི་གྲི། བརྗེ་བྱའི་ནོར། བརྗོད་བྱའི་དོན། བསྙེན་བྱའི་ལྷ། བསྙལ་བྱའི་ཤིང། བསྙོན་བྱའི་གཏམ། བརྟག་བྱའི་ཡུལ། བསྟིམ་བྱའི་ལྷ། བསྟན་བྱའི་ཆོས། བདའ་བྱའི་ནོར། བདུག་བྱའི་སྤོས། བསྡམ་བྱའི་ཉེས་པ། བསྣན་བྱའི་ནོར། བསྣུར་བྱའི་ཚོན། བསྣོལ་བྱའི་གོ། བཙའ་བྱའི་བུ། བཙལ་བྱའི་ནོར། བརྩམ་བྱའི་ལས། བརྫང་བྱའི་ཕོ་ཉ། བརྫི་བྱའི་ཟན། བཞོག་བྱའི་ཤིང་། བཞོ་བྱའི་འོ་མ། བཞུར་བྱའི་མར། བཟའ་བྱའི་ཟས། བཟོ་བྱའི་ཤིང་། བཟླ་བྱའི་སྔགས། བརླབ་བྱའི་རྫས། བརླག་བྱའི་དགྲ། བརླན་བྱའི་ས། བཤར་བྱའི་འབྲུ། བཤག་བྱའི་སྡིག་པ། བཤོལ་བྱའི་བྱ་བ། བསག་བྱའི་ཚོགས། བསམ་བྱའི་དོན། བསླབ་བྱའི་རིག་པ། བསྲུང་བྱའི་དམ་ཚིག། ལྟ་བུར་སྦྱར་བས་ཤེས་པར་བྱའོ།།
གཞན་ཡང་། སྔོན་འཇུག་མེད་པའི་བྱ་བའང་མང་དུ་ཡོད་དེ། དཔེར་ན། ཤེས་བྱའི་ཆོས། རྟོགས་བྱའི་དོན། སྤང་བྱའི་དྲི་མ། དོར་བྱའི་ལས། བླང་བྱའི་ཡོན་ཏན། གློད་བྱའི་ཐག་པ། སྤུང་བྱའི་དངོས་པོ། སྦྱིན་བྱའི་ནོར། སྦར་བྱའི་མེ་དཔུང་། སྦྱང་བྱའི་དྲི་མ། སྦྱར་བྱའི་རྫས། སྤེལ་བྱའི་ཆོས། སྤྲིང་བྱའི་ཡི་གེ། རིག་བྱའི་ཡུལ། སྤར་བྱའི་གནས། ལ་སོགས་པ་ལྟ་བུའོ།།

གཉིས་པ་ཤུགས་བསྟན་གྱི་གོ་བ་ནི།
བདག་དངོས་ལ་ནི་མཐའ་གཅིག་ཏུ། །བས་ཕུལ་མེད་པ་ཤུགས་ཀྱིས་གོ།།
ཞེས་པས་བསྟན་ཏེ། དུས་གསུམ་སྤྱིར་བཏང་དང་། དུས་གསུམ་བྱེ་བྲག་པའི་དབང་དུ་བྱས་ནས། བྱེད་པ་པོ་བདག་གི་དངོས་པོ་ལ་ནི་ མཐའ་གཅིག་ཏུ་བས་ཕུལ་མེད་པ་ཡང་འདིའི་ཤུགས་ཀྱིས་གོ་ནུས་ཏེ། དཔེར་ན། མདོ་ཀློག་པ་པོ། ཀློག་བྱེད། ནོར་རྐུ་བ་པོ། རྐུ་བྱེད། དེ་བཞིན་དུ། ས་རྐོ་བྱེད། ལྷ་སྒྲུབ་བྱེད། རྩྭ་རྔ་བྱེད། ཆང་རྔུབ་བྱེད། ནོར་རྗེ་བྱེད། གཏམ་རྗོདབྱེད། ལྷ་སྙེན་བྱེད། འོད་སྒྲིབ་བྱེད། སར་སྙིལ་བྱེད། བཟང་ངན་རྟོག་བྱེད། ཆོས་སྟོན་བྱེད། རྔ་རྡུང་བྱེད། ཉེས་པ་སྡོམ་བྱེད། ཁ་སྣོན་བྱེད། ཚོན་སྣུར་བྱེད། བྱ་བ་རྩོམ་བྱེད། གྲངས་རྩི་བྱེད། ཕོ་ཉ་རྫོང་བྱེད། ཟན་རྫི་བྱེད། ཟས་ཟ་བྱེད། སྔགས་ཟློ་བྱེད། བྱིན་གྱིས་རློབ་བྱེད། རྡུལ་དུ་རློག་བྱེད། དམ་ཚིག་སྲུང་བྱེད། རིག་པ་སློབ་བྱེད། ལ་སོགས་པ་ལྟ་བུའོ། འོ་ན་བཀུར་བར་བྱེད། བསྟོད་པར་བྱེད། ལྟ་བུའི་བས་ཕུལ་ཅན་ནི་བྱེད་པ་པོ་མ་ཡིན་ནམ་ཞེ་ན། དེ་དུས་གསུམ་ཁྱབ་མཉམ་གྱི་དབང་དུ་བྱས་པ་ཡིན་པས་མི་འགལ་ཏེ། བརྩོན་པར་བྱེད། བཀོལ་བར་བྱེད། བཟླས་པར་བྱེད། བཏིང་བར་བྱེད། བསྔགས་པར་བྱེད། བགྲང་བར་བྱེད། ལ་སོགས་པ་ལྟ་བུའི་བྱེད་ཚིག་ཕལ་པ་དེ་རྣམས་ བྱེད་པ་པོ་དངོས་མིན་ཏེ་ ཕལ་ཆེར་འཇིག་རྟེན་པའི་བརྗོད་བདེའི་ཤན་ཤོར་བ་ཡིན་པས། དེ་རྣམས་ལེགས་པར་དཔྱད་ན། བྱེད་པ་པོའི་ཡི་གེ་ལོགས་སུ་ཡོད་དེ། དཔེར་ན། རྗེད་པར་བྱེད། སྟོད་པར་བྱེད། རྩོན་པར་བྱེད། འཁོར་བར་བྱེད། ཟློ་བར་བྱེད། གདིང་བར་བྱེད། སྔགས་པར་བྱེད། སྒྲོང་བར་བྱེད། སོགས་ཐོབ་ཀྱང་ལ་ལ་མ་དག་རྒྱུན་འབྱམས་ཀྱིས་བརྗོད་བདེར་སོང་བ་ཡིན་པས་སོ།།

གསུམ་པ་སྐུལ་ཚིག་གི་ཟུར་རྒྱན་པ་ནི།
གཞུང་ལས་དངོས་ཤུགས་གང་རུང་དུ། །སྐུལ་ཚིག་འཇུག་པ་མ་བསྟན་ཀྱང་།།
ངག་སྦྱོར་ཀུན་ལ་ཁྱབ་ཆེ་བས། །ཞར་ལས་རྟོགས་པར་བྱ་དགོས་ཏེ།།
ཞེས་པས་བསྟན་ཏེ། རྟགས་ཀྱི་འཇུག་པའི་གཞུང་ལས་དངོས་ཤུགས་གང་རུང་དུ་སྐུལ་ཚིག་གི་འཇུག་པ་མ་བསྟན་པས། སྐབས་འདིར་བསྟན་བྱ་མ་ཡིན་མོད། འོན་ཀྱང་ཐ་སྙད་ཀྱི་ངག་སྦྱོར་ཀུན་ལ་ཁྱབ་ཆེ་བའི་དབང་གིས་ ངེས་ཅན་དུ་ཤེས་དགོས་པའི་ཡན་ལག་ཡིན་པས། འདིར་ཞར་ལས་རྟོགས་པར་བྱ་དགོས་སྟེ། དཔེར་ན། ལྷས་སྐྱོབས་ཤིག། དྲིན་གྱིས་སྐྱོངས་ཤིག། གནས་སུ་ཁོད་ཅིག། ཚེ་གཡང་ཁུག་ཅིག། སེམས་ཅན་སྒྲོལད་ཅིག། ཆོས་སྒྲུབས་ཤིག། དགེ་བ་སྔོས་ཤིག། ཡོས་རྔོས་ཤིག། དགྲ་ཆིངས་ཤིག། དགྲ་ཆོམས་ཤིག། འདིར་ཉོནད་ཅིག། ལྷ་སྙེནད་ཅིག། དེར་ལྟོས་ཤིག། ཆོས་སྟོནད་ཅིག། མིང་ཐོགས་ཤིག། སྦྱིན་པ་ཐོངས་ཤིག། ཕྱིར་དེངས་ཤིག། ཉེས་པ་སྡོམས་ཤིག། ཁ་སྣོནད་ཅིག། གནད་དུ་སྣུནད་ཅིག། སྡིག་པ་སྤོངས་ཤིག། བྱིན་ཕོབ་ཅིག། གདུགས་ཕུབ་ཅིག། སྒྲིབ་སྦྱོངས་ཤིག། བྱ་བ་བྱོས་ཤིག། རོ་མྱོངས་ཤིག། གཏམ་སྨྲོས་ཤིག། བྱ་བ་རྩོམས་ཤིག། གྲངས་རྩིས་ཤིག། སྲོལ་ཚུགས་ཤིག། གོས་ཚེམས་ཤིག། ནོར་རྫོངས་ཤིག། གྲལ་དུ་ཞུགས་ཤིག། སྔགས་ཟློས་ཤིག། རྡུལ་དུ་རློགས་ཤིག། གཏམ་ཤོད་ཅིག། བར་ཆད་སོལད་ཅིག། མ་སྨྲ་ཞིག། མ་ལྟོས་ཞིག། མ་སོང་ཞིག། ལྟ་བུ། དེ་རྣམས་ཕལ་ཆེར་ཡང་འཇུག་གིས་སྐུལ་ཚིག་སྟོན་པ་ཡིན་ནོ།།

བཞི་པ་ཐུན་མོང་གི་དཔེར་བརྗོད་ནི།
དུས་འདས་གཞན་དངོས་བྱེད་པོ་དང་། །སྐུལ་ཚིག་བཅས་ཏེ་རིམ་བཞིན་དཔེར།།
བསྐྱབས་དང་བསྐྱབ་བྱ་སྐྱོབ་བྱེད་སྐྱོབས། །བསྒོམས་དང་བསྒོམ་བྱ་སྒོམ་བྱེད་སྒོམས།།
བསྔོས་དང་བསྔོ་བྱ་སྔོ་བྱེད་སྔོས། །བཅིངས་དང་བཅིང་བྱ་འཆིང་བྱེད་འཆིངས།།
བརྗོད་ཟིན་བརྗོད་བྱ་རྗོད་བྱེད་རྗོད། །བསྙེནད་ཏོ་བསྙེན་བྱ་སྙེན་བྱེད་སྙེནད།།
བལྟས་དང་བལྟ་བྱ་ལྟ་བྱེད་ལྟོས། །བརྡུངས་དང་བརྡུང་བྱ་རྡུང་བྱེད་རྡུངས།།
བསྣམས་དང་བསྣམ་བྱ་སྣོམ་བྱེད་སྣོམས། །བརྩམས་དང་བརྩམ་བྱ་རྩོམ་བྱེད་རྩོམས།།
བརྫངས་དང་བརྫང་བྱ་རྫོང་བྱེད་རྫོངས། །བཞོས་དང་བཞོ་བྱ་འཇོ་བྱེད་ཞོས།།
བཟླས་དང་བཟླ་བྱ་ཟློ་བྱེད་ཟློས། །བརླགས་དང་བརླག་བྱ་རློག་བྱེད་རློགས།།
བཤད་ཟིན་བཤད་བྱ་འཆད་བྱེད་ཤོད། །བསད་ཟིན་གསད་བྱ་གསོད་བྱེད་སོད།།
ལྟ་བུ་གོ་རིམ་མ་འཆོལ་བར། །རྒྱ་ཆེར་སྦྱར་ཏེ་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། བྱེད་པ་པོ་དང་འབྲེལ་བའི་དུས་འདས་པ་དང་། བྱ་བའི་ཡུལ་གཞན་གྱི་དངོས་པོ་དང་། བདག་བྱེད་པ་པོ་དང་། སྐུལ་ཚིག་བཅས་དོན་ཚན་བཞི་པོ་ཐུན་མོང་དུ་རྩ་བའི་དཔེར་བརྗོད་ལ་སླར་ཡང་ ཁ་སྐོང་གསལ་བ་ནི། དཔེར་ན། བཀབ་དང་དགབ་བྱ་འགེབ་བྱེད་འགེབས། །བསྒྲལ་ཏོ་བསྒྲལ་བྱ་སྒྲོལ་བྱེད་སྒྲོལད། །བསྔོགས་དང་བསྔོག་བྱ་སྔོག་བྱེད་སྔོགས། །བཅོམ་དང་གཞོམ་བྱ་འཇོམས་བྱེད་ཆོམས། །བརྗེས་དང་བརྗེ་བྱ་རྗེ་བྱེད་རྗེས། །བསྙིལད་ཏོ་བསྙིལ་བྱ་སྙིལ་བྱེད་སྙིལད། །བཏབ་དང་གདབ་བྱ་འདེབས་བྱེད་ཐེབས། །བདས་དང་བདའ་བྱ་འདེད་བྱེད་དེད། །བསྣནད་ཏོ་བསྣན་བྱ་སྣོན་བྱེད་སྣོནད། །བཙེམས་དང་བཙེམ་བྱ་འཚེམ་བྱེད་ཚེམས། །བརྫིས་དང་བརྫི་བྱ་རྫི་བྱེད་རྫིས། །བཞོགས་དང་བཞོག་བྱ་གཞོག་བྱེད་ཞོགས། །བཟེད་ཟིན་བཟེད་བྱ་འཛེད་བྱེད་ཟེད། །བརླབས་དང་བརླབ་བྱ་རློབ་བྱེད་རློབས། །བཤམས་དང་བཤམ་བྱ་གཤོམ་བྱེད་གཤོམས། །བསགས་དང་བསག་བྱ་གསོག་བྱེད་སོགས། །ཞེས་པ་ལ་སོགས་ལྟ་བུ་ རྒྱ་ཆེར་སྦྱར་བས་ཤེས་པར་བྱའོ།།

ལྔ་པ་མཐའ་དཔྱད་ཀྱི་དམིགས་བསལ་བ་ནི།
སྐུལ་ཚིག་ལ་ནི་ཕལ་ཆེ་བ། །སྔོན་འཇུག་མེད་ཅིང་མཐའ་གཅིག་ཏུ།།
འཇུག་པ་གཏན་མེད་མ་ཡིན་ཏེ། །དགོངས་ཤིག་མཛོད་ཅིག་དཔྱོད་ཅིག་སོགས།།
སྐབས་ཐོབ་བརྟག་ནས་སྦྱོར་གལ་ཆེ།།
ཞེས་པས་བསྟན་ཏེ། སྐུལ་ཚིག་ལ་ནི། ཕལ་ཆེ་བ་གོང་དུ་བསྟན་པ་བཞིན་དུ་ སྔོན་འཇུག་མེད་ཅིང་། མཐའ་གཅིག་ཏུ་སྔོན་འཇུག་གི་འཇུག་པ་གཏན་ནས་མེད་པའང་མ་ཡིན་ཏེ། དཔེར་ན། བདག་ལ་དགོངས་ཤིག། ལས་མཛོད་ཅིག། ལེགས་པར་དཔྱོད་ཅིག། རོལ་མོ་དཀྲོལད་ཅིག། དགོངས་པ་འགྲོལད་ཅིག། དར་དཔྱོངས་ཤིག། ཁེབས་འགེབས་ཤིག། སོ་སོ་འབྱེད་ཅིག། ཞབས་ལ་འདུད་ཅིག། ཉེས་པ་འཆགས་ཤིག། གྲབས་གཤོམས་ཤིག། ཚོགས་གསོགས་ཤིག། མ་འགྲོ་ཞིག། མ་འདུག་ཅིག། མ་འགོམས་ཤིག་ལ་སོགས་པ་ལྟ་བུ། སྐབས་ཐོབ་རིགས་པས་བརྟག་ནས་སྦྱོར་བ་གལ་ཆེའོ།།

དྲུག་པ་བྱ་བྱེད་ཀྱི་ལས་ཚིག་བཤད་པ་ནི།
བསྐྱབ་པར་བྱ་དང་སྐྱོབ་པར་བྱེད། །ལྟ་བུའི་བྱ་བྱེད་ལས་ཚིག་གི།།
གསལ་བྱེད་རྣམས་ཀྱང་རྟོགས་པར་བྱ།།
ཞེས་པས་བསྟན་ཏེ། གཞན་ཡང་བྱ་བའི་ལས་སམ་བྱ་བ་ཙམ་དང་། བྱེད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། དཔེར་ན། བསྐྱབ་པར་བྱ། བསྐྱབ་བོ། བསྒོམ་པར་བྱ། བསྒོམ་མོ། བསྔོ་བར་བྱ། བསྔོའོ། ལྟ་བུ་དང་། སྐྱོབ་པར་བྱེད། སྐྱོབ་བོ། སྒོམ་པར་བྱེད། སྒོམ་མོ། སྔོ་བར་བྱེད། སྔོའོ། ལྟ་བུ། བྱ་བྱེད་ལས་ཚིག་གི་གསལ་བྱེད་རྣམས་ཀྱང་། གོང་གི་དཔེར་བརྗོད་པ་རྣམས་ལ་སྦྱར་བས་རྟོགས་པར་བྱའོ།།

སྔོན་འཇུག་མ་ནིང་གི་འཇུག་དོན་བཤད་པ།

གཉིས་པ་སྔོན་འཇུག་མ་ནིང་གི་འཇུག་དོན་བཤད་པ་ལ་གསུམ། དགོས་པ་སྤྱིར་བསྟན་པ། འཇུག་ཚུལ་བྱེ་བྲག་ཏུ་བསྟན་པ། དུས་འཇུག་ཚུལ་བསྟན་པའོ།། དང་པོ་ནི།
སྔོན་འཇུག་མ་ནིང་ག་ད་གཉིས། །དགོས་པ་བདག་གཞན་གཉིས་ཀ་དང་།།
དུས་གསུམ་ལས་ནི་ད་ལྟ་བ། །སྟོན་པའི་ཆེད་དུ་འཇུག་པ་ལས།།
ཞེས་པས་བསྟན་ཏེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། དགོས་པ་བདག་གཞན་གཉིས་ཀ་ལ་འཇུག་པ་དང་། དེར་མི་གཏོགས་པའི་དུས་གསུམ་ལས། ད་ལྟ་བ་སྟོན་པའི་ཆེད་དུ་འཇུག་པ་ལས་འཇུག་ཚུལ་ག་ད་གཉིས་པོ་རིམ་པས་བསྟན་པར་བྱའོ།། ཞེས་པའོ།།

གཉིས་པ་འཇུག་ཚུལ་བྱེ་བྲག་ཏུ་བསྟན་པ་གཉིས། ག་ཡིག་གི་འཇུག་ཚུལ་དང་། ད་ཡིག་གི་འཇུག་ཚུལ་བསྟན་པའོ།། དང་པོ་ལ་གསུམ། དངོས་དང་། དཔེར་བརྗོད། བྱ་བྱེད་ལས་ཚིག་བསྟན་པའོ།། དང་པོ་ནི།
ག་ཡིག་བདག་དང་གཞན་གྱི་དངོས། །གཉིས་ལ་འཇུག་པ་རིམ་བཞིན་དཔེར།།
ཞེས་པས་བསྟན་ཏེ། ག་ཡིག་དངོས་པོ་བདག་གཞན་གཉིས་ཀ་ལ་ འཇུག་པ་རིམ་པ་བཞིན་དུ་བསྟན་པ་ལས། དང་པོ། བདག་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། རྡོ་གཅོག་པ་པོ། གཅོག་བྱེད། བཟང་ངན་གཉུལ་བ་པོ། གཉུལ་བྱེད། གཞན་ལ་གཏོད་པ་པོ། གཏོད་བྱེད། དེ་བཞིན་དུ། ཞབས་སུ་གཏུག་བྱེད། སྟན་གདིང་བྱེད། གནོད་པས་གཙེར་བྱེད། ཤིང་གཞོག་བྱེད། ལས་ལས་གཟུར་བྱེད། གོས་གཡོག་བྱེད། ཟས་གཡོ་བྱེད། ཤིང་གཤོག་བྱེད། དྲིལ་བུ་གསིལ་བྱེད། ཕྱུགས་གསོད་བྱེད། ལ་སོགས་པ་ལྟ་བུའོ།།
གཉིས་པ་གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། དཔེར་ན། གཅག་བྱའི་རྡོ། གཉུལ་བྱའི་ཡུལ། གཏད་བྱའི་རྫས། གཏུགས་བྱའི་ཞབས། གདིང་བྱའི་སྟན། གཙེར་བྱའི་དགྲ། གཞོག་བྱའི་ཤིང་། གཟུར་བྱའི་ལས། གཡོག་བྱའི་གོས། གཡོ་བྱའི་ཟས། གཤག་བྱའི་ཤིང་། གསིལ་བྱའི་དྲིལ་བུ། གསད་བྱའི་ཕྱུགས། ལ་སོགས་པ་ལྟ་བུའོ།།

གཉིས་པ་དཔེར་བརྗོད་པ་ནི།
གཅོད་པ་པོ་དང་གཅད་བྱའི་ཤིང་། །གཉེར་བ་པོ་དང་གཉེར་བྱའི་དོན།།
གཏོང་བ་པོ་གཏང་བྱའི་ནོར། །གདོགས་པ་པོ་དང་གདགས་བྱའི་རྒྱན།།
གཙུབ་པ་པོ་དང་གཙུབ་བྱའི་ཤིང་། །གཞོམ་པ་པོ་དང་གཞོམ་བྱའི་དགྲ།།
གཟར་བ་པོ་དང་གཟར་བྱའི་གོས། །གཡོབ་པ་པོ་དང་གཡབ་བྱའི་དར།།
ཞེས་པས་བསྟན་ཏེ། ག་ཡིག་བདག་གཞན་གཉིས་ཀ་ལ་འཇུག་པ་ཐུན་མོང་དུ་རྩ་བའི་དཔེར་བརྗོད་ལ། སླར་ཁ་སྐོང་གསལ་བ་ནི། གཅིར་བ་པོ་དང་ །གཅིར་བྱའི་རྫས། །གཉོག་པ་པོ་དང་གཉོག་བྱའི་ཟས། །གཏུབ་པ་པོ་དང་གཏུབ་བྱའི་ཤིང་། །གདེང་བ་པོ་དང་གདེང་བྱའི་མཚོན། །གཞིག་པ་པོ་དང་གཞིག་བྱའི་དོན། །གཟིར་བ་པོ་དང་གཟིར་བྱའི་འདྲེ། །གཡེང་བ་པོ་དང་གཡེང་བྱའི་ཡུལ། །གཤིབ་པ་པོ་དང་གཤིབ་བྱའི་གྲལ། །གསོང་བ་པོ་དང་གསང་བྱའི་དོན། །གསུང་བ་པོ་དང་གསུང་བྱའི་ཆོས། །ལ་སོགས་པ་ལྟ་བུ། སྦྱར་བས་རྟོགས་པར་བྱའོ།།

གསུམ་པ་བྱ་བྱེད་ལས་ཚིག་བསྟན་པ་ནི།
བྱ་བྱེད་གཞི་དང་འབྲེལ་ལས་ལ། །གཅོད་པར་བྱེད་དང་གཅད་པར་བྱ།།
ལྟ་བུ་གོང་བཞིན་སྦྱར་བར་བྱ།།
ཞེས་པས་བསྟན་ཏེ། ཡང་བྱ་བྱེད་དེ་གཉིས་ཀྱི་གཞི་དང་འབྲེལ་བའི་ལས་སམ་བྱ་བྱེད་ཙམ་ལ་ཡང་། གཅོད་པར་བྱེད། གཅོད་དོ། གཉེར་བར་བྱེད། གཉེར་རོ། ལྟ་བུ་དང་། གཅད་པར་བྱ། གཅད་དོ། གཉེར་བར་བྱ། གཉེར་རོ། ལྟ་བུ། གོང་དུ་བསྟན་པ་བཞིན་དུ་སྦྱར་བར་བྱའོ།།

གཉིས་པ་ད་ཡིག་གི་འཇུག་ཚུལ་བཤད་པ་ལ་གསུམ། དངོས་དང་། དཔེར་བརྗོད། བྱ་བྱེད་ལས་ཚིག་བསྟན་པའོ།། དང་པོ་ནི།
དེ་བཞིན་ད་ཡིག་ཀྱང་ནི་དཔེར།།
ཞེས་པས་བསྟན་ཏེ། སྔོན་འཇུག་གི་མ་ནིང་ག་ཡིག། དེ་བཞིན་དུ་ད་ཡིག་ཀྱང་ནི། དངོས་པོ་བདག་གཞན་གཉིས་ལ་འཇུག་པ་ རིམ་པ་བཞིན་བསྟན་པ་ལས། དང་པོ། བདག་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། རོལ་མོ་དཀྲོལ་བ་པོ། དཀྲོལ་བྱེད། གད་མོ་དགོད་པ་པོ། དགོད་བྱེད། དེ་བཞིན་དུ། གཏིང་དཔོག་བྱེད། གྲི་དབྱུག་བྱེད། འཛུམ་དམུལ་བྱེད། ལ་སོགས་པ་ལྟ་བུའོ། གཉིས་པ། གཞན་བྱ་བའི་ཡུལ་ལ་འཇུག་པ་ནི། དཔེར་ན། དཀྲོལ་བྱའི་རོལ་མོ། དགང་བྱའི་བུམ་པ། དགབ་བྱའི་གོས། དཔག་བྱའི་ཡུལ། དབྱུག་བྱའི་གྲི། དབྲོག་བྱའི་ནོར། དམད་བྱའི་ཡུལ། ལ་སོགས་པ་ལྟ་བའོ།།

གཉིས་པ་དཔེར་བརྗོད་ནི།
དཀྲི་བ་པོ་དང་དཀྲི་བྱའི་མདོས། །དགར་བ་པོ་དགར་བྱའི་གནས།།
དཔྱོང་བ་པོ་དང་དཔྱང་བྱའི་དར། །དབུབ་པ་པོ་དང་དབུབ་བྱའི་གདུགས།།
དམིགས་པ་པོ་དང་དམིགས་བྱའི་ཡུལ། །ཞེས་པ་ལ་སོགས་ལྟ་བུ་དང་།།
ཞེས་པས་བསྟན་ཏེ། ད་ཡིག་བདག་གཞན་གཉིས་ལ་འཇུག་ཚུལ་ཐུན་མོང་དུ་རྩ་བའི་དཔེར་བརྗོད་ལ་ཁ་སྐོང་གསལ་བ་ནི། །དཀྱུ་བ་པོ་དང་དཀྱུ་བྱའི་རྟ། །དགལ་བ་པོ་དང་དགལ་བྱའི་ཁལ། །དཔྱོད་པ་པོ་དང་དཔྱད་བྱའི་ཡུལ། །དབྲོལ་བ་པོ་དང་དབྲལ་བྱའི་གོས། །དམོད་པ་པོ་དང་དམད་བྱའི་ཡུལ། །ཞེས་པ་ལ་སོགས་པ་ལྟ་བུར་སྦྱར་བས་རྟོགས་པར་བྱའོ།།

 གསུམ་པ་བྱ་བྱེད་ལས་ཚིག་བསྟན་པ་ནི།
དེ་གཉིས་དང་འབྲེལ་ལས་ལ་ཡང་། །བྱ་བྱེད་ཚིག་གསལ་སྔར་བཞིན་དུ།།
འོག་མ་དག་ལའང་སྦྱར་བར་བྱ།།
ཞེས་པས་བསྟན་ཏེ། ཡང་། བྱ་བྱེད་དེ་གཉིས་དང་འབྲེལ་བའི་ ལས་སམ་བྱ་བྱེད་ཙམ་ལ་ཡང་། དཀྲི་བར་བྱེད། དཀྲིའོ། དགར་བར་བྱེད། དགར་རོ། ལྟ་བུ་དང་། དཀྲི་བར་བྱ། དཀྲིའོ། དགར་བར་བྱ། དགར་རོ། ལྟ་བུ། བྱ་བྱེད་ཚིག་གསལ་སྔར་བཞིན་དུ་སྦྱར་དགོས་པ་དང་། དེར་མ་ཟད། འོག་མ་མོ་དང་ཤིན་ཏུ་མོའི་སྐབས་སུའང་སྦྱར་བར་བྱའོ།།

གསུམ་པ་དུས་ལ་འཇུག་ཚུལ་བསྟན་པ་ནི། 
མ་ནིང་ག་ད་གཉིས་པོ་ནི། །ད་ལྟའི་དུས་ལ་འཇུག་སྟེ་དཔེར།།
གཅོད་ཀྱིན་འདུག་དང་དཀྲི་བཞིན་པ། །ལྟ་བུས་མཚོན་ཏེ་ཤེས་པར་བྱ།།
ཞེས་པས་བསྟན་ཏེ། མ་ནིང་ག་ད་གཉིས་པོ་ནི། བཤད་མ་ཐག་པའི་བདག་གཞན་གཉིས་སུ་མི་གཏོགས་པའི་ད་ལྟ་བའི་དུས་ལ་འཇུག་སྟེ། དཔེར་ན། གཅོད་ཀྱིན་འདུག། དཀྲི་བཞིན་པ། གཉེར་གྱིན་སྣང་། དགར་བཞིན་པ། ལྟ་བུ་ལ་སོགས་པ་གོང་གི་དཔེར་བརྗོད་པ་རྣམས་ལ། ད་ལྟ་བའི་ཚིག་གྲོགས་ཙམ་སྦྱར་བས་གྲུབ་བོ།།

སྔོན་འཇུག་མོའི་འཇུག་དོན་བཤད་པ།

གསུམ་པ་སྔོན་འཇུག་མོའི་འཇུག་དོན་བཤད་པ་ལ་བཞི། དངོས་བསྟན་གྱི་རིམ་པ། ཤུགས་བསྟན་གྱི་གོ་བ། རྩ་བའི་དཔེར་བརྗོད། དུས་ལ་འཇུག་ཚུལ་བཤད་པའོ།། དང་པོ་ནི།
སྔོན་འཇུག་མོ་སྟེ་འ་ཡིག་ནི། །བདག་གཞན་གཉིས་ལས་བདག་དངོས་དང་།།
དུས་འདས་མ་གཏོགས་གཉིས་ཀར་འཇུག།
ཅེས་པས་བསྟན་ཏེ། སྔོན་འཇུག་གི་མོ་སྟེ་འ་ཡིག་ནི། དགོས་པ་བདག་གཞན་གཉིས་ལས། བྱེད་པ་པོ་བདག་གི་དངོས་པོ་ལ་འཇུག་པ་དང་། དུས་འདས་པ་མ་གཏོགས། ད་ལྟ་བ་དང་མ་འོངས་པའི་དུས་གཉིས་ལ་འཇུག་པ་ལས། བདག་བྱེད་པ་པོ་ལ་འཇུག་པ་ནི། དཔེར་ན། ལམ་དུ་འཁྲིད་པ་པོ། འཁྲིད་བྱེད། དྲི་མ་འཁྲུད་པ་པོ། འཁྲུད་བྱེད། བྲོ་འཁྲབ་པ་པོ། འཁྲབ་བྱེད། དེ་བཞིན་དུ། ནོར་འགུགས་བྱེད། གཡུལ་འགྱེད་བྱེད། བདེ་ལ་འགོད་བྱེད། གནས་འཆའ་བྱེད། ཁས་འཆེ་བྱེད། རྒྱུད་འཆོས་བྱེད། འོ་མ་འཇོ་བྱེད། གནས་སུ་འཇོག་བྱེད། དགྲ་འཇོམས་བྱེད། དུམ་བུར་འཐུབ་བྱེད། ཤ་འཐོག་བྱེད། འབྲུ་འཐོར་བྱེད། ནོར་འདེད་བྱེད། སྐྲ་འདྲེག་བྱེད། དགྲ་འདུལ་བྱེད། དར་འཕྱར་བྱེད། ནོར་འཕྲོག་བྱེད། གཞན་ལ་འཕྱ་བྱེད། ནོར་འབུལ་བྱེད། དུང་འབུད་བྱེད། ཡི་གེ་འབྲི་བྱེད། ཆུ་འཚག་བྱེད། ནོར་འཚོལ་བྱེད། སྣུམ་འཚིར་བྱེད། ནང་དུ་འཛུགས་བྱེད། སྣོད་དུ་འཛེད་བྱེད། གཏམ་འཛེར་བྱེད། ལ་སོགས་པ་ལྟ་བུ་དང་། བྱ་བྱེད་ཐ་མི་དད་པར་སྣང་བའི་བྱེད་ཚིག་རྣམས་ཀྱང་ འས་ཕུལ་ཅན་དུ་ངེས་ཏེ། དཔེར་ན། འཁོར་བར་འཁོར་བ་པོ། གནས་སུ་འཁོད་པ་པོ། འཆགས་སར་འཆག་པ་པོ། མྱ་ངན་འདའ་བ་པོ། སྟན་ལ་འདུག་པ་པོ། སྟེང་དུ་འཕར་བ་པོ། འོག་ཏུ་འཛུལ་བ་པོ། ལྟ་བུར་སྦྱར་བར་བྱའོ། སྔོན་འཇུག་མེད་པའི་བྱེད་ཚིག་ཀྱང་མང་དུ་ཡོད་དེ། དཔེར་ན། སྐུལ་བྱེད། སྐྱེད་བྱེད། སྐྱོང་བྱེད། སྒོམ་བྱེད། སྒྲུབ་བྱེད། སྒྱུར་བྱེད། ལ་སོགས་བརྩེགས་པའི་རིགས་དང་། ཡང་། སྔོན་རྗེས་གཉིས་ཀ་མེད་པའི་བྱེད་ཚིག་ཀྱང་མང་དུ་ཡོད་དེ། སྐོ་བྱེད། རྐོ་བྱེད། རྐུ་བྱེད། རྔ་བྱེད། ལྟ་བྱེད། རྫི་བྱེད། ཟ་བྱེད། ཟློ་བྱེད། སླུ་བྱེད། ལ་སོགས་པ་ལྟ་བུའོ།།

གཉིས་པ་ཤུགས་བསྟན་གྱི་གོ་བ་ནི།
དུས་འདས་པ་དང་གཞན་དངོས་ལ། །མི་འཇུག་པ་ཡང་ཤུགས་ལས་རྟོགས།།
ཞེས་པས་བསྟན་ཏེ། བྱེད་པ་པོ་དང་འབྲེལ་བའི་དུས་འདས་པ་དང་། བྱ་བའི་ཡུལ་གཞན་གྱི་དངོས་པོ་སྟེ་དེ་གཉིས་ལ་ འས་ཕུལ་མི་འཇུག་པ་ཡང་འདིའི་ཤུགས་ལས་རྟོགས་ནུས་པས་སོ། འོ་ན། འཁྲུལ་ཟིན། འཁོར་ཟིན། ལྟ་བུ་འདས་པ་དང་། འགྲོ་བར་བྱ། འདྲེན་པར་བྱ། ལྟ་བུ་བྱ་བའི་ཡུལ་ལ་འཇུག་པ་མ་ཡིན་ནམ། ཞེ་ན། དེ་ཙམ་གྱི་འདས་ཚིག་དང་བྱ་ཚིག་ནི་མང་དུ་ཡོད་དེ། དཔེར་ན། འདུག་ཟིན། འཇུག་ཟིན། འཕུར་ཟིན། འབར་ཟིན། འཛུལ་ཟིན། འདུས་ཟིན། འཕྱན་ནོ། འཁྱམས་སོ། འབྲོས་སོ། ལྟ་བུ་རྣམས་ བྱ་བྱེད་ཐ་དད་མེད་པའི་ཚིག་ཡིན་པས་ གནས་སྐབས་ཀྱི་ངག་སྦྱོར་ཙམ་ལ་དེ་དང་དེའི་ འདས་ཚིག་སྦྱར་བ་ཙམ་མ་གཏོགས། བྱེད་པ་པོ་དང་། དངོས་སུ་འབྲེལ་བའི་དུས་འདས་པ་ནི། གཏན་ནས་མ་ཡིན་པར་ཤེས་དགོས་སོ།། ཡང་། འགྲོ་བར་བྱ། འདྲེན་པར་བྱ། ལྟ་བུའི་བྱ་ཚིག་ཕལ་པ་ཙམ་དེ་འདྲ་ཡང་མང་དུ་ཡོད་དེ། དཔེར་ན། མེས་འཚིག་པར་བྱ། ཡོན་འགྱེད་པར་བྱ། སྲོག་འདོར་བར་བྱ། བག་འཁུམས་པར་བྱ། གནས་སུ་འཁོད་པར་བྱ། འོད་འཐོན་པར་བྱ། གཏམ་འདྲི་བར་བྱ། དོང་འདྲུ་བར་བྱ། ཆུ་འཇོ་བར་བྱ། མཐར་འཁྱོལ་བར་བྱ། འཕྱ་བར་བྱ། འབད་པར་བྱ། འཇུག་པར་བྱ། ལྟ་བུ་དེ་རྣམས། བྱ་བྱེད་ཐ་དད་མེད་པའི་ཚིག་ཡིན་པས། བྱ་བྱེད་ཐ་དད་མེད་པ་ལ་བདག་གཞན་གྱི་དབྱེ་བ་མེད་པ་མ་ཟད། ལ་ལ་གོང་བཤད་ལྟར་འཇིག་རྟེན་པའི་བརྗོད་བདེའི་ཤན་ཞུགས་ཏེ། བྱེད་ཚིག་བྱ་ཚིག་ཏུ་ཤོར་བ་ཡིན་པས་ ལ་ལར་ཚིག་གྲོགས་འགྱུར་ཞེས་ཐོབ་ཅིང་། གང་ལྟར་ཡང་ བྱ་ཚིག་ཕལ་པ་ཙམ་དུ་བཞག་པ་མ་གཏོགས་བྱེད་པ་པོ་དང་དངོས་སུ་འབྲེལ་རུང་གི་ བྱ་བའི་ཡུལ་དངོས་ཀྱི་ཡི་གེ་མ་ཡིན་པར་ཤེས་དགོས་སོ།། དེ་རྣམས། ཤུགས་བསྟན་གྱི་གོ་བ་ལས་འཕྲོས་ཏེ་ འཁྲུལ་གཞི་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་ཕྱིར་ཞར་ལས་བསྟན་པ་ཡིན་གྱིས། བྱ་བྱེད་དངོས་བསྟན་གྱི་འཇུག་པ་ཡིན་པར་མ་སེམས་ཤིག་ཅེས་པའོ།།

གསུམ་པ་རྩ་བའི་དཔེར་བརྗོད་ནི།
དཔེར་ན་བདག་ལ་འཇུག་པ་ནི། །འཁལ་བ་པོ་དང་འཁལ་བྱེད་དང་།།
འཆིང་བ་པོ་དང་འཆིང་བྱེད་དང་། །འཇུག་པ་པོ་དང་འཇུག་བྱེད་དང་།།
འཐབ་པ་པོ་དང་འཐབ་བྱེད་དང་། །འདྲེན་པ་པོ་དང་འདྲེན་བྱེད་སོགས།།
སྦྱར་བས་མཐའ་དག་རྟོགས་པར་བྱ།།
ཞེས་པས་བསྟན་ཏེ། འ་ཡིག་བདག་བྱེད་པ་པོ་ལ་ འཇུག་ཚུལ་རྩ་བའི་དཔེར་བརྗོད་ལ་ཁ་སྐོང་གསལ་བ་ནི། འཁྱུད་པ་པོ་དང་འཁྱུད་བྱེད་དང་། །འགེངས་པ་པོ་དང་འགེངས་བྱེད་དང་། །འཆད་པ་པོ་དང་འཆད་བྱེད་དང་། །འཇལ་བ་པོ་དང་འཇལ་བྱེད་དང་། །འཐག་པ་པོ་འཐག་བྱེད་དང་། །འདག་པ་པོ་དང་འདག་བྱེད་དང་། །འཕེན་པ་པོ་དང་འཕེན་བྱེད་དང་། འབེབས་པ་པོ་དང་འབེབས་བྱེད་དང་། འཚལ་བ་པོད་ང་འཚལ་བྱེད་དང་། འཛིན་པ་པོ་དང་འཛིན་བྱེད་དང་།། ལ་སོགས་པ་ལྟ་བུར་སྦྱར་བས་མཐའ་དག་རྟོགས་པར་བྱའོ།། འ་ཡིག་བདག་དང་འབྲེལ་བའི་བྱེད་ཙམ་ལ། འཁལ་བར་བྱེད། འཁལ་ལོ། འགོག་པར་བྱེད། འགོག་གོ། ལྟ་བུ། སྔར་བཞིན་སྦྱར་བས་ཤེས་པར་བྱའོ།།

བཞི་པ་དུས་ལ་འཇུག་ཚུལ་བཤད་པ་ནི།
འ་ཡིག་བདག་གཞན་མ་བསྡུས་པའི། །ད་ལྟ་མ་འོངས་དུས་འཇུག་དཔེར།།
འཁྲུལ་བཞིན་པ་དང་འཁྲུལ་བར་འགྱུར། །འཆད་ཀྱིན་སྣང་དང་འཆད་པར་འགྱུར།།
ལྟ་བུའི་བྱེད་ཚིག་ཐམས་ཅད་ལ། །ད་ལྟའི་ཚིག་གྲོགས་བཞིན་གིན་སྦྱོར།།
བྱ་བྱེད་ཐ་དད་མི་སྣང་བའི། །མ་འོངས་པ་ལ་འབྱུང་འགྱུར་སྦྱོར།།
ཞེས་པས་བསྟན་ཏེ། འ་ཡིགབདག་གཞན་གྱིས་མ་བསྡུས་པའི་ དུས་ད་ལྟ་བ་དང་མ་འོངས་པ་གཉིས་ལ་འཇུག་པ་ལས། དང་པོ། ད་ལྟ་བར་འཇུག་པ་ནི། དཔེར་ན། འཁྲུལ་བཞིན་པ། འཁལ་གྱིན་སྣང་། འཁྱུད་བཞིན་པ། འཆད་ཀྱིན་འདུག། ལྟ་བུ། གོང་དུ་བཤད་པའི་བྱ་བྱེད་ཐ་དད་པ་དང་མི་དད་པའི་ བྱེད་ཚིག་ཐམས་ཅད་ལ་ད་ལྟའི་ཚིག་གྲོགས་བཞིན་དང་གྱིན་སྦྱོར་བས་རྟོགས་པར་བྱའོ། གཉིས་པ། མ་འོངས་པར་འཇུག་པ་ནི། དཔེར་ན། འཁྲུལ་བར་འགྱུར། འཁྱམས་པར་འགྱུར། འཁུམས་པར་འགྱུར། འབར་བར་འགྱུར། འཁྲན་པར་འབྱུང་། ལྟ་བུ། བྱ་བྱེད་ཐ་དད་དུ་མི་སྣང་བའི་རིགས་ལ་མ་འོངས་པའི་ཚིག་གྲོགས་ འབྱུང་དང་འགྱུར་སྦྱོར་བས་ རྟོགས་པར་བྱའོ།། དེ་དག་ཀྱང་བྱེད་པ་པོ་དང་དངོས་སུ་མ་འབྲེལ་བའམ་ བྱ་བྱེད་ཐ་དད་མེད་སྐབས། དཔེར་ན། འགག་པར་འགྱུར། གསེར་དུ་འགྱུར། འགྲུབ་པར་འགྱུར། འདུ་བར་འགྱུར། ལྟ་བུ། འདི་སྐབས་ཀྱི་དཔེར་རུང་བ་དང་། དེ་དག་བྱེད་པ་པོ་དང་འབྲེལ་བའི་བྱ་བ་ཡིན་ན། སྐྱོན་དགག་པར་བྱ། ལྕགས་གསེར་དུ་བསྒྱུར་བར་བྱ། དོན་བསྒྲུབ་པར་བྱ། ལོངས་སྤྱོད་བསྡུ་བར་བྱ། ལྟ་བུ། འདི་སྐབས་ཀྱི་དཔེར་མི་རུང་བ་དང་། ཡང་ཚིག་འགའ་ཞིག་ཚིག་གྲོགས་ཀྱི་ཁྱད་ལས་རུང་མི་རུང་ གཉིས་སུ་བྱུང་བའང་ཡོད་དེ། དཔེར་ན། བག་འཁུམས་པར་འགྱུར། རང་ཉིད་འཆི་བར་འགྱུར། དྲི་མ་འདག་པར་འགྱུར། ལྟ་བུ་འདིའི་དཔེར་རུང་ཡང་། ནད་ཀྱིས་འཁུམས་པར་བྱེད། གདོན་གྱིས་འཆི་བར་བྱེད། ཁྲུས་ཀྱིས་འདག་པར་བྱེད། ལྟ་བུ། འདིའི་དཔེར་མི་རུང་བར་ཤེས་པར་བྱའོ།།

སྔོན་འཇུག་ཤིན་ཏུ་མོའི་འཇུག་དོན་བཤད་པ།

བཞི་པ་སྔོན་འཇུག་ཤིན་ཏུ་མོའི་འཇུག་དོན་བཤད་པ་ལ་གསུམ། འཇུག་ཚུལ་སྤྱིར་བསྟན་པ། དཔེར་བརྗོད་བྱེ་བྲག་ཏུ་བསྟན་པ། བརྩོན་པར་བསྐུལ་བས་དོན་བསྡུ་བའོ།། དང་པོ་ནི།
སྔོན་འཇུག་ཤིན་ཏུ་མོ་མ་ཡིག །དངོས་པོ་བདག་གཞན་གཉིས་ཀ་དང་།།
དུས་གསུམ་ཀུན་ལ་མཉམ་པར་འཇུག།
ཅེས་པས་བསྟན་ཏེ། སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི། དངོས་པོ་བདག་གཞན་གཉིས་ཀ་དང་། དུས་གསུམ་ཀུན་ལ་འདི་ལ་འཇུག་འདི་ལ་མི་འཇུག། ཅེས་པའི་བྱེ་བྲག་མེད་པར་མཉམ་པ་སྟེ། ཐམས་ཅད་ལ་མཚུངས་པ་ཉིད་དུ་འཇུག་གོ། ཞེས་པའོ།།

གཉིས་པ་དཔེར་བརྗོད་བྱེ་བྲག་ཏུ་བསྟན་པ་ནི། 
དེ་ལྔར་འཇུག་ཚུལ་རིམ་བཞིན་དཔེར། །མཁས་པ་པོ་དང་མཁས་བྱའི་ཆོས།།
མཁས་གྱུར་མཁས་བཞིན་མཁས་པར་འགྱུར། །མགུ་བ་པོ་དང་མགུ་བྱའི་ཡིད།།
མགུ་གྱུར་མགུ་བཞིན་མགུ་བར་འགྱུར། །མཐོང་བ་པོ་དང་མཐོང་བྱའི་གཟུགས།།
མཐོང་ཟིན་མཐོང་བཞིན་མཐོང་འགྱུར་སོགས།།
ཞེས་པས་བསྟན་ཏེ། དོན་ཚན་ལྔ་པོ་དེར་འཇུག་ཚུལ་གྱི་དཔེར་བརྗོད་ཀྱང་སོ་སོར་མི་དགོས་པས་རིམ་པ་བཞིན་དུ་ ལྷན་ཅིག་ཏུ་བཀོད་པའི་རྩ་བའི་དཔེར་བརྗོད་ལ་ཁ་སྐོང་གསལ་བར་བྱ་སྟེ། དཔེར་ན། མཁྱེན་པ་པོ་དང་མཁྱེན་བྱའི་ཆོས། །མཁྱེན་ཏོ་མཁྱེན་ནོ་མཁྱེན་པར་འགྱུར། །མགྱོགས་པ་པོ་དང་མགྱོགས་བྱེད་རྩལ། །མགྱོགས་ཟིན་མགྱོགས་བཞིན་མགྱོགས་འགྱུར་དང་། །མངག་པ་པོ་དང་མངག་བྱའི་མི། །མངགས་སོ་མངག་གིན་མངག་པར་འགྱུར། །མཆོད་པ་པོ་དང་མཆོད་བྱའི་རྫས། །མཆོད་བྱས་མཆོད་བྱེད་མཆོད་པར་བྱ། །མཇལ་བ་པོ་དང་མཇལ་བྱའི་གནས། །མཇལད་ཏོ་མཇལ་ལོ་མཇལ་བར་འགྱུར། །མཉེས་པ་པོ་དང་མཉེས་བྱའི་ཡོན། །མཉེས་སོ་མཉེས་བཞིན་མཉེས་པར་འགྱུར། །མཐུན་པ་པོ་དང་མཐུན་བྱའི་གྲོགས། །མཐུནད་ཏོ་མཐུན་ནོ་མཐུན་འགྱུར་དང་། །མཚོན་པ་པོ་དང་མཚོན་བྱའི་དོན། །མཚོནད་ཏོ་མཚོན་ནོ་མཚོན་པར་འགྱུར། །མཛད་པ་པོ་དང་མཛད་བྱའི་ལས། །མཛད་ཟིན་མཛད་དང་མཛད་འགྱུར་སོགས། །ལྟ་བུར་སྦྱར་བས་རྟོགས་པར་གྱིས།།

གསུམ་པ་བརྩོན་པར་བསྐུལ་བས་དོན་བསྡུ་བ་ནི།
དཔེར་བརྗོད་བརྩོན་པར་མི་ལྷོད་པས། །བདག་གཞན་དུས་ལ་མཁས་པར་མཛོད།།
ཅེས་པས་བསྟན་ཏེ། དེ་ལྟར་བདག་གཞན་གྱི་དབྱེ་བ་འདི་ལ་གོ་བ་མདོར་བསྡུས་པའི་སྒོ་ནས་མུ་བཞིར་དབྱེ་ན། བདག་ལ་འཇུག་ཅིང་གཞན་ལ་མི་འཇུག་པ་དང་། གཞན་ལ་འཇུག་ཅིང་བདག་ལ་མི་འཇུག་པ་དང་། བདག་གཞན་གཉིས་ཀ་ལ་འཇུག་པ་དང་། གཉིས་ཀ་ལ་མི་འཇུག་པ་སྟེ་བཞི་ལས། དང་པོ་ནི། སྔོན་འཇུག་གི་འ་སྟེ། དཔེར་ན། འཁྲིད་བྱེད། འཆང་བྱེད། ལྟ་བུ་དང་། གཉིས་པ་ནི། སྔོན་འཇུག་གི་བ་སྟེ། དཔེར་ན། བཀྲི་བྱ། བཅང་བྱ། ལྟ་བུ་དང་། གསུམ་པ་ནི། སྔོན་འཇུག་ག་ད་གཉིས་དང་མ་ཡིན་ཏེ་དཔེར་ན། གཅད་བྱ་གཅོད་བྱེད། དཀྲོལ་བྱ་དཀྲོལ་བྱེད། མཆོད་བྱ་མཆོད་བྱེད་ལྟ་བུ་དང་། བཞི་པ་ནི། མིང་རྐྱང་ལ་འཕུལ་བའི་སྔོན་འཇུག་རྣམས་ཏེ། དཔེར་ན། བཀའ། བཟང་། བཞིན། ལྟ་བུ་བ་དང་། འཁར། འགའ། འཇམ། འདམ། ལྟ་བུ་འ་དང་། གཅན། གཏན། གནང་། གཙང་། ལྟ་བུ་ག་དང་། དཀར། དངར། དཔལ། དམར། ལྟ་བུ། ད་དང་། མཁའ། མཆན། མཐའ། མཚལ། ལྟ་བུ། དུས་གསུམ་དང་བྱ་བྱེད་ལས་གསུམ་གང་གི་ཁོངས་སུའང་མ་བསྡུས་པའི་མིང་རྐྱང་ལ་ འཇུག་པ་མང་དུ་ཡོད་པ་རྣམས་སོ། དེ་ལྟར་དཔེར་བརྗོད་སྣ་ཚོགས་པས་བསྟན་པ་འདི་ལ། དོན་དུ་གཉེར་བའི་བརྩོན་པ་མི་ལྷོད་པའི་སྒོ་ནས། བདག་གཞན་དུས་གསུམ་གྱི་རྣམ་གཞག་ལ་ མཁས་པར་མཛོད་ཅིག། ཅེས་བསྐུལ་བས་དོན་བསྡུ་བའོ།།

རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ།

བཞི་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི།།
ཞེས་པས་བསྟན་ཏེ། རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་སྟེ་ བཅུ་པོ་དེ་རྣམས་ནི་ཕོ་མོ་སོ་སོར་དབྱེ་བར་བྱའོ།། ཞེས་པའོ།།

རྗེས་འཇུག་གི་སྒྲའི་སྦྱོར་ཚུལ།

གཉིས་པ་རྒྱས་བཤད་ལ་གཉིས། སྒྲའི་སྦྱོར་ཚུལ་དང་། དོན་གྱི་སྦྱོར་ཚུལ་བཤད་པའོ། དང་པོ་ལ་བཞི། སྒྲ་གདངས་དྲག་ཞན་གྱི་སྒོ་ནས་གསུམ་དུ་དབྱེ་བ། དྲག་ཞན་ནང་ཕྲད་ཀྱི་སྒོ་ནས་བརྒྱད་དུ་དབྱེ་བ། གོ་སྟོབས་ཀྱི་སྒོ་ནས་མཐའ་དཔྱད་པ། དཔེར་བརྗོད་ཀྱི་སྒོ་ནས་མཁས་པར་གདམས་པའོ།། དང་པོ་ལ་གཉིས། དབྱེ་བའི་རྒྱུ་མཚན་དང་། རྟགས་ཀྱི་ངོས་འཛིན་བསྟན་པའོ།། དང་པོ་ནི།
གང་ལ་ཞུགས་ཚེ་སྒྲ་ཡི་གདངས། །དྲག་ཞན་བར་མ་གསུམ་འགྱུར་བས།།
ཕོ་མོ་མ་ནིང་གསུམ་དུ་དདབྱེ།།
ཞེས་པས་བསྟན་ཏེ། རྗེས་འཇུག་དེ་རྣམས་མིང་གཞིའི་ཡི་གེ། གང་དང་གང་ལ་ཞུགས་པའི་ཚེ། སྒྲའི་གདངས་དྲག་ཞན་བར་མ་གསུམ་དུ་འགྱུར་བས་ན། ཕོ་མོ་མ་ནིང་གསུམ་དུ་དབྱེ་བར་བྱའོ།། ཞེས་པའོ།།

གཉིས་པ་རྟགས་ཀྱི་ངོས་འཛིན་བསྟན་པ་ནི།
ག་ད་བ་ས་བཞི་ཕོ་ཡིག །ང་མ་འ་གསུམ་མོ་ཡིག་དང་།།
ན་ར་ལ་གསུམ་མ་ནིང་ངོ།།
ཞེས་པས་བསྟན་ཏེ། དེ་ཡང། རྗེས་འཇུག་ག་ད་བ་ས་བཞི་ནི་ཕོ་ཡིག་དང་། ང་མ་འ་གསུམ་ནི་མོ་ཡིག་དང་། ན་ར་ལ་གསུམ་ནི་མ་ནིང་གི་ཡི་གེ་རུ་ངོས་བཟུང་བར་བྱའོ།། ཞེས་པ་འོ།།
གཉིས་པ་དྲག་ཞན་ནང་ཕྲད་ཀྱི་སྒོ་ནས་བརྒྱད་དུ་དབྱེ་བ་ལ་གསུམ། ཕོ་ལ་རབ་འབྲིང་གསུམ་དུ་དབྱེ་བ། མོ་ལ་མོ་ཙམ་གཉིས་སུ་དབྱེ་བ། མ་ནིང་འགྱུར་མཚན་གསུམ་དུ་དབྱེ་བའོ།། དང་པོ་ནི།
སྒྲ་འཇུག་རྗེས་འཇུག་ཕོ་ཡིག་གར། །ཡང་འཇུག་ས་ཞུགས་སྒྲ་དྲག་མཐུས།།
སྐྱེས་བུ་རབ་དང་དེ་བཞིན་དུ། །བ་ལ་ཡང་འཇུག་ས་ཞུགས་ཚེ།།
དྲག་འབྲིང་ཕྱིར་ན་སྐྱེས་བུ་འབྲིང་། །ག་བར་ཡང་འཇུག་མེད་པ་དང་།།
ད་སའི་མཐའ་རྣམས་དྲག་ཞན་ཕྱིར། །སྐྱེས་བུ་ཐ་མ་ཡིན་པར་བཤད།།
ཅེས་པས་བསྟན་ཏེ། སྒྲ་ཡི་འཇུག་ཚུལ། རྗེས་འཇུག་ཕོ་ཡིག་ག་ལ་ ཡང་འཇུག་ས་ཞུགས་པ་ནི་ རྗེས་འཇུག་ཕོ་གཉིས་ནང་ཕྲད་ཀྱི་སྟོབས་ལས་སྒྲ་དྲག་པའི་དྲག་པར་འགྱུར་བའི་མཐུས་སྐྱེས་བུ་རབ། ཞེས་བརྗོད་པ་དང་། དེ་བཞིན་དུ། རྗེས་འཇུག་བ་ལ་ཡང་འཇུག་ས་ཞུགས་པའི་ཚེ། ཕོ་གཉིས་ནང་ཕྲད་འདྲ་ཡང་། ག་ལས་བ་ནི་རྩོལ་བ་ཅུང་ཟད་ཞན་པའི་དབང་གིས་སྒྲ་དྲག་པའི་འབྲིང་དུ་འགྱུར་བའི་ཕྱིར་སྐྱེས་བུ་འབྲིང་། ཞེས་བརྗོད་པ་དང་། རྗེས་འཇུག་ག་བ་གཉིས་ལ་ཡང་འཇུག་ས་ཞུགས་པ་མེད་པ་དང་། ད་དང་སའི་མཐའ་རྣམས་ནི་ ཕོ་གཉིས་ནང་ཕྲད་མེད་པའི་དབང་ལས་སྒྲ་དྲག་པའི་ཞན་པར་འགྱུར་བའི་ཕྱིར། སྐྱེས་བུ་ཐ་མ་ཡིན་པར་བཤད་དོ།།

གཉིས་པ་མོ་ལ་མོ་ཙམ་གཉིས་སུ་དབྱེ་བ་ནི།
མོ་ཡིག་ང་མར་ཡང་འཇུག་ས། །ཞུགས་ཚེ་ཞན་པའི་དྲག་འགྱུར་བས།།
མོ་ཙམ་ཡིན་ཏེ་དེ་གཉིས་ལ། །ཡང་འཇུག་ཞུགས་པ་མེད་པ་དང་།།
འ་ནི་ཞན་པའི་ཞན་འགྱུར་བས། །དེ་གསུམ་ཤིན་ཏུ་མོ་རུ་འདོད།།
ཅེས་པས་བསྟན་ཏེ། རྗེས་འཇུག་མོ་ཡིག་ ང་མ་གཉིས་ལ་ ཡང་འཇུག་ས་ཞུགས་པའི་ཚེ། རྗེས་འཇུག་ཕོ་མོ་ནང་ཕྲད་ཀྱི་དབང་ལས་ སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ། ཞེས་བརྗོད་པ་དང་། ང་མ་དེ་གཉིས་ལ། ཡང་འཇུག་ས་ཞུགས་པ་མེད་པ་དང་། འ་ཡིག་མཐའ་རྣམས་ནི། ཕོ་མོ་ནང་ཕྲད་མེད་པའི་སྟབས་ཀྱིས་ སྒྲ་ཞན་པའི་ཞན་པར་འགྱུར་བས་ དེ་གསུམ་ཤིན་ཏུ་མོ་རུ་འདོད་དོ།།



གསུམ་པ་འགྱུར་མཚན་གསུམ་དུ་དབྱེ་བ་ནི།
མ་ནིང་ན་ར་ལ་གསུམ་ནི། །མིང་གཞིའི་ཕོ་མཐར་ཡང་འཇུག་ད།།
ཡོད་མེད་གང་རུང་བར་མའི་སྒྲ། །དྲག་འགྱུར་མིང་གཞིའི་མོ་ཡིག་མཐར།།
ཡང་འཇུག་མེད་ཚེ་བར་མའི་སྒྲ། །ཞན་འགྱུར་དྲག་ནཞན་འགྱུར་བས་ན།།
འགྱུར་བ་མ་ནིང་ཞེས་སུ་བཤད།།
ཅེས་པས་བསྟན་ཏེ། རྗེས་འཇུག་མ་ནིང་ན་ར་ལ་གསུམ་ནི། མིང་གཞིའི་ཕོ་ཡིག་ཀ་ཅ་སོགས་ཀྱི་མཐར། ཡང་འཇུག་ད་ཞུགས་པ་ཡོད་དམ་མེད་པ་གང་ཡང་རུང་བས། བར་མའི་སྒྲ་དྲག་པར་འགྱུར་བ་དང་། མིང་གཞིའི་ག་ཇ་སོགས་ཀྱི་མཐར་ ཡང་འཇུག་ད་ཞུགས་པ་མེད་པའི་ཚེ་ བར་མའི་སྒྲ་ཞན་པར་འགྱུར་ལ་ གཅིག་ཏུ་མི་གནས་པར་དྲག་ཞན་འགྱུར་བས་ན། འགྱུར་བ་མ་ནིང་ཞེས་སུ་བཤད་དོ།།
མིང་གཞི་མོ་མཐར་ཡང་འཇུག་ད། །ཞུགས་ཚེ་བར་མའི་སྒྲ་ཉིད་ལ།།
དྲག་ཞན་གཉིས་ཀ་ལྡན་པས་ན། །མཚན་གཉིས་མ་ནིང་ཞེས་སུ་འདོད།།
ཅེས་པས་བསྟན་ཏེ། ཡང་མིང་གཞིའི་མོ་ག་ཇ་སོགས་ཀྱི་མཐར་ ཡང་འཇུག་ད་ཞུགས་པའི་ཚེ། བར་མའི་སྒྲ་ཉིད་ལ་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པས་ན། མཚན་གཉིས་མ་ནིང་ ཞེས་སུ་འདོད་དོ།།
མིང་གཞི་མ་ནིང་མཐར་ཡང་འཇུག །ཡོད་མེད་གང་རུང་བར་མའི་སྒྲ།།
ཙམ་ལས་དྲག་ཞན་མེད་པས་ན། །མཚན་མེད་མ་ནིང་ཞེས་བྱའོ།།
ཞེས་པས་བསྟན་ཏེ། ཡང་། མིང་གཞི་མ་ནིང་ཁ་ཆ་སོགས་ཀྱི་མཐར་ ཡང་འཇུག་ད་ཞུགས་པ་ཡོད་དམ་མེད་པ་གང་ཡང་རུང་བར་མའི་སྒྲ་ཙམ་ལས་ དྲག་ཞན་གཉིས་ཀའི་མཚན་མེད་པས་ན་ མཚན་མེད་མ་ནིང་ ཞེས་བཤད་པར་བྱའོ།།

གསུམ་པ་གོ་སྟོབས་ཀྱི་སྒོ་ནས་མཐའ་དཔྱད་པ་ནི།
ཕོ་དང་མོ་ནི་རྗེས་འཇུག་གི །སྟོབས་ལས་མིང་གཞི་འགྱུར་བ་དང་།།
མ་ནིང་ཡི་གེ་གསུམ་པོ་ནི། །མིང་གཞིའི་སྟོབས་ཀྱིས་འགྱུར་བའོ།།
ཞེས་པས་བསྟན་ཏེ། དེ་ཡང་། རྗེས་འཇུག་ཕོ་གསུམ་དང་མོ་གཉིས་ནི་རྗེས་འཇུག་རང་སྟོབས་ཀྱིས་མིང་གཞིའི་ཡི་གེ་རྣམས་དྲག་ཞན་དུ་འགྱུར་བ་དང་། མ་ནིང་ཡི་གེ་ན་ར་ལ་གསུམ་ནི་མིང་གཞིའི་སྟོབས་ཀྱིས་ རྗེས་འཇུག་དྲག་ཞན་དུ་འགྱུར་བ་ནི་མངོན་སུམ་གྱིས་གྲུབ་པའོ།།

བཞི་པ་དཔེར་བརྗོད་ཀྱི་སྒོ་ནས་མཁས་པར་གདམས་པ་ནི།
རྗེས་འཇུག་ཕོ་མོ་ནང་གསེས་ཀྱི། །དབྱེ་བ་བརྒྱད་པོ་ཐུན་མོང་དཔེར།།
སྐྱོགས་སྒྲོགས་ལྟ་བུ་སྐྱེས་བུ་རབ། །སྐབས་སྒྲུབས་ལྟ་བུ་སྐྱེས་བུ་འབྲིང་།།
སྐད་སྐས་བཀག་བཀབ་སོགས་ལྟ་བུ། །སྐྱེས་བུ་ཐ་མ་ཡིན་པའོ།།
བསྐངས་བསྐུམས་ལྟ་བུ་མོ་ཙམ་དང་། །ཀོང་ཁོམ་དགའ་སོགས་ལྟ་བུ་ནི།།
ཤིན་ཏུ་མོའོ་བསྟན་ཀུན་དང་། འགྲན་སོགས་ལྟ་བུ་འགྱུར་མ་ནིང་།།
འབྱོརད་རོལད་ལྟ་བུ་མཚན་གཉིས་དང་། །མཁར་ཕྱིན་ཕུལ་སོགས་ལྟ་བུ་ནི།།
མཚན་མེད་མ་ནིང་དང་བཅས་པའི། །རྗེས་འཇུག་སྒྲ་ལ་མཁས་པར་གྱིས།།
ཞེས་པས་བསྟན་ཏེ། རྗེས་འཇུག་ཕོ་མོ་ནང་གསེས་ཀྱི་དབྱེ་བ་ བརྒྱད་པོ་ཐུན་མོང་དུ་རྩ་བའི་དཔེར་བརྗོད་ལ་ཁ་སྐོང་གསལ་བ་ལས། སྐྱེས་བུ་རབ་ནི། དཔེར་ན། སྐྱོགས། སྒྲོགས། བསྔགས། བཅགས། འཆགས། འཇགས། བསྙགས། བརྟགས། ཐོགས། དོགས། ནགས། པགས། འཕགས། སྦགས། དམིགས། བཙགས། ཚོགས། རྫོགས། ཞགས། གཟུགས། གཡོགས། རིགས། ལགས། བཤགས། བསགས། ཧྭགས། ལྟ་བུའོ། སྐྱེས་བུ་འབྲིང་ནི། སྐབས། སྒྲུབས། བརྔུབས། བཅིབས། ཆིབས། འཇེབས། བསྙབས། སྟབས། ཐབས། བརྡབས། སྣབས། སྤོབས། ཕེབས། འབེབས། རྩབས། ཚབས། ཞབས།  གཟབས། གཡབས། རབས། ཤུབས། བསབས། ལྟ་བུའོ། སྐྱེས་བུ་ཐ་མ་ནི། སྐད། ཁས། དགག རྔབ། བཅད། ཆས། ཇག ཉབ། གཏད། ཐོས། བདག ནུབ། པད། ཕས། བག རྩབ། ཚད། རྫེས། ཞག ཟབ། ཡོད། རས། ལག ཤོབ། སད། ལྟ་བུའོ། མོ་ཙམ་ནི། བསྐངས། ཁམས། གངས། ངོམས། བཅངས། འཆམས། ལྗོངས། ཉམས། སྟངས། ཐམས། དྭངས། ནམས། སྤངས། ཕྱམས། འབངས། བརྩམས། ཚངས། འཛོམས། གཞུངས། བཟླུམས། ཡངས། རེམས། ལངས། བཤམས། བསངས། ལྟ་བུའོ། ཤིན་ཏུ་མོ་ནི། ཀོང་། ཁོམ། དགའ། ངང་། བཅོམ། འཆའ། ལྗང་། སྙམ། གཏའ། ཐང་། དམ། གནའ། པང་། ཕམ། འབའ། ཙམ། མཚའ། རྫོང་། ཞིམ། བཟའ། འང་། ཡུམ། གཤའ། སོང་། ལྟ་བུའོ། འགྱུར་བ་མནིང་ནི། བཀན། བསྐོརད། བཀལ། བཅུན། བཅརད། བཅོལ། སྟན། བསྟརད། རྡུལ། སྤེན། སྤརད། སྤེལ། བཙན། བཙིརད། རྩལ། མགོན། འགོར། འགལ། རྗེན། འཇུར། འཇལ། འདྲེན། འདར། གདལ། བོན། བོར། འཛིན། འཛེར། འཛུལ། ལྟ་བུའོ། མཚན་གཉིས་པ་ནི། བསྒྲུནད། བསྒརད། བསྡུརད། བརྡོལད། སྦྱིནད། སྦྱོརད། འཛིནད། བཞརད། རོལད། བསལད། ལྟ་བུའོ། མཚན་མེད་ནི། མཁར། མཁྱེནད། ཁལ། ཆེན། ཆར། འཆལ། ཐན། ཐརད། ཐལད། ཕན། འཕར། མཚན། མཚརད། འཚལ། ལྟ་བུས་མཚོན་ཏེ་རྒྱ་ཆེར་སྦྱར་བས་ རྗེས་འཇུག་གི་སྒྲ་ལ་མཁས་པར་གྱིས་ཤིག། ཅེས་པའོ།།

རྗེས་འཇུག་དོན་གྱི་སྦྱོར་ཚུལ་བཤད་པ།

གཉིས་པ་དོན་གྱི་སྦྱོར་ཚུལ་བཤད་པ་ལ་གཉིས། སྔ་མ་གང་ལྟར་གྱུར་བ་དང་། །ཕྱི་མ་གང་ལྟར་འགྱུར་བའོ།། དང་པོ་ལ་གཉིས། སྔ་མ་སྔོན་འཇུག་བཞིན་དུ་སྦྱོར་བ། དེའི་དམིགས་བསལ་བསྟན་པའོ།། དང་པོ་ནི།
དོན་འཇུག་བདག་གཞན་དུས་སྟོན་ཕྱིར། །མིང་གཞིར་སྔོན་འཇུག་ལྔ་ཞུགས་ལྟར།།
རྗེས་འཇུག་ཀྱང་ནི་བརྟག་སྟེ་སྦྱོར།།
ཞེས་པས་བསྟན་ཏེ། དོན་གྱི་འཇུག་ཚུལ་གཙོ་བོ་བདག་གཞན་དུས་གསུམ་གྱི་རྣམ་གཞག་སྟོན་པའི་ཕྱིར། སྔར་གོང་དུ་ མིང་གཞིར་སྔོན་འཇུག་ལང་ཞུགས་ནས་བདག་གཞན་གྱི་དབྱེ་བ་ གང་ལ་གང་ཐོབ་གསལ་བར་སྟོན་པ་ལྟར། ད་ལྟའི་རྗེས་འཇུག་རྣམས་ཀྱང་ དེའི་དོན་དང་མཐུན་པར་བརྟག་སྟེ་སྦྱོར་བར་བྱའོ།། དེ་ཡང་། སྔོན་འཇུག་གིས་འདས་པ་སྟོན་པའི་ཕྱིར་འཇུག་ན་ ད་ལྟའི་སྐྱེས་བུ་རབ་འབྲིང་། ཐ་གསུམ་གྱིས་འདས་པ་ལ་འཇུག་དགོས་ཏེ། དཔེར་ན། བརྟགས། བསྒྲུབས། བཀག བཏབ། བཅད། བལྟས། ལྟ་བུ་དང་། སྔོན་འཇུག་གིས་བྱེད་པོ་སྟོན་ན་ འདི་གསུམ་གྱིས་ཀྱང་བྱེད་པ་ལ་འཇུག་དགོས་ཏེ། འགུགས་བྱེད། གཞིབས་བྱེད། འཇོག་བྱེད། འཆབ་བྱེད། གཅོད་བྱེད། འཆོས་བྱེད། ལྟ་བུ་དང་། སྔོན་འཇུག་གི་བྱ་བ་སྟོན་ན་འདི་གསུམ་གྱིས་ཀྱང་བྱ་བ་ལ་འཇུག་དགོས་ཏེ་། གདགས་བྱ། གཏུབ་བྱ། དགག་བྱ། བསྒྲུབ་བྱ། གཅད་བྱ། དགས་བྱ། ལྟ་བུ་དང་། སྔོན་འཇུག་གི་ད་ལྟ་བར་འཇུག་ན་འདི་གསུམ་གྱིས་ཀྱང་དེ་དང་མཐུན་པར་འཇུག་དགོས་ཏེ། འདེགས་བཞིན་པ། གཏུབ་བཞིན་པ། འགོག་བཞིན་པ། དགབ་བཞིན་པ། གཅོད་བཞིན་པ། འདུས་ཀྱིན་སྣང་། ལྟ་བུ་དང་། སྔོན་འཇུག་གིས་མ་འོངས་པར་འཇུག་ན་འདི་གསུམ་གྱིས་ཀྱང་དེ་དང་མཐུན་པར་འཇུག་དགོས་ཏེ། འགགས་པར་འགྱུར། འགེབས་པར་འགྱུར། འདུག་པར་འགྱུར། འཁོད་པར་འགྱུར། འབྲོས་པར་འགྱུར། ལྟ་བུའོ། དེ་བཞིན་དུ་མོ་གཉིས་དང་མ་ནིང་གསུམ་པོའང་སྔོན་འཇུག་གི་འགྲོས་དང་བསྟུན་ནས་སྦྱར་ཤེས་པར་བྱའོ།།

གཉིས་པ་དེའི་དམིགས་བསལ་བསྟན་པ་ནི།
དེ་ཡང་གཙོ་ཆེར་སྔོན་འཇུག་གིས། །སྟོན་ཚེ་རྗེས་འཇུག་རྗེས་མཐུན་གྱིས།།
བྱ་བྱེད་འགའ་ཙམ་སྟོན་པ་ལྟར། །སྣང་ཡང་སྔོན་འཇུག་ཇི་བཞིན་དུ།།
ཀུན་ལ་ཁྱད་པར་འབྱེད་མི་ནུས། །ཡང་འཇུག་འདས་སྒྲ་སྟོན་ཙམ་ལས།།
བྱ་བྱེད་གཞན་ལ་ཆེར་མི་ཕན།།
ཞེས་པས་བསྟན་ཏེ། དེ་ཡང་བདག་གཞན་དུས་གསུམ་གྱི་རྣམ་གཞག་གཙོ་ཆེར་སྔོན་འཇུག་གི་ནུས་པས་སྟོན་པ་ཡིན་ཚེ། ད་ལྟའི་རྗེས་འཇུག་རྗེས་མཐུན་རྣམས་ཀྱིས་བྱ་བྱེད་འགའ་ཙམ་སྟོན་པ་ལྟར་སྣང་ཡང་། སྔོན་འཇུག་ཇི་ལྟ་བ་བཞིན་དུ་རྗེས་འཇུག་རྣམས་ཀྱིས་བདག་གཞན་དུས་གསུམ་ཀུན་ལ་ གསལ་གསལ་ངེས་ངེས་ཀྱི་ཁྱད་པར་འབྱེད་མི་ནུས་ཤིང་། ད་དང་ས་འི་ཡང་འཇུག་ནི་ འདས་སྒྲ་དང་སྐུལ་ཚིག་སྟོན་པ་ཙམ་ལས་བྱ་བྱེད་གཞན་ལ་ཆེར་མི་ཕན་པས་སོ། དེས་དེ་ལ་དགོངས་ནས་ སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར་ཞེས་ ངེས་བཟུང་གི་སྔོན་འཇུག་ལ་ ཞལ་འཕངས་མཛད་པར་ཡིན་པས་སོ།།
གཉིས་པ་ཕྱི་མ་གང་ལྟར་འགྱུར་པ་ལ་གཉིས། རྟགས་མཚུངས་ཀྱིས་མིང་མཐའ་འདྲེན་ཚུལ་དང་། དམིགས་བསལ་གྱིས་བརྗོད་བདེ་འདྲེན་ཚུལ་ལོ། དང་པོ་ལ་གཉིས། དངོས་དང་། དཔེར་བརྗོད་པའོ།། དང་པོ་ནི།
མིང་གཅིག་ཉིད་ལ་ངོ་བོ་ཡི། །ཁྱད་པར་རྫོགས་པའི་མཐའ་འདྲེན་ཚུལ།།
སོ་སོར་སྦྱར་བའི་རྗེས་འཇུག་གིས། །རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་མཐར།།
མིང་གཞི་དྲངས་ཚེ་ཕོ་ཡིས་ཕོ། །མོ་ཡིས་མོ་དང་མ་ནིང་གིས།།
མ་ནིང་རང་རང་རྟགས་མཚུངས་དྲངས།།
ཞེས་པས་བསྟན་ཏེ། མིང་ཚིག་རྩོམ་བྱེད་ཀྱི་གཞི་ཀ་ལྟ་བུ་ གཅིག་པུ་ཉིད་ལ་དེའི་ཁྱད་པར་རྫོགས་པའི་ཚེ་ བ་ལྟ་བུའི་མིང་མཐའ་གཞན་འདྲེན་ཚུལ་ནི། མིང་གཞི་སྐབས་དོན་སོ་སོར་ལྟར་སྦྱར་བའི་རྗེས་འཇུག་གིས་རྣམ་དབྱེ་ཚིག་ཕྲད་སོགས་གང་ཡིན་ཡང་རུང་། དེའི་མཐར་མིང་གཞི་གཞན་དྲང་དགོས་པའི་ཚེ། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་ཡིག་གིས་མིང་གཞི་ཕོ་ཡིག་དྲང་བར་བྱ་ཞིང་། དེ་བཞིན་དུ་མོ་ཡིག་གིས་མོ་དང་། མ་ནིང་གིས་མ་ནིང་དྲང་བ་སྟེ་རང་རང་གི་སྒྲ་མཚུངས་སམ་ རྟགས་མཚུངས་དྲངས་པས་ཤེས་པར་བྱའོ།།

གཉིས་པ་དཔེར་བརྗོད་པ་ནི།
དཔེར་ན་ཅིག་ཅར་དཔྱིད་ཀ་སོགས། །ལྟ་བུ་ཕོ་རུ་ཕོ་ཡིག་དང་།།
གསུམ་ག་དཔའ་བ་ལྟ་བུ་སོགས། །མོ་རུ་མོ་ཡིག་དྲངས་པ་དང་།།
ཐལ་ཁ་དབྱར་ཁ་ལྟ་བུ་རྣམས། །མ་ནིང་ཉིད་དུ་མ་ནིང་དྲངས།།
རང་རང་སྒྲ་མཚུངས་སྦྱར་བས་རྟོགས།།
ཞེས་པས་བསྟན་ཏེ། དེ་རྣམས་རིམ་པ་བཞིན་དུ་ རྩ་བའི་དཔེར་བརྗོད་ལ་ ཁ་སྐོང་གསལ་བ་ལས། ཕོས་ཕོའི་མིང་མཐའ་དྲངས་པ་ནི། དཔེར་ན། ཅིག་ཅར། བདག་ཅག། གཅིག་པུ། དཔྱིད་ཀ། སྟོད་ཀོར། ཀླད་ཀོར། ཐབ་ཀ། ཆབ་ཅིག། རབ་ཏུ། སོས་ཀ། གཉིས་ཀ། ཆས་ཀ། བརྟགས་པ། ཡུངས་ཀར།  པགས་པ། མཁྱེན་ཅིང་། བེརད་ཀ། རོལད་པ། ལ་སོགས་པ་ལྟ་བུའོ། མོས་མོའི་མིང་མཐའ་དྲངས་པ་ནི། གང་བ། མཐིང་ག། སྦང་མ། དྭང་མ། གསུམ་ག། ཏམ་བུ འཛམ་བུ དགའ་མ། དཔའ་བ། ཁྱི་གུ། ལུ་གུ། དུ་གུ། ལ་སོགས་པ་ལྟ་བུའོ། །མ་ནིང་གིས་མ་ནིང་དྲངས་པ་ནི། སྟོན་ཁ། དགུན་ཁ། མོན་ཁ། མཚོན་ཆ། དབྱར་ཁ། སེར་ཁ། གཏེར་ཁ། དཀོར་ཆ། ཐལ་ཁ། མཚལ་ཁ། རྒྱལ་ཁ། མལ་ཆ། ལ་སོགས་པ་ལྟ་བུ། རང་རང་སྒྲ་མཚུངས་སྦྱར་བས་རྟོགས་པར་བྱའོ།།

གཉིས་པ་དམིགས་བསལ་གྱི་བརྗོད་བདེ་འདྲེན་ཚུལ་ནི།
དེ་ལྟའི་དབྱེ་ཞིབ་རྟོགས་འགྱུར་ན། །འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི།།
བརྗོད་བདེ་འདྲེན་པ་འགའ་མ་གཏོགས། །རྟགས་ཀྱིས་ཚེགས་མེད་འདྲེན་ཤེས་པས།།
མིང་མཐའ་སྦྱོར་ལ་རྨོངས་པ་བྲལ།།
ཞེས་པས་བསྟན་ཏེ། དེ་ལྟ་བུའི་མིང་མཐའ་འདྲེན་ཚུལ་གྱི་དབྱེ་བ་ཞིབ་ཏུ་རྟོགས་པར་འགྱུར་ན། འཇིག་རྟེན་ལ་གྲངས་པའི་ཐ་སྙད་ཀྱི་བརྗོད་བདེ་འདྲེན་པ་ འགའ་ཙམ་མ་གཏོགས་ཕོ་མོའི་རྟགས་ཀྱི་ མིང་མཐའ་དཀའ་ཚེགས་མེད་པར་ འདྲེན་ཤེས་པ་འོང་བས་སོ། དཔེར་ན། མངོན་པ། མཐུན་པ། འཆར་བ། དར་བ། འཇལ་བ། རྒྱལ་བ། དམ་པ། བསམ་པ། རྣམ་པ། བུམ་པ། རིམ་པ། ལ་སོགས་པའི་བརྗོད་བདེ་འདྲེན་པ་ཡང་། སྔར་སུམ་ཅུ་པར་བསྟན་པ་བཞིན་མང་དུ་ཡོད་པས་བྱེ་བྲག་མ་འཛིངས་པར་སོ་སོར་རྟོགས་པར་བྱའོ།།
དེ་ལྟར་མིང་མཐའ་འདྲེན་ཚུལ་དང་ རྣམ་དབྱེ་འདྲེན་ཚུལ་སོགས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་དབུ་ཞབས་ཀྱི་ ཡི་གེ་སྦྱོར་བ་གང་ལ་ཡང་ ཐེ་ཚོམ་མེད་པར་ཤེས་དགོས་སོ།། ཅི་སྟེ་འདིར་རྟགས་ཀྱི་འཇུག་པའི་བསྟན་བྱ་ཡོངས་སུ་རྫོགས་ཏེ་རྗེས་འཇུག་བཞིའི་སྦྱོར་བ་མ་བཤད་པའི་ཕྱིར་རོ། ཞེ་ན། རྗེས་འཇུག་གི་རྟགས་བཤད་པའི་སྐབས་འདིར་གཞུང་ལས་གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅི་ཕྱིར་འཇུག་པ་བཞི་རུ་དབྱེ་བ་ཡོད་མོད་ཀྱང་། འདིར་སྔ་མ་གཉིས་གོ་སླ་བའི་ཕྱིར་དང་། ཇི་ལྟར་འཇུག་པ་ནི་སྒྲ་འཇུག་དོན་འཇུག་གཉིས་སུ་བསྡུ་བའི་ཕྱིར་དང་། དགོས་པ་ཅི་ཕྱིར་འཇུག་པ་ནི་ ཡི་གེའི་དགོས་པ་ཕན་ཡོན་དང་ འབྲེལ་བ་ཙམ་མ་གཏོགས། ལག་ལེན་ཟུར་དུ་མེད་པའི་ཕྱིར། ཤུགས་བསྟན་གྱིས་གོ་བའི་དབང་དུ་བསྡུ་བས་བསྟན་བྱར་མ་ཚང་བའི་སྐྱོན་ཡང་མེད་དོ་སྙམ་མོ།།

གསུམ་པ་དགོས་པ་བརྗོད་པས་མཇུག་བསྡུ་བ་ནི།
དེ་ཚེ་ཡོན་ཏན་ཀུན་གྱི་གཞི། །འབྲི་དང་ཀློག་པ་གང་ལ་ཡང་།།
སྡེབ་སྦྱོར་སྨྲ་བའི་མཆོག་ཏུ་འགྱུར།།
ཞེས་པས་བསྟན་ཏེ། དེ་ལྟར་བཤད་མ་ཐག་པའི་ཡི་གེ་སྦྱོར་བ་རྣམས་ལ་ ལེགས་པར་སྦྱང་བས་རྟོགས་པར་གྱུར་ན། དུས་དེའི་ཚེ། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་རང་གིས་འབྲི་བ་དང་བྲིས་ཟིན་ཀློག་པ་དང་འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བྱ་བ་གང་ལ་ཡང་ངག་གི་བརྗོད་པ་གསལ་བ་དང་ རྩོམ་པའི་སྡེབ་སྦྱོར་དག་པས་ལྔ་རིག་སྨྲ་བའི་མཆོག་ཏུ་འགྱུར་རོ།།

མཐར་ཕྱིན་གྱི་བྱ་བ་བཤད་པ།

གསུམ་པ་མཐར་ཕྱིན་གྱི་བྱ་བ་བཤད་པ་ལ་བཞི། འདི་བརྩམས་དགོ་པའི་རྒྱུ་མཚན། འདི་ལ་བརྟགས་ནས་སྤེལ་དགོས་ཚུལ། འདིའིདགེ་བ་རྫོགས་བྱང་དུ་བསྔོ་བ། གང་གིས་བརྩམས་པའི་རྩོམ་བྱང་སྨོས་པའོ།། དང་པོ་ནི།
སྔོན་དུས་མཁས་པའི་ལེགས་བཤད་མང་ཡོད་བཞིན།།
ད་དུང་བླུན་པོའི་ཉེས་བཤད་དགོས་མེད་ཀྱི།།
འོན་ཀྱང་འདི་ཀོ་རྒྱས་བཤད་འཇིགས་རྣམས་ལ།།
ཕན་སྙམ་ཁོ་བོས་མདོར་བསྡུས་བཤད་པ་ཡིན།།
ཞེས་པས་བསྟན་ཏེ། དེ་ཡང་སྔོན་གྱི་དུས་སུ་བྱོན་པའི་མཁས་གྲུབ་ཀྱི་སྐྱེས་བུ་ཚད་མར་གྱུར་པ་རྣམས་ཀྱིས་མཛད་པའི་ལེགས་བཤད་རྒྱ་མཚོ་ལྟ་བུ་མང་དུ་བཞུགས་ཡོད་བཞིན་དུ། ད་དུས་སྙིགས་མའི་ཡང་མཐར་སྐྱེས་པའི་ བླུན་རྨོངས་བདག་འདྲའི་ཉེས་བཤད་འདི་བརྩམ་པའི་དགོས་པ་མེད་མོད་ཀྱི། འོན་ཀྱང་སྔོན་འབྱུང་མཁས་པའི་ལེགས་བཤད་རྒྱ་ཆེ་ནས་ ད་དུས་ཀྱི་བྱིས་པ་རྣམས་ཀྱིས་ ཚེ་གང་བརྩོན་ཀྱང་ དགོས་དོན་སྙིང་པོ་ལག་ཏུ་ལོན་པ་ནི་ ཆེས་སྐྱོན་པར་མཐོང་བའི་དབང་གིས། འདི་ཀོ་གཞུང་རྒྱས་བཤད་ཐོས་པའི་བློ་མིག་དང་མི་ལྡན་པས་ འཇིགས་ཤིང་ཞུམ་པ་རྣམས་ལ་ ཕན་ན་ ཅི་མ་རུང་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་སློང་སྟེ། ཁོ་བོས་བྱས་པ་འདི་ནི་བྱི་པ་རྣམས་ཀྱི་བློ་ལ་བཟུང་བདེ་བའི་ཆེད་དུ་ ཚིགས་སུ་བཅད་པའི་ ངག་གིས་མདོར་བསྡུས་སུ་བཤད་པ་ཡིན་ནོ། ཞེས་པའོ།།

གཉིས་པ་འདི་ལ་བརྟགས་ནས་སྤེལ་དགོས་ཚུལ་ནི།
དེ་ལ་མཁས་རྣམས་ཕྱོགས་ལྷུང་མི་འཚལ་བར།།
གཟུར་གནས་བློ་ཡིས་བརྟགས་ཤིང་དཔྱད་མཛོད་ལ།།
འགལ་འཁྲུལ་གདའ་ན་རིག་པས་ཚར་གཅོད་དང་།།
ཚད་མར་མཆིས་ན་སྤེལ་ཏེ་འཆད་ཉན་མཛོད།།
ཅེས་པས་བསྟན་ཏེ། ཁོ་བོས་བྱས་པའི་བསྟན་བཅས་འདི་ལ་ ལུགས་འདི་འཛིན་པའི་མཁས་པ་གང་དག་འཚོ་ཞིང་གཞེས་པ་རྣམས་ཀྱིས་ སོ་སོའི་ཕྱོགས་ཆར་ལྷུང་བ་དང་ཕྲག་དོག་སོགས་མི་འཚལ་བར། གཟུ་བོར་གནས་པའམ་དྲང་པོའི་བློ་ཡིས་ཡང་ནས་ཡང་དུ་བརྟགས་ཤིང་དཔྱད་པར་མཛོད་ཅིག། དེ་ལྟར་དཔྱད་པས་འདི་ལ་འགལ་འཁྲུལ་སོགས་ནོངས་པའི་ མཚན་མ་གཟིགས་པར་གདའ་ན་ བརྒལ་ལན་གྱི་རིགས་པས་ཚར་གཅོད་འོས་པ་དང་། དོན་དང་ལྡན་ནས་ཡང་དག་པའི་ ཚད་མར་མཆིས་ན་འདི་ཉིད་དེང་སང་གི་བློ་དང་མཐུན་པས་སྤེལ་ཏེ་ འཆད་ཉན་ཡོད་པར་མཛོད་ཅིག་ཅེས་ཞུ་བའོ།།

གསུམ་པ་འདིའིདགེ་བ་རྫོགས་བྱང་དུ་བསྔོ་བ་ནི།  
རྣམ་དཀར་ལྷག་བསམ་གངས་ཀྱི་རི་སུལ་ནས།།
རྣམ་བཅས་སྨན་པའི་དགེ་རྩ་དལ་འགྲོའི་རྒྱུན།།
རྣམ་མེད་བསྔོས་པའི་གངྒཱ་དང་འགྲོགས་ཏེ།།
རྣམ་མཁྱེན་རྒྱ་མཚོར་འཇུག་པའི་རྒྱུར་གྱུར་ཅིག།
ཅེས་པས་བསྟན་ཏེ། དེ་ཡང་། རྣམ་དཀར་དགེ་བའི་ལྷག་བསམ་ ཆེ་འདོད་ གྲགས་འདོད་སོགས་ཀྱི་དྲི་མ་དང་བྲལ་བ། དཔེར་ན། གངས་རིའི་དབང་པོ་སྟེ་སེར་གྱི་རི་སུལ་ནས་འབྱུང་བའི་ཆུ་བོ་བཞིན་དུ། བསྟན་བཅོས་བརྩམས་པ་འདིས་ཀྱང་ རྣམ་བཅས་ཀྱི་སྐྱེ་བོ་འགའ་དང་འགའ་ལ་སྨན་པའམ་ ཕན་པའི་མིག་ཏུ་གྱུར་ན། དེ་ལས་བྱུང་བའི་དགེ་རྩ་ དལ་འགྲོ་ཆུ་བོའི་རྒྱུན་ལྟ་བུ་དེ་ཡང་ནི། འཁོར་གསུམ་རྣམ་པར་མི་རྟོག་པའི་ ལྟ་བས་ཟིན་པའི་སྒོ་ནས། རྣམ་མེད་བྱང་ཆུབ་ཆེན་པོར་བསྔོས་པའི་ གངྒཱ་དང་འགྲོགས་ཏེ་ ཇི་སྲིད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ མ་ཐོབ་པ་དེ་སྲིད་དུ་རྐྱེན་གཞན་གྱིས་མི་འཛད་པར་ཡུན་དུ་གནས་པ་སྟེ། དཔེར་ན། ཆུ་བོ་རྣམ་བཞི་མཐའི་རྒྱ་མཚོ་ཆེན་པོར་འཇུག་པ་ལྟར། དགེ་རྩ་ རྒྱ་ནམ་མཁའ་དང་མཉམ་ཞིང་ཡུན་འཁོར་བ་མ་སྟོངས་ཀྱི་བར་འབྱུང་བའི་རྒྱུར་གྱུར་ཅིག་ཅེས་སྨོན་པའོ།།

བཞི་པ་གང་གིས་བརྩམས་པའི་རྩོམ་བྱང་སྨོས་པ་ནི།
ཞེས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ དོན་བསྡུས་སི་ཏུའི་དགོངས་རྒྱན་ཅེས་བྱ་བ་འདིའང་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་ དགོངས་པ་ལས་བཏུས་ཤིང་ རང་བློས་དཔྱད་པས་འཐད་ལྡན་གྱི་རིགས་པས་ཟུར་བརྒྱན་ཏེ། ད་དུས་ཀྱི་བློ་གསར་རྣམས་ཀྱི་བློ་ལ་བཟུང་བདེ་བའི་ཆེད་དུ་ ཆོས་སྨྲའི་བཙུན་པ་དགེ་འདུན་རིན་ཆེན་པས་ རང་ལོ་སོ་གཉིས་པ་ གསེར་འཕྱང་གི་ལོར་ སྟག་ཚང་དཔལ་ཕུག་གི་ཡང་དབེན་དུ་ སྦྱར་བ་འདིས་ཀྱང་བསྟན་འགྲོར་སྨན་པའི་ རྒྱུར་གྱུར་ཅིག་ཅེས་རྩོམ་བྱང་སྨོས་པའོ།།

སླར་སྨྲས་པ། དེང་སང་ཕལ་ཆེར་དག་ཡིག་རིག་གནས་ཞེས། །མནོག་ཆུང་ཙམ་དུ་འཇོག་མེད་འདིར་སྦྱངས་པའི། །བློ་མིག་མེད་ན་ཤེས་བྱ་ཇི་ལྟར་མཐོང་། །ལེགས་བཤད་འདི་ནི་ཀུན་མཐོང་མིག་ཡངས་ཡིན། །ལ་ལས་ཚིག་ལ་མཐའ་མེད་དེ་བས་ནི། །དོན་ལ་ཡིད་རྟོན་ཟེར་མེད་ཚིག་ནོར་ན། །དེ་ལ་བརྟེན་པའི་དོན་རྣམས་ཅི་མི་ནོར། །ལེགས་བཤད་འདི་ནི་མི་ནོར་ལམ་ཆེན་ཡིན། །ལ་ལས་ཡིག་སྦྱོར་ཙམ་ཡང་མ་ཤེས་བཞིན། །གཞུང་ལུགས་མཁས་སོ་ཟེར་བའང་བརྫུན་དུ་ཟད། །ཐ་སྙད་ལ་བརྟེན་དོན་རྣམས་རྟོགས་དགོས་པས། །ལེགས་བཤད་འདི་ནི་ཐར་པའི་ཐེམ་སྐས་ཡིན། །ལ་ལས་ཡོན་ཏན་གཞི་མ་ཡིག་སྦྱོར་ཞེས། །བརྗོད་མེད་དེ་ཡང་སྦྱངས་སྟོབས་མི་ལྡན་ན། །འོལ་ཚོད་ཙམ་གྱིས་གཞལ་བའི་ཡུལ་མ་ཡིན། །ལེགས་བཤད་འདི་ནི་རྒྱ་མཚོའི་གོས་ཅན་ཡིན། །ལ་ལས་ཚེ་གང་བརྩོན་ཀྱང་མ་མཐོང་བའི། །ཤེས་བྱའི་མིང་ཚིག་གཟུགས་བརྙན་རྣམ་མང་པོ། །མ་འདྲེས་ཅིག་ཅར་ཡིད་ལ་འཆར་ནུས་པས། །ལེགས་བཤད་འདི་ནི་གསལ་བའི་མེ་ལོང་ཡིན། །བཀའ་བསྟན་གཞུང་ལུགས་ཀུན་གྱི་ལྡེ་མིག་ཉིད། །ཡིན་པར་མ་ཟད་གནས་སྐབས་འཇིག་རྟེན་གྱི། །ཐ་སྙད་ཙམ་ལའང་འདི་ཉིད་མེད་ཐབས་མེད། །ལེགས་བཤད་འདི་ནི་མཁོ་རྒུའི་བང་མཛོད་ཡིན། །རིག་བྱེད་མཁན་གྱིས་ཡུན་རིང་བརྟགས་བྱས་ཀྱང་། །དཔྱོད་པའི་ཡིད་མཁར་ནམ་ཡང་མ་ཤར་བའི། །དོན་བཟང་འོད་ཀྱིས་པདྨོ་བཞད་པས་ན། །ལེགས་བཤད་འདི་ནི་ཡིད་བཞིན་ནོར་བུ་ཡིན། །གཞུང་རྒྱས་ཚིག་གི་བཤད་ཡམ་རྒྱ་ཆེ་ན། །མགྲོན་པོ་ལམ་སྟོར་ལྟ་བུར་མགོ་འཁོར་བས། །རྨོངས་པའི་ཐེ་ཚོམ་དྲྭ་བ་གཅོད་ནུས་པའི། །ལེགས་བཤད་འདི་ནི་ཤེས་རབ་རལ་གྲི་ཡིན། །རྟོག་གེའི་གཞུང་བཞིན་ཚིག་གིས་མ་གཡོགས་པར། །ཉུང་ངུའི་ངག་གིས་གོ་དོན་མཛུབ་ཚུགས་སུ། །གསལ་བར་སྟོན་ཅིང་གོ་བྱེད་བརྡ་སྤྲོད་པས། །ལེགས་བཤད་འདི་ནི་སྙིང་གི་ངོ་སྤྲོད་ཡིན། །ཚིག་ཉམས་མཁས་པའི་བྱིངས་ལ་མ་བརྟེན་པར། །གྲོང་ཚིག་བྱིས་པའི་ཕལ་སྐད་ཁོ་ན་ལ། །བརྟེན་ནས་ཡང་དག་ལམ་ལ་དྲོད་བྱེད་ཀྱི། །ལེགས་བཤད་འདི་ནི་བྱིས་པའི་རོལ་མཚོཡིན། །དེ་ལས་བྱུང་བའི་དགེ་ཚོགས་འོད་སྣང་འབུམ། །བློ་ལྡན་ཡིད་ཁར་འཆར་བའི་མཐུ་དཔལ་གྱིས། །མི་ཤེས་བློ་ཡི་མུན་ཚོགས་མཐར་བྱེད་ནས། །ནང་གི་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག།   །།
ཅེས་བསྟན་བཅོས་སུམ་ཅུ་པ་དང་ རྟགས་ཀྱི་འཇུག་པའི་དོན་བསྡུས་ སི་ཏུའི་དགོངས་རྒྱན་གྱི་ཚིག་འགྲེལ་བྱིས་པའི་རོལ་མཚོ་ཞེས་བྱ་བ་འདི་ནི། སྣ་ཚོགས་དབྱིག་གི་ལོར་ བློ་གསལ་འགའ་ལ་གཞུང་འདིའི་ འཆད་ཉན་བགྱིས་སྐབས་ཚེགས་ཆུང་ངུས་གཞུང་དོན་དཔྱིས་ཕྱིན་པར་བྱ་བའི་ཕྱིར། སླར་ཡང་རྩ་ཚིག་རང་འགྲེལ་ཁ་གསལ་དུ་བྲིས་པ་འདིས་ཀྱང་སྙིགས་དུས་ཀྱི་སྐྱེ་བོ་ཡོངས་ལ་ ནང་པའི་ཆོས་ཀྱིས་ཕན་གདགས་པའི་སླད་དུ། ཁོ་བོ་བརྡ་སྤྲོད་ཀྱི་བཏགས་མིང་ ལུང་རྟོགས་ཆོས་ཀྱི་སྣང་བ་ཞེས་ཐོབ་པའམ་ཡོངས་གྲགས་དགེ་འདུན་རིན་ཆེན་དུ་གྲགས་པ་དེས་ ཆུ་ལྡན་བཙན་པའི་ཡུལ་གྱི་དགོན་པར་ཀུན་ཏུ་དགའ་བ་ཅན་གྱི་ཆོས་གླིང་དུ་སྦྱར་བའོ།།       །།
སརྦ་མངྒ་ལམ། །



No comments: