Monday, September 21, 2015

ཤ་ཚའི་གཏམ།

༈ རང་ལུ་ཁྲུས་ཀྱི་བདུད་རྩི་བབས་ཏེ་གིས། །སྒོ་གསུམ་སྒྲིབ་པ་སྦྱངས་པའི་དགའ་སྟོན་ལུ།།
གཞན་གྱི་ཤ་ལས་གྲུབ་པའི་དམར་ཟས་ཚུ། །ལོངས་སུ་སྤྱོད་དེ་སྡིག་པ་བསགས་མ་ད།།

 ༈ འགྲོ་བ་མི་འདི་ཤ་ཟའི་རིགས་མེན་པར། །དཀར་ཟས་ཅན་གཅིག་ཨིན་པའི་རྒྱུ་མཚན་ཡོད།།
ཁ་ལུ་མཆེཝ་དང་ལག་པར་སྡེར་མོ་མེད། །ཟས་བཞུའི་སྐྱུར་རྩི་ཉུང་ཞིང་རྒྱུ་མ་རིང་།།
ཤ་ཟན་དེ་ཚུ་འདི་ལས་ལྡོག་སྟེ་གིས། །སྡེར་ཞགས་རྐྱབ་སྟེ་མཆེཝ་གིས་རྨུག་ནི་དང་།།
རྒྱུ་མ་མཐུང་རུང་ཟས་བཞུའི་སྐྱུར་རྩི་གིས། །ཡུདཔ་ཐེངས་གཅིག་ནང་ཞུ་སྟེ་གཏངམ་ཨིན་མས།།

༈ དཀར་ཟས་ཅན་རྣམས་ཚེ་རིང་ན་ཚ་ཉུང་། །རྒྱ་གར་བྲམ་ཟེ་ལོ་བརྒྱ་ལྷག་ནས་བཞུགས།།
དམར་ཟས་ཅན་ཚུ་ཚེ་མཐུང་ན་ཚ་མང་། །ཕྱི་གླིངཔ་མགྱོགས་པར་རྒས་མི་དེ་མེན་ན།།

༈ ཤ་ཡི་དོན་ལུ་གསོ་བའི་སེམས་ཅན་ཚུ། །སྦོམ་ནིའི་དོན་ལུ་སྨན་རིགས་སྣ་ཚོགས་སྦྱིན།།
སྡོད་ས་འཆམ་ས་མེད་པའི་ཁང་མིག་ནང་། །ལུས་ཀྱི་ལྗིད་ཚད་རྐངམ་གྱིས་འབག་མ་ཐེག།
དམྱལ་བའི་སྡུག་བསྔལ་གསོན་པོར་མྱོང་སྟེ་གིས། །སེམས་ཀྱི་ན་ཚ་ལུས་ཀྱི་ཤ་ལུ་ཐིམ།།
འཇིགས་སྐྲག་ངང་ལུ་བསད་པའི་ཤ་ལུ་ཡང་། །མི་རུལ་ཆེད་དུ་རུལ་འགོག་སྨན་རྫས་བླུགས།།
དེ་ཚུ་རང་གི་ཁ་ནང་འཛུལ་བའི་ཚེ། །བྲོ་བ་ལྕེ་ཡི་ལྟག་ལུ་ཡུད་ཐེངས་གཅིག།
ཁོག་པར་གཅིག་ཤུལ་གཉིས་ཤུལ་བརྩེགས་པའི་ཚེ། །ཕན་པ་ཉུང་བའི་གནོད་པ་དོས་ཁུར་གཅིག།
ན་ཚ་ལུས་ལུ་ཡོད་པར་མི་ཤེས་པར། །ཕྱི་ཡི་གདོན་དང་བགེགས་ཀྱིས་གནོད་ནུག་ཟེར།།
རིམ་གྲོའི་དོན་ལུ་དངུལ་ཀྲམ་ཁྲི་ཕྲག་ལྷག །བསྒོམ་ཆེན་སྐྱུར་དྲི་ཅན་གྱི་ཞལ་ལུ་བཏབ།།

༈ ཤ་ལ་དགའ་བས་རང་གི་སྙིང་རྗེ་ཟད། །རགས་པའི་ཟས་ཀྱིས་ནང་ན་ང་རྒྱལ་སྐྱེས།།
གཞན་གྱི་སྲོག་དེ་ཡང་ཡང་ཤོར་བའི་ཚེ། །སྡིག་པའི་བགས་ཆགས་སེམས་ཀྱི་སྟེང་ལུ་ལུས།།
སྐྱེ་བ་ཕྱི་མར་ཉམ་ཐག་ལུས་ལུ་སྐྱེས། །དོན་དག་མེད་པར་གཞན་གྱིས་རང་ལུ་སྡང་།།

ཐ་ན་རང་གི་སྲོག་ཡང་ཤོར་དགོ་པའི། །གནས་ཚུལ་འབྱུང་ན་འདྲོགས་ནི་མིན་འདུག་ག།

Wednesday, June 10, 2015

སྤྱན་རས་གཟིགས་ཀྱི་བསྒྲུབ་ཐབས།



རྩ་བ་འགྲོ་དོན་ཁ་ཁྱབ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་།
ཕན་ཡོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་གཏམ།
 ༄༅། །རི་བོ་གངས་ཅན་ལྗོངས་ཀྱི་ཐུན་མིན་གྱི་ལྷ་སྐལ། །མ་འདྲིས་འགྲོ་བའི་མགོན་པོ་སྤྱན་རས་ཀྱི་གཟིགས་དབང༌།།
རང་ཅག་མགོན་མེད་རྣམས་ལ་བུ་གཅིག་གི་མ་ལྟར། །དུས་དང་རྣམ་པ་ཀུན་ཏུ་གཟིགས་སྐྱོང་ཞིག་གནང་དང༌།།
འདི་ལ་ཕན་ཡོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་གཏམ་དང་། བསྒྲུབ་ཐབས་དངོས་གཉིས་ལས་དང་པོ་ནི། ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་མཛད་པ་ནི་གསུང་གིས་ཆོས་ འཁོར་སྐོར་བའི་མཛད་པ་འདི་ཉིད་ཡིན་ལ། དེའང་སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རང་རང་གི་ཁམས་དང་མོས་པ་བསམ་པ་དང་མཐུན་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་ཡོད། དེ་ དག་གི་ནང་ནས་རང་ཅག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་འཕགས་པ་སྤྱན་རས་གཟིགས་དང་དེའི་ཆོས་སྐོར་དེ་དག་ཡིན། རྗེ་བཙུན་འཇམ་དཔལ་དབྱངས་དང༌། རྗེ་བཙུན་སྒྲོལ་མ་ལ་སོགས་པའི་ལྷག་པའི་ལྷ་གཞན་ཡང་མང་པོ་ཡོད་མོད། དེ་དག་གི་བསྒོམ་བཟླས་ནི་སྒྲུབ་མཁན་གྱི་ཀུན་སློང་གི་ངོས་ནས་གཙོ་བོ་རང་ཉིད་ལ་ཤེས་རབ་འཕེལ་བ་དང༌། དཔལ་འབྱོར་ཡོང་ཡ། གེགས་བར་ཆད་སེལ་ཡ། ཚེ་རིང་པོ་ཡོང་ཡ་སོགས་དང་འབྲེལ་བ་ཁོ་ན་ཡིན་ལ། སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ལ་དེ་འདྲ་བའི་དམིགས་གསལ་གྱི་རང་དོན་ཡིད་བྱེད་མེད་པ་དང༌། མཛའ་དཔལ་སྤྲུལ་རིན་པོ་ཆེས། དེའི་གཟུངས་སྔགས་ནི་དང་པོར་ཤེས་སླ་བ། བར་དུ་བརྗེད་དཀའ་བ། མཐར་ང་རྒྱལ་མེད་པ། ཞེས་གསུངས་པ་ལྟར་གཞུང་ལུགས་ལ་སྦྱངས་པ་མེད་པའི་མི་ནག་ཕལ་པ་ཞིག་གིས་ཀྱང་ཤེས་སླ་བ་དང༌། ཤེས་ནས་མི་བརྗེད་ཅིང༌། མཐར་བསྒོམ་བཟླས་བྱས་ནའང་དེ་ལ་ང་རྒྱལ་མི་སྐྱེ་བ་སོགས་ཀྱི་དགོས་པ་ཁྱད་པར་བ་དང་ལྡན་པ་དང༌། ལྷག་ པར་བྱ་སླ་བའི་ལམ་དེ་ཉིད་ལ་ཚུལ་བཞིན་ཉམས་སུ་ལེན་ན་ཚེ་འདི་ཉིད་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པའི་སྔགས་བླ་མེད་ཀྱི་ཉམས་ལེན་དང་ཡང་སྦྱར་རུང་བའི་ཐུན་མོང་མིན་པའི་ཁྱད་ཆོས་དང་ལྡན་པས་ན་རང་གཞན་ཀུན་གྱིས་དེའི་ཉམས་ལེན་ལ་ཅི་ནས་ཀྱང་འབད་པར་འཚལ།།

Tuesday, May 26, 2015

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས།

༄༅།   །འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བཞུགས་སོ།།

༄༅།  །བླ་མ་དང་འཇམ་དབྱངས་དཀར་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ།། དེ་ལ་འདིར་འཇམ་པའི་དབྱངས་དཀར་པོའི་སྒྲུབ་པའི་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ཐུགས་རྗེས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།། རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། ཐར་འདོད་རྣམས་ལ་རྒྱལ་བའི་གཞི་གཅིག་པུ། །འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་བགྱི་འོ། །བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས། །བཀའ་དྲིན་རྨད་བྱུང་དྲིན་ཅན་བླ་མའི་བར། །དབང་ལུང་མན་ངག་གདམས་པས་རྗེས་བཟུང་བའི། །རྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཟག་མེད་ཁྱབ་བདག་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་བླ་མར་གསོལ་བ་འདེབས།།

སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ།

སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ་བཞུགས་སོ།།
༄༅།  །ན་མོ་ཨརྻ་ཏཱ་རེ་ཡ། ཞེས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ནས། འདིར་སྒྲོལ་འབུམ་ཐེར་སོགས་ལ་ཉེ་བར་མཁོ་བ་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་སྒྲོལ་ལྗང་གི་རྒྱུན་ཁྱེར་མདོར་བསྡུས་སུ་འགོད་པ་ལ། ཐོག་མར་སྐྱབས་གནས་མ་ནམ་བཞི་སྐོར་ནི།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།
༈ བརྒྱུད་པའི་གསོལ་འདེམས་ནི། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས། །རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ།། ངག་དབང་རྣམ་རྒྱལ་ལ་གསོལ་བ་འདེབས་པ་ཡབ་བསྟན་པའི་ཉི་མས་སོ།།

Sunday, May 3, 2015

བསངས་བསུར་མཐུན་མོང་གི་མཆོད་པ།



བསངས་བསུར་མཐུན་མོང་གི་མཆོད་པ་ཞེས་བྱ་བ་བཞུགས།།
རྣམ་སྣང་གངས་ཅན་མཚོ་རྒྱལ། རྣམ་པར་སྣང་མཛད་ཀྱི་བཀོད་པ་མི་འདྲ་བ་བཞུགས།
༄༅། །སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིས། །བདག་གིས་བསངས་མཆོད་དམ་བསུར་མཆོད་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། སེམས་ཅན་ཐམས་ཅད་བདེ་བ་དང་། བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་ཉིད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།

Sunday, March 22, 2015

མི་ཚེའི་རང་མྱོང་ཀོ་ཀི་ལའི་མགྲིན་དབྱངས།


མི་ཚེའི་རང་མྱོང་ཀོ་ཀི་ལའི་མགྲིན་དབྱངས་ཞེས་བྱ་བ་བཞུགས་སོ།། 
རྩོམ་པ་པོ། སློབ་དཔོན་བཀྲ་ཤིས་བསྟན་འཛིན། རྒྱང་འབྲེལ་ལོ་ངོ་གསུམ་པ།
༈ རྒྱལ་ས་ལྟེ་བ་ཐིམ་ཕུ་གི་ཁྲོམ་འདི་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་དང་འདྲ་བའི་ཁར་འདི་ནང་སྡོད་མི་ཚུ་ཡང་རྒྱུ་ནོར་ལོངས་སྤྱོད་ཀླུའི་གཡུས་ཁ་བཟུམ་འབོལ་ཆི་ཆི་སྦེ་ཡོདཔ་ཨིན། འདི་བཟུམ་མའི་ཁྲོམ་ཆེན་འདི་གནམ་ཉི་མར་ལྟ་བ་ཅིན་རིན་ཆེན་གཡུ་དང་བྱུ་རུ་སྤུངས་བཞག་བཞགཔ་བཟུམ་སྦེ་མཐོང་བའི་ཁར་གནམ་ཕྱི་རུ་ལྟ་བ་ཅིན་ལྷ་ལམ་ཡངས་པའི་དཀྱིལ་ལས་རྒྱུ་སྐར་གྱི་རྒྱལ་པོ་འཁོར་སྐར་མའི་ཚོགས་དང་བཅསཔ་ས་སྟེང་ལུ་བབས་བབས་བཟུམ་སྦེ་འོད་ཆེམ་ཆེམ་དང་ཁྲ་ལམ་ལམ་སྦེ་མཐོང་དོ་ཡོདཔ་ཨིན། རྒྱལ་ས་ལྟེ་བ་ཐིམ་ཕུའི་ཁྲོམ་ཆེན་འདི་གི་མཐའ་འཁོར་ལུ་ཙན་དན་དང་སྟོང་ཕུ་ལ་སོགས་པའི་ཤིང་གི་རིགས་དང་གསེར་ཤོག་དང་ཧ་ལོ་ལ་སོགས་པའི་མེ་ཏོག་གི་རིགས་ཚུ་གིས་བསྐོར་ཏེ་ག་ནི་བས་མཛེས་ཆ་དང་ལྡན་པའི་ཁར་ཁྲོམ་ཆེན་འདི་མཐོངམ་ཙམ་ཅིག་གིས་རྫོང་ཁག་དང་གཡུས་ཚན་གཞན་གྱི་མི་ཚུ་ཡང་རང་བཞིན་གྱིས་སེམས་ཆགས་པའི་ཁར་འདི་ནང་ལྷོདཔ་ཙམ་གྱིས་བློ་བག་ཕེབས་ཏེ་འདི་ནང་ལས་གཞན་ཁར་འགྱོ་ནིའི་མནོ་བསམ་ར་མ་གཏང་པར་སྡོད་དོ་ཡོདཔ་ཨིན་པས།

Tuesday, January 27, 2015

ཉི་ཟླ་གཟའ་འཛིན།


གཟའ་འཛིན་གྱི་སྐོར་ལས་མ་ཤེས་མི་ཚུ་གི་བསམ་ཚུལ།
༈ ཉི་ཟླ་གཟའ་འཛིན་བྱུང་པའི་སྐབས་ལུ་ སྐར་རྩིས་རིག་པའི་སྐོར་ལས་ ལེགས་ཤོམ་སྦེ་མ་ཤེས་མི་ཚུ་གིས་ དེ་གི་སྐབས་ལུ་ཉིནམ་དང་ཟླཝ་འདི་ གཟའ་སྒྲ་གཅན་གྱིས་ཟཝ་ཨིན་ཟེར་བཤདཔ་ཨིན་མས། ཁོང་གིས་དེ་སྦེ་བཤད་མི་འདི་ཡང་ དང་ཕུགས་ཀྱི་ལོ་རྒྱུས་ཅིག་ཡོདཔ་ལས་བརྟེན་ཏེ་ཨིན། 

Friday, January 23, 2015

རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས།



༄༅།།རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས་
དགོས་་་འདོད་་་ཀུན་་་འབྱུང་
ཞེས་བྱ་བ་བཞུགས།།

  
བརྗོད་བྱ། སྙན་རྩོམ་གྱི་ལམ་སྟོན།
རྩོམ་པ་པོ། སློབ་དཔོན་བསམ་གཏན།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ།
སྤྱི་ལོ་༢༠༡༤།


Monday, January 19, 2015

ཀ་རྩོམ།


འཁོར་བའི་བུ་ཆུང་གི་ཀ་རྩོམ།
ཀ་ལ་རྫམ་ནང་བླུགས་ཏེ་འཐུང་རུང་ར།།ཁ་ལུ་ཚིམ་ནི་མེད་པའི་ཨ་རག་འདི།།
ག་དེ་འབད་རུང་སྤང་ར་སྤང་དགོ་པས། །ང་ལུ་སྤང་ནིའི་ཐམས་ལམ་སྟོན་གནང་མས།།

Tuesday, January 6, 2015

ལྷན་ཐབས་གསལ་བའི་སྒྲོན་མེ།



༄༅།   །རྩིས་གཞུང་གདན་དུས་ཐུན་མོང་གི་ངེས་པ་གསར་དུ་བཀོད་པ་དང་བཅས་པའི་
ལག་ལེན་ལྷན་ཐབས་གསལ་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
༄༅། ན་མོ་གུ་རུ་ཤྲི་ཀཱ་ལ་ཙཀྲ་བཛྲ་ཙ་ཏུ་རཱ་ས་ནེ་བྷྱཿ སྙིང་སྟོབས་རྡོ་རྗེའི་ཟླ་བ་དག་པའི་སྐུ། །རྣམ་བཅད་རྡོ་རྗེའི་ཉི་མ་དག་པའི་གསུང་། །ཨ་ཡིག་རྡོ་རྗེའི་མུན་ཅན་དག་པའི་ཐུགས། །ཁྱབ་བདག་དུས་ཀྱི་འཁོར་ལོས་ཤིས་པ་སྩོལ། །རིགས་ཅན་གསུམ་གྱི་བློ་མཚོའི་མེ་ལོང་རྡུལ་བྲལ་བར། །ཡེ་ཤེས་ཟླ་བརྙན་མཚན་དཔེའི་རི་མོ་རྣམ་བཀྲ་བའི། །སྒྱུ་འཕྲུལ་དྲ་བའི་མིག་འཕྲུལ་མཁན་པོ་ཤྱཱཀྱའི་ཏོག །གསེར་གྱི་མཆོད་སྡོང་ཉི་མས་སྤུད་འདྲར་གུས་ཕྱག་འཚལ། །ལས་རླུང་ཀླ་ཀློའི་མུན་སྤྲུལ་ལོག་པའི་སྲོལ། །ཡེ་ཤེས་དབུ་མའི་དབུགས་ཀྱིས་སུན་དབྱུང་ནས། །ཟུང་འཇུག་དུས་ཀྱི་འཁོལ་ལོ་གསལ་མཛད་པའི། །ཆོས་རྒྱལ་རིགས་ལྡན་དབང་པོ་རྣམས་ལ་འདུད། །ནཱ་ཌིའི་མདུད་མང་རྡོ་རྗེའི་རྣལ་འབྱོར་གྱིས། །ལྷུག་པར་བཀྲོལ་བས་མཁའ་ཁྱབ་མཁའི་རྡོ་རྗེ། །བརྙེས་ནས་དང་པོའི་སངས་རྒྱས་འཕགས་ཡུལ་དུ། །དར་མཛད་ཤིང་རྟ་ཆེ་རྣམས་ཕྱག་གི་གནས། །ལྷག་པའི་ཐུགས་བསྐྱེད་མ་སྨད་ཟླ་བའི་ཁམས། །གཞན་ཕན་བདུད་རྩིའི་འཛུམ་དཀར་གྱིས་གཤེར་བས། །གངས་ཅན་བསྟན་པའི་ཆུ་གཏེར་གོང་ནས་གོང་། །འཕེལ་མཛད་ལོ་པཎ་ཚོགས་ལ་མགོས་ཕྱག་འཚལ། །ཀུན་མཁྱེན་ཡེ་ཤེས་ཉི་མ་སྟོང་འབར་བའི། །ཆོས་ཀྱི་ཕྱག་རྒྱས་དངོས་ཀུན་ཅིག་ཅར་དུ། །རྒྱས་བཏབ་རྣམ་གྲོལ་པད་ཚལ་ཆེར་བཞད་པའི། །དཔལ་ལྡན་འབྲུག་པའི་དཀར་རྒྱུད་སྤི་བོས་མཆོད། །གདན་དུས་ངེས་གསང་སྒོ་བརྒྱ་འབྱེད་པ་ལ། །ཟླ་མེད་ཀུན་གཟིགས་པུཎྜ་རི་ཀའི་ཞབས། །རྗེས་འབྲངས་བཅས་པའི་ཞལ་ལུང་བདུད་རྩིའི་བཅུད། །སྙིང་དབུས་སིམ་འདི་གཞན་ཕན་བློ་ཡིས་བཤད། །དེ་ཡང་མེ་མཁའ་རྒྱ་མཚོ་་ལས། །བརྩམས་པའི་བགྲང་བྱ་མང་པོ་ཡི། །སྤྲོས་ཚོགས་ཧ་ཅང་ངལ་པའི་རྒྱུ། །ཡིན་མོད་རྩ་བའི་གཞུང་གིས་གསལ། །འདིར་ནི་ཚེགས་ཆུང་དོན་ཆེ་བའི། །ངེས་པ་གསར་དུ་འགོད་པ་དང་། །ཁྱད་ཆོས་གནད་དུ་ཆེ་བ་འགའ། །ཉུང་དུ་རྣམ་གསལ་ཚུལ་དུ་སྤྲོས།།

གདན་དུས་ཐུན་མོང་གི་བརྩིས་གཞིའི་རྣམ་བཤད།



རྩོམ་པ་པོ། ཆོས་རྗེ་བསྟན་འཛིན་འབྲུག་རྒྱས།
གདན་དུས་ཐུན་མོང་གི་བརྩིས་གཞིའི་རྣམ་བཤད་བློ་གསལ་དགའ་བ་སྐྱེད་པའི་པད་ཚལ་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། བླ་མ་དང་ལྷག་པའི་ལྷ་གཉིས་སུ་མེད་པ་དཔལ་པདྨ་དཀར་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཆུ་གཏེར་གྱིས། །སྤྲོས་པའི་མཁྱེན་གཟུགས་སྙིང་རྗེའི་ནམ་མཁའ་ཤར། །གང་དེའི་འོད་ཟེར་རྣམ་སྤྱོད་འབུམ་ཕྲག་གིས། །འགྲོ་བློའི་སྙིང་གི་མུན་སེལ་ཞབས་བཏུད་ནས། །རིག་བྱེད་སྨྲ་བའི་གྲུབ་མཐའ་བཞི། །སྔོན་བྱུང་ཐུབ་པའི་དབང་པོ་དེས། །བརྒྱད་ཁྲི་བཞི་སྟོང་གསལ་མཛད་ལས། །གདན་དུས་ཉིན་བྱེད་བརྩིས་བཞི་འདི་འཆད་པ་ལ། །སྐབས་བཅུ་གསུམ་ཡོད་པ་ལས། །དང་པོ་བསྟན་བརྩིས་ནི། །ན་མོ་ཕྱག་འཚལ་ལོ།

Friday, January 2, 2015

སྐྱེས་རྩིས་ཀྱི་དཔེ། ༼བུ་མོ་སངས་རྒྱས་ཆོས་འཛོམས་ཀྱི་སྐྱེས་རྩིས།༽



༄༅།   །ཀུན་རྫོབ་བསླུ་མེད་རྟེན་འབྱུང་འབྲས། །སྣ་ཚོགས་ལམ་ནས་གསལ་མཛད་པ།།
ས་བཅུའི་དབང་ཕྱུག་འཇམ་པའི་དཔལ། །ལུང་བསྟན་འཆད་ལ་གཤིས་པ་སྩོལ།།
འཕེན་བྱེད་རྣམ་དག་ཚུལ་ཁྲིམས་གཙང་མ་ཡིས། །བདེ་འགྲོ་མི་ཡི་ལུས་རྟེན་འདིར་འཕངས་པ།།
སངས་རྒྱས་ཆོས་འཛོམས་ཁྱོད་ལ་རྫོགས་བྱེད་གང་། །སྐྱེས་པའི་རྟེན་འབྲེལ་ལས་ནི་བརྟག་པར་བྱ།།

༼༡༽ རེས་གཟའ་མིག་དམར་ལ་སྐྱེས་པས། །ཤེས་རྒྱུད་རྩུབ་ཅིང་ང་རྒྱལ་ཆེ། །དབྱེན་དང་སྡིག་ལ་དགའ་བ་དང་། །ཟས་ནོར་དམར་པོའི་རིགས་རྣམས་འཕྲོད།། ༼༢༽ ཡར་ངོ་རྫོགས་པ་དང་པོའི་འབྲས། །ཆོས་ལ་དགའ་ཞིང་འཆི་བའི་ཉན།། ༼༣༽ རྒྱུ་སྐར་ལྷ་མཚམས་ལ་སྐྱེས་པས། །དཀར་པོའི་ཆོས་ལ་སྤྱོད་པ་དང༌།། ནོར་ལྡན་ཚིག་འཇམ་བྱེས་འགྲོ་བཟང༌། །ཁྲིམས་གཙང་ཤེས་ལྡན་གཟུགས་བཟང་ཞིང༌། །ཉེར་བརྒྱད་ལས་བརྒལ་ཡུན་དུ་གནས།། ༼༤༽ ཉི་ཟླ་བསྲེས་པའི་རྣམ་སེལ་གྱིས། །གཞན་ལ་ཕན་པའི་བྱ་བར་བརྩོན།། ༼༥༽ ཕྱི་ཆའི་བྱེད་པ་བྱིས་པ་ཡིས། །རྒན་ལ་བསྙེན་བཀུར་ཞབས་ཏོག་བཟང་།།