Monday, February 15, 2016

འཕྲོད་བསྟེན་བསླབ་བྱ།

དུས་རབས་ཉེར་གཅིག་འདི་ན་ལུ། །བཟའ་འཐུང་བཅོས་མའི་ཟས་ལུ་སྤྱོད། །མཐའ་འཁོར་འཕྲུལ་ཆས་གངམ་ལས་བརྟེན། །ཚེ་རིང་ནད་མེད་བཞུགས་པར་དཀའ།། ཨིན་རུང་ཕན་པའི་བསམ་པ་གཅིག །སེམས་ཀྱི་གདིང་ལས་བསྐྱེད་དེ་གིས། །མ་འོངས་ན་གཞོན་འདི་ཚུ་ལུ། །ཕན་པའི་བསླབ་བྱ་ཞུ་ནི་ཨིན།།
༈ ཟས་ལུ་ཞུ་ནི་དཀའ་བ་དང་། །ཞུ་ནི་འཇམ་པའི་ཟས་རིགས་གཉིས། །དཀའ་བ་ཤ་སྒོང་ཨོམ་དང་ཧུམ། །བུ་རམ་མའི་ད་ཆུམ་དང་ཚྭ། །འདི་ཚུ་ཞུ་ནི་དཀའ་བ་དང་། །ཞུར་བའི་ཤུལ་ལུ་སྐྱུར་དུག་འཕེལ།། ་(uric acid, phosphoric acid, copper acid) སྐྱུར་རིགས་ཤ་དང་རུས་ལ་ཐིམ། །རུས་གསོབ་འབྱུང་བའི་རྒྱུ་འདི་ཨིན། །ཨ་མི་རི་ཀའི་མི་འདི་ཚུ། །ཞུ་དཀའི་ཟས་ལུ་དགཝ་ལས་བརྟེན། །ལོ་ངོ་དྲུག་ཅུ་ཙམ་གཅིག་ལས། །རུ་ཏོག་ཉམས་པའི་ནད་འདི་ཐོབ། །ཨཕ་རི་ཀ་ཡི་ཉམ་ཐག་ཚུ། །འདི་ཚུ་སྤྱོད་ནི་མེདཔ་ལས་བརྟེན། །ཨ་ལོ་བཅུ་ཡི་ཨ་མ་ཡང་། །རུ་ཏོག་སྒྲིང་སྒྲིང་སྡོད་ནུག་ལོ།། སྐྱུར་རིགས་བསལ་བའི་ལཱ་འགན་འདི། །མཁལ་རྡོག་འདི་ལུ་ཕོགཔ་ལས་བརྟེན། །ལོ་ན་ཆུང་ཀུའི་སྒང་ལས་རང་། །མཁལ་རྡོག་ཉམས་པའི་རྒྱུ་འདི་ཨིན།།

Saturday, February 13, 2016

འཁྲུངས་སྐར་རྟེན་འབྲེལ།

ནུབ་སེར་སྐྱའི་གྲོང་གི་རྒྱལ་ཁམས་ཀྱི། །སྲས་གཞོན་ནུ་དོན་ཀུན་གྲུབ་པ་དེ།།
ཡུམ་སྒྱུ་མ་ལྷ་མཛེས་མ་ལགས་པ། །མི་གཞན་དང་གཞན་ལ་སྐལ་བ་མེད།།
ཡུལ་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ཀྱི། །སྲས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འདི།།
ཡུམ་རྗེ་བཙུན་སྒྲོལ་མ་མ་ལགས་པ། །མི་ཕལ་པ་གཞན་ལ་སྐལ་བ་མེད།།
ཡར་གོང་མའི་ཐུགས་བསྐྱེད་སྨོན་ལམ་དང་། །མར་མི་སེར་ཡོངས་ཀྱི་ཁ་རྗེ་ལས།།
སྲས་གཞོན་ནུ་བྱང་ཆུབ་སེམས་དཔའ་ཞིག །ཡུལ་སྨན་ལྗོངས་རྒྱལ་ཁབ་འདི་ན་འཁྲུངས།།
སྲས་གཞོན་ནུ་ཉིན་བྱེད་དབང་པོ་འདིའི། །ཕྱི་སྐུ་སྲོག་བར་ཆད་མེད་པ་དང་།།
ནང་བསམ་པའི་བྱ་བ་ལྷུན་གྱིས་གྲུབ། །ལས་མཛད་པ་ཕྲིན་ལས་མཐར་ཕྱིན་ཤོག།