Tuesday, March 9, 2021

ཀེག་རྩིས་ལོ་མོའི་འགྲེལ་བཤད་རྒྱས་པ།

ཀེག་རྩིས་ལོ་མོའི་འགྲེལ་བཤད་རྒྱས་པ། ༼ཀེག་རིགས་དང་རྡེལ་འབྲས།༽

ཕྱོགས་བསྒྲིགས།

རང་ལོ་གནམ་ལོ་ཤར་བའི་སྐབས། རང་ཀེག་དག་གི་རྩུབ་པ་སྟེ། །མྱ་ངན་མི་བསང་ནད་པ་ཡི། །སྔས་མི་འགྲོ་ཞིང་མཁར་ལས་དང་། །གཡེང་སྤང་དགེ་སྦྱོར་ས་འབད་ཅིང་། །ཚེ་དབང་ཞུ་ཞིང་ཚེ་གཡང་འགུགས། །དགེ་འདུན་འདུས་སྡེར་བསྙེན་བཀུར་ཞིང་། །འབུམ་དང་ཉེ་ཁྲི་གཙུག་ཏོར་དང་། །གདུགས་དཀར་ཏོག་གཟུངས་ལ་སོགས་འདོན། །བརྒྱ་བཞི་དང་ནི་ཀེག་བཟློག་བྱ།། ༈ བྱེ་བྲག་བཅུ་གསུམ་བུ་ཐོག་ཀེག འབྱོར་པ་དགྲ་ལྡང་ལུས་དབང་གཙོ། །སྣང་བརྒྱད་བཟུང་ཆེན་གྲྭ་ལྔ་འདོན། །དཔལ་བསྐྱེད་དགྲ་བཟློག་དགྲ་མནན་བྱ།། ཉེར་ལྔ་གྲོགས་ཐོག་དབུགས་གསོའི་ཀེག ཕོ་སྲོག་བུད་མེད་དབང་ཐང་གཙོ། །ཏོག་གཟུངས་རྣམ་འཇོམས་ཚེ་མདོ་བཀླག སོ་བདུན་དགྲ་ཐོག་བདུད་གཅོད་ཀེག། །འདྲེ་ངན་ཀེག་ཡིན་དབང་ཐང་གཙོ། །ཤེར་ཕྱིན་ཏོག་གཟུངས་ཚེ་གཟུངས་འདོན། །སྲོག་བསླུ་འཆི་བསླུ་གོད་མནན་བྱ།། ཞེ་དགུ་མ་ལ་དཔལ་བབས་ཀེག ཚོང་གྲོགས་ཁ་རྗེ་ཆེ་བ་ཡིན། །ཀླུང་གཙོ་རིམ་གྲོ་གཞན་དང་བསྟུན།། རེ་གཅིག་རང་ཐོག་བྱེ་བྲལ་དང་། ན་ཚ་འབྱུང་ཤིང་སྲོག་ཁམས་གཙོ། །བྱེ་བྲལ་གཏོ་དང་སཱཙྪ་གདབ། །འབུམ་འདོན་ནད་བཟློག་བྱུར་འབུད་བྱ།། དོན་སུམ་གོང་གི་བཅུ་གསུམ་མཚུངས། །ཕོ་ལ་བདུན་བསུ་མོར་ཕྱིར་བསྐྱལ། །རང་ཐོག་ཀུན་ལའང་གཅེས་པར་བཟུང།།

བདུན་བཟུར་རྩུབ་པ་ཤར་བའི་སྐབས། ཡེ་འདྲོག་བྲེད་སྡངས་ཁ་གཡོགས་འོང་། །མཆུ་གསུམ་སྟོབས་ཆེན་སྡོང་རྒྱན་དང་། །ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། །བཙན་མདོས་དགྲ་བཟློག་དགྲ་ལྷ་གསོལ། །སཱཙྪ་ལོ་གྲངས་བདུད་གཅོད་དང་། །མར་མེ་ལོ་གྲངས་འདྲེ་ལྔའི་སར། །བསྐྱལ་ཏེ་སྨོན་ལམ་ཅི་མང་བཏབ།།  མཐུན་གསུམ་རྩུབ་པའི་ལོ་དུས་སུ། །ཁང་ནག་མི་བཤུ་ལམ་རིང་སྤང་། །དམར་དང་རོ་འབག་རབ་ཏུ་བསྲུང་། །དགྲ་ལྷ་གསོལ་ཞིང་དགྲ་བཟློག་བྱ། །བརྒྱ་བཞི་གཡང་ལོན་སྲི་ཟློག་འདོན།། ཡར་མར་གཉིས་ཀྱི་བཞི་གཤེད་ལ། །ཕྱི་ཡི་རོ་འདོད་ཆེ་ཆུང་ཟེར། །ཚོང་དང་བྱེས་སུ་འགྲོ་བ་སྤང་། །སེམས་ཁྲལ་ན་ཚ་འབྱུང་ཉེན་ཡོད། །སྨན་མདོ་སྨན་ཆོག་བརྒྱད་སྟོང་དང་། །ཉེ་ཁྲི་འདོན་ཞིང་སྲོག་བསླུ་བྱ།། ལོ་འགྲོས་དབང་ཐང་ཚང་གཅིག་ལ། ཁྱིམ་མཚེས་རྩུབ་པས་ན་ཚ་དང་། །ལོ་ཉེས་འོང་བས་བྱེ་འགྲོ་སྤང་། །གཡང་ལོན་ཚེའི་ཆོ་ག་བྱ།།

ལོག་མེན་སྤར་ཁ་སྨེ་གསུམ་གྱི། །གནམ་སྒོ་ལོ་སྟེང་ཕོག་པའི་དུས། བ་གམ་མི་བཏེག་ཐོག་མི་འབུབས། །མནའ་མི་སྐྱེལ་ཞིང་ཁྱི་མི་གསོ། །ཐོག་དང་རྦབ་ལ་འཛེམ་པར་གཅེས། །གནམ་སྙིང་མཚན་བརྒྱ་གཙུག་ཏོར་སྒྲོགས། །གནམ་སྒོ་སྡོམ་ཞིང་བརྒྱ་བཞི་བྱ།། ལོག་མེན་སྤར་ཁ་སྨེ་གསུམ་གྱི། །ས་སྒོ་ཤར་བའི་དུས་སྐབས་སུ། ཕུང་དང་སྲི་གིས་ལྡང་བ་ཡིན། །ས་བརྐོ་ཁང་རྨང་འདིང་བ་སྤང། །རྨ་བྱ་ཆེན་མོའི་གཟུངས་དང་ནི། །ས་སྙིང་ཏོག་གཟུང་ལ་སོགས་འདོན། །ཕུང་སྲི་མནན་ཞིང་ས་སྒོ་སྡོམ།།   རྐྱང་པའི་དགུ་མིག་ཕོག་དུས་སུ། མར་མེ་ལྷ་བཤོས་སཱཙྪ་དང་། །གཙུག་ཏོར་ཆབ་གཏོར་དགུང་གྲངས་སམ། །ཕོ་ལ་མདའ་དང་མོ་ལ་འཕང་། །ལོ་གྲངས་ཁྲམ་བཏབ་ལ་རྫས་འཛུགས། །རྡོ་དགུ་བརྩིགས་ལ་ཕྱག་དགུ་འཚལ། །ན་ཤིའི་དགུ་མིག་ཐར་རོ་བརྗོད། །ཡང་ན་སྐེག་མིག་དགུ་ལ་འཛེག །ཐར་རོ་ཞེས་བརྗོད་དེས་ཀྱང་ཐུབ།། སྤར་སྨེ་དགུ་མིག་ཕོག་པའི་དུས། སྤང་བླང་མཁར་ལས་རོ་འབག་དང་། །ཐབ་ཞོབ་འཛེམ་ཞིང་བྱབས་ཁྲུས་ཞུ།། དུར་མིག་ལོ་སྟེང་ཁྱེལ་བའི་སྐབས། །ཚེ་དབང་ཞུ་ཞིང་ཚེ་ཆོག་གནང་། །དུར་མིག་སྡོམ་པའི་གཏོ་ཆོག་བྱ།། དགུ་དུར་གཉིས་འཛོམས་ཐོག་ཕྱིན་རྣམས། །ཚེ་སྒྲུབ་དང་ནི་དགུ་བཟློག་བྱ། །དགུ་མིག་སྤྱི་བཅོས་གོང་གསལ་ལྟར། །བྱེ་བྲག་བྱིས་པ་རྣམས་ལ་ནི། །གདུགས་དཀར་འདོན་ཞིང་བུད་མེད་ལ། །སྒྲོལ་ཆོག་སྐྱེས་པ་དར་མ་ལ། །གཙུག་ཏོར་རྣམ་རྒྱལ་མ་ཡི་གཟུངས། །རྒན་པོ་ཡུམ་ཆེན་བསྡུས་འདོན། །རྒན་མོ་བགྲེམ་མོས་ཞུས་པའི་མདོ། །མི་དཔོན་རྒྱལ་པོ་མདོ་ལྔ་བཀླག  རང་དུར་ཆེ་བ་སླེབ་པའི་དུས། སྐུ་རིམ་བདུད་ཀྱི་ཁྲམ་བཟློག་བྱ།།  གཤེད་དུར་ཆེ་བ་ཕོག་པའི་དུས། གསེར་འོད་དམ་པའི་མདོ་འདོན་ཞིང་། །ཆེ་གཏོར་བཏང་ན་དགེ་བར་གསུངས།། རང་དུར་ཆུང་དང་གཤེད་དུར་ཆུང་། ཁེལ་ན་སྐུ་གསུང་ཐུགས་རྟེན་ལ། །ཕྱག་མཆོད་འབུལ་ཞིང་དབུལ་ཕོངས་ལ། །སྦྱིན་པ་བརྒྱ་ཆེར་བཏང་བ་དང་། །སྲོག་བསླུ་རྣམ་དཀར་དགེ་ལ་འབད།།

ཟླ་དོག་ཞག་དོག་ཁེལ་བའི་དུས། དོན་ཆེན་ལས་རྣམས་འཛེམ་པར་བྱ། །གལ་ཏེ་དེ་ལ་བྱ་དགོས་ན། །སྐུ་རིམ་བརྒྱ་བཞི་བཏང་ན་དགེ །འཆི་གླུད་བཏང་ཀྱང་ཐུབ་པར་གསུངས།། སྲི་ངན་རྩུབ་པ་སླེབ་པའི་དུས། ས་བརྐོ་རྡོ་སློག་ཁང་རྙིང་སོགས། །བཤུག་པའི་ས་རུ་འཛེམ་པར་བྱ། །སྲི་བཟློག་གང་མང་འདོན་པ་དང་། །ཕུང་སྲི་གནོན་ན་དགེ་བར་གསུངས།། བཟའ་ཤུག་རྩུབ་པ་ཁེལ་བའི་དུས། སྐྱིད་སྡུག་ཁྱིམ་ལ་འོང་གཉན་ཆེ། །སྤར་སྨེའི་གཏོ་བཅོས་བྱས་ན་དགེ གསང་ཀེག་ལོ་སྟེང་བབས་པའི་དུས། མྱ་ངན་འོང་བའི་ས་དང་ནི། །མནའ་སོགས་སྐྱེལ་བའི་ས་ལ་འཛེམ། །བཟློགས་སུ་སྤར་ཁའི་བཅོས་ཐབས་བྱ།།

སྨེ་བའི་ཀེག་ཕྲན་རྣམ་བཞི་ལས། །ཁང་ཀེག་བབས་པའི་ལོ་རྣམས་ལ། །གོང་མའི་བཀའ་ཆད་ཕོག་ཉེན་ཆེ། །གཏོ་རིམ་སྨེ་བ་གར་བབས་བཅོས།། མལ་ཀེག་ཕོག་པའི་ལོ་རྣམས་ཀྱིས། །ཉལ་ས་ཐབ་སོགས་སྤོ་བར་བྱ། །སྨེ་བ་དགུའི་གཏོ་བཅོས་བྱ།། ཡུལ་ཀེག་ཁེལ་བའི་ལོ་འདི་རུ། །གཉིས་ནག་སྨེ་བའི་གཏོ་བཅོས་བྱ།། ཁམས་ཀྱི་རྒྱལ་འགགས་ཁེལ་བའི་དུས། ཕྱོགས་ངན་བསྲུང་བ་སྐེ་ལ་འདོག །སྲི་ངན་བཟློག་པའི་རིམ་གྲོ་བྱ།།

༼རྡེལ་དཀར་ནག་གི་འགྲེལ་བ་རྒྱབ་པ༽

༼སྲོག་རྡེལ། ༽སྲོག་རྡེལ་དཀར་པོ་གསུམ་བབས་ན།།འབྱུང་བ་སྲོག་གི་ལྗོན་ཤིང་རྒྱས།།ཚེ་ཡི་འཁོར་ལོ་རྩིབས་བརྒྱད་ལ།།གདོན་བགེགས་འབྱུང་པོས་མི་ཚུགས་སོ།། སྲོག་རྡེལ་དཀར་པོ་གཉིས་བབས་ན།།སྲོག་གི་འབྱུང་བ་གྲོགས་དང་ཕྲད།།ཚེ་ཡི་འཁོར་ལོ་མ་ཞིག་པས།།སྲོག་ལ་བར་ཆད་ཡོང་མི་སྲིད།། སྲོག་རྡེལ་དཀར་པོ་གཅིག་བབས་ན།།སྲོག་གི་ཚེ་འཛིན་བར་ཆད་མེད།། སྲོག་རྡེལ་ནག་པོ་གཉིསབབས་ན།།རིན་ཆེན་སྲོག་གི་ཐང་ཤིང་ཆག།།འཆི་ངེས་སྲོག་བསླུ་སྲོག་མི་གཅོད།།ཚེ་གཟུངས་ཚེ་ཆོག་བླ་བསླུ་གྱིས།།༉སྲོག་རྡེལ་ནག་པོ་གཅིག་བབས་ན།།སྲོག་གི་ལྗོན་ཤིང་རྩ་བ་སྐམ།།བླ་བསླུ་བརྒྱ་བཞི་ཚེ་ཆོག་བྱ།། སྲོག་རྡེལ་དཀར་ནག་གཉིས་བབས་ན།།སྲོག་ལ་ལྷ་བདུད་ཆོ་ལོ་འགྱེད།།སྐུ་ཡི་རིམ་གྲོ་མྱུར་དུ་གྱིས།།

༼ལུས་རྡེལ། ༽ ༈ ལུས་རྡེལ་དཀར་པོ་གསུམ་བབས་ན།།ལུས་ལ་སྟོབས་དང་རྩལ་ཡང་བསྐྱེད།།ནད་དང་སདཐུག་བསྔལ་མེད་པས་དགེ།། ལུས་རྡེལ་དཀར་པོ་གཉིས་བབས་ན།།ལུས་ནས་བྱང་ཞིང་སེམས་སྡུག་མེད།།༉ལུསརྡེལ་དཀར་པོ་གཅིག་བབས་ན།།ཕན་གནོད་བྱེད་པའི་ལྷ་བདུད་མེད།། ལུས་རྡེལ་ནག་པོ་གཉིས་བབས་ན།།ལུས་ལ་ནད་འཁོར་སེམས་སྡུག་ཆེ།།མཆོད་རྟེན་ན་བཟའ་ཞིག་གསོ་བྱེད།།ལམ་འཕྲང་བཅོས་ཤིང་སཱཙྪ་གདབ།། ལུས་རྡེལ་ནག་པོ་གཅིག་བབས་ན།།ལུས་འབྱུང་ཉམས་པས་མི་བདེ་འོང་།།ལུས་བསྐྱེད་གཏོ་ཆོག་མཆོད་སྦྱིན་གཏོང་།།  ལུས་རྡེལ་དཀར་ནག་གཉིས་བབས་ན།།ལུས་ལ་ལྷ་སྲིན་ཆོ་ལོ་འགྱེད།།བུད་མེདཡིན་ན་སྲིད་ཀྱི་ངོ།།

༼དབང་རྡེལ། ༽ དབང་རྡེལ་དཀར་པོ་གསུམ་བབས་ན།།དབང་ཐང་ར་བར་བདུད་རྩི་བབས།། དབང་རྡེལ་དཀར་པོ་གཉིས་བབས་ན།།དབང་ཐང་གྲོགས་དང་འཕྲད་པ་སྟེ།།བསམ་དགུ་ཡིད་བཞིན་འགྲུབ་པས་བཟང་།། དབང་རྡེལ་དཀར་པོ་གཅིག་བབས་ན།།ཁ་རྗེ་ཟ་ཐང་འབྲིང་པོ་ཡིན།། དབང་རྡེལ་ནག་པོ་གཉིས་བབས་ན།།དབང་ཐང་ར་བ་མཐའ་ནས་ར།།ལམ་བཅོསམཆོད་སྦྱིན་ཆུ་གཏོར་ཐོང་།། དབང་རྡེལ་ནག་པོ་གཅིག་བབས་ན།།དབང་ཐང་ཟས་ནོར་ཁ་བུབ་སྟེ། །དབང་ཐང་བསྐྱེད་པའི་ལྟོ་ཆོག་བྱ།།  དབང་རྡེལ་དཀར་ནག་ཟུང་བབས་ན།།ནོར་རྫས་རྨི་ལམ་སྒྱུ་མ་འདྲ།།

༼ཀླུང་རྡེལ། ༽ ༈ ཀླུང་རྡེལ་དཀར་པོ་གསུམ་བབས་ན།།ཀླུང་རྟ་ཡིད་ཚང་བསོད་ནམས་བསྐྱེད།།རང་གི་བྱ་བ་འགྲུབ་པ་ཡིན།། ཀླུང་རྡེལ་དཀར་པོ་གཉིསབབས་ན།།གཞན་གྱིས་འགྲན་ཟླ་མེད་པ་ཡིན།། ཀླུང་རྡེལ་དཀར་པོ་གཅིག་བབས་ན།།ཀླུང་རྟ་གསེར་གཡུ་སྤེལ་མ་འདྲ།།ཁ་སྨྲས་དགྲ་ངོ་རྩོད་ངོ་མེད།། ཀླུང་རྡེལ་ནག་པོ་གཉིས་བབས་ན།།ཀླུང་རྟ་བསོད་ནམས་གྲ་ཡང་ཆགཉེ་བའི་ནང་ནས་དགྲ་འབྱུང་དོགས།་དགྲ་སྲི་མནན་ཅིང་དགྲ་བཟློག་བྱ།།ཆུ་ལ་ཟམ་པ་ཀླུང་བསྐྱེད་གསོ།། ཀླུང་རྡེལ་ནག་པོ་གཅིག་བབས་ན།།མ་ཉེསཁ་གཡོགས་འབྱུང་གི་དོགས།།ལམ་བཅོས་དགྲ་མནན་ཀླུང་བསྐྱེད་བྱ།། ཀླུང་རྡེལ་དཀར་ནག་ཟུང་བབས་ན།།མི་ཆེན་བྱམས་ཀྱང་མ་རབས་སྡང་།།མི་ཁ་སྡང་བས་གཙུག་ཏོར་འདོན།།

༼བླ་རྡེལ། ༽ ༈ བླ་རྡེལ་དཀར་པོ་གསུམ་གཉིས་བབས། །བླ་ཚེ་བྲག་དཀྱིལ་འུག་པ་འདྲ།།སྲོག་ལ་ཉེས་མེད་བཟང་བ་ཡིན།། བླ་རྡེལ་དཀར་པོ་གཅིག་བབས་ན། །བླ་སྲོག་མ་འབྲལ་འཆི་ཉེན་མེད།། བླ་རྡེལ་ནག་པོ་གཉིས་བབས་ན། །མིའུ་རིན་ཆེན་བླ་སྲོག་བྲལ། །བླ་བསླུ་ཚེ་ཆོག་དྲག་ཏུ་བྱ།། བླ་རྡེལ་ནག་པོ་གཅིག་བབས་ན། །བླ་ཚེ་བདུད་བརྐུས་བླ་བསླུ་བྱ།། བླ་རྡེལ་དཀར་ནག་ཟུང་བབས་ན། །ཁྲམ་དང་གོད་ཁ་འོང་ཉེན་ཡོད། །སྐུ་ཡི་རིམ་གྲོ་མྱུར་དུ་གྱིས།།

༼བཅུད་བསྡོམས།༽ སྲོག་ལུས་དབང་ཀླུང་བཞི་པོ་ཡི། །རྡེའུ་ཐམས་ཅད་དཀར་བབས་ན། །སྐྱིད་པའི་ལ་བརྒལ་དེ་ཡང་ངན། །ལྷ་གསོལ་བསང་ཁྲུས་ཅི་དྲག་བསྐྱར།།

 


No comments: