སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ་བཞུགས་སོ།།
༄༅། །ན་མོ་ཨརྻ་ཏཱ་རེ་ཡ། ཞེས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ནས།
འདིར་སྒྲོལ་འབུམ་ཐེར་སོགས་ལ་ཉེ་བར་མཁོ་བ་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་སྒྲོལ་ལྗང་གི་རྒྱུན་ཁྱེར་མདོར་བསྡུས་སུ་འགོད་པ་ལ།
ཐོག་མར་སྐྱབས་གནས་མ་ནམ་བཞི་སྐོར་ནི།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།
༈ བརྒྱུད་པའི་གསོལ་འདེམས་ནི། འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས།
།རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ།
།ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས།
།མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར།
།ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས།
།ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར།
།འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས།
།ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ།། ངག་དབང་རྣམ་རྒྱལ་ལ་གསོལ་བ་འདེབས་པ་ཡབ་བསྟན་པའི་ཉི་མས་སོ།།
སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས།
།གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང་། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས།
།བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།
།ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲེལ་བ་མེད་པར་བྱིན་གྱིས་རློབས།
།ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་།
།བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག
།ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱི་ཤོག
།བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག།
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡིད་རངས་སྐུལ་ཞིང་གསོལ་བ་ཡི།
།དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།།
༈ སྤྱི་སྟངས་ཀྱི་སྐྱབས་འགྲོ་དང་སེམས་བསྐྱེད་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།
།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིས། །བདག་གི་ཁ་ཐུན་བགྱིས་པའི་བསོད་ནམས་ཀྱིས།
།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག
སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་མོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།
ལན་གསུམ།
༈ མདུན་རྟེན་བསྐྱེད་པ་ནི།
རང་གི་མདུན་མཁར་སྐད་ཅིག་གིས། །མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས།
།པཾ་ལས་པདྨའི་སྡོང་པོ་དང་། །ཨ་ལས་ཟླ་བའི་གདན་གྱི་སྟེང་། །ཏཱཾ་ལས་ཨུཏྤལ་སྔོན་པོ་ཡི།
།ལྟེ་བར་ཏཱཾ་ཡིག་མཚན་པ་ལས། །འོད་འཕྲོས་དོན་གཉིས་ཡོངས་གྱུར་པས། །རྗེ་བཙུན་འཕགས་མ་སྒྲོལ་མ་ནི།
།ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་བདག་དང་བསྲུང་བྱ་ལ། །མི་འཇིགས་མཆོག་སྦྱིན་ཕྱག་རྒྱ་དང་།
།གཡོན་པས་དཀོན་མཆོག་གསུམ་མཚོན་གྱི། །ཕྱག་རྒྱས་ཨུཏྤལ་སྡོང་བུ་འཛིན། །མཚན་དཔེའི་ལང་ཚོ་རྒྱས་པའི་སྐུ།
།མཛེས་སྡུག་འཆི་མེད་ན་ཆུང་བཞིན། །རྒྱན་དང་ལྷ་རྫས་དར་གྱིས་ཀླུབས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས།
།ཞབས་གཉིས་སྐྱིལ་ཀྲུང་ཕྱེད་སྟབས་ཀྱིས། །པད་ཟླའི་གདན་ལ་དགྱེས་བཞིན་བཞུགས། །མཐའ་བསྐོར་ཉིད་ལས་མི་གཞན་པའི།
།འཁོར་ཚོགས་རྣམ་འཕྲུལ་ཉེར་གཅིག་རྣམས། །མ་འདྲེས་གསལ་བའི་གནས་གསུམ་དུ། །དེ་ཉིད་གསུམ་གྱིས་མཚན་པ་དང་།
།ཐུགས་ཀར་ཟླ་སྟེང་ཏཱཾ་ལྗང་ཁུ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ལྷོ་ཕྱོགས་གཡུ་ལོ་བཀོད་པའི་ཞིང་།
།སེང་སྡེང་ནགས་ཀྱི་སྐྱེད་ཚལ་ནས། །འཕགས་མ་འཁོར་བཅས་སྤྱན་དྲངས་གྱུར།།
༈ པོ་ཊ་ལ་ཡི་གནས་མཆོག་ནས།
།ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་།
།ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ།
།སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། ཞེས་སྤྱན་དྲངས།
བདག་ལ་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱི་ན།
།དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་ཕུལ།
རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི།
།ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ།
།ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ།
།སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི།
།ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས།
།དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་།
།སེམས་ཅན་རྣམས་ཀྱི་བསམ་པ་དང་།
།བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར།
།མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ།
།བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི།
།འདྲེན་པའི་དཔལ་དུ་བདག་གྱུར་ཅིག། ཅེས་པའི་བར་གྱིས་ཕྱག་མཆོད་ཡན་ལག་བདུན་པ་བྱ།
༈ དེ་ནས་མཎྜལ་འབུལ་བར་སྤྲོ་ན། ཞིང་ཁམས་རྒྱ་མཚོ་རྡུལ་རེ་རྡུལ་སྙེད་ཀྱིས། །སངས་རྒྱས་ཞིང་དང་ཀུན་བཟང་མཆོད་པའི་སྤྲིན།
།ཀུན་གྱི་དགེ་འདུན་ཇི་སྙེད་འོད་འཕྲོས་རྩེར། །རྒྱལ་བ་སྲས་བཅས་སྣང་མཐར་ཀུན་སྣང་ཞིང་།
།འཁོར་ཞིང་འདོད་རྒུ་མ་ཚང་མེད་འདུས་པ། །མཆོད་ཡོན་ཐམས་ཅད་རྒྱས་པར་བརྒྱན་པའི་ཕུལ། །ནམ་མཁའི་མཁའ་ཁྱབ་སྲིད་པའི་མཐར་སྣང་ནས།
།འཕགས་མ་འཁོར་བཅས་མཆོད་པས་མཉེས་གྱུར་ཅིག། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝ་ར་ཏྟན་མཎྜ་ལ་པཱུ་ཛ་ཧོཿ
ཞེས་བརྗོད།
༈ དེ་ནས། ལྷ་དང་ལྷ་མིན་ཅོད་པན་གྱིས།
།ཞབས་ཀྱི་པདྨོ་ལ་བཏུད་དེ།
།ཕོངས་པ་ཀུན་ལས་སྒྲོལ་མཛད་མ།
།སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།
།ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།
།གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཆེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།
།བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་གཏོར།
།མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ།
།མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།
།རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ
།འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།
།ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་སྦྱིན་མེ་ལྷ་ཚངས་པ།
།རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།
།གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས།
།ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།
།མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས།
།བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།
།དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།
།མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱིས་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ།
།ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ།
།ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྂ་གིས།
།ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།
།ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་བརྒྱན།
།བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ།
།ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར།
།འབར་བའི་ཕྲེང་བའི་དབུས་ན་གནས་མ།
།གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།
།སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས།
།སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།
།ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།
།དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྂ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམ་ནད་སེལ་མ།
།ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།
།འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།
།རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་།
།ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ཅེས་པའི་བར་གྱི་ཕྱག་འཚལ་ཉེར་གཅིག་གང་འོས་སྐབས་བསྟུན་གྱིས་ཐུན་གྲངས་བཟུང་།
༈ དེ་ནས་ཐུན་བསྡུ་བའི་ཚེ། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ།
།སྲོད་དང་ཐོ་རངས་ལངས་པར་བྱས་ནས།
།དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།
།མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་།
།སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།
།དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བསྟེན་གནས་པ་འམ་གཞན་ཡང་འགྲོ་བ།
།ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི།
།སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག། ཅེས་པའི་བར་གྱིས་ཕན་ཡོན་བརྗོད།
༈ དེ་ནས་བཟློག་པར་བྱ་བ་་འདོད་ན། ན་མོཿ འཕགས་མ་སྒྲོལ་མ་འཁོར་བཅས་ལ། །གསོལ་བཏབ་པའི་བྱིན་རླབས་ཀྱིས།
།བདག་དང་རྒྱུ་སྦྱོར་ཡོན་བདག་གི། །སྔོན་ལས་ཕྲལ་རྐྱེན་ལས་བྱུང་བའི་། །གློ་བུར་བརྒྱད་ཅུ་རྩ་གཅིག་བཟློག
།ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག །སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་བཟློག
།ཡས་བདུད་གཡོས་དང་མས་སྲི་ལངས། །ཕ་ཚན་རྒྱ་འདྲེ་ཐབས་ཅད་དང་། །མ་སྲུའི་བྱུར་འདྲེ་ཐབས་ཅད་བཟློག
།ལོ་ཟླ་ཞག་དུས་ངན་པ་བཟློག །ཕུང་འདྲེ་ཐབས་ཅད་བཟློག་ཏུ་གསོལ། །སྲི་ལ་རྐུ་བ་བཟློག་ཏུ་གསོལ།
།བྱིས་པའི་གདོན་རྣམས་ཞི་བར་མཛོད་། །མི་ཁ་ཁ་མཆུ་མ་གཏོང་ཞིག །གཞན་གྱི་གཡུལ་ངོ་ཞི་བར་གྱིས།
།བདག་གི་དམག་ཐབས་ལེགས་པར་མཛོད། །མྱོས་ཤིང་འཐིབས་པ་བསལ་བ་དང་། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་པ།
།རིམས་ནད་ཐམས་ཅད་ཞི་བར་མཛོད། །ཉམ་ང་འཚེ་བ་བཟློག་ཏུ་གསོལ། །ཡུལ་ཕྱོགས་དགེ་བར་མཛད་དུ་་གསོལ།
།དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཐབ་རྩོད་ཞི་བར་མཛད་དུ་གསོལ།། ཅེས་པའི་བཟློག་པ་ལན་གསུམ།
ལོ་བརྒྱ་འཚོ་དང་སྟོན་བརྒྱ་མཐོང་བ་དང་། །བཀྲ་ཤིས་རི་བོ་བཞིན་དུ་བརྟན་པ་དང་།
།བསོད་ནམས་ཉི་འདོད་བཞིན་དུ་འབར་བར་མཛོད་། །མི་ཕྱེད་མི་གཞིག་ཀུན་གྱི་དངོས་གྲུབ་སྩོལ།
།རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས།
།རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་།
།ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ།
།བར་ཆད་གདོན་བགེགས་རིམ་དང་ནད་ལ་སོགས།
།དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་།
།འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ།
།འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།
།སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་།
།རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་།
།སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ།
།ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་མཛོད།། ཅེས་པའི་བར་གྱིས་འདོད་དོན་གསོལ།
༈ མདུན་རྟེན་འོད་ཞུ་རང་ལ་ཐིམ། །རང་ཉིད་འཕགས་མའི་སྐུ་རུ་གྱུར།།
ཅེས་རང་ཉིད་ལྷའི་ང་རྒྱལ་བཟུང་ནས།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་བཟླས་པའི་མཐར། ལྷ་དང་རང་སེམས་དབྱེར་མེད་པར། །མ་བཅོས་གཉུག་མའི་ངང་དུ་བཞག། ཅེས་གཉུག་མའི་དོན་ལ་ཅུང་མཉམ་པར་བཞག
༈ དེ་ནས་ལྷའི་གསལ་སྣང་བསྡུས་ཏེ་དགེ་བ་བསྔོ་བ།
རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ།
།སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན།
།བཀྲ་ཤིས་དཔལ་བར་མ་ཡི་བཀྲི་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག
།ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག།
སྐྱབས་རྗེ་རྗེ་མཁན་དགེ་འདུན་རིན་ཆེན་མཆོག་གི་གསུང་སྒྲོལ་ཆོག་བསྡུས་པ་འདིའང་རང་གཞན་ཀུན་ལ་ཉེ་བར་མཁོ་བ་མཐོང་ནས་སློབ་དཔོན་གྱི་མིང་ཙམ་འཛིན་པ་བསམ་གཏན་གྱིས་རབ་རྒྱན་ཤིང་ལུག་ས་ཟླ་ཡར་ངོ་རྒྱལ་བ་གཉིས་པའི་ཉིན་མོར་བཀླགས་ཆོག་ཏུ་བཀོད་པ་འདིས་ཀྱང་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག།
No comments:
Post a Comment