Saturday, April 4, 2020

སྙན་ངག་ལེའུ་གསུམ་པ་སྒྲ་རྒྱན།

སྙན་ངག་སྒྲའི་རྒྱན་བཤད་པ་ལ་གསུམ་སྟེ། ཟུང་ལྡན་གྱི་རྣམ་གཞག། བྱ་དཀའ་བའི་འཁོར་ལོ་གསུམ། ངེས་པའི་བྱ་དཀའ་བ་གསུམ་བཤད་པའོ།། དང་པོ་ལ་ཡང་མཚན་ཉིད། དབྱེ་བ་མདོར་བསྟན། དཔེར་བརྗོད་ཀྱི་སྒོ་ནས་རྒྱས་བཤད་བཅས་གསུམ་ལས། མཚན་ཉིད་ནི།
ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་དེ་ཡང་བར་ཆོད་དང་།།

མ་ཆོད་ཆོད་ཅིང་མ་ཆོད་པའོ།།


ཞེས་པ་ལྟར། སྔོན་རྗེས་དབྱངས་སོགས་ཚོགས་པའི་མིང་གཟུགས་གཅིག་པ་ཅན་གྱི་ཚིག་འབྲུ་གཅིག་ ལན་གཉིས་སུ་བཟླས་པ་ལ་ཟུང་ལྡན་ཞེས་བྱ་བ་དང་། དེ་ལ་ ལན་གཉིས་བཟླས་པའི་ཚིག་འབྲུ་འདི་གཉིས་ཀྱི་བར་ ཡི་གེ་གཞན་གྱིས་ཆོད་པ། དཔེར་ན། ཡང་ནས་ཡང་དུ། ལྟ་བུའི་བར་དུ་ཆོད་པའི་ཟུང་ལྡན་དང་། ཡི་གེ་གཞན་གྱིས་བར་དུ་མ་ཆོད་པར་མཉམ་དུ་ཡོད་པ། དཔེར་ན། ཡང་ཡང། ལྟ་བུའི་བར་དུ་མ་ཆོད་པའི་ཟུང་ལྡན་དང་། ལྷང་ལྷང་ངེད་ཀྱི་སེམས་པ་འཁྲུལ་ལྷང་ལྷང་། ཞེས་པ་ལྟ་བུ་གོང་འོང་གཉིས་ཀྱི་བར་དུ་ཚིག་གཞན་གྱིས་ཆོད་ཅིང་། ཟུང་ལྡན་རང་གི་ཚིག་འབྲུ་གཉིས་མ་ཆོད་པར་ཡོད་པས་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་བཅས་ཁག་གསུམ་མོ།།
ཟུང་ལྡན་འདི་ལ། ལ་ལ་ལྟ་བུའི་ཡི་གེ་ཟུང་ལྡན་དང་། ལྷག་ལྷག་ལྟ་བུའི་ཚིག་འབྲུ་ཟུང་ལྡན། འཇིག་རྟེན་འཇིག་རྟེན་ལྟ་བུའི་མིང་ཚིག་སོགས་ཀྱི་ཟུང་ལྡན་རིགས་གསུམ་ལས། རྗེ་བོད་མཁས་པས་ཡི་གེའི་ཟུང་ལྡན་འདི་ལ། ཚོགས་པ་བསྐོར་བའི་ཟུང་ལྡན་གྱི་མཚན་ཉིད་མི་ཚང་བར་གསུངས་ནས། གཉིས་པ་འདི་ཐད་ཕྱོགས་སུ་བསྒྲུབས་གནང་འདུག་ལ། གསུམ་པ་འདི་ལེགས་སྦྱར་ལས་དཔེ་བླངས་པའི་གཞན་ལུགས་ཡིན་པ་ལྟ་བུར་གསུངས་པ་མ་གཏོགས། ཐ་ཅིག་ཏུ་མི་འཐད་པར་གསུངས་མེད་པ་མ་ཟད། ཆོད་པའི་ཟུང་ལྡན་དང་། མཐའ་ཐོག་སྦྱར་བའི་སྐབས་སུ་ལུགས་གསུམ་པ་ལྟར་དུ་ཡང་དཔེར་བརྗོད་མཛད་འདུག་པས། འདི་ཡང་རུང་བ་ཙམ་དུ་དགོངས་པ་གནང་འདུག།
ངེད་ཀྱི་བསམ་ཚུལ་ལྟར་ན། མ་མ་ཁྱོད་ཀྱིས་བདག་ལ་བརྩེ་བས་བསྐྱངས།། ཞེས་པའི་མ་མ་དང་། རུ་རུ་ཟུང་ཞིག་ནགས་ཀྱི་སེབ་ཏུ་བྲོས།། ཞེས་པ་ལྟ་བུའི་རུ་རུ་འདི་ལྟ་བུ་རྣམས་ནི་ནམ་དུ་ཡང་སོ་སོར་འབྲལ་ཐབས་མེད་པའི་མིང་རྐྱང་གི་ཟུང་ཡིན་པའི་དབང་གིས་སྐབས་འདིའི་ཟུང་ལྡན་མིན་པ་དང་། དེ་འདྲ་མ་ཡིན་པའི་ཟུང་ཐམས་བཅད་ཟུང་ལྡན་དུ་རུང་བར་སེམས་སོ།།
སྐབས་འདིར་རྒྱ་བོད་ཟུང་ལྡན་གྱི་ཁྱད་པར་མདོར་ཙམ་ཞིག་ཞུ་ན། བོད་སྐད་ལ། ལྷག་ལྷག་དང་། ཡང་ཡང་། འཇིག་རྟེན་འཇིག་རྟེན་ལ་སོགས་པ་གང་འདྲ་ཞིག་ཡིན་རུང་། ཚིག་འབྲུ་གཉིས་ཀྱི་དོན་སོ་སོ་མེད་ལ། ལེགས་སྦྱར་གྱི་ཟུང་ལྡན་ནི། དཔེར་ན།
མཱ་ནེ་ན་ མཱ་ནེ་ན་ ས་ཁི་ པྲ་ཎ་ཡོ་྅བྷཱུཏ྄ པྲི་ཡེ་ཛ་ནེ།
ཁནྜི་ཏཱ་ ཀཎྛ་མཱཤླིཥྱ ཏ་མེ་བ་ཀུ་རུ་ས་ཏྲ་པམ྄།།
གྲོགས་མོ་མཛའ་བོའི་སྐྱེ་བོ་ལ། །ཁེངས་པ་འདི་དང་འགྲོགས་མ་བྱེད། །བསླུས་པའི་མགྲིན་པ་ནས་འཁྱུད་ལ། །དེ་ཉིད་ངོ་ཚ་ལྡན་པར་གྱིས།། ཞེས་པའི་སྐབས་ཀྱི། མཱ་ནེ་ན་མཱ་ནེ་ན་ ཞེས་པའི་ཚིག་ཟུང་ལྡན་གཉིས་པོ་གཅོད་མཚམས་ཀྱི་དབང་གིས་དོན་སོ་སོ་ཡོད་པ་འདི་ ལེགས་སྦྱར་རང་གི་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཡིན་པས། དེ་ལྟ་བུའི་ཁྱད་ཆོས་འདི་སྐད་རིགས་གཞན་ལ་མི་ཡོང་བ་ཡིན།
ཡང་རང་རེའི་སྒྲ་རྒྱན་གྱི་དཔེར་བརྗོད་ཀྱི་སྐབས་སུ། དཀར་དཀར། ནག་ནག། འཁྲིག་འཁྲིག། ཐུལ་ཐུལ། ལ་སོགས་པའི་ཟུང་ལྡན་གྱི་སྒྲ་ཨུ་ཚུགས་ཀྱིས་བསྒྲིག་པ་རྣམས་ཀྱང་། བཅོས་མ་ཡིན་པས་མཛེས་པའི་ཆ་ཤས་སུ་མ་མཐོང་ལ། དེ་བས་ཀྱང་། རང་རེའི་སྐད་ཀྱི་གཤིས་ཀ་ལ་ཡོད་པའི། ཡར་ཡར། མར་མར། ཞིམ་ཞིམ། ཁྱུག་ཁྱུག། ལྡེམ་ལྡེམ། ཤོག་ཤོག། སོང་སོང་། སོགས་ཁྱད་ཚིག་བྱ་ཚིག་གྱི་སྒྲ་རྣམས་དང་། གཞན་ཡང་སྒྲ་སྐད་ཀྱི་རིགས་སུ་གྱུར་པའི། ཅིའུ་ཅིའུ། འུར་འུར། ཏོང་ཏོང་། ཤར་ཤར། དུང་དུང་། ཅོར་ཅོར་སོགས་ཐོག་མཐའ་བར་གསུམ་ཀུན་ལ་སྦྱར་རུང་བའི་སྒྲ་དང་། གཞན་ཡང་། ཁོལ་སི་སི། སྐམ་ཐལ་ཐལ། ནག་དུང་དུང་། སྐྱིད་ཏོང་ཏོང་། སྐམ་ཧུ་ཧུ། ནག་བྱེམ་བྱེམ། སོགས་རྫོང་ཁའི་ཟུང་ལྡན་རྣམས་སྒྲིག་ཐུབ་ན་སྙན་པའི་ཆ་ཤས་སུ་འགྱུར་བར་སེམས་སོ།།

གཉིས་པ་དབྱེ་བ་མདོར་བསྟན་ནི།
༡ཐོག་མ་༢བར་༣མཐའ་༤བར་དང་མཐའ།།
༥བར་དང་ཐོག་མ་༦ཐོག་མཐའ་༧ཀུན།།
༨མཐའ་ཐོག་སྦྱར་ཞིང་༩ཀུན་ཏུ་༡༠འདྲེས།།
༡༡བཟློག་པ་དང་བཅས་བཅུ་གཅིག་གོ།།
བདུན་ལ་ཆོད་དང་མ་ཆོད་པ། །ཆོད་ཅིང་མ་ཆོད་དབྱེ་བ་དང་།།
རྐང་པ་གཅིག་ནས་བཞིའི་བར། །ཡོད་པའི་དབྱེ་བ་ཤིན་ཏུ་མང་།།
ཟུང་ལྡན་གྱི་རྩ་བའི་དབྱེ་བ་དེ་ཡང་ ༡རྐང་པའི་ཐོག་མར་ཡོད་པ། ༢བར་དུ་ཡོད་པ། ༣མཐའ་མར་ཡོད་པ་སྟེ་རྐྱང་པ་གསུམ་དང་། ༤བར་མཐའ་གཉིས་ལ་ཡོད་པ། ༥ཐོག་བར་གཉིས་ལ་ཡོད་པ། ༦ཐོག་མཐའ་གཉིས་ལ་ཡོད་པ་སྟེ་གཉིས་རེ་ཡོད་པ་གསུམ། ༧ཐོག་མཐའ་བར་གསུམ་ཀུན་ལ་ཡོད་པའི་གསུམ་ཅན་གཅིག་སྟེ་ཡོངས་བསྡོམས་བདུན་དང་།  ད་དུང་དེའི་སྟེང་དུ། ༨མཐའ་ཐོག་སྦྱར་བའི་ཟུང་ལྡན། ༩ཀུན་ཏུ་ཟུང་ལྡན། ༡༠འདྲེས་པའི་ཟུང་ལྡན། ༡༡བཟློག་པའི་ཟུང་ལྡན་དང་བཅས་རྩ་བའི་དབྱེ་བ་བཅུ་གཅིག་གོ།
ཐ་མ་བཞི་པོ་མ་ཡིན་པའི་གོང་གི་དབྱེ་བ་བདུན་པོ་རེ་རེ་ལའང་ཆོད་པ། མ་ཆོད་པ། ཆོད་ཅིང་མ་ཆོད་པའི་དབྱེ་བ་གསུམ་རེ་དང་། དེ་རེ་རེ་ལའང་ རྐང་པ་གཅིག་ལ་ཡོད་པ། གཉིས་ལ་ཡོད་པ་སོགས་ནང་གསེས་ཀྱི་དབྱེ་བ་ཤིན་ཏུ་མང་བ་ཡིན་མོད། འོན་ཀྱང་རྩ་བ་ནས།  ཐོག་མར་ཡོད་པ་འདི་ལ་ནང་གསེས་དབྱེ་བ་དང་བཅས་པ་གསུངས་ནས།  གཞན་དྲུག་ལ་རྟོགས་སླ་བར་དགོངས་ཏེ་དབྱེ་བ་རྒྱས་པར་མ་གསུངས་ལ། རྒྱུ་མཚན་འདི་ལ་བརྟེན་ནས་རྗེ་བོད་མཁས་པའི་ས་བཅད་འདི་ཡང་། རྐང་པའི་ཐོག་མ་ལ་ཡོད་པ་དང་། གནས་གཞན་ན་ཡོད་པའི་ཟུང་ལྡན། ཞེས་ཐོག་མར་ཡོད་པ་འདི་ལོགས་སུ་བཏོན་ནས། གཞན་དྲུག་ས་བཅད་གཅིག་ཏུ་མཛད་པ་ཡིན་ནོ།། འདི་དག་རེ་བཞིན་གྱི་ནང་གསེས་དབྱེ་བ་དང་བཅས་པའི་རེའུ་མིག་ཞིག་ལོགས་སུ་བཀོད་ཡོད་པས་འདི་ལ་གཟིགས་པར་འཚལ་ལོ།།

བར་དུ་མ་ཆོད་པའི་ཟུང་ལྡན།

གསུམ་པ་རེ་རེ་བཞིན་གྱི་རྒྱས་བཤད་ལ། གོང་དུ་བཀོད་པ་ལྟར་བཅུ་གཅིག་ལས། རྐང་པའི་དང་པོར་ཡོད་པ་འདི་ལ་ཡང་། བར་དུ་མ་ཆོད་པའི་ཟུང་ལྡན། བར་དུ་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ།། དེའི་དང་པོ་ལ་ཡང་བཞི་སྟེ། རྐང་པ་གཅིག་ལ་ཡོད་པ་བཞི། གཉིས་ལ་ཡོད་པ་དྲུག། གསུམ་ལ་ཡོད་པ་བཞི། བཞི་ཀ་ལ་ཡོད་པ་གཅིག་བཅས་བཅོ་ལྔའོ།།
༡༽ དང་པོ་རྐང་པ་གཅིག་ལ་ཡོད་པ་ལ་བཞི་ལས།  གཅིག་འདི་རྐང་པ་དང་པོར་ཡོད་པ་ནི།
ལྡེ༷མ་ལྡེ༷མ་ཤེལ་གྱི་ལྕུག་ཕྲན་བརྒྱ་བྱིན་གྱི།།
ཚོན་དང་བཅས་པར་མཚན་དཔེའི་འོད་རིས་རྣམས།།
ཚངས་ཆེན་ཡིད་ཀྱིས་བྲིས་འདྲའི་མཚར་སྡུག་ཅན།།
རྡོ་རྗེ་དབྱངས་ཅན་མ་དེས་རྗེས་སུ་བཟུང་།།

༢༽ རྐང་པ་གཉིས་པར་ཡོད་པ།
སྒྲ་རྒྱན་བེ་ཌཱུར་དཀར་པོའི་ཏམྦུ་ར།།
སྙ༷ན་སྙ྄༷ན་རྣ་བའི་བདུད་རྩིར་འདོད་འཇོ་མཁན།།
ངག་གི་དབང་མོས་ཡོངས་བརྟན་མཁས་པའི་མགྲིན།།
དྲི་མེད་ཤེལ་གྱི་ཀུན་དགའ་རྭ་བ་བཞིན།།

༣༽ རྐང་པ་གསུམ་པར་ཡོད་པ།
ཤེས་བྱའི་རྗེས་སོང་རྣམ་དཔྱོད་ཡངས་པའི་མཁའ།།
ཆོས་ཚུལ་རྫོགས་ལྡན་སྤྲིན་ཕུང་ཅན་དབུས་ན།།
དི༷ར་དི༷ར་ལེགས་བཤད་ལྷ་ཡི་དུངྡུ་བྷིཿ།།
ཐོས་པའི་རྣ་བ་དོན་ལྡན་ཉིད་དུ་བྱེད།།

༤༽ རྐང་པ་བཞི་པར་ཡོད་པ་ནི།
མེ་ཏོག་འབྲས་བུའི་མངོན་མཐོ་ནོར་བུ་ཡི།།
འཁྲི་ཤིང་དྲ་བས་ཡོངས་བསྐོར་རྒྱ་མཚོའི་འགྲམ།།
ཚངས་པའི་དྲང་སྲོང་བསམ་གཏན་ལ་ཆགས་པ།།
ཟི༷མ་ཟི༷མ་ལྟ་བྱེད་དབང་པོའི་རྣམ་འགྱུར་བྲལ།།

༥༽ གཉིས་པ་བར་དུ་མ་ཆོད་པ་རྐང་པ་གཉིས་རེ་ལ་ཡོད་པ་དྲུག་ལས། དང་པོ་གཉིས་ལ་ཡོད་པ་ནི། 
ལི༷ང་ལི༷ང་འཕུར་ཞིང་ལྡིང་བའི་འདབ་ཆགས་ཁྱུ།།
ཀྱུ༷ར་ཀྱུ༷ར་མགྲིན་པའི་གླིང་བུ་བསྒྱུར་མཁས་རྣམས།།
དྲི་ཟའི་འཇིག་རྟེན་ལས་བཞིན་སྐལ་བཟང་གི།།
རྣ་བ་བདུད་རྩིའི་ཁང་པར་སྒྲུབ་པར་བྲེལ།།

༦༽ དང་པོ་དང་གསུམ་པར་ཡོད་པ།
ལྷ༷ག་ལྷ༷ག་གདེངས་ཅན་དབང་པོའི་འོད་ཚོགས་ཀྱིས།།
ཀུན་ཏུ་གསལ་བར་བྱས་པའི་ཡིད་བཞིན་མཚོ།།
ཆི༷ལ་ཆི༷ལ་རླབས་ཀྱི་ཟེགས་མ་འཕྲོ་བ་རྣམས།།
མུ་ཏིག་དོ་ཤལ་ཐག་པ་ཆད་པ་བཞིན།།


༧༽ དང་པོ་དང་བཞི་པར།
འཛུ༷མ་འཛུ༷མ་ལྦུ་བ་རབ་གསལ་ཟླ་བ་དང་།།
ཟིལ་ཟེགས་རྒྱུ་སྐར་ཕུང་པོར་འཁྲུལ་འཛིན་པའི།།
ཡིད་བཞི་མཚོ་དང་སྟོན་དུས་དག་པའི་མཁའ།།
གས༷ལ་གས༷ལ་འབྱེད་ཆོས་མཐོ་དམན་གནས་ཀྱིས་དབྱེ།།

༨༽ གཉིས་པ་དང་གསུམ་པར།
དལ་བུའི་རླུང་གིས་འཛུམ་པའི་རྦ་རླབས་ཕྲེང་།།
ཆི༷ལ་ཆི༷ལ་གཡོ་ཞིང་བསྒྱུར་བས་ལུས་གཤེར་བ།།
སྙ༷ན་སྙ༷ན་མགྲིན་པའི་རྫ་རྔ་ཁོར་ཡུག་ཏུ།།
བརྡུང་མཁས་ཆུ་བྱ་འབུམ་གྱིས་ཉེ་བར་སྟོན།།

༩༽ གཉིས་པ་དང་བཞི་པར་ཡོད་པ་ནི།
གསེར་གྱི་ཁུ་བས་བྲན་པའི་འོད་ཀྱི་རླབས།།
འཁྲི༷ལ་འཁྲི༷ལ་འབར་བའི་པདྨ་ཆེན་པོ་དང་།།
པུཎྜ་རི་ཀ་ཨུཏྤལ་ཀུ་མུད་དང་།།
འགྲི༷ག་འགྲི༷ག་ཚར་དུ་དངར་བས་ཀུན་ནས་བརྒྱན།།



༡༠༽ གསུམ་པ་དང་བཞི་པར་ཡོད་པ་ནི།
དཔལ་གོས་རལ་བར་ངོམ་པའི་མཚར་སྡུག་དང་།།
དྲི་བསུང་ཞིམ་པོས་གཅུས་པ་བུང་བའི་ཁྱུ།།
ཟི༷ར་ཟི༷ར་སྙན་པའི་གླུ་ལེན་འདབ་མ་ཟུང་།།
ལི༷ང་ལི༷ང་གཡོ་ཞིང་འཕུར་བའི་སུམ་རྩེན་ནོ།།

༡༡༽ གསུམ་པ་བར་དུ་མ་ཆོད་པ་རྐང་པ་གསུམ་ལ་ཡོད་པ་བཞི་ལས། དང་པོ་གསུམ་ལ་ཡོད་པ་ནི།
འཁྱོ༷ག་འཁྱོ༷ག་མགྲིན་པ་ཀྱོག་པའི་ཕྱི་མིག་གིས།།
ཡ༷ང་ཡ༷ང་དུལ་བར་བལྟ་བའི་རི་དྭགས་མོ།།
འཇ༷མ་འཇ༷མ་རྩྭ་ལྗང་མལ་ན་ཕྲུ་གུར་བཅས།།
བག་ཡངས་དྭངས་པའི་མཚོ་ལ་ཟླ་གཟུགས་བཞིན།།

༡༢༽ སྔ་མ་གཉིས་དང་བཞི་པར་ཡོད་པ་ནི།
འཁྱི༷ལ་འཁྱི༷ལ་མདངས་འོད་འབར་བའི་སྒྲོ་ཚོགས་རྣམས།།
མཛེ༷ས་མཛེ༷ས་ཟླུམ་པོར་བྱས་པའི་གདུགས་མཚར་པོ།
བསྐོར་བ་རྨ་བྱའི་བུ་མོ་ཀུན་དགའི་མིག།
ལི༷ང་ལི༷ང་ཆར་སྤྲིན་སྔོན་པོའི་དབུས་ན་བལྟ།།



༡༣༽ དང་པོ་དང་ཕྱི་མ་གཉིས་ལ་ཡོད་པ་ནི།
ལྷ༷ང་ལྷ༷ང་འགྱུར་ཁུགས་རྫོགས་པའི་མགྲིན་པའི་གླུ།།
དལ་གྱིས་འཐེན་པའི་ཁུ་བྱུག་བུ་མོའི་ཚོགས།།
ལྗ༷ང་ལྗ༷ང་མརྒད་ལོ་མའི་གོས་གྱོན་པའི།།
ལྡེ༷མ་ལྡེ༷མ་འཁྲི་ཤིང་གཞོན་ནུར་འཁྱུད་ལ་དགའ།།

༡༤༽ ཕྱི་མ་གསུམ་ལ་ཡོད་པ་ནི།
ཙན་དན་ཨ་ཀ་རུ་སོགས་བཟང་པོའི་དྲི།།
འཐུ༷ལ་འཐུ༷ལ་ཕྱོགས་ཀྱི་གླང་པོའི་འགྲམ་པ་ལ།།
མཛེ༷ས་མཛེ༷ས་ཐིག་ལེར་དགོད་པའི་དྲི་གཞོན་རྣམས།།
ཁོ༷ར་ཁོ༷ར་རིག་འཛིན་དགའ་བའི་ནགས་དེར་རྒྱུ།།

༡༥༽ བཞི་པ་བར་དུ་མ་ཆོད་པ་རྐང་པ་བཞི་གའི་ཐོག་མར་ཡོད་པ་ནི།
མཚ༷ར་མཚ༷ར་འཕགས་པའི་ཞིང་གི་མེ་ལོང་དུ།།
དུ༷ང་དུ༷ང་དད་པས་ཡིད་ངོར་ཤར་བའི་ལྷ།།
མཛེ༷ས་མཛེ༷ས་མཚན་དཔེའི་སྐྱེ་མཆེད་རྫོགས་པའི་ཞལ།།
ཡ༷ང་ཡ༷ང་བལྟ་བར་འཚལ་ལོ་དབྱངས་ཅན་ལྷ།།

བར་དུ་ཆོད་པའི་ཟུང་ལྡན།

ཐོག་མའི་བར་དུ་ཆོད་པའི་ཟུང་ལྡན་ལ། རྐང་པ་གཉིས་ཀྱི་ཐོག་མར་ཡོད་པ་དྲུག། གསུམ་གྱི་ཐོག་མར་ཡོད་པ་གསུམ། བཞི་ཀའི་ཐོག་མར་ཡོད་པ་བཞི་བཅས་བཅུ་གསུམ་མོ།།
༡༽ གཉིས་ཀྱི་ཐོག་མར་ཡོད་པ་དྲུག་ལས། རྐང་པ་དང་པོ་དང་གཉིས་པར་ཡོད་པ་ནི།
དཀ༷ར་འཇམ་ཡིད་འཕྲོག་པདྨའི་ལྟེ་བ་རུ།།
དཀ༷ར་བསིལ་འདོད་ལྷའི་མེ་ལོང་ལྷུང་འདྲ་བའི།།
རི་བོང་འཛིན་པ་འོད་ཀྱི་འཕྲོ་འདུ་ཅན།།
བྱང་ཆུབ་སེམས་ཀྱི་ལང་ཚོ་གང་བར་མཚོན།།

༢༽ དང་པོ་དང་གསུམ་པར་ཡོད་པ་ནི།
ཡི༷དའོང་སྒེག་ཅིང་འགྱིང་བཅས་ཙོག་པུའི་སྟབས།།
མཛེས་པའི་ཞབས་སོར་བཀྲམ་དེས་པད་རྩ་ལིའི།།
ཡི༷ད་འོང་ཁེངས་པ་བསྙིལ་ཚེ་པདྨའི་དགྲ།།
རབ་དགའི་འོད་ཟེར་སོ་ཕྲེང་དགོས་པ་བཞིན།།



༣༽ དང་པོ་དང་བཞི་པར་ཡོད་པ་ནི།
འཇ༷མ་མཉེན་སོར་མོའི་གདུ་བུ་འཁྲོལ་བའི་སྒྲ།།
སྙན་པར་སྒྲོགས་ལ་རབ་འཁུ་བཻ་ཌུརྱའི།།
རྒྱུད་སྟོང་ཕང་པར་འཛེགས་པ་ལས་སྐྱེས་པའི།།
འཇ༷མ་མཉེན་དབྱངས་ཀྱིས་ཆོས་ཀུན་ཅིག་ཅར་འདོམས།།

༤༽ བར་པ་གཉིས་ལ་ཡོད་པ་ནི།
མིག་སྨན་ཆར་གྱིས་བརླན་པའི་ཟུར་ཕུད་རྩེ།།
ཡི༷ད་ཙམ་ལྡེམ་པར་བྱས་ལ་ནོར་བུ་དང་།།
ཡི༷ད་འོང་མེ་ཏོག་ཕྲེང་བའི་རྒྱན་བཀོད་པས།།
འཇིག་རྟེན་ཀུན་གྱི་མཛེས་སྡུག་འཕྲོག་པ་བཞིན།།

༥༽ གཉིས་པ་དང་བཞི་པར་ཡོད་པ་ནི།
རྣམ་བཀྲ་ལྷ་ཡི་གོས་བཟང་སྣ་ཚོགས་ཀྱིས།།
ཀུ༷ན་ནས་བཀླུབས་ཀྱང་མཚན་དཔེ་འབར་བའི་གཟི།།
མི་འགོག་སྲིད་པས་བྱས་པའི་མཛེས་པ་རྣམས།།
ཀུ༷ན་ནས་མོག་པོར་བསྒྱུར་བའི་བཙོ་བླག་མཁན།།



༦༽ ཕྱི་མ་གཉིས་ལ་ཡོད་པ་ནི།
རྙོག་བྲལ་འོ་མའི་རྒྱ་མཚོར་ལན་སྟོང་དུ།།
ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བཀྲུས་པ་བཞིན།།
དཀ༷ར་མཛེས་དྲི་མས་དབེན་པའི་བཞིན་རས་དང་།།
དཀ༷ར་མཛེས་ཚེམས་ཀྱི་ཕྲེང་བ་ལྟ་ན་སྡུག།


༧༽ ཐོག་མའི་བར་དུ་ཆོད་པ་རྐང་པ་གསུམ་ལ་ཡོད་པ་གསུམ་ལས། རྐང་པ་དང་པོ་གསུམ་ལ་ཡོད་པ་ནི།
རྣ༷མ་བཀྲ་སྨིན་མའི་འཁྲི་ཤིང་འཁྱོག་ལྡན་ཅིང་།།
རྣ༷མ་བཀྲའི་སྤྱན་རས་ཟུར་མདའ་འཕངས་པའི་མོད།།
རྣ༷མ་བཀྲ་བློ་ཡི་མཆོག་སྦྱིན་དབྱངས་ཅན་ལྷ།།
དུས་ཀུན་ཁྱོད་ལས་གཞན་པའི་སྐྱབས་གནས་སུ།།

༨༽ དང་པོ་དང་གསུམ་བཞིར་ཡོད་པ་ནི།
ར༷བ་དམར་མཆུ་སྒྲོས་བྱུ་རུའི་ཚལ་ནང་དུ།།
སྨིན་པའི་ཚེམས་དཀར་མུ་ཏི་ཕྲེང་བ་ཅན།།
ར༷བ་དམར་ལྗགས་ཀྱི་མཛེས་པ་ཕུལ་བྱུང་བས།།
ར༷བ་དམར་གློག་གི་འཕྲུལ་ལ་སྐྱེངས་པ་སྦྱིན།།



༩༽ ཕྱི་མ་གསུམ་ལ་ཡོད་པ་ནི།
ལྷ་དེའི་མགུར་གྱི་བུམ་བཟང་ལས་ཐོན་པའི།།
སྙ༷ན་འགྱུར་ཆོས་ཀྱི་རོལ་མོར་འབབ་པའི་གླུ།།
སྙ༷ན་འགྱུར་རྒྱུད་དུ་སྦྲེང་བས་དྲི་ཟ་ཡི།།
སྙ༷ན་འགྱུར་མ་ལུས་ཕྱོགས་དེར་བོས་པ་བཞིན།།

༡༠༽ ཐོག་མའི་བར་དུ་ཆོད་པ་རྐང་པ་བཞི་གའི་ཐོག་མར་ཡོད་པ་ལ་བཞི་ལས། རྐང་པ་བཞི་ཀ་འདྲ་བ་ནི།
བད༷ག་སོགས་འཁོར་བའི་འཁོར་ལོར་འཁྱམས་རྣམས་ལ།།
བད༷ག་ཏུ་འཛིན་པ་འཁོར་བའི་འཁྲི་ཤིང་ནགས།།
བད༷ག་མེད་རྟོགས་པའི་རལ་གྲིས་གཅོད་ནུས་མཐུ།།
བད༷ག་གི་ལྷ་མཆོག་ཁྱོད་ཀྱིས་འགྲུབ་པར་མཛོད།།

༡༡༽ སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ནི།
ཆོ༷ས་རྣམས་ཐམས་ཅད་རྨི་ལམ་སྒྱུ་འདྲ་ཞེས།།
ཆོ༷ས་ཀུན་གཟིགས་དེས་ལེགས་པར་གསུངས་ན་ཡང་།།
འཁྲུ༵ལ་བའི་ཡིད་ངོར་རྟག་བརྟན་ཐེར་ཟུར་ཏུ།།
འཁྲུ༵ལ་བ་བདག་འདྲར་གཟིགས་ཤིག་དབྱངས་ཅན་ལྷ།།


༡༢༽ དང་གསུམ་འདྲ་ཞིང་གཉིས་བཞི་འདྲ་བ་ནི།
གྱ༵་གྱུའི་རྦ་རླབས་འཁྲུག་པའི་ཡིད་ཀྱི་མཚོ།།
རྙོ༷ག་མ་ཅན་གྱིས་གང་བའི་དུས་མཐའ་ན།།
གྱ༵་གྱུ་སྤངས་པ་དྲང་པོའི་རྟུལ་ཞུགས་པས།།
རྙོ༷ག་མེད་སེམས་ཀྱི་བཟོད་པ་ཇི་ལྟར་ཐོབ།།

༡༣༽ ཐོག་མཐའ་འདྲ་ཞིང་བར་གཉིས་འདྲ་བ་ནི།
དབེ༵ན་པའི་རི་བོ་ལྷ་དང་དཀའ་ཐུབ་པས།།
ཡོ༷ངས་བསྟན་བག་ཕེབས་རི་ཡི་བྱ་སྐྱིབས་དང་།།
ཡོ༷ངས་འདུའི་ཁེངས་འཕྲོག་ལྗོན་པའི་གྲིབ་བསིལ་ལས།།
དབེ༵ན་གསུམ་བདུད་རྩིའི་མལ་དུ་འདུག་ལ་དགའ།།

ཆོད་ཅིང་མ་ཆོད་པ།

༡༽ ཐོག་མའི་ཆོད་ཅིང་མ་ཆོད་པ་ལ་གསུམ་ལས། གོང་གཉིས་འདྲ་ཞིང་ཕྱི་གཉིས་འདྲ་བ་ནི།
སི༷ལ་སི༷ལ་སྙན་ཆ་གཡོ་ཞིང་བསྒྱུར་བ་མོས།།
སི༷ལ་སི༷ལ་ཕྱག་གི་གདུབ་ཀོར་འཐབ་པའི་སྒྲ།།
སྙ༵ན་སྙ༵ན་འཁྲོལ་དང་ལྷན་ཅིག་ཆོས་ཀྱི་སྒོ།།
སྙ༵ན་སྙ༵ན་རྣ་བའི་དཔྱིད་དུ་འཇོ་ཞིང་སྟེར།།

༢༽ ཐོག་མཐའ་འདྲ་ཞིང་བར་གཉིས་འདྲ་བ་ནི།
ལི༷ང་ལི༷ང་དྲན་པའི་སྙེ་མས་བསྒྱུར་བ་ཡིས།།
སྐྱུ༷ར་སྐྱུ༷ར་གླུ་ཡི་རིག་བྱེད་དང་ལྷན་ཅིག།
སྐྱུ༷ར་སྐྱུ༷ར་ལུས་ཀྱི་འགྱུར་བག་དེ་དང་དེ།།
ལི༷ང་ལི༷ང་སྟོན་འདི་མ་བརྟག་ཉམས་དགའི་ཆོས།།

༣༽ བཞི་ཀ་འདྲ་བ་ནི།
མཚ༷ར་མཚ༷ར་སྲིད་གསུམ་མཛེས་པའི་སྙིང་པོ་ཀུན།།
མཚ༷ར་མཚ༷ར་བྱེད་པོས་གཅིག་ཏུ་བསྡུས་འདྲ་བ།།
མཚ༷ར་མཚ༷ར་མཚན་དཔེའི་ལང་ཚོ་རྫོགས་པ་མོས།།
མཚ༷ར་མཚ༷ར་ཉམས་བརྒྱའི་རྒྱུད་མང་སྦྲེང་བར་མཛོད།།

འདི་ཡན་གྱི་རྐང་པའི་ཐོག་མའི་དབྱེ་བ་སུམ་ཅུ་སོ་གཅིག་རྒྱས་པར་ཕྱེ་ཟིན་ལ། ད་ནི་རྟོགས་སླ་བར་དགོངས་ནས་རྐང་པའི་བར་ལ་ཡོད་པ་སོགས་ཀྱི་གནས་གཞན་དྲུག་ལ་མདོར་བསྡུས་བྱས་ནས་གཉིས་གཉིས་སུ་འབྱེད་པ་ཡིན་ནོ།།




གནས་གཞན་ན་ཡོད་པ།

༡༽ རྐང་པའི་བར་ལ་ཡོད་པའི་ཟུང་ལྡན་ལ་གཉིས་ལས། བར་གྱི་ཆོད་པའི་ཟུང་ལྡན་ནི།
ཁྱོད་ཞལ་མཛེ༷ས་ཀྱང་མཛེ༷ས་པ་གཞན་རྣམས་ལ།།
ཡོད་པའི་མཛེ༷ས་སྡུག་མཛེ༷ས་པ་མིན་བགྱིད་ཕྱིར།།
གང་དེའི་མཛེ༷ས་ཆོས་མཛེ༷ས་པ་མཐའ་དག་ལས།།
འདས་པའི་མཛེ༷ས་ལྡན་མཛེ༷ས་མ་རྒྱ་མཚོའི་ལྷ།།

༢༽ བར་གྱི་ཆོད་ཅིང་མ་ཆོད་པ་ནི།
ལྷ་མཆོག་འཇམ་དབྱ༷ངས་དབྱ༷ངས་ཅན་ལྷའི་བུ་མོར།།
རབ་དགྱེས་གསུང་དབྱ༷ངས་དབྱ༷ངས་བདུན་རྫོགས་པའི་གླུ།།
ཉེར་ཞིའི་སྒྲ་དབྱ༷ངས་དབྱ༷ངས་ཀྱི་རྒྱ་མཚོ་རུ།།
འཁྱིལ་བའི་རྔ་དབྱ༷ངས་དབྱ༷ངས་ཀུན་བླ་ན་མཐོ།།

༣༽ རྐང་པའི་མཐའ་མར་ཡོད་པའི་ཟུང་ལྡན་ལ་གཉིས་ལས། མཐའ་མའི་ཆོད་པ་ནི།
ཁྱོད་སྐུའི་མཚར་སྡུག་འགྲོ་བའི་མིག་ངོར་འབ༷བ།།
ཟབ་རྒྱས་ཆོས་ཀྱི་སྙན་འགྱུར་རྣ་བར་འབ༷བ།།
ཐུགས་རྗེས་གཟིགས་པ་མཁའ་མཉམ་འགྲོ་ལ་འབ༷བ།།
འཕྲིན་ལས་ཆུ་བོ་བསྐལ་བའི་ལམ་དུ་འབ༷བ།།

༤༽ མཐའ་མའི་ཆོད་ཅིང་མ་ཆོད་པ་ནི།
ཆོས་ཀུན་ལོངས་ལ་སྤྱོད་པའི་གསུང་སྙ༷ན་སྙ༷ན།
ཕྱག་སོར་གདུ་བུ་འཐབ་པའི་སྒྲ་སྙ༷ན་སྙ༷ན།།
དྲི་ཟའི་པི་ཝང་སྦྲེང་བའི་དབྱངས་སྙ༷ན་སྙ༷ན།
ཀུན་ནས་བློ་མཆོག་སྩོལ་བའི་གྲངས་སྙ༷ན་སྙ༷ན།།
འདི་རྣམས་ནི་ཐོག་མ། བར་དང་། མཐའ་ཉིད་ལ་ཡོད་པའི་རྐྱང་པ་གསུམ་མོ།

༥༽ རྐང་པའི་བར་མཐའ་ལ་ཡོད་པ་ལའང་གཉིས་ལས། བར་མཐའི་ཆོད་པ་ནི།
རྒྱལ་སྐུ་མཚན་དཔེའི་མཚ༷ར་སྡུག་རྫོགས་པ་མཚ༷ར།
ཟག་མེད་ཡོད་ཏན་མཚ༷ར་པོའི་རྒྱན་འདི་མཚ༷ར།།
བསམ་ཡས་མཛད་འཕྲིན་མཚ༷ར་པོའི་དཔལ་འདི་མཚ༷ར།
རྣམ་པ་ཐམས་ཅད་མཚ༷ར་པོའི་མགོན་ཁྱོད་མཚ༷ར།།

༦༽ བར་མཐའི་ཆོད་ཅིང་མ་ཆོད་པ་ནི།
ཟླ་བའི་སྐུ་མཛེ༷ས་མཛེ༷ས་ལྡན་ཞལ་མཛེ༷ས་མཛེ༷ས།།
སྐྱེ་མཆེད་རབ་མཛེ༷ས་མཛེ༷ས་མའི་སྤྱོད་མཛེ༷ས་མཛེ༷ས།།
རྒྱུད་མང་ཕྱག་མཛེ༷ས་མཛེ༷ས་བཀྲའི་རྒྱན་མཛེ༷ས་མཛེ༷ས།།
དབྱངས་ཅན་ལྷ་མཛེ༷ས་མཛེ༷ས་མའི་རྩེར་མཛེ༷ས་མཛེ༷ས།།

༧༽ རྐང་པའི་ཐོག་བར་གྱི་ཟུང་ལྡན་ལ་གཉིས་ལས། ཐོག་བར་གྱི་ཆོད་པ་ནི།
ར༷བ་དཀར་ཟླ་བ་ར༷བ་ཏུ་ཕྱིས་པའི་ཞལ།།
ར༷བ་བཀྲའི་སྤྱན་ཟུར་ར༷བ་འཁྱོག་སྨིན་མའི་གཞུར།།
ར༷བ་ཏུ་བཀང་དེས་ར༷བ་མང་འགྲོ་རྒྱུད་ཀྱི།།
ར༷བ་རིབ་མཐའ་དག་ར༷བ་ཏུ་བཅོམ་པར་གྱུར།།

༨༽ ཐོག་བར་གྱི་ཆོད་ཅིང་མ་ཆོད་པ་ནི།
༼དང་པོ་དང་གསུམ་པའི་ཐོག་མཐའ། གཉིས་བཞིའི་ཐོག་བར་གྱི་ཆོད་ཅིང་མ་ཆོད་པ།༽
མཚ༷ར་མཚ༷ར་པདྨ་དཀར་པའི་དཔལ་མཚ༷ར་མཚ༷ར།།
མཚ༷ར་མཚ༷ར་ཟླ་བས་མཚ༷ར་མཚ༷ར་འོད་འགྲེམ་པའི།།
མཚ༷ར་མཚ༷ར་གདན་ལ་དབྱངས་ཅན་ལྷ་མཚ༷ར་མཚ༷ར།།
མཚ༷ར་མཚ༷ར་མཛད་པས་མཚ༷ར་མཚ༷ར་འགྲོ་བ་འདུལ།།

༩༽ རྐང་པའི་ཐོག་མཐའི་ཟུང་ལྡན་ལ་གཉིས་ལས། ཐོག་མཐའི་ཆོད་པ་ནི།
དཀ༷ར་མཛེས་པད་མཚོར་ངང་པའི་རླབས་ཕྲེང་དཀ༷ར།།
དཀ༷ར་བསིལ་ཉར་མ་འཐོར་དབུས་ཆུ་བྱ་དཀ༷ར།།
དཀ༷ར་བའི་གཉིས་འཐུང་ཁྱུས་བསྐོར་གདན་པད་དཀ༷ར།།
དཀ༷ར་མཛེས་སྟེང་ན་མགོན་པོ་འཇམ་དབྱངས་དཀ༷ར།།

༡༠༽ ཐོག་མཐའི་ཆོད་ཅིང་མ་ཆོད་པ་ནི།
ལྡེ༷མ་ལྡེ༷མ་གཞོན་ནུ་ཐོར་བུའི་སྐུ་ལྡེ༷མ་ལྡེ༷མ།།
ལྡེ༷མ་ལྡེ༷མ་བདེ་བའི་འདུ་བྱེད་འགྱིང་ལྡེ༷མ་ལྡེ༷མ།།
ལྡེ༷མ་ལྡེ༷མ་རལ་གྲི་འཕྱར་བ་སྔོ་ལྡེ༷མ་ལྡེ༷མ།།
ལྡེ༷མ་ལྡེ༷མ་ཡོན་པོའི་ཐོར་ཚུགས་འཁྱོག་ལྡེ༷མ་ལྡེ༷མ།།
༡༡༽ རྐང་པའི་གནས་གསུམ་ག་ལ་ཡོད་པའི་ཟུང་ལྡན་ལ་གཉིས་ལས། གནས་གསུམ་གྱི་ཆོད་པ་ནི།
སྣ༷ང་བྱེད་བདག་པོའི་སྣ༷ང་བའི་ཕྱོགས་ཀུན་སྣ༷ང་།
སྣ༷ང་གསལ་སྒྲོན་མའི་སྣ༷ང་བས་རང་ཁྱིམ་སྣ༷ང་།།
སྣ༷ང་མཆོག་ཆོས་ཀྱི་སྣ༷ང་བས་ཐར་ལམ་སྣ༷ང་།
སྣ༷ང་མཛད་རྒྱལ་བའི་སྣ༷ང་བས་འཇིག་རྟེན་སྣ༷ང་།།
༡༢༽ གནས་གསུམ་གའི་ཆོད་ཅིང་མ་ཆོད་པ་ནི།
སྙ༷ན་སྙ༷ན་འདབ་ལྡན་ཁྱུ་ནས་སྙ༷ན་སྙ༷ན་ཁུ་བྱུག་མྱོས་པའི་གདངས་སྙ༷ན་སྙ༷ན།།
སྙ༷ན་སྙ༷ན་རོལ་མོའི་ནང་ནས་སྙ༷ན་སྙ༷ན་ལྷ་ཡི་རྔ་ཆེན་སྒྲ་སྙ༷ན་སྙ༷ན།།
སྙ༷ན་སྙ༷ན་གླུ་དབྱངས་ཚོགས་ན་སྙ༷ན་སྙ༷ན་རབ་དགའ་དྲི་ཟའི་གླུ་སྙ༷ན་སྙ༷ན།།
སྙ༷ན་སྙ༷ན་སྲིད་གསུམ་ཀུན་ན་སྙ༷ན་སྙ༷ན་དཔལ་ལྡན་རྒྱལ་བའི་གྲགས་སྙ༷ན་སྙ༷ན།།

འདི་ཡན་ནི་ཟུང་ལྡན་གྱི་རྩ་བའི་དབྱེ་བ་བདུན་དང་། ནང་གསེས་དབྱེ་བ་བཞི་བཅུ་ཞེ་གསུམ་དུ་ཕྱེས་ཟིན་པ་ཡིན་ནོ།།

ཟུང་ལྡན་ཕྱི་མ་བཞི།

མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་མཚན་ཉིད་ནི།
ཚིག་རྐང་གོང་འོག་སོ་སོ་ཡི། །གོང་མའི་མཐའ་དང་འོག་མའི་འགོ།།
ཟུང་ལྡན་འདྲ་བས་བཅིངས་པ་ནི། །མཐའ་ཐོག་སྦྱར་བའི་ཟུང་ལྡན་ཡིན།།
ཚིག་རྐང་གོང་མའི་མཇུག་དང་འོག་མ་དེའི་འགོ་གཉིས་པོ་ཟུང་ལྡན་འདྲ་བ་ཞིག་གིས་བཅིངས་པ་ནི་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནོ།།
མཐའ་ཡས་ཡོན་ཏན་ཕུང་པོས་རབ་མཛེས་སྐུ།།
མཛེས་སྐུ་འགྲོ་བའི་ཡིད་ངོར་ཆུ་ཟླ་བཞིན།།
ཟླ་བཞིན་རྣམ་པར་རྒྱས་པའི་སྒྲ་ལྷ་མོ།།
ལྷ་མོ་ཀུན་གྱི་གཙོ་ལ་སྤྱི་བོས་འདུད།།
ཡང་ན།
ལེགས་བྱས་རྨད་བྱུང་རི་མོ་བཀྲ་བའི་ཕུལ།།
ཕུལ་བྱུང་མཚར་སྡུག་རྒྱ་མཚོའི་སྙིང་པོར་སྨིན།།
སྨིན་ལེགས་ངག་གི་དཔྱིད་འཇོ་དབྱངས་ཅན་ལྷ།།
ལྷ་མཆོག་ཁྱོད་ཀྱི་སྐྱེ་བར་རྗེས་ཟུགས་ཤིག།





ཀུན་ཏུ་ཟུང་ལྡན་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་མཚན་ཉིད་ནི།
ཚིགས་བཅད་རྐང་པ་གཅིག་གི་ནང་།།
ཚིག་འབྲུ་ཇེ་སྙེད་ཡོད་པ་རྣམས།།
གཞན་ལའང་མཚུངས་པར་བཟླས་པ་ནི།།
ཀུན་ཏུ་ཟུང་ལྡན་བྱ་བ་ཡིན།།
གོང་གི་ཟུང་ལྡན་དང་མི་འདྲ་བ་ རྐང་པ་གཅིག་གི་ནང་དུ་ཚིག་འབྲུ་ཇི་སྙེད་ཅིག་ཡོད་པ་རྣམས་འགྱུར་བ་གཅིག་ཀྱང་མེད་པར་ རྐང་པ་གཞན་ལ་བཟླས་པ་ནི་ཀུན་ཏུ་ཟུང་ལྡན་ཞེས་བྱ་བ་ཡིན་ལ། འདི་ལ་ཚིག་རྐང་གཅིག་བཟླས་པ་དང་། གཉིས་དང་གསུམ་བཟླས་པ་སོགས་ཀྱི་དབྱེ་བ་འོག་ནས་ཤེས་པར་འགྱུར།
འདི་མན་གྱི་ཟུང་ལྡན་རྣམས་ནི་ལེགས་སྦྱར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས། སྐད་རིགས་གཞན་དུ་ཡོང་དཀའ་བ་ཡིན། འདི་ཡང་དཔེར་ན། ཀུན་ཏུ་ཟུང་ལྡན་གྱི་རྐང་པ་བཟླས་པའི་ཚེ། རྐང་པ་གཉིས་ཀྱི་ཚིག་རྣམས་ཁྱད་པར་མེད་པར་གཅིག་མཚུངས་སུ་བྱུང་བའི་ཚེ། ལེགས་སྦྱར་ལ་ཚིག་རྐང་གཉིས་ཀྱི་དོན་ཐ་དད་པར་བཤད་དུ་ཡོད་ཀྱང་། བོད་སྐད་ལ་དེ་ལྟར་མི་འབྱུང་བ་དང་།  དེ་བཞིན་འཁོར་ལོ་གསུམ་དང་། ངེས་པའི་བྱ་དཀའ་བ་སོགས་ཀྱང་ བོད་སྐད་དུ་ཆ་འདྲ་བ་ཙམ་ལས་ ཇི་མ་ཇི་བཞིན་མི་འོང་བ་ཡིན་ནོ།།

དབྱེ་བ་ལ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོ་དང་གསུམ། དང་པོ་རྐང་པ་བཟླས་པ་ལ། རྐང་པ་གཉིས་བཟླས་པ་གསུམ། རྐང་པ་གཅིག་ལན་གཅིག་བཟླས་པ་དྲུག། རྐང་པ་གཅིག་ལན་གཉིས་བཟླས་པ་དང་གསུམ། རྐང་པ་གཅིག་ལན་གསུམ་བཟླས་པ་གཅིག་བཅས་རྐང་པ་བཟླས་པའི་དབྱེ་བ་བཅུ་གསུམ་དང་། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོ་བཅས་ཡོངས་བསྡོམས་ཀུན་ཏུ་ཟུང་ལྡན་གྱི་དབྱེ་བ་བཅོ་ལྔའོ།།

༡༽ རྐང་པ་གཉིས་བཟླས་པ་གསུམ་ལས། དང་པོ་དེ་གསུམ་པར་དང་གཉིས་པ་དེ་བཞི་པར་བཟླས་པ་ནི།
ཡོན་ཏན་ཕུང་པོས་མངོན་མཐོ་རཏྣ་ཀཿ།། (དཀོན་མཆོག་གསུམ)
འཇིག་རྟེན་ཀུན་ལ་ཅི་འདོད་ཆར་དུ་འབེབས།།
ཡོན་ཏན་ཕུང་པོས་མངོན་མཐོ་རཏྣ་ཀཿ།།
འཇིག་རྟེན་ཀུན་ལ་ཅི་འདོད་ཆར་དུ་འབེབས།། (རིན་པོ་ཆེ།)

༢༽ དང་པོ་དེ་གཉིས་པར་དང་། གསུམ་པ་དེ་བཞི་པར་བཟླས་པ་ནི།
རབ་དཀར་རི་དྭགས་མཚན་མས་མཛེས་པའི་ལྷ།།(སྤྱན་རས་གཟིགས།)
རབ་དཀར་རི་དྭགས་མཚན་མས་མཛེས་པའི་ལྷ།།(ཟླ་བ)
གདུང་བ་ཀུན་སེལ་བདུད་རྩིའི་འཛུམ་རླབས་ཅན།།
གདུང་བ་ཀུན་སེལ་བདུད་རྩིའི་འཛུམ་རླབས་ཅན།།


༣༽ དང་པོ་དེ་བཞི་པ་དང་། གཉིས་པ་དེ་གསུམ་པར་བཟླས་པ་ནི
དཀར་མཛེས་ལང་ཚོས་སྒེག་པའི་པདྨ་ཅན།།(བུ་མོ།)
སྐྱེ་བོ་ཀུན་གྱི་ཡིད་ལ་བདེ་བ་སྟེར།།
སྐྱེ་བོ་ཀུན་གྱི་ཡིད་ལ་བདེ་བ་སྟེར།།
དཀར་མཛེས་ལང་ཚོས་སྒེག་པའི་པདྨ་ཅན།།(པད་དཀར་སྡོང་པོ།)

༤༽ རྐང་པ་གཅིག་ལན་གཅིག་བཟླས་པ་ལ་དྲུག་ལས། དང་པོ་དེ་གཉིས་པར་བཟླས་པ་ནི།
དཀར་མཛེས་ངང་པའི་བུ་མོ་ཡིད་འོང་མ།།(ངང་པ།)
དཀར་མཛེས་ངང་པའི་བུ་མོ་ཡིད་འོང་མ།།(དབྱངས་ཅན།)
འདབ་ལྡན་མ་དེ་པདྨའི་རྫིང་བུ་དང་།།
ངག་དབང་ལྷ་མོ་གདུལ་བྱའི་ཡིད་མཚོར་རོལ།།

༥༽ དང་པོ་དེ་གསུམ་པར་བཟླས་པ་ནི།
སྙན་ཞིང་བརྗིད་ཆགས་ཆོས་ཀྱི་སྒྲ་འབྱིན་མཁས།།
ལྷ་ཡི་རྔ་ཆེན་ཆོས་ཀྱི་ཤུགས་འཆང་སྟེ།།
སྙན་ཞིང་བརྗིད་ཆགས་ཆོས་ཀྱི་སྒྲི་འབྱིན་མཁས།།
ངག་གི་དབང་ཕྱུག་སངས་རྒྱས་རྡོ་རྗེའི་གསུང་།།


༦༽ དང་པོ་དེ་བཞི་པར་བཟླས་པ་ནི།
རབ་འབྱམས་ཤེས་བྱ་ཀུན་ལ་ལོངས་ཀྱིས་སྤྱོད།།
རྒྱལ་བ་རྣམས་ཀྱི་ཡེ་ཤེས་མེ་ལོང་སྟེ།།
ཐམས་ཅད་མཁྱེན་གཟིགས་པུཎྜ་རི་ཀ་ཡང་།།(ཀུན་མཁྱེན་པད་དཀར།)
རབ་འབྱམས་ཤེས་བྱ་ཀུན་ལ་ལོངས་ཀྱིས་སྤྱོད།།

༧༽ གཉིས་པ་དེ་གསུམ་པར་བཟླས་པ་ནི།
མཐོང་བ་ཙམ་གྱིས་འཁོར་བའི་གདུང་འཕྲོག་པ།།
ཀུན་མཁྱེན་དཔག་བསམ་ཡོངས་འདུའི་དབང་པོ་གང་།།(ཀུན་མཁྱེན་པད་དཀར།)
ཀུན་མཁྱེན་དཔག་བསམ་ཡོངས་འདུའི་དབང་པོ་གང་།།
རྟག་ཏུ་གདུལ་བྱ་རྒྱ་མཚོའི་མོས་ངོར་འཆར།།

༨༽ གཉིས་པ་དེ་བཞི་པར་བཟླས་པ་ནི།
རྒྱལ་བའི་དབང་པོ་གང་གི་གཟུགས་ཀྱི་སྐུ།།(སྟོན་པ།)
སྣ་ཚོགས་གདུལ་བྱའི་ཡིད་དང་མཐུན་པར་འཇུག།
དེ་བཞིན་ཆོས་ཀུན་སྟོན་པའི་གསུང་འདི་ཡང་།།
སྣ་ཚོགས་གདུལ་བྱའི་ཡིད་དང་མཐུན་པར་འཇུག།




༩༽ གསུམ་པ་དེ་བཞི་པར་བཟླས་པ།
རྟག་པར་གཞན་ལ་ཕན་པའི་དོན་གཟིགས་ནས།།
ལྷ་བརྒྱའི་དབུས་ན་འདོད་བཞིན་ཆོས་སྟོན་པ།།
འཇིག་རྟེན་དབང་ཕྱུག་བརྩེ་བའི་བདག་ཉིད་ཅན།།(སྤྱན་རས་གཟིགས།)
འཇིག་རྟེན་དབང་ཕྱུག་བརྩེ་བའི་བདག་ཉིད་ཅན།།(ཀུན་མཁྱེན་པད་དཀར།)

༡༠༽ རྐང་པ་གཅིག་ལན་གཉིས་བཟླས་པ་ལ་གསུམ་ལས། རྐང་པ་དང་པོ་དེ་གཉིས་པ་དང་གསུམ་པར་བཟླས་པ་ནི།
རབ་དཀར་མཛེས་པའི་དཔལ་ལྡན་གཉིས་སྐྱེས་དབང་།།(དབྱངས་ཅན་མའི་ཚེམས)
རབ་དཀར་མཛེས་པའི་དཔལ་ལྡན་གཉིས་སྐྱེས་དབང་།།(སྟོན་ཀའི་ཟླ་བ།)
རབ་དཀར་མཛེས་པའི་དཔལ་ལྡན་གཉིས་སྐྱེས་དབང་།།(ངང་པའི་རྒྱལ་པོ།)
དབྱངས་ཅན་ཚེམས་དཀར་སྟོན་ཟླ་ངང་པོའི་རྒྱལ།།

༡༡༽ དང་པོ་དེ་གསུམ་དང་བཞིར་བཟླས་པ་ནི།
བསུང་ཞིམ་ངད་ལྡང་མཆོག་གི་ཉེར་སྤྱད་འོས།།(དབྱངས་ཅན་མ།)
ཁྱོད་ལུས་པད་དཀར་ཧ་རི་ཙན་དན་ཡང་།།
བསུང་ཞིམ་ངད་ལྡང་མཆོག་གི་ཉེར་སྤྱད་འོས།།(ཀུན་མཁྱེན་པད་དཀར།)
བསུང་ཞིམ་ངད་ལྡང་མཆོག་གི་ཉེར་སྤྱད་འོས།།(ཙན་དན་དཀར་པོ།)


༡༢༽ གཉིས་པ་དེ་གསུམ་བཞིར་ཡང་བཟླས་པ་ནི།
ཁྱོད་ཞལ་རི་བོང་ཅན་དང་པདྨ་དཀར།།
མཚར་སྡུག་ཆ་རྫོགས་ཀུན་དགའི་རོ་དང་ལྡན།།(དབྱངས་ཅན་མ།)
ཚར་སྡུག་ཆ་རྫོགས་ཀུན་དགའི་རོ་དང་ལྡན།།(ཟླ་བ།)
མཚར་སྡུག་ཆ་རྫོགས་ཀུན་དགའི་རོ་དང་ལྡན།།(ཀུན་མཁྱེན་པད་དཀར།)

༡༣༽ རྐང་པ་གཅིག་ལན་གསུམ་བཟླས་པ་ནི།
དཀར་མཛེས་འགྲོ་བའི་དཔྱིད་གྱུར་པདྨ་དཀར།།(མེ་ཏོག་པདྨ་དཀར་པོ།
དཀར་མཛེས་འགྲོ་བའི་དཔྱིད་གྱུར་པདྨ་དཀར།།(སྤྱན་རས་གཟིགས།)
དཀར་མཛེས་འགྲོ་བའི་དཔྱིད་གྱུར་པདྨ་དཀར།།(རིགས་ལྡན་པད་དཀར།)
དཀར་མཛེས་འགྲོ་བའི་དཔྱིད་གྱུར་པདྨ་དཀར།།(ཀུན་མཁྱེན་པད་དཀར།)

༡༤༽ ཚིགས་བཅད་བཟླས་པ་ནི།
གཅིག་ཏུ་འཕན་མེད་ས་འཛིན་ཆེན་པོའི་མདུན།།
དུས་ཀུན་འཁྱོག་པར་བགྲོད་པའི་ལྕེ་གཉིས་པ།།
ལྟར་སྣང་ཁ་དོག་ཙམ་གྱིས་མཛེས་པ་ལ།།
ཡིད་བརྟན་འཆའ་བར་འདོད་པ་དེ་བླུན་པོ།།
གཅིག་ཏུ་ཕན་མེད་ས་འཛིན་ཆེན་པོའི་མདུན།།
དུས་ཀུན་འཁྱོག་པར་བགྲོད་པའི་ལྕེ་གཉིས་པ།།
ལྟར་སྣང་ཁ་དོག་ཙམ་གྱིས་མཛེས་པ་ལ།།
ཡིད་བརྟན་འཆའ་བར་འདོད་པ་དེ་བླུན་པོ།།
འཕན་ནི་སྐྱོན་གྱི་བརྡ་རྙིང་། ཚིགས་བཅད་དང་པོའི་དོན་ནི། སྐྱོན་དང་བྲལ་བའི་རི་བོ་ཆེན་པོའི་མདུན་དུ། རྣམ་ཀུན་འཁྱོག་ནས་འགྲོ་བའི་སྦྲུལ་དེ། ཕྱིའི་ལྟར་སྣང་དུ་ཁ་དོག་མཛེས་པ་འདུག་སྟེ། དེ་ལ་ཡིད་བརྟན་བྱེད་ན་བླུན་པོའོ།། ཞེས་པ་དང་། གཉིས་པའི་དོན་ནི། སྐྱོན་དང་བྲལ་བའི་རྒྱལ་པོའི་མདུན་དུ། དུས་དང་རྣམ་ཀུན་དྲང་པོ་མིན་པའི་ཕྲ་མ་བྱེད་པའི་ལྕེ་གཉིས་པ་འདི་ནི། ལྟར་སྣང་དུ་འོས་འབབ་ཆེ་ཆེ་འདྲ་ཡང་དེ་ལ་ཡིད་བརྟན་བྱེད་པ་ནི་བླུན་པོ་ཡིན་ཞེས་པའོ།།

༡༥༽ གསུམ་པ་ཟུང་ལྡན་ཆེན་པོའི་མཚན་ཉིད་ནི།
རྐང་བཞི་རྣམ་པ་གཅིག་པ་ལ། །རྐང་པ་རེ་རེ་ཉིད་ལ་ཡང་།།
བརྗོད་པའི་ཟུང་ལྡན་ཡོད་པ་ནི། །ཟུང་ལྡན་ཆེན་པོ་ཞེས་བྱ་འོ།།
རྐང་པ་བཞི་ཀ་རྣམ་པ་མི་འདྲ་བ་མེད་པ་གཅིག་པ་ཅན་ཞིག་ཡིན་པ་མ་ཟད། རྐང་པ་རེ་རེ་ལའང་བརྗོད་པ་ཟུང་ལྡན་རེ་ཡོད་པ་ནི་ཟུང་ལྡན་ཆེན་པོའོ།། འདི་དང་གོང་གི་རྐང་གསུམ་བཟླས་པ་གཉིས་ཀྱི་ཁྱད་པར་ནི། གོང་གི་འདི་རྐང་པ་རེ་རེ་ལ་ཟུང་ལྡན་མེད་ཅིང་། འདིར་ཡོད་པས་མི་འདྲའོ།།



འདིའི་དཔེར་བརྗོད་ནི།
(སངས་རྒྱས།)
དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་(སྒྲིབ་གཉིས།)དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ།།(བདུད་བཞི།)
(སྤྱན་རས་གཟིགས།)
དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་(རྒུད་པ།)དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ།།(གཅེས་འཛིན།)
(འཇམ་དབྱངས།)
དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་(རྨོངས་པ།)དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ།།(ཕས་རྒོལ།)
(ཕྱག་རྡོར།)
དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་(བདུད།)དབང་ཕྱུག་མཆོག་བརྙེས་ཁྱོད་རྒྱལ་བ།།(བར་ཆད།)

འདྲེས་པའི་ཟུང་ལྡན་གྱི་མཚན་ཉིད་ནི།
མཐའ་ཐོག་སྦྱར་བ་གང་ཞིག་ལ། །བར་མ་ཆོད་སོགས་བསྲེས་པ་ནི།།
འདྲེས་པའི་ཟུང་ལྡན་ཞེས་བྱ་སྟེ། །དཔེར་བརྗོད་ཉིད་ཀྱིས་གསལ་བར་བྱ།།
འདིའི་དཔེར་བརྗོད་ནི།
མཛེས་པ་མཛེས་པའི་ནང་ནས་མཛེས་པ་མཛེས་པའི་དཔྱིད་ཕུལ་བྱུང་།།
ཕུལ་བྱུང་དམ་པའི་རྩེར་འཛེགས་དམ་པའི་སྤྱོད་ཚུལ་གྱིས་མཛེས་མ།།
མཛེས་མ་ཁྱོད་གསུང་སྙན་ཚིག་གསུང་སྙན་དམ་ཆོས་སྒྲ་དབྱངས་ཅན།།
དབྱངས་ཅན་ལྷ་མོ་སྲིད་ཞིའི་ལྷ་མོ་ཀུན་གྱི་མཆོག་ལགས་སོ།།
མཐའ་ཐོག་སྦྱར་བ་ནི་གོ་སླ་ཞིང་། ཚིག་རྐང་དང་པོའི་མཛེས་པ་མཛེས་པའི་བཞི་ནི་ཆོད་ཅིང་མ་ཆོད་པ། གཉིས་པ་མན་ཆོད་ཀྱི་དམ་པའི་ལ་སོགས་པའི་ཚིག་འབྲུ་གཉིས་ཀྱི་བཟླས་པ་རྣམས་ནི་ཆོད་པའི་ཟུང་ལྡན་ནོ།།

བཟློག་པའི་ཟུང་ལྡན་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས། མཚན་ཉིད་ནི།
ཚིག་རྐང་གཅིག་གམ་ཡང་ན་གཉིས།།
ཡང་ན་ཚིགས་བཅད་ཆ་ཚང་ནི།།
ལུགས་ལས་བཟློག་པས་རྐང་པ་སོགས།།
ཕྱི་མ་གྲུབ་དེ་བཟློག་པ་འོ།།
ཚིག་རྐང་གཅིག་ལུགས་བཟློག་བྱེད་པས་ཚིག་རྐང་གཉིས་པ་གྲུབ་པ་དང་། ཡང་ན་ཚིག་རྐང་གཉིས་ལུགས་བཟློག་བྱེད་པས་ཚིག་རྐང་ལྷག་མ་གཉིས་གྲུབ་པ་དང། ཡང་ན་ཚིགས་བཅད་ཆ་ཚང་ལུགས་ལས་བཟློག་པས་ཚིགས་བཅད་གཉིས་པ་ཞིག་བྱུང་བ་རྣམས་ནི་བཟློག་པའི་ཟུང་ལྡན་ཡིན་ནོ།།

དབྱེ་བ་ལ། རྐང་པ་བཟློག་པ། ཚིགས་བཅད་ཕྱེད་བཟློག། ཚིགས་བཅད་ཆ་ཚང་བཟློག་པ་གསུམ་ལས།
རྐང་པ་བཟློག་པ་ནི།
ཐར་པ་གྲུབ་དང་མཁས་པས་རིག་ཉིད་དེ།།
དེ་ཉིད་རིག་པས་མཁས་དང་གྲུབ་པ་ཐར།།
འཁྲུལ་པ་བླུན་དང་བྱིས་པས་རྟོགས་མི་སྲིད།།
སྲིད་མི་རྟོགས་པས་བྱིས་དང་བླུན་པ་འཁྲུལ།།

ཚིགས་བཅད་ཕྱེད་བཟློག་ནི།
རྫུན་ཕྱིར་དེ་ཉིད་འཁྲུལ་ལ་མེད་བཞིན་སྣང་།།
དངོས་ཀུན་དེ་ཉིད་སྟོང་སྟེ་ཟབ་དོན་རིག།
རིག་དོན་ཟབ་སྟེ་སྟོང་ཉིད་དེ་ཀུན་དངོས།།
སྣང་བཞིན་མེད་ལ་འཁྲུལ་ཉིད་དེ་ཕྱིར་རྫུན།།

ཚིགས་བཅད་རངས་པོ་བཟློག་པ་ནི།
ཤེས་པར་ལྡན་པ་མཛེས་ཤིང་མཁས་ལ་གསལ།།
བཙུན་ན་དུལ་དང་དེས་ལ་ཞི་ཞིང་འཇམ།།
ཁེངས་ཤིང་ཆགས་ལ་ནོར་འདོད་ངན་ལ་སྡང་།།
བླུན་པོས་འཁྲུལ་ཕྱིར་དེ་ཉིད་མཐོང་བ་མིན།།
མིན་པ་མཐོང་ཉིད་དེ་ཕྱིར་འཁྲུལ་བས་བླུན།།
སྡང་ལ་ངན་འདོད་ནོར་ལ་ཆགས་ཤིང་ཁེངས།།
འཇམ་ཞིང་ཞི་ལ་དེས་དང་དུལ་ན་བཙུན།།
གསལ་ལ་མཁས་ཤིང་མཛེས་པ་ལྡན་པར་ཤེས།།

མདོར་ན་ཟུང་ལྡན་རྩ་བའི་དབྱེ་བདུན་ལས་གྱེས་པ་ཞེ་གསུམ། ཀུན་ཏུ་ཟུང་ལྡན་བཅོ་ལྔ། བཟློག་པ་ཟུང་ལྡན་གསུམ། མཐའ་ཐོག་དང་། འདྲེས་པ་གཉིས་རེ་བཅས་ཟུང་ལྡན་ཡོངས་བསྡོམས་རེ་གསུམ་རྩ་བ་རང་ནས་བསྟན་ཡོད་པ་ཡིན་ནོ།།
གཉིས་པ་བྱ་དཀའ་བའི་འཁོར་ལོ་བཤད་པ་ལ་གསུམ་སྟེ། བ་གླང་གཅིན། འཁོར་ལོ་ཕྱི་མ་གཉིས་ཀྱི་མཚན་ཉིད། དཔེར་བརྗོད་རེ་རེ་བཞིན་བཤད་པའོ།།
དང་པོ་བ་གླང་གཅིན་གྱི་མཚན་ཉིད་ནི།
གྲལ་རིམ་གཉིས་སུ་སྒྲིག་པ་ལ། །རེ་རེར་ཚིག་རྐང་གཉིས་རེ་བཀོད།།
ཐད་ཀར་ཀློག་གམ་འཁྱོག་འགྲོས་ཀྱིས།།
ཀློག་ནའང་གཟུགས་གཅིག་འབྱུང་བ་འོ།།
ལེགས་སྦྱར་ལྟར་ན། ཚིག་རྐང་གཉིས་རེས་གྲལ་རིམ་རེ་བྱས་པའི་གྲལ་རིམ་གཉིས་པོ་ཐད་ཀར་དུ་ཀློག་པའི་ཚེ་དང་། ཡང་ན་བ་གླང་གི་གཅིན་གྱི་འགྲོས་དང་འདྲ་བར་འཁྱོག་ནས་ཀློག་པའི་ཚེ་ནའང་། ཚིག་གི་གཟུགས་འདྲ་བར་བྱུང་བ་ཞིག་ལ་བ་གླང་གཅིན་དང་། མིང་གཞན་གླང་པོའི་འགྲོས་ཞེས་བྱ་བ་ཡིན། རང་རེའི་སྐད་ཀྱི་དབང་དུ་བྱས་ན་གྲལ་རེ་ལ་ཚིག་རྐང་གཉིས་རེ་མི་དགོས་པར། ཚིག་རྐང་རེས་གྲལ་རེ་བྱས་ཀྱང་རུང་བ་ནི་རྗེ་བོད་མཁས་པའི་དཔེར་བརྗོད་ལྟ་བུ་ཡིན་ཀྱང་། ཚིགས་བཅད་གཅིག་གིས་གྲལ་རིམ་བཞིར་བྱས་པའི་ཚེ། གཅིན་གྱི་འགྲོས་ཐེངས་གཉིས་བྱུང་བས་མི་བདེ་བ་ཞིག་ནི་འདུག། དེ་བས་ལེགས་སྦྱར་ལྟར་ཚིག་རྐང་གཉིས་རེས་གྲལ་རེས་བྱས་ན་ལེགས་པ་དང་། འདི་ཡང་ཚིག་འབྲུ་བདུན་མ་དང་དགུ་མ་སོགས་ཡིན་ན་གཅིན་གྱི་འགྲོས་ཏག་ཏག་མི་འབྱུང་བས། ཚིག་འབྲུག་བརྒྱད་མ་དང་བཅུ་མ་སོགས་བསྒྲིག་ན་ལེགས་པར་སེམས།།
འདིའི་གནད་འགག་ནི་ ཚིག་འབྲུ་གཅིག། གསུམ། ལྔ། བདུན་སོགས་མི་མཉམ་པ་དང་། གཉིས་བཞི་དྲུག་སོགས་མཉམ་པའི་ཚིག་འབྲུ་ཁག་གཉིས་ལས། གྲལ་རིམ་གོང་འོག་གཉིས་ཀྱི་མི་མཉམ་པའི་ཚིག་འབྲུ་རྣམས་གཟུགས་གཅིག་པར་བྱས་པ་དང་། ཡང་ན་མཉམ་པ་རྣམས་གཟུགས་གཅིག་པར་བྱས་ན། ཐད་ཀར་དང་འཁྱོག་ནས་ཀློག་ཀྱང་གཟུགས་འདྲ་བར་འབྱུང་ཐུབ་པ་ཡིན། འདིའང་ལེགས་སྦྱར་གྱི་དཔེ་ལྟར་ན། མི་མཉམ་པ་རྣམས་འདྲ་བར་འདུག་པ་དང་། བོད་མཁས་པའི་དཔེར་བརྗོད་དུ་མཉམ་པ་རྣམས་འདྲ་བར་འདུག་པས། གང་བྱས་ཀྱང་ཆོག་པར་སེམས་སོ།།

ལེགས་སྦྱར་གྱི་དཔེར་བརྗོད།
༡༠
༡༡
༡༢
༡༣
༡༤
༡༥
༡༦
ནོ
དི
རཱ
ཀྵི
ཎཱ
པཱ
ངྒཱ
སྟྲོ
ཉྗ
ཡེ
ཡམ྄
དེ
ནོ
དི
ཏཏ྄
ཀྵི
ངྒཱ
ཡཱ
ཉྗ
ལིཾ
དེ།།

བོད་མཁས་པའི་དཔེར་བརྗོད།
ཀུན་
དགའི་
དཔལ་
ལྡན་
ཟླ་
བའི་
སྲིང་
མོ་
ཁྱོད།།
རབ་
དགའི་
དཔྱིད་
ལྡན་
སྨྲ་
བའི་
ལྷ་
མོ་
  སྟེ།།

རབ་
དཀར་
བདུད་
རྩིའི་
འོད་
ཕྲེང་
སྤྲོ་
མཁས་
མ།།
ཆོས་
དཀར་
སྦྲང་
རྩིའི་
ཐིགས་
ཕྲེང་
སྩོལ་
མཁས་
ཀྱེ།།


རང་དཔེ།
༡༠
༡༡
༡༢
༡༣
༡༤
༡༥
༡༦
ཁྱོད་
ལ་
ཞལ་
རས་
ཉ་
གང་
ཟླ་
བ།།
སེམས་
ལ་
བྱམས་
དང་
བརྩེ་
བ་
ལྡན་
སོང་།།
བདག་
ལ་
གསོལ་
རས
མཚན་
གང་
གནང་
བ།།
དེ་
ལ་
དགའ་
དང་
སྤྲོ་
བ་
བྱུང་
སོང་།།

གཉིས་པ་འཁོར་ལོ་གཉིས་ཀྱི་མཚན་ཉིད་ནི།
གལ་ཏེ་ཚིགས་བཅད་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བ་ཞེས་པར་བརྗོད།།
གལ་ཏེ་ཀུན་ཏུ་འཁོར་བ་ནི། །ཀུན་ཏུ་བཟང་པོ་ཞེས་པར་འདོད།།
ཚིག་འབྲུ་བརྒྱད་པའི་ཚིགས་བཅད་རྐང་བཞི་བརྩེགས་མར་བྲིས་པ་ན། ཚིག་འབྲུ་བཞིའི་ཚིག་རྐང་ཕྱེད་ཀྱིས་སྟེང་ནས་འོག་ཏུ་འཁོར་ཞིང་། དེའི་ལྷག་མ་ཚིག་འབྲུ་བཞི་པོས་མཐའ་ནས་གྱེན་དུ་འཁོར་བའི་ཚིག་རྐང་ཕྱེད་ཕྱེད་ཀྱིས་འཁོར་བ་ཕྱེད་འཁོར་དང་། ཕྱོགས་བཞི་གང་ནས་ཀློག་ཀྱང་ཚིགས་བཅད་འདིའི་ཚིག་རྐང་གཅིག་ཐོན་ནུས་པ་འདི་ལ་ཀུན་ཏུ་འཁོར་བའི་ཀུན་བཟང་འཁོར་ལོ་ཞེས་བྱ་བ་ཡིན།

ཕྱེད་འཁོར་གྱི་དཔེར་བརྗོད།
ནོ
བྷ
བཱ
ནཱི
ཀཾ
ནོ
ཡཱ
མཱ
ནཱི
བྷ
ཡཱ
མེ
ཡཱ
མཱ
མཱ
བཱ
མེ
ནོ
ཡཱ
བོད་མཁས།
ཀུན་
མཁྱེན་
མཆོག་
ཁྱོད་
དཔལ་
ལྡན་
གྲགས་
སྙན་
མཁྱེན་
ཀུན་
ཁྱོད་
མཆོག་
ལྡན་
དཔལ་
སྙན་
གྲགས།
མཆོག་
ཁྱོད་
ཀུན་
མཁྱེན་
གྲགས་
སྙན་
དཔལ་
ལྡན་
ཁྱོད་
མཆོག་
མཁྱེན་
ཀུན་
སྙན་
གྲགས་
ལྡན་
དཔལ་

རང་དཔེ་འབྲི་སྟངས། དང་པ་ཚིག་རྐང་གཅིག་བྲིས། ཚིག་རྐང་འདིའི་འགོ་ཐོག་ཚིག་འབྲུ་བཞི་པོ་འདི་ཕྲད་དང་རྣམ་དབྱེ་འཛུགས་མི་རུང་། གང་ཡིན་ཟེར་ན། ཚིག་འབྲུ་བཞི་པོ་འདི་ ཚིག་རྐང་འོག་མ་རེ་རེའི་འགོ་འཛུགས་ཀྱི་ཚིག་ཡིན་པས་གལ་ཏེ་ཕྲད་དང་རྣམ་དབྱེ་ཡོད་ན། ཚིག་གི་འགོ་ལ་མི་རུང་བའི་དཀའ་ངལ་འབྱུང་བ་ཡིན། དཔེར་ན།
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་

ཚིག་རྐང་འདིའི་ཕྱེད་སྟེང་ནས་འོག་ཏུ་ལུགས་འབྱུང་དང་། ཕྱེད་མཐའ་ནས་གྱེན་ལ་ལུགས་བཟློག་ཏུ་གཏོང་བ།
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་
པ་
མཆོག
འབྲུག་
ཀུན་
མཁྱེན་
བསྡུས་
མཆོག


ཚིག་རྐང་གཉིས་པ་འདི། འགོ་མཇུག་གི་ཚིག་དང་བསྟུན་ནས་འབྲི་དགོས་ཤིང་། ནང་རིམ་བཞིན་ ལུགས་འབྱུང་ལུགས་བཟློག་ཏུ་གཏོང་བའི་ཚེ་སྟབས་མི་བདེ་བ་བྱུང་ན། ཚིག་རྐང་དང་པོ་ལ་འགྱུར་བ་གཏོང་དགོས།
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་
པ་
མཆོག
གི་
བདེ་
ལམ་
སྦྱིན་
མཛད་
དཔལ་
འབྲུག་
ཀུན་
བདེ་
མཛད་
མཁྱེན་
བསྡུས་
ལམ་
སྦྱིན་
མཆོག

ཚིག་རྐང་གསུམ་པ་དང་བཞི་པའང་གོང་གི་ལྟར་ལུགས་འབྱུང་ལུགས་བཟློག་ཏུ་གཏོང་བ།
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་
པ་
མཆོག
གི་
བདེ་
ལམ་
སྦྱིན་
མཛད་
དཔལ་
འབྲུག་
ཀུན་
བདེ་
ནོར་
མཆོག་
ལམ་
ཟབ་
མཛད་
མཁྱེན་
བསྡུས་
ལམ་
མཆོག་
ལམ་
སྦྱིན་
མཆོག

ཚིག་རྐང་བཞི་པ།
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་
པ་
མཆོག
གི་
བདེ་
ལམ་
སྦྱིན་
མཛད་
དཔལ་
འབྲུག་
ཀུན་
བདེ་
ནོར་
མཆོག་
ལམ་
ཟབ་
མཛད་
མཁྱེན་
བསྡུས་
ལམ་
མཆོག་
གྱུར་
དག་
ལམ་
སྦྱིན་
མཆོག
           

ཚིགས་བཅད་གཅིག་ཚར་བའི་རྗེས་སུ་ རེའུ་མིག་དང་པ་རང་འཇགས་བཞག་ནས། རེའུ་མིག་གཉིས་པའི་མཇུག་ནས་འགོའི་བར་ཚིག་རྐང་དང་པོ་ནས་གོ་རིམ་བཞིན་བྲིས་པ་ན། འགོ་དང་མཇུག་ནས་ཕྱོགས་གཉིས་གཉིས་ཀློག་ནུས་ཤིང་། ཟུར་གཉིས་ནས་དང་། རེའུ་མིག་གཉིས་པའི་ནང་དཀྱུས་སུ་ཀློག་མི་རུང་བས་ཕྱེད་འཁོར་ཞེ་བྱ་བ་ཡིན།
                                    
རྒྱལ་
མཆོག་
ཀུན་
བསྡུས་
མཆོག་
མཁྱེན་
འབྲུག་
པ་
མཆོག
གི་
བདེ་
ལམ་
སྦྱིན་
མཛད་
དཔལ་
འབྲུག་
ཀུན་
བདེ་
ནོར་
མཆོག་
ལམ་
ཟབ་
མཛད་
མཁྱེན་
བསྡུས་
ལམ་
མཆོག་
གྱུར་
དག་
ལམ་
སྦྱིན་
མཆོག
མཆོག
སྦྱིན་
ལམ་
དག་
གྱུར་
མཆོག་
ལམ་
བསྡུས་
མཁྱེན་
མཛད་
ཟབ་
ལམ་
མཆོག་
ནོར་
བདེ་
ཀུན་
འབྲུག་
དཔལ་
མཛད་
སྦྱིན་
ལམ་
བདེ་
གི་
མཆོག
པ་
འབྲུག་
མཁྱེན་
མཆོག་
བསྡུས་
ཀུན་
མཆོག་
རྒྱལ་

ཀུན་ཏུ་བཟང་པོའི་འཁོར་ལོའི་རྒྱ་དཔེ།
སཱ
མཱ
ཡཱ
མཱ
མཱ
ཡཱ
མཱ
སཱ
མཱ
རཱ
ནཱ
ཡཱ
ཡཱ
ནཱ
རཱ
མཱ
ཡཱ
ནཱ
བཱ
རཱ
རཱ
བཱ
ནཱ
ཡཱ
མཱ
ཡཱ
རཱ
མཱ
མཱ
རཱ
ཡཱ
མཱ
མཱ
ཡཱ
རཱ
མཱ
མཱ
ཡཱ
ཡཱ
མཱ
ཡཱ
ནཱ
བཱ
རཱ
རཱ
བཱ
ནཱ
ཡཱ
མཱ
རཱ
ནཱ
ཡཱ
ཡཱ
ནཱ
རཱ
མཱ
སཱ
མཱ
ཡཱ
མཱ
མཱ
ཡཱ
མཱ
སཱ
རང་དཔེ་འབྲི་སྟངས། འདིའི་འབྲི་སྟངས་ཡང་ ཕྱེད་འཁོར་གྱི་སྐབས་དང་འདྲ་ལ། དམིགས་བསལ་གཞན་ཞིག་ཡོད་པ་ནི། ཚིག་འབྲུ་དང་པོ་བཞི་ནང་། དཔལ་ལྡན། བླ་མ། དམ་པ། སངས་རྒྱས་ལ་སོགས་པའི་ཚིག་འབྲུ་ཆ་རྣམས་འཛུགས་མི་རུང་། གང་ཡིན་ཟེར་ན། ཀུན་འཁོར་འདི་ནང་ ཚིག་འབྲུ་བཞི་པོ་བཟློག་ནས་འགྲོ་དགོས་པས། ཆ་རྣམས་བཟློག་པའི་ཚེ། ལྡན་དཔལ། མ་བླ། རྒྱས་སངས། པ་དམ་ཞེས་པ་ལྟ་བུར་འབྱུང་བས་སོ།། དེས་ན་ཀུན་འཁོར་འདིའི་ཚིག་འབྲུ་རྣམས་ རང་རྐྱང་ཐུབ་པའི་ཚིག་རྣམས་འཛུགས་ན་སྟབས་བདེ་བ་ཡོད། ༼༡༽ ཚིག་རྐང་དང་པ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
༼༢༽ ཚིག་རྐང་ཕྱེད་ཕྱེད་ལུགས་འབྱུང་ལུགས་བཟློག་ཏུ་གཏོང་བ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཟབ
ཟབ་
གཉིས་
གཉིས་
ཚོགས་
ཚོགས་
༼༣༽  ཚིག་རྐང་གཉིས་པ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཟབ
ཆོས་
སྣང་
གཉིས་
གཉིས་
སྣང་
ཆོས་
ཟབ་
གཉིས་
སྣང་
སྣང་
གཉིས་
ཚོགས་
གཉིས་
གཉིས་
ཚོགས་

༼༤༽ ཚིག་རྐང་གསུམ་པ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཟབ
ཆོས་
སྣང་
གཉིས་
གཉིས་
སྣང་
ཆོས་
ཟབ་
གཉིས་
སྣང་
སྟོང་
འདི་
འདི་
སྟོང་
སྣང་
གཉིས་
ཚོགས་
གཉིས་
འདི་
འདི་
གཉིས་
ཚོགས་

༼༥༽ ཚིག་རྐང་བཞི་པ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཟབ
ཆོས་
སྣང་
གཉིས་
གཉིས་
སྣང་
ཆོས་
ཟབ་
གཉིས་
སྣང་
སྟོང་
འདི་
འདི་
སྟོང་
སྣང་
གཉིས་
ཚོགས་
གཉིས་
འདི་
བདེན་
བདེན་
འདི་
གཉིས་
ཚོགས་

༼༦༽ རེའུ་མིག་དང་པ་དང་གཉིས་པ་བསྲེ་བ།
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཟབ
ཆོས་
སྣང་
གཉིས་
གཉིས་
སྣང་
ཆོས་
ཟབ་
གཉིས་
སྣང་
སྟོང་
འདི་
འདི་
སྟོང་
སྣང་
གཉིས་
ཚོགས་
གཉིས་
འདི་
བདེན་
བདེན་
འདི་
གཉིས་
ཚོགས་
ཚོགས་
གཉིས་
འདི་
བདེན་
བདེན་
འདི་
གཉིས་
ཚོགས་
གཉིས་
སྣང་
སྟོང་
འདི་
འདི་
སྟོང་
སྣང་
གཉིས་
ཟབ
ཆོས་
སྣང་
གཉིས་
གཉིས་
སྣང་
ཆོས་
ཟབ་
ལམ་
ཟབ
གཉིས་
ཚོགས་
ཚོགས་
གཉིས་
ཟབ་
ལམ་
ཀུན་འཁོར་འདིའི་རེའུ་མིག་གི་ཕྱོགས་བཞི་གང་ནས་བཀློག་ཀྱྱང་ ཚིག་རྐང་བཞི་པོ་གང་རུང་ཞིག་འབྱུང་བས་ན། ཀུན་ཏུ་བཟང་པོའི་འཁོར་ལོ་ཞེས་བྱ་བ་ཡིན།

སྤྱི་དོན་གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པ་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། དོན་བསྡུ་བའོ།། མཚན་ཉིད་ནི།
དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པ་གང་འདི་བྱ་དཀའ་ལ།།
བཞི་ལ་སོགས་པ་རབ་བསྟན་འདི། །གཞན་ནི་བྱ་སླ་དག་ཏུ་འདོད།།
ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ་རྣམས་ནི་དབྱངས་རྣམས་སོ།། ཨ་ཀུ་ཧྈྐ་ནམ་མཁའི་ཁམས། །མགྲིན་པའི་གནས་ལ་སྐྱེ་བ་ཡིན། །རྀ་ཊུ་ར་ཥ་མེ་ཡི་ཁམས། །སྤྱི་བོ་དག་ལས་སྐྱེ་བ་ཡིན། །ལྀ་ཏུ་ལ་ས་ས་ཡི་ཁམས། །སོ་རྣམས་དག་ལས་སྐྱེ་བ་ཡིན། །།ཨི་ཙུ་ཡ་ཤ་རླུང་གི་ཁམས། །ལྕེ་རྩེ་སོ་རྐྱེན་དག་ལས་སྐྱེས། །ཨུ་པུ་ཝ་པ་ཆུ་ཡི་ཁམས། །མཆུ་གཉིས་དག་ལས་སྐྱེ་བ་ཡིན།། ཞེས་པ་རྣམས་ནི་སྐྱེ་གནས་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ་རྣམས་ཡི་གེའོ།།
དབྱངས་དང་གནས་དང་ཡི་གེ་དེ་དག་བཞིར་ངེས་པ་དང་། གསུམ་གཉིས་གཅིག་ཏུ་ངེས་པ་རབ་ཏུ་བསྟན་པ་གང་འདི་རྣམས་བྱ་དཀའ་བ་སྟེ། ལྔ་ཕན་གཞན་ནི་བྱ་སླ་བ་དག་ཏུ་འདོད་དོ།།
ཨ་ཀུ་ཞེས་པ་ནི་དབྱངས་ཨ་དང་། གསལ་བྱེད་སྡེ་ཚན་དང་པ་ཀ་སྡེ་གཉིས་མགྲིན་པ་ལས་སྐྱེ་བ་དང་། དེ་བཞིན་རྀ་དང་ཊ་སྡེ་སྤྱི་བོ། ལྀ་དང་ཏ་སྡེ་སོ། ཨི་དང་ཅ་སྡེ་རྐྱེན། ཨུ་དང་པ་སྡེ་མཆུའོ།།

གཉིས་པ་དཔེར་བརྗོད་ལ་ངེས་པ་གསུམ་ལས། དབྱངས་ངེས་པ་ལ། དབྱངས་བཞིར་ངེས་པ་ནི།
ཨམྣཱཡཱནཱམཱཧཱནྟྱཱ  བཱགྒཱིཏཱིརཱིཏཱིཿ པྲཱིཏཱིརྦྷིཏཱིཿ།
བྷོགོ  རོགོ  མོདོ  མོཧོ དྷྱེཡེ  བེཅྖེདྡེཤེ  ཀྵེམེ།།
ཨ་ཨཱི་ཨོ་ཨེ་བཞིར་ངེས་པའོ།།
པདྨ་རབ་ཡངས་གདན་ལ་མཉམ་བཞག་ནས།།
ཇི་བཞིན་ཉིད་གཟིགས་མི་དམིགས་ཏིང་འཛིན་གྱིས།།
འགྲོ་ཚོགས་མོས་ངོར་ཆོས་འཁོར་ཡོངས་རྫོགས་བསྐོར།།
དཔེ་མེད་ཡེ་ཤེས་བརྙེས་དེས་ངེས་ལེགས་སྟེར།།

དབྱངས་གསུམ་དུ་ངེས་པ་ནི།
ཀྵིཏིབིཛིཏིསྠིཏིབིཧིཏི    བྲཏརཏ་ཡཿ པརམཏཡཿ།
ཨུརུ  རུརུ  དྷུརྒུརུ དུདྷུརྱུ   དྷི ཀུརབཿ སྭ་མ་རི་ཀུ་ལཾ།།
རྐང་པ་རེ་ཨི་ཨ་ཨུ་གསུམ་དང་། བཞི་པ་གང་བདེའོ།།
གཉིས་འཛིན་འཁྲི་ཤིང་མི་དམིགས་དབྱིངས་ཐིམ་ཞིང་།།
ས་དང་ལམ་རྣམས་མཐར་མཛད་བག་ཆགས་ཟད།།
དུས་གསུམ་ཀུན་ཏུ་ཕུལ་བྱུང་རྟུལ་ཞུགས་གྲུབ།།
ཕན་པར་མཛད་པ་གང་ལ་བདག་ཅག་དད།།


དབྱངས་གཉིས་སུ་ངེས་པ་ནི།
ཤྲཱིདཱིཔྟཱི  ཧྲིཀཱིརྟི  དྷཱིནཱིཏི  གཱིཿ པྲཱི་ཏཱིཿ།
ཨེདྷེཏི  དྭེདྭེ  ཏེ  ཡེ  ནེམེ དེབེཤེ།།
ཨི་དང་ཨེར་ངེས་པའོ།།
སྒྲིབ་གཉིས་འཆིང་ཞིང་སྲིད་ཞི་ཇི་བཞིན་གཟིགས།།
ཡིད་གཉིས་སྤྲིན་གྱིས་མི་སྒྲིབ་ཉིད་དྲིན་གྱིས།།
དགེ་ལེགས་མེ་ཆེན་ཆེར་འཕེལ་བདེན་ཞེན་བསྲེགས།།
བདེ་ཆེན་ཡེ་ཤེས་མཁྱེན་བརྩེས་མཛེས་དེ་བརྙེས།།

ཨ་གཅིག་པུར་ངེས་པ་ནི།
སཱམཱཡཱམཱ  མཱཡཱ  མཱསཱ  མཱརཱནཱཡཱཡཱནཱ  རཱམཱ།
ཡཱནཱཝཱརཱརཱབཱནཱཡཱ   མཱཡཱརཱམཱ  མཱརཱཡཱམཱ།།
བསགས་པ་རབ་འཛད་གནས་པ་མཐར་འགགས་པས།།
ཐམས་ཅད་ཡལ་བར་བཞག་ནས་ཡང་དག་ལམ།།
རྟག་ཆད་སྤངས་པ་ནགས་ཚལ་ཉམས་དགའ་བར།།
བདག་ལ་ཆགས་པ་རབ་གཏང་འབད་ན་བཟང་།།




གཉིས་པ་གནས་ངེས་པ་ལ་བཞིར་ངེས་པ་ནི།
ནཡནཱནནྡཛནནེ  ནཀྵཏྲགཎཤཱལིནི།
ཨགྷནེ  གགནེ  དྲྀཥྚིརངྒནེ  དཱིཡཏཱཾ  སཀྲྀཏ྄།།
ན་ར་ལ་ས་སོ་དང་། ཀྵ་ཎ་རྀ་ཊ་སྤྱི་བོ། ཨ་ཀ་ག་གྷ་མགྲིན་པ། ཡ་ཛ་ཤ་རྐན་ཏེ་བཞིར་ངེས་པའོ།།
བ་མོ་མ་བབས་པདྨ་སྤུངས་པའི་སྤོར།།
ངག་དབང་མཁས་ཁྱོད་གངྒཱའི་ཁེངས་འགོག་དབྱངས།།
ལྕེ་རྩེ་བདེ་བདེའི་ཀླག་ཅོར་ཅ་ཅོའི་སྒྲ།།རྟག་ཏུ་བཏང་ལ་དད་དད་ལྟར་དུ་འདུད།།
མཆུ་མགྲིན་རྐན་སོ་བཞིར་ངེས་པའོ།།

གནས་གསུམ་དུ་ངེས་པ་ནི།
ཨལིནཱིལཱལཀལཏཾ  ཀཾ    ཧནྟི  གྷནསྟནི།
ཨཱ་ན་ནཾ་  ན་ལི་ནཙྪཱ་ཡནཾ་  ཤ་ཤི་ཀཱནྟི་  ཏེ།།
ཨ་ཀ་གྷ་ཧ་རྣམས་མགྲིན་པ། ཧ་ན་ལ་རྣམས་སོ། ཡ་ཤ་རྐན་ཏེ་གནས་གསུམ་དུ་ངེས་སོ།།
དཔག་མེད་ཕ་མ་བུར་འབྲེལ་འབད་མེད་ཕལ།།
མ་སྨད་སྤོབས་པ་དཔག་པར་མི་སྤོབས་པས།།
རྟག་དུ་ནན་ཏན་གདམས་ཏེ་བདག་ལྟ་བཏུལ།།
ཨ་ཧོ་ཨ་ཧོ་མཁས་དབང་ངག་གི་དབང་།།
མཆུ་སོ་མགྲིན་གསུམ་དུ་ངེས་པའོ།།
གནས་གཉིས་སུ་ངེས་པ་ནི།
ཨནངྒལངྒྷནཱལགྣནཱནཱཏངྐཱ  སདངྒནཱ།
སདཱནགྷ་  སདཱནནྡ   ནཏཱངྒཱསངྒསངྒཏ།།
ཨ་ག་གྷ་ཀ་མགྲིན་པ། ན་ལ་ས་ད་ཏ་སོ་གཉིས་སུ་ངེས་པའོ།།
མ་ཕམ་དཔའ་བོའི་དཔུང་པས་དཔལ་འཕེལ་མང་།།
སྤྲང་པོས་འབད་པས་འཕྲལ་ཕུགས་དཔལ་མི་འཕེལ།།
རྟག་ཏུ་བདག་དོན་ནན་ཏན་བསྟེན་ལེགས་ནའང་།།
མཐའ་དག་བདེ་སྡུག་ལས་འབྲས་དག་ལ་གནས།།
མཆུ་དང་སོ་གཉིས་སུ་ངེས་པའོ།།

གནས་གཅིག་ཏུ་ངེས་པ་ནི།
ཨ་གཱ་  གཱངྒཱ་ངྒ་  ཀཱ་ཀཱ་ཀ གཱ་ཧ་   ཀཱགྷ་ཀ་ཀཱ་ཀ་ཧཱ།
ཨ་ཧཱ་ཧཱངྐ  ཁ་གཱངྐཱ་གཀངྐཱ   ག་ཁ་ག་ཀཱ་ཀ་ཀ།།
མགྲིན་པ་གཅིག་པུར་ངེས་སོ།།
དམིགས་བུ་མེད་པར་སྨག་རུམ་འཕངས་སྙམ་པ།།
ཕན་བསམ་འབྲལ་མེད་ཕ་མ་བུ་འབྲེལ་ཕལ།།
དམག་དཔུང་དཔག་མེད་དཔའ་བོ་འཕོངས་འཕེན་པའི།།
སྤར་མོར་སྦྲང་དབྱུག་མི་སྤྲད་སྨ་མི་དབབ།།
མཆུ་གཅིག་པུར་ངེས་པའོ།།

གསུམ་པ་ཡི་གེའི་ངེས་པ་ལ། ཡི་གེ་བཞིར་ངེས་པ་ནི།
རེ  རེ  རོརཱུརུརཱུརོརུ  གཱགོགོགཾགཱགགུཿ།།
ཀིཾ  ཀཱཀཱཀུཀཿ  ཀཱཀོ  མཱ  མཱམཱམཱམམཱམམ།།
རྩ་བར། ར་ག་ཀ་མ་བཞི་དང་། བོད་མཁས། ཀ་ར་ས་ད་བཞིར་ངེས་པའོ།།
ཀྱེ་ཀྱེ་ཀཱ་ཀཱཿ ཀངྐ་སྐྱ་ཀ་ཀཱའི། །རེ་རོ་རུ་རུའི་རོ་རེས་ར་རོ་རུང་།།
ས་ས་སོ་སོས་སོ་སོ་སོ་སོ་སོས། །ད་དེ་དེད་དོ་དེ་དོ་དེ་དེ་དེད།།
ཡི་གེ་གསུམ་དུ་ངེས་པ་ནི།
དེབཱནཱཾ  ནནྡནོ  དེབོ  ནོདནོ  བེདནིནྡིནཿ།
དིབཾ  དུདཱབ   ནཱདེན  དཱནེ  དཱནཝནནྡིནཿ།།
རྩ་བར། ད་བ་ན་གསུམ་དང་། བོད་མཁས། ལ་ས་ང་གསུམ་དུ་ངེས་པའོ།།
ལ་ལ་ལ་ལུང་ས་ས་སོ་སོ་སོང་།།
ལང་ལེང་ངང་ལ་ལུས་ངལ་ལེ་ལོས་ལུས།།
སལ་སལ་སེམས་ལ་ལང་ལོང་ལས་སུ་ལང་།།
སེམས་ངལ་སོས་ལ་སཱ་ལུ་སིལ་སིལ་སེམས།།
ཡི་གེ་གཉིས་སུ་ངེས་པ་ནི།
སཱུ་རིཿ  སུ་རཱ་སུ་རཱ་སཱ་རི་སཱ་རཿ  སཱ་ར་ས་སཱ་ར་སཱཿ
ས་སཱ་ར་  ས་ར་སཱིཿ  སཱརཱི  ས་སཱུ་རཱུཿ  སུ་རཱ་ར་སཱི།།
རྩ་བར། ས་ར་གཉིས་དང་། བོད་མཁས། ས་ད་གཉིས་སུ་ངེས་པའོ།།

སྭ་ར་སྭ་ཏི་སྭ་ར་སྭས་ས། སེམས་སམ་ས་ས་སོ་སོར་སེམས་སོང་ས།།
དེ་འདོད་དད་དད་དུང་དུང་དེ་དང་དེ། །ད་དུང་དེ་དེར་དུང་དེ་དུང་དུང་འདུད།།

ཡི་གེ་གཅིག་ཏུ་ངེས་པ་ནི།
ནཱུནཾ  ནུནྣཱནི  ནཱནེན   ནཱནནེནཱནནཱནི  ནཿ
ནཱནེནཱ  ནནུ  ནཱནཱུནེ   ནཻནེནཱནཱནིནོ  ནིནཱིཿ།།
རྩ་བར། ན་ཡིག་དང་། བོད་མཁས། ལ་ཁོ་ནར་ངེས་པའོ།།
ལས་ལ་ལ་ལ་ལ་ལ་ལ་ལུང་ལ། །ལམ་ལམ་ལ་ལ་ལ་ལ་ལེ་ལོ་ལ།།
ལིང་ལིང་ལ་ལ་ལ་ལ་ལང་ལོང་ལ། །ལ་ལ་ལབ་ལོབ་ལ་ལ་ལུ་ལུར་ལུས།།

དེ་དག་གི་དོན་བསྡུ་བ་ནི།
དེ་ལྟར་བྱ་དཀའི་ལམ་ལ་ཡང་། །རིམ་པ་ཅུང་ཟད་ཀུན་ཏུ་བསྟན།།
དེ་ལྟར་བྱ་སླ་བར་མ་ཟད་བྱ་དཀའ་བའི་ལམ་ལ་ཡང་། རིམ་པ་མདོར་བསྡུས་ཏེ་ཅུང་ཟད་ཙམ་ཞིག་ཀུན་ཏུ་བསྟན་ནོ།། སྒྲའི་རྒྱན་བཤད་ཟིན་ཏོ།། །།

དེ་ལས་བྱུང་བའི་རྣམ་དཀར་དགེ་བ་འདིས།།
འགྲོ་འཆག་ཉལ་བའི་སྤྱོད་ལམ་ཐམས་ཅད་དུ།།
ཆོས་དང་ལྡན་ཞིང་སྙན་པའི་ངག་ཉིད་ཀྱིས།།
འགྲོ་བ་ཀུན་གྱི་གྲོགས་སུ་འགྱུར་བར་ཤོག།

བྷ་བ་ཏུ་སརྦ་མངྒལཾ།།     །།











No comments: