Saturday, August 30, 2014

ཆུའི་བསྟན་བཅོས་ཀྱི་འགྲེལ་པ། ༼རྫོང་ཁ༽

ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།
༈ བསྟན་བཅོས་རྩོམ་པ་ལུ་བར་ཆད་མི་འབྱུང་གི་དོན་ལུ་རྫོགས་པའི་སངས་རྒྱས་མཆོད་པར་བརྗོད་པ།
མཁྱེན་པའི་གཏིང་མཐའ་མི་མངོན་ཞིང་། །ཐུགས་རྗེའི་ཡིད་བཞིན་ནོར་གྱིས་གཏམས།།
མཛད་པའི་རླབས་ཕྲེང་གཡོ་བ་ཅན། །ཐུབ་དབང་ཆོས་ཀྱི་རྒྱ་མཚོ་རྒྱལ།།༡།།
ཚིག་གནད་མཆན་འགྲེལ། མི་མངོན། མཐོང་མི་ཚུགས་ནི། གཏམས། གང་ཏེ་ཡོད་ནི། རླབས་ཕྲེང་། ཆུའི་རྦ་རླབས། ཐུབ་དབང་། སངས་རྒྱས།
དེ་ཡང་དཔྱེ་འབད་བ་ཅིན་ རྒྱ་མཚོ་དེ་ལུ་ ཕ་མཐའ་སྦོམ་ཆུང་དེམ་ཅིག་ཨིན་ཟེར་མི་ཤེས་ནི་དང་། དེ་ནང་ལུ་ནོར་བུའི་རིགས་མ་འདྲཝ་ལེ་ཤ་ཚང་སྟེ་ཡོད་ནི། ཆུའི་རྦ་རླབས་རྒྱུན་ཆད་མེད་པར་ཡོད་དོ་བཟུམ་སྦེ་ ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ལུ་ཡང་ མཁྱེན་པའི་མཐའ་དེམ་ཅིག་ཨིན་ཟེར་ཤེས་མི་ཚུགས་ནི་དང་། གཞན་དོན་དེ་ཚུ་འབད་རྩོལ་ག་ནི་ཡང་མི་དགོ་པར་སྒྲུབ་ཚུགས་པའི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སྙིང་རྗེ་ཆེན་པོ་གིས་ཐུགས་རྒྱུད་གང་སྟེ་ཡོད་ནི་དང་། ཆུའི་རྦ་རླབས་ཀྱི་རིམ་པ་གཡོ་འགུལ་འབད་དོ་བཟུམ་སྦེ་ གཞན་དོན་གྱི་སྤྱོད་པ་རྒྱུ་ཆད་མེད་པར་མཛད་དེ་བཞུགས་པའི་ཁྱད་ཆོས་གསུམ་ཀ་ཚངམ་ལས་ རྒྱ་མཚོ་ཆེན་པོ་དང་འདྲ་བའི་སངས་རྒྱས་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པ་མཆོག་དེ་ དུས་དང་རྣམ་པ་ཀུན་ཏུ་རྒྱལ་བར་གྱུར་ཅིག། ཟེར་བའི་དོན་ཨིན་མས།།

གནས་བཤད་རྣ་བའི་བདུད་རྩི།

གནས་བཤད་རྣ་བའི་བདུད་རྩི།

ལོ་རིམ་གསུམ་པའི་ལས་འགུལ།                            ཆོས་ཚན་རྩོམ་གཞུང་།
ཕུལ་མི།       འཇིགས་མེད་རྡོ་རྗེ།                          ལོ་རིམ་གསུམ་པ།
ཐིམ་ཕུག་རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་།
དམར་རྟགས་ཡོད་མི་ཚུ་ནོར་བཅོས་འབད་འབདཝ་ཨིན།
ཚེག་བར་དྲུག་མ། ༢   ༢   ༢
རྒྱལ་བ་ཀུན་གྱི་སྤྱི་གཟུགས། །ལྷ་གཅིག་ཨོ་རྒྱན་པདྨར། །སྙིང་ནས་དྲན་པའི་གདུང་བས། །ཡང་ཡང་གསོལ་བ་འདེབས་སོ། །སྔོན་བསགས་ བསོད་ནམས་མཐུ་ལས། །དལ་རྟེན་མི་ལུས་ཐོབ་རུང་། །ཕྱི་མ་ཐར་པ་ཐོབ་༼འཐོབ་༽པའི། །ལྷ་ཆོས་སྒྲུབ་ལོང་མ་བྱུང་། །ཚེ་འདིའི་ལྟོ་གོས་དོན་ལུ། །མི་དགེ་བཅུ་ལ་སྤྱད་ནས། །ཕྱི་མ་ངན་སོང་གསུམ་ལས༼མ་གཏོགས༽

རྫོང་ཁའི་སྡེབ་སྦྱོར་རིག་པའི་ལས་འགུལ།

རྫོང་ཁའི་སྡེབ་སྦྱོར་རིག་པའི་ལས་འགུལ།

ཕུལ་མི་བདེ་ཆེན་དབང་མོ། དམར་རྟགས་ཡོད་མི་ཚུ་ནོར་བཅོས་འབད་འབདཝ་ཨིན།

ངོ་སྤྲོད།
ཀ་དག་རིག་པའི་གནས་ཀྱི་རྒྱ་མཚོ་དེ།།   ཁ་གཏིང་ཟབ་ལས་བརྩོན་པའི་རྩལ་མཁས་རུང་།།
ག་ར་ཤེས་པའི་ནམ་དུས་མེདཔ་ལས་བརྟེན།།   ང་ཡི་ལེགས་བཤདཔ་མཁས་པའི་ཐུགས་བསྐྱེད་ཀྱིས།།
ཅ་ཆས་ལེགས་ཉེས་དབྱེ་བ་ཕྱེ་དོ་བཟུམ།།   ཆ་ཤས་ཕྱེ་སྟེ་རིག་གནས་སློབ་སྦྱོང་འདི།།
ཇ་ཀུས་ཇའི་ ༼ཡི༽ ཚད་གཞི་བཟོ་བ་ལྟར།། ཉག་ཕྲ་ང་ཚོའི་བློ་མཚུངས་གནང་སྟེ་ཡོད།།
ཏ་ལེ་ཚི ༼ག༽ ་གི་རྣམ་པ་འཐོན་པ་ལུ།། ཐ་མལ་རང་ལུ་ཤེས་ཡོན་ཆུང་སོང་རུང་།།      
ད་རེས་སྙན་རྩོམ་ལས་འགུལ་འདི་ལུ་བརྟེན།། ནམ་ཡང་མཁོ་བའི་རིག་པ་ཐོབ་སྟེ་ཡོད།།

ཐེག་ཆེན་ཐེག་དམན་གཉིས་ཀྱི་ཁྱད་པར།

ཐེག་ཆེན་ཐེག་དམན་གཉིས་ཀྱི་ཁྱད་པར།
༈ ཐེག་ཆེན་དང་ཐེག་དམན་གཉིས་ལུ་མི་འདྲ་བའི་ཁྱད་པར་གཙོ་བོ་གསུམ་དེ་ཅིག་ཡོད། དེ་ཡང་ཀུན་སློང་སེམས་བསྐྱེད་ཀྱི་ཁྱད་པར། རྒྱུ་ཚོགས་ལམ་གྱི་ཁྱད་པར། འཐོབ་བྱ་འབྲས་བུའི་ཁྱད་པར་དང་བཅས་པ་ཨིན།
དེ་ཡང་ཀུན་སློང་སེམས་བསྐྱེད་ཀྱི་ཁྱད་པར་འདི། ཐེག་དམན་དེ་ཚུ་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལུ་འདྲོག་སྟེ་ དེ་ལས་ཐར་ནི་གི་དོན་ལུ་རང་ཉིད་ཐར་པ་འཐོབ་ནི་གི་བློ་འདོད་བསྐྱེད་ནི་དང་། ཐེག་ཆེན་པ་དེ་ཚུ་ ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱོང་མི་སེམས་ཅན་ག་ར་ འཁོར་བ་དེ་ལས་ཐར་བཅུག་ནི་གི་དོན་ལུ་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་བློ་འདོད་བསྐྱེདཔ་ཨིན། སེམས་བསྐྱེད་དེ་སྦེ་ཨིནམ་ལས་བརྟེན་ཏེ། ཐེག་དམན་གྱི་སེམས་བསྐྱེད་དེ་རྒྱ་ཆུང་ཀུ་དང་ ཐེག་ཆེན་གྱི་སེམས་བསྐྱེད་དེ་རྒྱ་ཆེཝ་ཨིན་མས།

Thursday, August 28, 2014

འབྱུང་རྩིས་སྔོན་འགྲོ་ཀུན་གསལ་གློག་མེ།

༄༅། །བློ་གྲོས་ཟིལ་དངར་རབ་རྒྱས་པའི། །མཁྱེན་རབ་དབང་ཕྱུག་པདྨའི་ཚལ།།
བདག་བློ་བུང་བའི་རྒྱན་ཉིད་དུ། །དུས་དང་རྣམ་ཀུན་རྒྱས་པར་མཛོད།།
 ཉི་ཟླའི་འོད་ཟེར་གསལ་ན་ཡང་། །དུས་ཀུན་བརྟན་པར་མི་བཞུགས་ཤིང་།།
བྱང་བསྟན་བྲག་ལ་མི་འཕོག་ཕྱིར། །ཀུན་གསལ་བློ་མེ་སྦྱིན་པར་བྱ།།

༼རུས་སྦལ་རྣམ་པ་ལྔའི་འགྲེལ་བཤད།༽ གནས་ཆགས་སྲིད་སྤྲུལ་བཤད་པ་ཡི། །རུས་སྦལ་རྣམ་པ་ལྔ་པོ་ལས། །ཆོས་དབྱིངས་འགྱུར་བ་མེད་པ་འདི། །གནས་པའི་རུས་སྦལ་ཞེས་སུ་གྲགས། །དེ་ལས་འཇིག་རྟེན་ཆགས་པ་དེ། །ཆགས་པའི་རུས་སྦལ་ཞེས་སུ་བཏགས། །ཆགས་ནས་ཡུན་རིང་གནས་པ་དེ། །སྲིད་པའི་རུས་སྦལ་བྱ་བ་ཡིན། །དེ་གསུམ་རུས་སྦལ་དངོས་མིན་པར། །དབྱིངས་དང་ཆགས་གནས་གསུམ་དེ་ཡིན། །ལོ་དང་སྤར་སྨེ་མཚོད་བྱེད་ཀྱི། །རུས་སྦལ་གཟུགས་དེ་སྤྲུལ་པ་ཡིན། །དེ་ཉིད་མཛུབ་མོའི་སྟེང་སྦྱར་ནས། །འགྲེལ་བཤད་བྱེད་པ་བཤད་པ་ཡིན།།

Wednesday, August 27, 2014

གཏམ་དཔེ། ནོར་བུ་ལུགས་ཀྱི་བསྟན་བཅོས།

༡ བཟང་པོ་བས་ངན་པ་བྲིན་དུས། དྲང་པོ་བས་ཁྲེལ་མེད་རྒྱལ་དུས། དྲིན་ཅན་ལས་གསར་གྲོགས་འདམ་དུས་།
སྟེང་དཔོན་གྱི་བཀའ་ཁྲིམས་འཕྱུག འོག་འབངས་ཀྱི་བྱ་སྤྱོད་འཕྱུག  
བཟང་པོ་ལས་ཀྱང་སྐྱེ་བོ་ངན་པ་རྣམས་ཚོང་ཟོག་བྲིན་པ་ལྟར་སྐད་གྲགས་ཆེ་བའི་དུས་དང་། མི་དྲང་པོ་ལས་ཀྱང་ངན་པ་རྒྱལ་ཁ་ཐོབ་པའི་དུས། དྲིན་ཅན་གྱི་མི་ལས་གྲོགས་གསར་འདམ་ཁ་རྒྱབ་པའི་དུས་དེར། སྟེང་དུ་དཔོན་གྱི་བཀའ་ཁྲིམས་ལ་ནོར་འཁྲུལ་བྱུང་བ་དང་། འོག་མ་འབངས་རྣམས་ཀྱིས་བྱ་བ་དང་སྤྱོད་ལམ་རང་བཞིན་གྱིས་ནོར་ནས་འགྲོ་བ་ཡིན།
༢ ཁ་མི་མང་ཀ་མེད་རོགས་ཀྱིས་དྲི་ནན། ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འའགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར།
གཞན་གྱི་དྲི་བ་ནན་པོར་བཀོད་ཚེ་རང་ཡང་ཁ་མི་མང་ཐབས་མེད་ཡིན་པ་དང་། འདྲེ་ཡིས་འགྲམ་ལྕགས་ཞུགས་དུས་ཝ་མོ་མི་བརྒྱལ་ཀ་མེད་ཡིན་ལ། རྐུན་མ་ནག་འབུར་འབུར་བྱས་ནས་འོང་དུས་སྒོ་ཁྱི་དེ་ཡང་སྐད་མི་རྒྱབ་ཀ་མེད་ཡིན་ནོ།།
༣ གོང་མ་བཀུར་ལུགས། འོག་མ་སྐྱོང་ལུགས། མཉམ་པོར་འགྲོ་ལུགས་ཐམས་ཅད་རང་ཚོད་དང་མཐུན་པ་ཞིག་ལག་ཏུ་ལེན་དགོས།
ཡར་གོང་མར་གུས་ཞབས་བསྐྱེད་ཐངས། མར་འོག་མར་བྱམས་སྐྱོང་བྱ་ལུགས། རང་མཉམ་རྣམས་དང་འགྲོ་ལུགས་སྡོད་ལུགས་སོགས་ཀྱང་ཡུལ་གང་ཡིན་དེའི་ཚོད་དང་མཐུན་པ་ཞིག་བྱ་དགོས།
༤ གང་གིས་མོས་པ་ཡིད་བྱེད་པ། དེ་ཡི་མདུན་ན་ཐུབ་པ་བཞུགས།
སྐྱེ་བོ་གང་གིས་མོས་ཤིང་དང་བའི་སྒོ་ནས་དད་པ་བསྐྱེད་པ་དེའི་མདུན་ན་ཐུབ་པ་བཅོམ་ལྡན་འདས་ཀྱང་བཞུགས་པ་ཡིན།
༥ གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན། མེ་ལོང་ངོས་ལ་གཟུགས་ཤར་འདྲ།
གཞན་ལ་སྐྱོན་དུ་མཐོང་བ་དེ་ནི་གཞན་སྐྱོན་མ་ཡིན་པར་རང་སྐྱོན་ཡིན་ཏེ། དཔེར་ན་མེ་ལོང་ངོས་ལ་གཟུགས་བརྙན་ཤར་བ་དེ་ནི་རང་གི་གཟུགས་བརྙན་ཡིན་པ་ལྟ་བུའོ།
༦ གཞན་སྐྱོན་མ་བརྟག་རང་གི་སྐྱོན་ལ་བརྟག། གཞན་མཚང་མ་འབྲུ་རང་གི་མཚང་ནས་བྲུས།
དུས་རྒྱུན་དུ་གཞན་སྐྱོན་འཚོལ་ནས་མ་བཞུགས་པར་རང་ལ་ཡང་སྐྱོན་ཡོད་མེད་བརྟག་དགོས། དེ་བཞིན་གཞན་གྱི་སྐྱོན་བཤད་རྒྱབ་ནས་མ་བཞུགས་པར་རང་གི་སྐྱོན་ཡང་ངོས་ལེན་བྱས་བཤད་དགོས།
༧ ང་རྒྱལ་གྱི་སྒོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས།
སེམས་ལ་ང་རྒྱལ་གྱིས་ཁེངས་ནས་རྡོག་རྡོག་རིལ་རིལ་བྱས་ནས་བཞུགས་ན་དེ་ལ་ཆུ་དང་འདྲ་བའི་ཡོན་ཏན་གང་ཡང་མི་ཆགས།
༨ རྒྱུད་འཇམ་དུང་ངེ། སེམས་དྲང་ཤད་དེ། ཁོག་ཡངས་ཁྲོལ་ལེ་བ།
རང་རྒྱུད་བལ་ལས་འཇམ་པ། སེམས་རྒྱུད་མདའ་ལས་འཕྲང་བ། ཁོག་པ་རི་གཤོང་ལས་ཡང་བ་ཞིག་དགོས།
༩ ལག་པའི་ཐོག་ལ་གྲི་ངན་རྣོ། སྤྲང་པོའི་ཐོག་ལ་ཁྱི་ངན་བཙན། ཉམས་ཆུང་ཐོག་ལ་མི་ངན་སྡང་།
ལག་པ་དང་ཐུག་ན་རང་མེད་པའི་གྲི་ངན་རྣམས་གང་བས་རྣོ་བ་དང་། སྤྲང་པོ་དང་ཐུག་ན་ཁྱི་ངན་སྤྲང་ཁྱི་རྣམས་སྡང་བ་དང་། མི་ཉམ་ཆུང་གི་ཐོག་ལ་མི་ངན་རྣམས་ཀྱིས་སྡང་བ་ཡིན།
༡༠ མཐོ་འདོད་ན་དམན་ས་འཛིན་དགོས། རྒྱལ་འདོད་ན་ཕམ་ཁ་ལེན་དགོས།
མཐོན་པོའི་གོ་སར་འགྲོ་དགོས་ན་རང་ཉིད་དམན་ས་འཛིན་ནས་སྡོད་དགོས་པ་དང་། རྒྱལ་ཁ་འཐོབ་དགོས་ན་སྐབས་རེ་ཕམ་ཁ་ལེན་དགོས།
༡༡ མཐོ་དགའ་ཅན་དང་། དམའ་སྡང་ཅན་དེ་བྱེད་མི་རུང་།
མཐོ་བ་གོང་མ་རྣམས་ལ་དགའ་ཚོར་ཆེ་མདོག་དང་། དམའ་བ་རྣམས་ལ་སྡང་བའི་སེམས་ནམ་ཡང་བྱ་མི་རུང་།
༡༢ མཐུན་པ་ཡུན་དུ་འགྲིགས་པ་དཀོན། ཕྱུག་པོ་ཚེ་གཅིག་སྐྱིད་པ་དཀོན། མཁས་པ་ཉེས་མ་མྱོང་བ་དཀོན།
གནས་སྐབས་མཐུན་པོར་གནས་ཀྱང་དུས་ཡུན་རིང་དུ་འགྲིགས་པ་དཀོན་ཞིང་། ཕྱུག་པོ་ཡིན་ཀྱང་མི་ཚེ་གཅིག་སྐྱིད་པོའི་ངང་དུ་གནས་པ་དཀོན་པ་དང་། མཁས་པ་ཞིག་ཡིན་ཀྱང་ཉེས་སྐྱོན་རྩ་བ་ནས་མ་བྱུང་བ་དཀོན་པ་ཡིན།
༡༣ སྐྱིད་ཐེག་སྡུག་ཐེག། བཟང་ཤོང་ངན་ཤོང་།
སྐྱིད་པོ་བྱུང་ན་སྐྱིད་ཐེག་པར་བྱས་ནས་ལང་ཤོར་མི་འགྲོ་བ་དང་། སྡུག་པོ་བྱུང་ན་ཡང་སྡུག་བསྔལ་ཐེག་པར་བྱས་ནས་སྐྱོ་གཏམ་མི་བཤད་པར་བྱ་དགོས་ཤིང་། བཟང་པོ་བྱུང་ན་ང་རྒྱལ་མི་བསྐྱེད་པ་དང་། ངན་པ་བྱུང་ན་འུ་ཐུག་ཐབས་ཟད་ཀྱི་བྱ་བ་ལ་མི་འཇུག་པ་བྱ་དགོས།

༡༤ གཞན་སྐྱོན་འཚོལ་བའི་ཐུར་མ་རྣོ་རུང་། རང་སྐྱོན་བལྟ་བའི་མེ་ལོང་ཡོད་པ་ཤིན་ཏུ་དཀོན།
གཞན་སྐྱོན་འཚོལ་བའི་ཐུར་མ་དང་འདྲ་བའི་རིག་པ་རྣོ་ན་ཡང་། རང་སྐྱོན་བལྟ་བའི་མེ་ལོང་དང་འདྲ་བའི་དྲན་ཤེས་ལྡན་དགོས།
༡༥ མི་གནོང་ཅན་ཁྲོ། རྟ་རྒྱབ་ཆད་འཕག
མི་རང་ལ་སྐྱོན་ཡོད་ན་ཕྲལ་དུ་ཁོང་ཁྲོ་སྐྱེ་བ་ཡིན་ཏེ། དཔེར་ན། རྟ་ལ་རྒྱབ་ཁུར་མེད་ན་འཕག་འཚག་རྒྱབ་པ་ལྟ་བུའོ།
༡༦ བསྟོད་ན་ཨ་སྔོན་གནམ་གྱི་དཀྱིལ་རེད། སྨད་ན་དོག་མོ་སའི་གཏིང་རེད།
བསྟོད་གོང་ན་ཡོད་པ་དེ་ནམ་ཁའི་དཀྱིལ་དང་། མར་སྨད་ན་ཡོད་པ་དེ་དོག་མོ་སའི་གཏིང་ཡིན་པ་ལྟར་གནས་ཚུལ་གང་ཡིན་མི་ཤེས་པ་གང་ཡང་མེད།
༡༧ ལར་རྒྱུས་མེད་མི་ལ་བསྟོད་ར་མ་སྔ། རྒྱུས་ཡོད་མི་ལ་དགའ་སྡུག་མ་སྔ།
སྤྱིར་སྟངས་ནས་རྒྱུས་མེད་ཀྱི་མི་ལ་ཕྲལ་དུ་བསྟོད་པ་རྒྱབ་རྒྱུ་མེད་པ་དང་། རྒྱུས་ཡོད་ཡིན་ན་ཡང་ཕྲལ་དུ་དགའ་སྐྱོའི་ཚོར་བ་གང་ཡིན་བཤད་རྒྱུ་མེད།
༡༨ སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན། འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། རྣོ་མཉེན་ངར་དང་ལྡན་པའི་ལྕགས་དཀོན།
ཉེས་སྐྱོན་རྩ་བ་ནས་མེད་པར་ཡོན་ཏན་རྐྱང་རྐྱང་ལྡན་པའི་མི་ཞིག་དཀོན་ཏེ། དཔེར་ན་འཛེར་པ་རྩ་བ་ནས་མེད་པའི་ཤིང་དཀོན་པ་དང་། ཁ་རྣོ་བ་དང་རྒྱུད་ངར་དང་ལྡན་པའི་ལྕགས་དཀོན་པ་བཞིན་ནོ།།
༡༩ མཁས་པའི་ཁོག གཡོན་ཅན་གྱི་སྒྱུ། བརྫུ་བག་ཅན་གྱི་གཤིས།
༢༠ དཔྱད་མཁས་ན་གང་རུང་གོམས་ཆ་སྐྱེ་བས་སྐྱིད། བརྟག་ཤེས་ན་གང་ཐོས་ཆ་རྒྱུས་ལོན་པས་སྐྱིད།
༢༡ དགྲ་འདྲེ་གཉིས་དང་མ་འཕྲད་ན། རང་ཚུགས་ཅན་དེ་སུ་ཡང་ཡིན། རྒྱུ་ཚེགས་གཉིས་དང་མ་འཕྲད་ན། ཁ་བཟང་བ་དེ་སུ་ཡང་ཡིན།འགྱོད་རྐྱེན་ངན་པ་མ་འཕྲད་ན། ཁ་མཁས་པ་དེ་སུ་ཡང་ཡིན། སྐྱིད་སྡུག་ཐོག་ཏུ་མ་བབས་ན། །ཨ་མའི་སྒོ་ཁར་སུ་ཡང་བཟང།།
༢༢ ལར་དཔོན་མེད་ན་འབངས་མགོ་སུ་ཡིས་སྐྱོབ། འབངས་མེད་ན་རྒྱལ་པོ་སུ་ལ་བྱེད། དཔོན་དྲང་ན་རྗེ་འབངས་སྐྱིད་ཅིང་བཙན། འབངས་རྒྱས་ན་རྒྱལ་པོའི་རྒྱན་ཆ་ཡིན། དཔོན་བཟང་པོས་འབངས་ལ་ཁ་མགོན་མཛད། འབངས་བཟང་པོས་དཔོན་ལ་རྩིས་བཀུར་བྱེད།།
༢༣ ཤིང་གིས་ཤིང་བཏེགས་ན་ཀ་བ་དང་གདུང་མ། མི་ཡིས་མི་བཏེགས་ན་དཔོན་པོ་གཡོག་པོ།
༢༤ བློ་དང་བྱ་བ་ཚོད་ཟིན་ན། དགྲ་བོ་བཙན་པོ་ལ་ཡ་ཐུབ་པ། གཉེན་དང་དམན་པའི་ཚིག་ཐེག་པ། རྒྱུད་འཇམ་ཤིང་ཕྱི་ཐག་རིང་བ། རང་ཚུགས་ནམ་ཡང་མི་འཆོར་བ་ཞིག་དགོས། ཕུ་ནུ་ནང་འཛིང་བྱུང་ན་ཁྲེལ་མེད་རྒྱལ། བཟའ་ཚང་ནང་འཛིན་བྱུང་ན་བུད་མེད་རྒྱལ།


གུ་རུའི་རྣམ་ཐར།

ཨོ་རྒྱན་པདྨའི་འཁྲབ་སྲུང་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས།

༄༅། །པདྨའི་གནས་ལས་པདྨའི་མཚན་རྙེད་པའི། །པདྨའི་སྙིང་པོ་པདྨ་སམ་བྷ་བ།།
པདྨའི་ཕྱག་གཡས་པདྨ་ལྟར་བརྐྱངས་ནས། །པདྨའི་བུ་ལ་པདྨས་དངོས་གྲུབ་སྩོལ།།

༼མཐོང་སྣང་དང་པ།༽
སངས་རྒྱས་མྱང་ངན་ལས་འདས་རནམ་ད་ གུ་རུ་རིན་པོ་ཆེ་འབྱོན་ནི་གི་ལུང་བསྟན་དང་འདུལ་བ་རུང་མཐུན་གསུངས་པའི་སྐོར།
རྒྱབ་ཁའི་མཐོང་སྣང་།
རྩ་མཆོག་གྲོང་གི་མཆོད་རྟེན་གྱི་པར་བཞག་ནི།
ལས་རིམ།
ཡལ་ག་དང་ལོ་འདབ་སྦོམ་སྦེ་ཡོད་པའི་ཤིང་༼སཱ་ལའི་ཤིང་༽གཉིས་ཀྱི་རྩ་བར་ བཞུགས་ཁྲི་རིངམ་གཅིག་གུར་སྟོན་པ་བཅོམ་ལྡན་འདས་ དཀྱིལ་ཀྲུང་སྦེ་བཞུགས་ནི་དང་། འཁོར་ལྷ་དང་ལྷམོ་ དགེ་སློང་དང་ མི་གནགཔ་ཚུ་གིས་སྐོར་ཏེ་སྡོད་ཞིནམ་ལས་ཡོལ་ལི་ཕྱེ་ནི།
སྟོན་པ།
ཡཱ༑ འོད་སྲུང་ཆེན་པོ་དང་ ཀུན་དགའ་བ་ལ་སོགས་པའི་སློབ་མ་ཚུ། ང་རྒྱལ་པོའི་སྲས་གཅིག་སྦེ་སྐྱེས་ཏེ་ཡོད་རུང་ འཁོར་བ་ནང་ལུ་སྡུག་བསྔལ་གྱིས་ཉམས་ཐག་པའི་སེམས་ཅན་དེ་ཚུ་གི་དོན་ལུ་ མནོ་བསམ་ལེགས་ཤོམ་སྦེ་བཏང་ཞིནམ་ལས་ ཕོ་བྲང་བཀོག་བཞག ཆུ་བོ་ཡ་མུ་ནའི་འགྲམ་ལུ་ ལོ་དྲུག་དཀའ་བ་སྤྱད་པའི་ཐ་མར་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཞིནམ་ལས་ཚུར་ ད་ལྟོ་ཚུན་ཚོད་ལོ་གྲངས་བཞི་བཅུ་ཞེ་ལྔ་དེ་ཅིག་ གཞན་གྱི་དོན་ལུ་བསླབ་བྱའི་ཆོས་དེ་ཚུ་གསུངསམ་གསུངས་ས་རང་སྡོད་ཅི། ཨིན་རུང་ ད་ ལོ་དང་ན་ཚོད་ཡང་རྒསཔ་མ་ཚད་ ངེད་ཀྱི་བསླབ་བྱ་ཚུ་ཡང་ ཧ་ལམ་ག་ཏེ་ལུ་ཡང་ཁྱབ་སྟེ་ཡོདཔ་ལས། ད་ སྡུག་བསྔལ་གྱི་ལྷག་མ་བཟུམ་ཅིག་ཨིན་མི་ ང་རང་གི་ཤ་ཁྲག་གི་ལུས་འདི་ཡང་ འཇིག་རྟེན་འདི་ནང་བཞག་སྟེ་ ལྷག་མེད་མྱང་འདས་ཀྱི་དབྱིངས་ལུ་འགྱོ་ནི་གི་དུས་ལུ་བབས་བབས་བཟུམ་ཅིག་འདུག།
དགེ་སློང་ཚུ་རྔུ་བྱེལ་རལ་བྱེལ་འཐབ་སུ་ཅིག་སྦེ་སྡོད་ནི་དང་། ཀུན་དགའ་བོ་གིས་ ངུ་ངག་གི་ཐོག་ལས་ཞུ་ནི།
ཀུན་དགའ་བོ།
སྟོན་པ་རིན་པོ་ཆེ། ཁྱེད་རང་བཟུམ་ཅིག་མ་བཞུགས་པ་ཅིན། ཤུལ་ལས་ང་བཅས་ཀྱི་སྐྱབས་དང་མགོན་ག་ལུ་ཞུ་ནི། དེ་བཟུམ་སྦེ། ཤུལ་ལས་དམ་པའི་ཆོས་ནང་ལུ་ དོན་དག་འདྲཝ་མ་འདྲ་རེ་འཐོན་སྲིད་ནི་དང་། སྟོན་པ་རིན་པོ་ཆེ་ཁྱེད་རང་གིས་མ་གསུངས་པའི་དོན་ཚན་རེ་འཐོན་པ་ཅིན་ དེ་ལུ་ག་དེ་སྦེ་ཆ་བཞག་ནི་ཨིན་ན་ལགས།
སྟོན་པ།
འདུས་བྱས་ཀྱི་ཆོས་དེ་ཚུ་ མི་རྟག་པའི་རང་བཞིན་ཨིནམ་ལས་ ཚར་ཅིག་སྐྱེས་ཚར་ཞིནམ་ལས་ ཞིག་སྟེ་འགྱོ་ནི་དེ་ཁོ་རང་གི་རང་བཞིན་ཅིག་ཨིན། དེ་བཟུམ་སྦེ་ངེད་ཀྱི་ལུས་འདི་ཞིག་སྟེ་ཡར་སོང་རུང་ དེ་ལུ་བློ་འགྱོད་བསྐྱེད་དགོཔ་ག་ནི་ཡང་མེད། ང་མྱ་ངན་ལས་འདས་པའི་ཤུལ་ལུ་ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང་ལུ་ ང་དང་འདྲ་བའི་སྐྱེས་བུ་ གུ་རུ་པདྨ་སཾ་བྷ་བ་ཟེར་མི་ཅིག་འབྱོན་འོང་། ཁོ་གིས་ ངའི་བསྟན་པ་འདི་ འཛམ་གླིང་སྤྱི་དང་ལྷག་པར་ བྱང་ཕྱོགས་ཁ་བ་ཅན་གྱི་གཡུས་ཁ་ལུ་དར་ཁྱབ་གཏང་སྟེ་འགྲོ་དོན་སྦོམ་མཛད་འོང་།
དེ་ལས་བསླབ་དགོཔ་ཁག་ཆེ་ཤོས་འདི་ ཤུལ་ལས་དམ་པའི་ཆོས་ནང་ལུ་ ང་གིས་མ་གསུངས་པའི་དོན་ཚན་རེ་འཐོན་པ་ཅིན། དེ་གི་སྐབས་ལུ་ག་ཅི་འབད་དགོཔ་ཟེར་བ་ཅིན་ ཧེ་མ་ང་གིས་ དེ་འབད་བཏུབ་དང་། དེ་འབད་མི་བཏུབ་ཟེར་བའི་རྣམ་གཞག་སོ་སོ་སྦེ་སྟོན་ཡོད་མི་དེ་དང་ མཐུན་མི་མཐུན་བལྟ་ནི་ཨིན། འབད་བཏུབ་ཟེར་སླབ་མི་དེ་དང་མཐུན་པ་ཅིན་འབད་ནི་དང་། འབད་མི་བཏུབ་ཟེར་སླབ་མི་དེ་དང་མཐུན་པ་ཅིན་འབད་མ་བཏུབ་སྦེ་བཞག་དགོཔ་ཨིན། ཡ་ ད་ང་མྱ་ངན་ལས་འདས་པའི་དུས་ལུ་བབས་ཅི།
དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕྱག་གཡསཔ་འགྲམ་པ་བཅོར་ཏེ་གཟིམས་ནི་དང་། འཁྲུལ་སྣང་ཅན་གྱི་མཆོད་པའི་སྒྲ་དབྱངས་དང་བཅས་པའི་ཐོག་ལས་ སློབ་མ་ཚུ་རྔུ་བྱེལ་རལ་བྱེལ་འཐབ་སྟེ་སྡོད་པའི་བར་ན་ཡོལ་ལི་བསྡམས་ཞིནམ་ལས་མཇུག་བསྡུ་ནི་ཨིན།


༼མཐོང་སྣང་གཉིས་པ།༽
གུ་རུ་རིན་པོ་ཆེ་སྐུ་འཁྲུངས་པའི་སྐོར།
རྒྱབ་ཁའི་མཐོང་སྣང་།
སྤྲིན་དང་ས་སྨུག་བར་ན་བཞུགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཛོད་སྤུ་ལས་འོད་ཟེར་འཕྲོས་མི་གཅིག་བཞག་ནི།
ལས་རིམ།
འཁྲབ་སྟེགས་གུར་ མེ་ཏོག་པདྨའི་སྦབ་ཅུ་ཆེ་ཆུང་ཁྲུ་དོ་ལྷག་ཙམ་ཅིག་བཞག་ནི། དེ་ལས་མཆོད་པའི་སྒྲ་དང་བཅས་ཏེ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཛོད་སྤུ་ལས་འོད་ཟེར་འཕྲོས་ཏེ་ མེ་ཏོག་དེ་ལུ་འཕོག་པའི་ཤུལ་ལས་ འཕྲུལ་ཆས་ཀྱི་དུ་པ་བཏང་སྟེ་མེ་ཏོག་དེ་མ་མཐོངམ་སྦེ་བཟོ་སྟེ་ཡོད་པའི་བར་ན་ ཨོ་རྒྱན་གྱི་རྒྱལ་པོ་ཨིན་དྲ་བྷུ་ཏི་སྐུ་འཁོར་དང་བཅས་པ་ཚོང་ལས་ལོག་ཏེ་གྲུ་ནང་བྱོན་ནི་དང་། བློན་པོ་ཏྲི་ན་འཛིན་ཕེབས་སུ་ལུ་གྲུ་ཐོག་ལས་བཅར་ནི།
༼རྒྱལ་བློན་གྱི་ཆ་ལུགས་འདི་ རྒྱ་གར་རྒྱལ་པོའི་ཆ་ལུགས་སྦེ་བཟོ་དགོ་ནི་དང་། གཡོག་འཁོར་དེ་ཚུ་གིས་ཚོང་པ་ཨིན་པའི་ཚུལ་སྦེ་ གྲུ་ནང་ལུ་ཅ་ལ་བཙུགས་ཏེ་འབག་འོང་ནི།
རྒྱལཔོ།
དབའེ། བློན་པ་ཏྲིག་ན་འཛིན་ ང་བཅས་ཀྱི་དྲི་མེད་མདངས་ལྡན་ཀྱི་མཚོ་དེ་ན་ ཧེ་མ་དང་མ་འདྲ་བའི་འཇའ་མཚོན་སྣ་ལྔའི་འོད་ཀྱི་གུར་གཅིག་སྤུབས་འདུག ག་ཅི་ཨིན་ན་སྨོ།
བློན་པོ།
ཀྱེ། རྒྱལ་པོ་རིན་པོ་ཆེ། ད་རེས་རྒྱལ་པོ་མཆོག་གིས་ འོད་ཀྱི་གུར་ཁང་གཟིགས་ཚུགས་མི་ལུ་བལྟ་བ་ཅིན། རྒྱལ་པོའི་སྤྱན་དྭངས་ཏེ་གསལ་ཏོག་ཏོ་ཡར་སོངམ་བཟུམ་ཅིག་འདུག དེ་ཚུ་ག་དེ་སྦེ་རང་བྱུང་བྱུངམ་ཨིན་ན་ལགས།
རྒྱལཔོ།
ང་ ཧེ་མ་འབད་བ་ཅིན་ མིག་ཏོ་གཉིས་ཆ་རང་མ་མཐོང་མི་ཅིག་ཨིན་རུང་ ཨོ་རྒྱན་རྒྱལ་ཁབ་ཀྱི་དོན་ལུ་ རྒྱ་མཚོ་ནང་ལས་ནོར་བུ་ལེན་པར་འགྱོ་བའི་ཐ་མར། ནོར་བུའི་བྱེ་བྲག་ལེ་ཤ་ཐོབ་སྟེ་ཡོདཔ་མ་ཚད་ ལྷག་པར་དུ་ རང་གི་འདོད་པ་ཆ་ཚང་འགྲུབ་ཚུགས་མི་ ནོར་བུ་དགོས་འདོད་ཀུན་འབྱུང་ཟེར་མི་འདི་ཐོབ་ལས། དེ་ལུ་གསོལ་བ་སྨོན་ལམ་བཏབ་ད་ ངེད་ཀྱི་མིག་ཏོག་ཡ་གཅིག་མཐོངམ་སྦེ་ཡར་སོངམ་ཨིན།
བློན་པོ།
དེ་སྦེ་ཨིན་པ་ཅིན། ང་བཅས་ཨོ་རྒྱན་རྒྱལ་ཁབ་འདི་ནང་བདེ་སྐྱིད་ཀྱི་ཉིམ་ཤརཝ་ཟེར་རུང་དེམ་ཅིག་འོང་ནི་ཨིན་མས་ལགས། དང་པ་རྒྱལཔོ་ཚོང་ལས་ལོག གཉིས་པར་རྒྱལ་པོའི་སྤྱན་དྭངས། གསུམ་པ་ཟེརཝ་ད་ལུ་ དྲི་མེད་མདངས་ལྡན་གྱི་མཚོ་དེ་གི་སྦུག་ཁ མེ་ཏོག་པདྨའི་ནང་ལས་ ལོ་བརྒྱད་དེ་ཅིག་ལང་ལངམ་བཟུམ་ གཞན་དང་མ་འདྲ་བའི་ཨ་ལོ་གཅིག་འདུག་ལགས།  རྒྱལ་པོའི་བུ་སྐལ་སྦེ་འབག་འོང་དགོ་མནོ་ཡི། ཨིན་རུང་རྒྱལ་པོའི་ཐུགས་ལུ་ག་དེ་སྦེ་འཆར་འོང་ག་མ་ཤེས་པར་ལུས་སོང་ཡི་ལགས།
རྒྱལཔོ།
དབའེ༑ དེ་སྦེ་ཨིན་པ་ཅིན། ཚར་ངད་སྟོན་ཏེ་མཇལ་བར་འགྱོ་དགོ་ནི་ཨིན་མས། ཁ་སང་ཕྱི་རུ་ངེད་ཀྱི་གཉིད་ལམ་ན་ཡང་། གསེར་གྱི་རྡོ་རྗེ་རྩེ་དགུམ་ཅིག་གནམ་ཁར་ལས་བབས་ཏེ་ ངེད་ཀྱི་ལག་པར་ཐོབ་ནི་དང་། ས་གཞི་སྐྱོང་བའི་ཉིནམ་དེ་ཡང་ ངེད་ཀྱི་དོན་ཧིང་སྦུག་ལས་ཤར་བའི་གཉིད་ལམ་མཐོང་ཅི། དེ་ཚུ་རྟགས་མཚན་ལེགས་ཤོམ་ཅིག་འོང་ནི་ཨིནམ་མས། འགྱོ་ཤིག་  འགྱོ་ཤིག ཚར་གཅིག་བལྟ་བར་འགྱོ་གེ།
རྒྱལ་བློན་བྱོནམ་དང་གཅིག་ཁར་ཡོལ་ལི་བསྡམས་ནི།


རྒྱབ་ཁའི་མཐོང་སྣང་།
བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ཕོ་བྲང་ནང་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་ཡོད་མི་ཅིག་བཀོད་ནི།
ལས་རིམ།
མདུན་ལུ་ ༼དྲི་མེད་མདངས་ལྡན་གྱི་མཚོ་ནང་༽མེ་ཏོག་པདྨའི་སྦུག་ལུ་ལོ་བརྒྱད་ལོན་པའི་ཨ་ལོ་གཅིག་བཞག་ཞིནམ་ལས། འཕྲུལ་ཆས་ཀྱི་དུ་པ་ཆུང་ཀུ་རེ་བཏང་ཏེ་བཞག་ནི་དང་། རྒྱལ་བློན་གཉིས་བྱོན་ཏེ་ཨ་ལོ་དེ་མཇལཝ་ད་ ཡ་མཚན་གྱི་རྣམ་འགྱུར་སྟོན་ནི།
རྒྱལ་པོ།
ཨེ་མ་ཧོ༑ ཡ་མཚན་ཅན་གྱི་ཁྱེའུ་ཆུང་ཁྱད་འཕགས་ཁྱོད༔ ཡབ་ནི་གང་ཡིན་ཡུམ་ནི་གང་ཡིན་པ༔
ཡུལ་ནི་གང་ཡིན་རིགས་ནི་གང་དུ་གཏོགས༔ །ཟས་སུ་ཅི་གསོལ་འདི་རུ་ཅི་མཛད་གསུངས༔ ཟེར་ཞུ་ནི་དང་།
གུ་རུ།
     བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔
    ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས༔
ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ ཟེར་གསུངས་ནི།
དེ་ལས་རྒྱལ་པོའི་སྤྱན་ཡ་གཅིག་མ་མཐོང་མི་དེ་ཡང་དྭངས་ཁྲོལ་ཁྲོལ་འགྱོ་བའི་དགའ་བ་དང་ཡ་མཚན་གྱི་རྣམ་འགྱུར་གྱི་ཐོག་ལས་མིག་ཏོ་འཁྱག་ཅི་ར་བལྟ་ཞིནམ་ལས་གསུངས་ནི།
རྒྱལཔོ།
དབའེ་བློན་པོ༑ ད་རེས་ང་ སྤྲུལ་པའི་སྐུ་འདི་གི་ཞལ་མཇལ་ གསུངས་ཐོསཔ་ཙམ་གྱིས་ ངེད་ཀྱི་མིག་ཏོ་གཞན་མི་དེ་ཡང་དྭངས་ཁྲོལ་ཁྲོལ་ཡར་སོང་ཡི། སྤྲུལ་སྐུ་འདི་མིའི་ཤ་གཟུགས་ཅན་གྱི་ཡབ་ཡུམ་མེད་པར་མཚོ་ལས་རྫུས་སྐྱེས་སྦེ་འཁྲུངས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་གཅིག་འོང་ནི་མས། དེ་འབདཝ་ལས་མཚན་ཡང་ མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ནི་ཨིན། དེ་ལས་ང་གྱིས་རྒྱལ་སྲིད་འཛིན་ཏེ་ལོ་དང་ན་ཚོད་ནེམ་ཅིག་འགྱོ་སྟེ་ཡོད་རུང་། ང་ལུ་རྒྱལ་བརྒྱུད་འཛིན་པའི་སྲས་ཅིག་ཡང་མེདཔ་ལས། སྤྲུལ་པའི་སྐུ་འདི་ངེད་ཀྱི་སྲས་སྦེ་ཕོ་བྲང་ནང་ལུ་གདན་འདྲེན་ཞུ་ནི་ཨིན་སྨྲ་རེ།
བློན་པོ།
ལགས་སོ་ལགས།
དེ་ལས་རྒྱལ་བློན་གཉིས་ཀ་གིས་མདངས་དབྱངས་ཀྱི་ཐོག་ལས་གསོལ་འདེབས་འདི་ཕུལ་ནི།
རྒྱལ་བློན་གཉིས།
མི་ཡི་ཤ་གཟུགས་ཅན་གྱི། །ཡབ་ཡུམ་གཉིས་ཀ་མེད་པར། །མཚོ༵་ལས་སྐྱེ༵ས་པའི་ཁྱིའུ་ཆུང་། །རྡོ༵་རྗེ༵འི་ལྟ་བུའི་སྐུ་མཆོག །བདག་ཅག་ཨོ་རྒྱན་ཡུལ་གྱི། །འགྲོ་བའི་དོན་ལུ་འབྱོན་གནང་།།
རྒྱལ་སྲས།
མ་གཞི་ང་ འཛམ་གླིང་འགྲོ་བ་ཀུན་གྱི་དོན་ལུ་འོང་འོངམ་ཨིན། ཨིན་རུང་ ང་སྐྱེས་སའི་གནས་འདི་ཨོ་རྒྱན་གྱི་གཡུས་འདི་ཁར་ཨིནམ་ལས་ ཁྱེད་རྒྱལ་བློན་གཉིས་ཀྱིས་གསུངས་དོ་བཟུམ་སྦེ་ ད་རེས་ཨོ་རྒྱན་གྱི་རྒྱལ་པོའི་ཕོ་བྲང་ནང་འགྱོ་ནི་ཨིན། 
རྒྱལ་བློན་གཉིས།
འབྱོན་ཤིག འབྱོན་ཤིག
དེ་ལས་རྒྱལ་བློན་གཉིས་ཀྱིས་ གུ་རུ་རིན་པོ་ཆེ་ གདན་འདྲེན་ཞུ་སྟེ་འབྱོན་ནི།

བྱོན་པའི་ལམ་ཁར་རྟགས་དང་མཚན་མ་གསུམ་གཟིགས་ནི།
༡༽ ཨ་རྒས་མགོ་ཏོ་དཀརཔ་གཅིག་གིས་ རྐོ་མ་བཏབ་སྟེ་ཉ་བཟུང་ཞིནམ་ལས་ ཐང་ན་སྒལ་རིལ་བསྒྱུར་བའི་ཚུལ་སྟོན་ནི།
དེ་གཟིགས་ཞིནམ་ལས་ གུ་རུའི་ཐུགས་དགོངས་ལུ།
དབའེ༑ རྟགས་མཚན་འདི་ལུ་བལྟ་བ་ཅིན་ ང་གིས་རྒྱལ་སྲས་ཀྱི་ཚབ་སྦེ་ རྒྱལ་སྲིད་འཛིན་ནི་འདི་ ཉའི་ཁ་ནང་ལུ་རྐོ་མ་བཏབ་བཏབ་བཟུམ་གྱི་སྡུག་བསྔལ་ཅིག་འོང་ནི་བཟུམ་ཅིག་འདུག།
༢༽ ཨོ་ལ་གཅིག་གིས་བྱ་ཅིག་བདའ་ཞིནམ་ལས་ ཚེར་མ་ཕུང་ཅིག་གཡས་སྐོར་གཡོན་སྐོར་རྐྱབ་པའི་ཐ་མར་ བྱ་དེ་བྱོག་ཐལ་བའི་ཚུལ་སྟོན་ནི།
དེ་གཟིགས་ཞིནམ་ལས་
གུ་རུའི་ཐུགས་དགོངས་ལུ།
རྟགས་མཚན་འདི་ལུ་བལྟ་བ་ཅིན་ རྒྱལ་པོའི་རྒྱལ་སྲིད་འཛིན་ནི་འདི་ ལཱ་ཁག་ཅིག་ཨིན་རུང་ ཐ་མ་ལུ་ ང་རྒྱལ་སྲིད་ཀྱི་བྱ་བ་དེ་ལས་ བྱོག་ཐལ་ཚུགས་ནི་གི་བཟུམ་ཅིག་འདུག།
༣༽ ཨ་ལོ་གཅིག་གིས་རྡོ་རྐྱབ་ཞིནམ་ལས་ བྱི་ཙི་ཅིག་བསད་པའི་ཚུལ་སྟོན་ནི་དང་། དེ་ལས་ཁོ་གི་ཨའི་དང་ཨ་པ་གཉིས་ཀྱིས་ ཁོ་ཁྱིམ་ནང་འོང་མ་བཅུག་པར་བཏོན་བདའ་བའི་ཚུལ་སྟོན་ནི།
དེ་གཟིགས་ཞིནམ་ལས་
གུ་རུའི་ཐུགས་དགོངས་ལུ།
ང་གིས་ རྒྱལ་པོའི་རྒྱལ་སྲིད་ལུ་གནོད་པའི་ལཱ་གཅིག་འབད་བ་ཅིན། ང་དེ་ནང་ལས་བྱོག་ཐལ་ནི་གི་རྟགས་མཚན་ཅིག་ཨིན་མས།
བྱོན་པའི་བར་ན་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི།


༼མཐོང་སྣང་གསུམ་པ།༽
རྒྱལ་པོའི་སྲས་སྦེ་གསེར་ཁྲི་མངའ་གསོལ་ཞུ་ནི་དང་། སིང་ག་ལའི་སྲས་མོ་འོད་འཆང་མ་བཙུན་མོར་ཕུལ་ནི།
རྒྱབ་ཀྱི་མཐོང་སྣང་།
རྒྱ་གར་རྒྱལ་པོའི་ཕོ་བྲང་ནང་འཁོད་ཀྱི་བཟོ་བཀོད་ཅན་གྱི་པར་ཅིག་བཞག་ནི།
ལས་རིམ།
ཨོ་རྒྱན་རྒྱལ་པོའི་ཕོ་བྲང་ནང་ སྦུག་ལུ་རྒྱལ་པོ་ཨིན་དྲ་བྷཱུ་ཏི་དང་། རྒྱབ་ལུ་དམག་མི་གཉིས་ལངས་ཏེ་སྡོད་ནི། གཡས་ཁ་ཐུག་ལུ་བཞུགས་ཁྲི་དེ་ལས་ཆུངམ་གཅིག་ལུ་ གུ་རུ་རིན་པོ་ཆེ་དང་། གཡོན་གྱི་བཞུགས་ཁྲི་ལུ་རྒྱལ་བཙུན་ཆེན་མོ། དེ་ལས་འཁྲབ་སྟེགས་གི་ས་གོ་དང་བསྟུན་ཏེ་ བློན་པོ་དང་དམག་དཔོན་ དེ་ལས་གཞན་སྐུ་འཁོར་ཚུ་བཞུགས་ནི།
རྒྱལཔོ།
འཛམ་བུའི་གླིང་གི་ནུབ་བྱང་ ཨོ་རྒྱན་གྱི་རྒྱལ་ཁབ་འདི་ ཕྱི་གི་ཡུལ་ལྗོངས་ཉམས་དགའ་བའི་ཁ་ལུ་ ནང་གི་མི་སེར་ག་ར་བྱམས་སེམས་ཅན་ཅིག་ཨིནམ་ལས་ ང་བཅས་རྒྱལ་བློན་འབངས་གསུམ་ག་ར་ དགའ་སྐྱིད་ཀྱི་ངང་ལུ་ཡོད་རུང་ ང་ལུ་རྒྱལ་བརྒྱུད་འཛིན་པའི་སྲས་ཅིག་མེདཔ་ལས་ ཚ་གྱང་སྦོམ་སྦེ་རང་ལངས་ཏེ་ཡོད། ཨིན་རུང་ད་རེས་ དཀོན་མཆོག་གསུམ་གྱི་ཐུགས་རྗེས་བྱིན་རླབས་ལས་ མེ་ཏོག་པདྨའི་སྦུག་ལས་རྫུས་སྐྱེས་སྦེ་འཁྲུངས་པའི་སྤྲུལ་པའི་སྐུ་གཞན་དང་མ་འདྲཝ་ཅིག་ ང་ལུ་གནང་སྟེ་ཡོདཔ་ལས་ སྤྲུལ་པའི་སྐུ་འདི་ ངེད་ཀྱི་རྒྱལ་བརྒྱུད་འཛིན་པའི་སྲས་སྦེ་གསེར་ཁྲི་མངའ་གསོལ་ཞུ་ནི་ཨིན།
རྒྱལཔོ་དང་རྒྱལ་སྲས་གཉིས་ཀ་ཁྲི་གུར་ཡར་བཞེངས་ཏེ་རྒྱལ་སྲས་ལུ་སྤྲོ་ཞུ་དང་ཁྲི་དར་གནང་ནི།
རྒྱལཔོ།
ད་རེས་ལས་ སྤྲུལ་པའི་སྲས་མཆོག་རིན་པོ་ཆེ་ ངེད་ཀྱི་བརྒྱུད་པ་འཛིན་མི་ རྒྱལ་བརྒྱུད་ཀྱི་སྲས་སྦེ་ རྟེན་འབྲེལ་མངའ་གསོལ་ཞུ་ནི་དང་གཅིག་ཁར་ ད་རེས་ལས་ཁྱོད་ཀྱི་མཚན་ལུ་ པདྨ་རྒྱལ་པོ་ཟེར་གསོལཝ་ཨིན།
རྒྱལ་སྲས་ལུ་ཁྲི་དར་གནང་ནི་དང་ཅིག་ཁར་སྨོན་ལམ་བཏབ་ཞིནམ་ལས་ཁྲི་གུ་བཞུགས་ནི་དང་། དེ་ལས་བློན་འབངས་ཚུ་གིས་ཁྲི་དར་ཕུལ་བའི་ཤུལ་ལས་ གླུ་དབྱངས་ཀྱི་མཆོད་པ་ཕུལ་ནི།
གླུ་གཞས་པ་ཚུ་གིས།
སྐྱེས་ས་འདམ་དུ་སྐྱེས་ཀྱང། །འདམ་གྱི་དྲེག་པ་མེད་པའི།།
ཡིད་འོང་ཨུཏྤལ་སྔོན་པོ། །འདི་ན་ཤར་བ་ལེགས་སོ།།
མ་དག་འཁྲུལ་པ་སྦྱངས་ཕྱིར། །དག་པའི་ཡེ་ཤེས་སྐུ་གཅིག།
རྒྱལ་པོའི་སྲས་སུ་བྱུང་བར། །འབྱོན་པ་ལེགས་སོ་ཞུ་གེ།

ཨ་ཞང་ཤ་ཤི་ཟླ་བ། །མི་སྡོད་གླིང་བཞི་བསྐོར་རུང་།།
ཡིད་འོང་ཀུ་མུད་ང་ཡི། །མ་འདྲིས་གྲོགས་སུ་ཤར་བྱུང་།།
སྣང་བ་མཐའ་ཡས་སྤྲུལ་པ། །ཕྱོགས་བཅུར་ཁྱབ་པའི་བར་ལས།།
སྲས་གཅིག་གཡུས་འདིར་བྱུང་བར། །འབྱོན་པ་ལེགས་སོ་ཞུ་གེ།།
ཞབས་བྲོ་མཇུག་བསྡུཝ་དང་གཅིག་ཁར་ཡོལ་ལི་བསྡམས་ཏེ་མཇུག་བསྡུག་ནི།


རྒྱབ་ཀྱི་མཐོང་སྣང་།
སྐྱེད་ཚལ་ལྡུམ་རའི་པར་ཅིག་བཞག་ནི།
ལས་རིམ།
རྒྱལ་སྲས་ཤིང་གཅིག་གི་རྩ་བར་ཐུགས་བསམ་བཞེས་པའི་ཚུལ་སྦེ་བཞུགས་ནི། དེ་ལས་རྒྱལཔོ་དང་གཟིམ་དཔོན་དེ་ལས་ཕྱག་ཕྱིས་ཞུ་མི་དག་པ་གཅིག་ རྒྱལ་སྲས་འཚོལ་ཏེ་བྱོན་ནི།
རྒྱལཔོ།
རྒྱལ་སྲས་རིན་པོ་ཆེ༑  ན་ལུ་ག་ཅི་ར་མཛདཔ་སྨོ། རོགས་གཞན་མི་སེར་དེ་ཚུ་འབད་བ་ཅིན་ ཟ་ནི་འཐུང་ནི་དང་། བཀབ་ནི་གྱོན་ནི་གི་དོན་ལུ་ ཕྱི་ཁར་འཚོལ་ཏེ་འགྱོ་དགོཔ་ཨིན། ཁྱོད་ལུ་དེ་བཟུམ་གྱི་དཀའ་ངལནི་ ག་ནི་ཡང་མེད། དེ་བ་འདི་ ཕོ་བྲང་ནང་ལོག་སྟེ་འབྱོན་གེ།
དེ་ལས་རྒྱལ་སྲས་ཧེ་མ་དང་། རྒྱལཔོ་ཤུལ་ལས་སྦེ་ཕོ་བྲང་ནང་བྱོནམ་ད། རྒྱལ་པོ་ལུ་ རྒྱབ་ཁ་ལས་ གཟིམ་དཔོན་གྱིས་གནས་ཚུལ་ཅིག་ཞུ་བའི་ཚུལ་སྟོན་ནི།
རྒྱལཔོ།
ག་ཅི་སླབ་ནི་ཡོདཔ་སྨོ། སླབ་ཤིག
གཟིམ་དཔོན།
རྒྱལ་སྲས་མཆོག་ ཕོ་བྲང་ནང་ཨ་རྟག་རང་སྐུ་རྐྱང་སྦེ་བཞུགས་ནི་དེ་གིས་ ཐུགས་བསྲུན་མཆིཝ་བཟུམ་ཅིག་འོང་ནི་མས། དེ་བ་འདི་ རྒྱལ་སྲས་ཀྱི་ཞབས་ཕྱི་ཞུ་མི་ཆ་རོགས་གཅིག་འཚོལ་བ་ཅིན་མི་དྲག་ག་ལགས།
རྒྱལཔོ།
དབའེ༑ ག་དེ་སྦེ་ལོ། ཕྱག་ཕྱིས་ཞུ་མི་རྒྱགས་ཚད་བཞག་སྟེ་ ད་རུང་ཡང་ཕྱག་ཕྱིས་ཞུ་མི་ཆ་རོགས་ཡ།
གཟིམ་དཔོན།
དཔྱེ་གཏམ་ལས་འབད་རུ། རང་ལུ་དགོ་པའི་མི་དེ། །གདོང་སྐོར་རྐྱབ་ནི་ཡོད་ན། །འཛམ་གླིང་སྟོངམ་སྦེ་འགྱོ་རུ། །ཚ་གྱང་ལང་དགོཔ་མིན་འདུག །དེ་མེན་ཁྲོམ་ཁར་ལྷོད་རུང་། །རི་ཁར་ལྷོདཔ་དང་འདྲ་བས།། ཟེར་སླབ་དོ་བཟུམ་སྦེ། སྣང་བར་མ་འགྱོ་བའི་མི་དེ་ བརྒྱ་དང་སྟོང་སྦེ་ཡོད་འཛོམས་རུང་ མི་གཅིག་ཡང་མེད་པར་སྟོངམ་བཟུམ་ཅིག་དང་། སེམས་ཁར་བབས་པའི་མི་གཅིག་གདོང་ཁར་ཡོད་པ་ཅིན་ གཞན་ག་ཡང་མེད་རུང་བཏུབ་པའི་ཚོར་སྣང་གཅིག་ཤར་ནི་ཡོད་ལགས། ད་ལྟོ་ང་གིས་ཞུ་མི་འདི་ རྒྱལ་སྲས་ཁོ་རང་ལུ་ སྐྱིད་སྡུག་གི་སྙིང་གཏམ་བཤད་ས་ ཚེ་གཅིག་གཏན་གྱི་དགའ་རོགས་ བཙུནམ་ཅིག་འཚོལ་བ་ཅིན་མི་དྲག་ག་ཟེར་ ཞུཝ་ཨིན་ལགས།
རྒྱལཔོ།
དབའེ༑ གཟིམ་དཔོན༑ ཁོ་གི་རྣམ་འགྱུར་དེ་ལུ་བལྟ་སྟེ་ ང་ཡང་སེམས་ལུ་ཚ་གྱང་སྦོམ་སྦེ་ལངས་ཏེ་ ག་ཅི་འབདཝ་དྲག་ག་མ་ཤེས་པར་སྡོད་པའི་སྒང་ཨིན། ད་ལྟོ་འབདན་ ཁྱོད་ཀྱིས་མེ་བཏེགཔ་དེ་བཏེག་ཅི། ད་ ཁྱོད་ཀྱིས་ ཨོ་རྒྱན་རྒྱལ་ཁབ་འདི་ནང་གི་ ལང་ཚོ་དུས་ལུ་བབས་པའི་ཁ་ལུ་ ངོ་རིས་གཟུགས་ཤེད་ལེགས་པའི་བུམོ་དེ་ཚུ་ བཀུག་ཞིནམ་ལས་ རྒྱལ་སྲས་ལུ་སྤྱན་འབུལ་ཞུ་སྟེ་ ཁོ་གི་ཐུགས་ཁར་ཚུད་པའི་བུམོ་ཅིག་ཡོད་ག་མེད་ག་བལྟ་སྨ་རེ།
གཟིམ་དཔོན།
ལགས་སོ་ལགས། བཀའ་བཞིན་ཞུ།
ཡོལ་ལི་བསྡམས་ཏེ་མཇུག་བསྡུག་ནི།

རྒྱབ་ཀྱི་མཐོང་སྣང་།
ཕོ་བྲང་ནང་གི་པར་ཅིག་བཞག་ནི།
ལས་རིམ།
ཁྲི་རིངམ་གཅིག་གུ་ རྒྱལ་སྲས་རིན་པོ་ཆེ་ ཕྱེད་ཉལ་གྱི་ཚུལ་དུ་ འབོལ་ཧང་གཅིག་མཆན་ཁུངས་གཡས་པའི་འོག་ལུ་གཙུགས་ཏེ་བཞུགས་ནི་དང་། གཟིམ་དཔོན་གྱིས་ཟུར་ཁ་ལས་ རྐེདཔ་བསྒུར་ སྐད་ཆུང་སུ་ཅིག་སྦེ་ཞུ་ནི།
གཟིམ་དཔོན།
རྒྱལ་སྲས་རིན་པོ༑  ད་རེས་ན་ལུ་འོང་མི་བུམོ་དེ་ཚུ་གི་གྲལ་ཁ་ལས་ རྒྱལ་སྲས་ཀྱི་ཐུགས་ཁར་ཚུད་མི་རེ་ཡོད་པ་ཅིན་ མཛུབ་དཀྱི་འདི་ མོ་གི་མཛུབ་མོ་གུར་བཙུགས་ཏེ་བཀའ་དྲིན་བསྐྱངས་གནང་ལགས།
བུམོ་བྱ་རིམ་བསྡེ་ཚན་གཅིག་ ལུས་ཀྱི་རྣམ་འགྱུར་ཁྱུག་ཁྱུག་ལྡེམ་ལྡེམ་གྱི་ཐོག་ལས་ཞབས་བྲོ་རྐྱབ་ནི། དེ་ལས་དམིགས་བསལ་བུམོ་རེ་རེ་གིས་ཞབས་བྲོ་ཚིགས་བཅད་རེ་འཐེན་ཏེ་ རྒྱལ་སྲས་ཀྱི་གདོང་ཁར་ཐོན་ནི།
སེམས་མེད་མེ་ཏོག་པད་མར། །གཉེན་གྲོགས་ཉི་མ་དགོ་ན། །སེམས་ལྡན་རྒྱལ་སྲས་ཁྱོད་ལུ། །བརྩེ་བའི་གྲོགས་ཅིག་ལོས་དགོས།།
འཛམ་གླིང་མི་ཡི་ཕུལ་བྱུང་། །ལང་ཚོ་དར་བའི་བུ་མོ། །ལུས་ལ་བསིལ་རས་གྱོན་རུང་། །སེམས་ལ་ཚ་དྲོད་འབར་སོང་།།
སྨད་ཀྱི་ཚ་དྲོད་རྒྱས་ནས། །སྟོད་ཀྱི་དབུགས་ཀྱང་ཆད་སོང་། །རྒྱལ་སྲས་ཐུགས་ལ་འབབ་ན། །ལང་ཚོའི་མཆོད་པ་འཕུལ་ཆོག། དགའ་བའི་དགའ་སྤྲོ་བསྒྱུར་ས། །སྡུག་པའི་སྙིང་གཏམ་བཤད་ས། །ཚེ་གཅིག་བརྟན་གྱི་གཉེན་གྲོགས། །བུ་མོ་ང་གིས་བྱེད་ཆོག།
བུམོ་དེ་ཚུ་འགྱོ་ཚར་བའི་ཤུལ་ལུ་གཟིམ་དཔོན་གྱིས་རྒྱལ་སྲས་ལུ་ཞུ་ནི།
གཟིམ་དཔོན།
རྒྱལ་སྲས་རིན་པོ་ཆེ༑ ད་ལྟོ་ན་ལུ་འཛོམས་པའི་བུམོ་འདི་ཚུ་ ག་དེ་སྦེ་འདུག་ག་ལགས།
རྒྱལ་སྲས།
བུམོ་དེ་ཚུ་ཡ། རྐངམ་བཞི་ས་ཁར་མ་བཙུགས་པའི་ནོར། ཆང་མ་འཐུང་པའི་ར་གཟིར་གཟིརཝ། སྲོག་མ་བཅད་པའི་རོ་དེ་ཚུ་ག་ཅི་འབད་ནི།
ཟེར་གསུངས་ཞིནམ་ལས་ ཡི་གུ་གཅིག་སྟོན་ཏེ་ལྷག་ནི།
རྒྱལ་སྲས།
ཡ་ ང་ལུ་བཙུནམ་གཅིག་འཚོལ་རང་འཚོལ་དགོ་པ་ཅིན་ ཁྱད་ཆོས་འདི་ཚུ་ཚང་དགོཔ་ཨིན།
ན་ཚོད་རུས་རིགས་དག་པས་སེམས་བསྒྱུར་འོས༔ གཡོ་མེད་མི་ཁྲོ་ཕྲག་དོག་སེར་སྣ་མེད༔ ངོ་ཚ་ཤེས་ཤིང་བག་ཡོད་གཏོང་ལ་མོས༔ །འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བ༔ བདག་གི་སེམས་དང་འགལ་བར་མི་བྱེད་དེ༔ དེ་འདྲའི་བུ་མོ་མཆིས་ན་བཀའ་སྩོལ་ཅིག༔ ཡ་ འདི་བཟུམ་གྱི་ཁྱད་ཆོས་ཚང་མི་བུམོ་གཅིག་འཐོབ་པ་ཅིན་ གཉེན་རྐྱབ་ནི་ཨིན། དེ་མེན་པ་ཅིན་ ང་གཉེན་མི་རྐྱབ།
ཟེར་ཡི་གུ་གཅིག་གཟིམ་དཔོན་གྱི་ཕྱག་ལུ་གནངམ་དང་གཅིག་ཁར་ཡོལ་ལི་བསྡམས་ཏེ་མཇུག་བསྡུག་ནི།

རྒྱབ་ཀྱི་མཐོང་སྣང་།
རྒྱ་གར་རྒྱལ་པོ་ཕོ་བྲང་ནང་འཁོད་ཀྱི་བཟོ་བཀོད་ཅན་གྱི་པར་ཅིག་བཞག་ནི།
ལས་རིམ།
རྒྱལ་བློན་ཚུ་ཁྲི་གུ་བཞུགས་ཏེ་ ག་ཅི་ཅིག་བསྒུག་སྟེ་སྡོད་པའི་ཚུལ་སྦེ་བཞུགས་ནི།
རྒྱལཔོ།
བཀའི་བློན་པོ་ཏྲི་ན་འཛིན་དེ་ རྒྱལ་སྲས་ཀྱིས་སྟོན་པའི་ ཆ་རྐྱེན་དེ་ཚུ་ཚང་མི་བཙུནམ་ཅིག་འཚོལ་བར་ སིང་ག་ལའི་གླིང་ཕྲན་ནང་སོང་ཡོད་རུང་། ད་ལྟོ་ཚུན་ཚོད་ཁོ་རང་ཡང་ལོག་ནི་མེད་པའི་ཁར་ ཡི་གུ་དང་ ཡངནི་ཁ་འཐེན་གཅིག་ཡང་མིན་འདུག ག་དེ་སྦེ་ར་འབད་དོ་ག་སྨོ།
དུས་ཚོད་དེམ་ཅིག་གི་བར་ན་སྒོ་ཁ་ལས་ གཟིམ་དཔོན་ནང་ན་འཛུལ་ཞིནམ་ལས།
གཟིམ་དཔོན།
ཀྱེ༑ རྒྱལ་པོ་རིན་པོ་ཆེ༑ བློན་པོ་ཏྲིག་ན་འཛིན་ཞབས་སར་བཅར་བར་འཐོན་འོང་ནུག་ལགས།
རྒྱལཔོ།
ནང་ན་ཤོག་ཟེར་སླབས་ཤིག།
བློན་པོ་ཏྲིག་ན་འཛིན་ཞབས་སར་བཅར་ཏེ་ ཕྱག་གཅིག་འཚལ་ སྤུས་མོ་བཙུགས་ཏེ་ཞུ་ནི།
བློན་པོ་ཏྲིག་ན་འཛིན།
རྒྱལ་པོའི་བཀའ་བཞིན་དུ་ སིང་ག་ལའི་གླིང་ལུ་ བཙུན་མོ་འཚོལ་བར་སོངམ་ད་ ཉིནམ་གཅིག་སངས་རྒྱས་ཀྱི་དུས་ཆེན་རྩིས་སྲུང་ཞུ་བའི་སྐབས་ལུ་ མཚན་ཉིད་ཚང་བའི་བུམོ་འོད་འཆང་མ་ཟེར་མི་གཅིག་མཐོང་ཅི་ལགས། མོ་ལུ་ཟུར་ཁ་བོ་སྟེ་ ལོ་རྒྱུས་དེ་ཚུ་ཞུཝ་ད་ མོ་རང་སྤྲུལ་པའི་རྒྱལ་སྲས་ཀྱི་བཙུནམ་སྦེ་འོང་ནི་གི་འདོད་པ་ཡོད་རུང་ མོ་རང་སིང་ག་ལའི་གླིང་གི་རྒྱལ་པོའི་སྲསམོ་གཅིག་ཨིནམ་ལས་ ཡབ་རྒྱལ་པོ་ལུ་ཞུ་དགོ་ཟེར་ཨིན་མས་ལགས། དེ་ལས་ཡབ་རྒྱལ་པོ་ཅན་དྲ་གོམ་ཤི་ལུ་བཞུགས་སར་བཅར་ཏེ་ཞུཝ་ད་ རྒྱལ་པོ་མཆོག་གིས་ སྲསམོ་དེ་རྒྱལ་པོ་ད་ཧའི་སྲས་ལུ་བྱིན་ཚར་ཡི། ནངས་པ་གནང་ཚེ་ཅིག་ཁར་བཙུན་མོ་གཏང་ནི་གི་དུས་ཚོད་རན་མཆིཝ་ལས་ ཨོ་རྒྱན་གྱི་རྒྱལ་སྲས་ལུ་གཏང་ཐབས་རྩ་ལས་མེད་ཟེར་ཨིན་མས་ལགས།
རྒྱལཔོ།
བུམོ་འོད་འཆང་མ་གདན་འདྲེན་ཞུ་མ་ཚུགས་པ་ཅིན་ རྒྱལ་སྲས་ཀྱིས་གཉེན་མི་རྐྱབ་ཟེར་ཨིན་མས། དེ་བ་འདི་ཐབས་ཤེས་ཅིག་སྟོན་པ་ཅིན་དྲག་ནི་ཨིན་མས། དབའེ༑ བློན་པོ་ཏྲིག་ན་འཛིན༑ ཁྱོད་ཀྱིས་སྔགས་པ་རྟེན་འབྲེལ་མཁན་པོ་ཆ་རོགས་སྦེ་ འཁྱིད་སོང་ཞིནམ་ལས་ བུ་མོ་འོད་འཆང་མ་རྒྱལ་པོ་ད་ཧའི་སྲས་ཀྱི་བཙུནམ་སྦེ་བྱོན་པའི་ལམ་ཁ་ལས་ མཐུ་དང་སྔགས་ཀྱིས་སྦེ་འཕྱོག་སྟེ་འབག་ཤོག་སྨ་རེ།
བློན་པོ།
ལགས་སོ་ལགས། བཀའ་བཞིན་ཞུ།
བློན་པོ་བྱོནམ་ད་ཅིག་ཁར་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི།

རྒྱབ་ཀྱི་མཐོང་སྣང་།
བཟོ་བཀོད་ལེགས་པའི་རྒྱ་གར་རྒྱལ་པོའི་ཕོ་བྲང་ནང་འཁོད་ཀྱི་པར་ཅིག་བཞག་ནི།
ལས་རིམ།
གྱལ་གི་སྦུག་ལུ་ དཀྱིལ་འཁོར་གྲུ་བཞི་མ་མཐོ་ཚད་མི་གཟུགས་ཙམ་ཅིག་གི་སྦུག་ལུ་སྟོན་པའི་སྐུ་འདྲ་དང་ གདོང་ཁ་ལས་མཆོད་པ་བསྒྲིགས་ཏེ་ཡོད་མི་ཅིག་བཞག་ནི། དེ་ལས་གསེར་སྒྲེང་དང་བཅས་པའི་ཐོག་ལས་ འཁྲབ་སྟེགས་ཀྱི་གཡས་ཕྱོགས་ལས་རྒྱལ་སྲས་བློན་འབངས་ཚུ་དང་། གཡོན་ཕྱོགས་ལས་བློན་པོ་ཏྲིག་ན་འཛིན་གྱིས་གཙོ་བྱས་པའི་ཞབས་རིམ་པ་ཚུ་གིས་ བཙུན་མོ་འོད་འཆང་མ་གདན་འདྲེན་ཞུ་ཞིནམ་ལས། དབུས་ཀྱི་ཁྲི་ལུ་རྒྱལ་སྲས་དང་། གཡས་ལུ་བཙུན་མོ་འོད་འཆང་མ། གཡོན་ལུ་ཡབ་རྒྱལཔོ། མདུན་གྲལ་ལུ་མཆོད་གནས་སྔགས་པ་གཅིག་ དེ་ལས་མཐའ་སྐོར་ལུ་བློན་འབངས་ཚུ་བཞུགས་ནི།
རྒྱལཔོ།
ད་རེས་ལས་ བུ་མོ་འོད་འཆང་མ་མཆོག་ རྒྱལ་སྲས་པདྨ་རྒྱལ་པོའི་རྒྱལ་བརྒྱུད་འཛིན་པའི་བཙུནམ་སྦེ་གསེར་ཁྲི་མངའ་གསོལ་ཞུ་ནི་ཨིན།
རྒྱལ་སྲས་དང་བཙུནམ་གཉིས་དཀྱིལ་འཁོར་གྱི་གདོང་ཁར་བྱོན་ཞིནམ་ལས་ གཅིག་གིས་གཅིག་ལུ་མེ་ཏོག་གི་ཕྱེངམ་བཏགས་ནི་དང་། བཀག་སྣེ་གི་མཐའམ་མདུད་ཕུད་བཏབ་སྟེ་དཀྱིལ་འཁོར་བསྐོར་ར་རྐྱབ་པའི་བར་ན་ མཆོད་གནས་སྔགས་པ་གིས་བཀྲ་ཤིས་པའི་ཚིགས་བཅད་འདོན་ཏེ་མེ་ཏོག་གཏོར་ནི།
སྔགས་པ།
བརྩེ་དུང་མི་འགྱུར་བརྟན་པའི་གངས་རི་ལས། །ལྷག་བསམ་ཁ་བའི་ཞུར་རྒྱུན་འབབ་པ་དེས། །ཆབ་འབངས་མི་སེར་ཐང་ལ་སིམ་ནས་ནི། །གུས་བཀུར་སྔོ་ཚལ་རྒྱས་པའི་བཀྲ་ཤིས་ཤོག །ལུས་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག །ངག་ལ་རྫུན་མེད་དྲང་པོའི་བཀྲ་ཤིས་ཤོག །སེམས་ལ་གཡོ་སྒྱུ་མེད་པའི་བཀྲ་ཤིས་ཤོག། །ཀུན་ལ་དམ་ཚིག་གཙང་བའི་བཀྲ་ཤིས་ཤོག།
དེ་ལས་ཁྲི་གུར་བཞུགས་ཞིནམ་ལས་ ཡབ་རྒྱལ་པོ་གིས་གཙོ་བྱས་ཏེ་ ཁྲི་དར་ཚུ་རིམ་པ་བཞིན་དུ་ཕུལ་བའི་བར་ན་ གླུ་གཞས་པ་ཚུ་གིས་ཞབས་ཁྲ་འཕུལ་ནི།
གླུ་གཞས་པ་ཚུ་གིས།
རྒྱལ་སྲས་ཉིན་བྱེད་དབང་པོའི། །ཞལ་གྱི་དཀྱིལ་འཁོར་ཤར་ཚེ།།
འོད་འཆང་པདྨའི་ཟེར་འབྲུ། །མ་ངོམས་རང་དབང་མིན་འདུག།
བརྩེ་དུངས་དར་སྐུད་སྣ་ལྔ། །ལས་ཀྱིས་ཐགས་སུ་འབྱེན་ཚེ།།
སྔར་ལས་འོད་མདངས་ཚེར་བའི། །གནམ་བཀོད་མེ་ཏོག་བཞེད་སོང་།།
སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། །རྒྱལ་སྲས་ཚུལ་དུ་བྱོན་ཚེ།།
སྒྲོལ་མ་མི་སེར་ཚ་ནས། །སྐད་ཅིག་བྲལ་ཐབས་མིན་འདུག།
རྔ་ཡབ་ཨོ་རྒྱན་གླིང་ལ། །རྒྱལ་སྲིད་མངའ་ཐང་རྒྱས་སོང་།།
བཙུན་མོ་ཁྲི་མངའ་གསོལ་སོང་། །མི་སེར་བདེ་ལ་བཀོད་སོང་།།
ཡོལ་ལི་བསྡམས་ནི།




༼མཐོང་སྣང་བཞི་པ།༽
རྒྱལ་སྲིད་སྤངས་ཏེ་འབྱོན་པའི་སྐོར།
རྒྱབ་ཀྱི་མཐོང་སྣང་།
རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་ འཁོར་ལྷ་དང་ལྷ་མོ་ཚུ་གིས་བསྐོར་ཏེ་ཡོད་མི་ཅིག་བཀོད་ནི།
ལས་རིམ།
དེ་ལས་ས་སྨུག་གི་ཚུལ་སྦེ་དུ་པ་བཏང་། འབྲུག་གི་སྒྲ་གྲགས། གློག་འོད་ཆམ་མ་ཆེམ་སྦེ་བཟོ་ཞིནམ་ལས་ རྒྱལ་སྲས་འཁྲབ་སྟེགས་གུར་འཐོནམ་དང་ཅིག་ཁར་ ནམ་མཁའ་ལས་ལུང་བསྟན་གྱི་སྒྲགས་གྲགས་ནི།
ལུང་བསྟན།
ཨེ་མ་ཧོ༔ རྒྱལ་པོའི་ཕོ་བྲང་དབུས་ན་ནི༔  ཆོས་ཀྱི་རྒྱལ་པོ་གནས་གྱུར་པ༔  བཙུན་མོ་སྡུ་གུའི་ཚོགས་ཀྱིས་བསྐོར༔ ཕན་ཚུན་གནས་ཀྱང་འདུ་བ་དག༔ དེ་དག་ཐམས་ཅད་མི་དགའ་ཞིང་༔ འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེད༔ དེ་ཡི་དུས་ལ་ད་བབ་བོ༔
རྒྱལ་སྲས་ཀྱི་ཐུགས་དགོངས་ལུ་ཤར་བའི་ཚུལ།
དབའེ༑ ཧེ་མ་ང་ དྲི་མེད་མདངས་ལྡན་གྱི་མཚོ་ལས་འོངས་པའི་ལམ་ཁ་ལུ་ རྒྱལ་པོའི་རྒྱལ་སྲིད་སྤངས་དགོ་པའི་རྟགས་དང་མཚན་མ་ལེ་ཤ་རང་ མཐོང་མི་དེ་ཚུ་ དུས་ཚོད་ལུ་བབས་བབས་བཟུམ་ཅིག་འདུག ད་ང་འགྱོ་དགོ་ནི་ཨིན་མས།
དེ་ལས་རྒྱལ་སྲས་བྱོནམ་དང་ཅིག་ཁར་ཡོལ་ལི་བསྡམས་ནི།


མཐོང་སྣང་།
ཕོ་བྲང་ནང་རྒྱལཔོ་གཟིམས་ཏེ་བཞུགས་ནི་དང་། རྒྱལ་སྲས་ནང་ན་འཛུལ་བ་དང་གློག་འོད་རིམ་གྱིས་འབར་ཏེ་སྐྱ་དུང་དུང་འགྱོཝ་ད་ རྒྱལཔོ་ཡར་བཞེངས་ནི།
རྒྱལཔོ།
དབའེ༑ ཉིནམ་ཤར་ནུག་མེན་ན།
དེ་ལས་རྒྱལ་སྲས་མཐོང་སྟེ་ སྤྱན་འཕྱག་ཅི་འཕྱག་ཅི་གསུངས་ནི།
རྒྱལཔོ།
དབའེ༑ རྒྱལ་སྲས༑ གནམ་ཕྱི་རུ་ལུ་ཡང་དེ་སྦེ་འོང་སྟེ། ག་ཅི་འབད་དཔ་སྨོ། སྟབས་མ་བདེཝ་ཅིག་བྱུང་བྱུངམ་འདྲ་བས་མེན་ན།
དེ་ལས་རྒྱལ་སྲས་ཀྱིས་སྤུས་མོ་བཙུགས་ ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཞུ་ནི།
རྒྱལ་སྲས།
ཡབ་རིན་པོ་ཆེ༑ ད་གཏི་མུག་གི་གཉིད་ལོག་སྟེ་ དོན་དག་མིན་འདུག་ ད་ ང་ རང་རྒྱུད་ཀྱི་ཉོན་མོངས་པ་དེ་ཚུ་སྤངས་ཏེ་ འཁོར་བའི་འདམ་ལས་དགྲོལ་བའི་ སངས་རྒྱས་ཀྱི་ཆོས་ཅིག་སྒྲུབ་པར་འགྱོ་ནི་ཨིན་ལགས།
ཡབ་རིན་པོ་ཆེ་ཐུགས་ངལ་མ་མཛད་པར་ ཐུགས་ཀྱི་དགོངས་པ་གནང་སྟེ་ བཀའ་དྲིན་བསྐྱང་གནང་ལགས།
རྒྱལཔོ།
ངེད་ཀྱི་གཉིད་ལམ་ནང་ཡང་ ཉིནམ་ལ་རྒྱབ་འཛུལ་ནི་དང་། ཁ་ལས་སོ་བུད་པའི་གཉིད་ལམ་ཅིག་མཐོང་ཅི་ས། ད་རེས་ ངེད་ཀྱི་ཧིང་དང་འདྲ་བའི་རྒྱལ་སྲས་ཁྱོད་ཀྱིས་ མ་ཧན་པའི་གཏམ་དེ་བཟུམ་ཅིག་སླབ་ནི་གི་རྟགས་མཚན་འོང་ནི་མས།
རྒྱལ་སྲས་རིན་པོ་ཆེ༑ སངས་རྒྱས་ཀྱི་གོ་འཕང་གྲུབ་རུང་ ལཱ་འདིནི་ སེམས་ཅན་གཞན་གྱི་དོན་མཛད་ནི་འདི་ཨིན། རྒྱལ་སྲས་ཆོས་བཞིན་དུ་སྐྱོང་སྟེ་མི་སེར་གྱི་སྐྱིད་སྡུག་གཟིགས་པ་ཅིན་ སེམས་ཅན་གྱི་དོན་སྒྲུབ་ནི་ཟེར་རུང་དེམ་ཅི་ཨིན་མས་མེན་ན།
རྒྱལ་སྲས།
འཇིག་རྟེན་པ་འདི་ཚུ་ རང་གི་ལུས་ལུ་འཕོག་པའི་སྡུག་བསྔལ་ཆུང་ཀུ་ཅིག་ཡང་བཟོད་མི་ཚུགས་པར་ ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་ཚུགས་མནོ་སྟེ་སྡོདཔ་མ་ཚད། ཚེ་མི་རྟག་པ་ཨིན་རུང་ དེ་ལུ་རྟག་པ་ཨིན་ཟེར་མནོ་སྟེ་སྡོདཔ་མས། དེ་བཟུམ་གྱི་འཇིག་རྟེན་པའི་སྦུག་ལུ་ང་མི་སྡོད། དེ་བ་འདི་ སྒྱུ་མ་དང་འདྲ་བའི་འཁོར་བ་འདི་སྤངས་ནི་གི་དོན་ལུ་ དམ་པའི་ཆོས་ཅིག་འབད་བར་འགྱོ་ནི་ཨིན་ལགས།
རྒྱལཔོ་ ཐུགས་སྐྱོ་བ་དང་ཁྲོ་བའི་རྣམ་འགྱུར་ཟུང་འབྲེལ་གྱི་ཐོག་ལས།
རྒྱལཔོ།
ཀྱེ་མ༑ ཁྱོད་དང་མ་འཕྱད་པའི་ཧེ་མ་ལས་ ང་ག་ཅི་སྦེ་མ་ཤིཝ་ཨིན་ན་སྨོ། འདི་བཟུམ་གྱི་སྡུག་བསྔལ་འདི་ ཤུལ་ལས་ཡང་འབྱུང་མ་བཅུག
ཟེར་གསུངས་ཞིནམ་ལས་ དབུ་སྤུར་ཏེ་གཟིམས་ནི་དང་ཅིག་ཁར་ ཡོལ་ལི་བསྡམས་ནི།

རྒྱབ་ཀྱི་མཐོང་སྣང་།
ཕོ་བྲང་གི་ཕྱིའི་བར་འཁྱམས་ཐོག་ཚད་ལེ་ཤ་ཡོད་མི་ཅིག་བཞག་ནི།
ལས་རིམ།
རྒྱལ་སྲས་རྣལ་འབྱོར་པའི་གོ་ལ་གྱོན༼ས་དྷུ་བཱ་བཱ་གི་གོ་ལ༽ ཕྱག་ལུ་གསེར་གྱི་རྡོ་རྗེ་སྦོམ་གཅིག་དང་ཁ་ཊམ་གཅིག་བསྣམས་ཏེ་ ཕོ་བྲང་སྟེང་གི་འཁྱམས་གཅིག་ནང་སྨྱོན་པའི་སྤྱོད་པ་སྟོན་ཏེ་བཞུགས་ནི་དང་། འོག་གི་ཐང་ཆེན་ནང་ལུ་བློན་འབངས་དེ་ཚུ་འཛོམས་ཏེ་ རྒྱལ་སྲས་ལུ་བལྟ་ཞིནམ་ལས་ ག་ཅི་མཛདཔ་ཨིན་ན་སྨོ། ཟེར་བ་ལ་སོགས་པའི་ཆིག་ལབ་རྒྱབ་སྟེ་སྡོད་པའི་བར་ན། རྒྱལ་སྲས་ཀྱི་ཕྱག་ལས་རྡོ་རྗེ་དང་ཁ་ཊམ་ག་བཤོར་ཏེ་ འོག་ལུ་ཡོད་པའི་ཨམ་སྲུ་ཨ་ལུ་འབག་མི་༼བློན་པོ་དབང་ཆེན་ཀ་ཏ་མའི་ཨམ་སྲུ༽ དེ་ལུ་འཕོག་སྟེ་མ་བུ་གཉིས་ཀ་ས་ལུ་འགྱེལ་ཞིནམ་ལས་ཤི་བའི་ཚུལ་སྟོན་ནི་དང་། མི་ཚུ་ག་ར་སྤུངས་ཏེ་སྐད་རྐྱབ་སྡོད་པའི་བར་ན་བློན་པོ་ཀ་ཏ་མ་ཡང་དེ་ནང་བྱོན། གནས་སྟངས་ཚུ་གཟིགས་ཞིནམ་ལས་ སྐད་རྐྱབ་ནི།
བློན་པོ་ཀ་ཏ་མ།
རྒྱལ་པོ་རིན་པོ་ཆེ༑ རྒྱལ་པོ་རིན་པོ་ཆེ༑
ཟེར་སྐད་རྐྱབ་སྟེ་སྡོད་པའི་བར་ན་རྒྱལཔོ་བྱོན་ནི་དང་། རྒྱལཔོ་གིས་གཟིགས་ཏེ་བཞུགས་པའི་བར་ན་བློན་པོ་ཀ་ཏ་མ་གིས་ཞུ་ནི།
ཀ་ཏ་མ།
རྒྱལ་པོ་རིན་པོ་ཆེ༑ རྒྱལ་སྲས་དེ་གིས་ཧེ་མ་ཡང་ ཨ་ལོ་གཅིག་བསད་བཏང་སྟེ་འབད་རུང་ རྒྱལ་པོ་མཆོག་གིས་དེ་ལུ་ཉེས་ཁྲིམས་ག་ནི་ཡང་མ་བཀལ། ད་རེས་འབད་ཚེ་ངེད་ཀྱི་ཨམ་སྲུ་དང་ཨ་ལོ་གཉིས་ཆ་རང་བསད་བཏང་ནུག ད་རེས་ཀྱི་འདི་ལུ་ཡང་ཉེས་ཆད་མེད་པར་གུ་ཡངས་གནང་པ་ཅིན། ང་བཅས་རའི་རྒྱལ་ཁབ་འདི་ནང་རྒྱལ་ཁྲིམས་མེདཔ་བཟུམ་ཅིག་ལུ་འགྱོ་ནི་དང་། ལྷག་པར་དུ་རྒྱལ་སྲས་ཀྱི་སྤྱོད་པ་འདི་ངན་པ་ལང་ཤོར་ལུ་འགྱོ་ནི་བཟུམ་ཅིག་འདུག་ལགས། དེ་འབདཝ་ལས་བརྟེན་ཏེ། ངནམ་མཐའ་ལུ་མ་བཏོནི། བཟངམ་གཡུས་ལུ་མི་འཁོར། ཟེར་བའི་དཔྱེ་བཟུམ་སྦེ། སྤྱོད་པ་འདུག་རྩུབ་ཆེ་བའི་རྒྱལ་སྲས་འདི་ལུ་ཉེས་ཆད་ཅིག་བཀལ་རང་བཀལ་དགོ་ལགས།
བློན་པོ་གཞན་གཅིག་གིས།
རྒྱལ་སྲས་ལུ་ཉེས་ཆད་མ་བཀལཝ་བཟུམ་ཅིག་འབད་བ་ཅིན། ཆུ་རྐ་ལས་མེདནི་གཟར་ལུ་ཆད། །ཁྲིམས་གོང་ལུ་མེདནི་འོག་ལུ་མེད།། ཟེར་སླབ་དོ་བཟུམ་སྦེ་ཤུལ་ལས་མི་སེར་དེ་ཚུ་གིས་ དེ་བཟུམ་གི་ལས་ངན་འབད་དེ་འཐོན་འོང་པ་ཅིན་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ལགས།
རྒྱལཔོ་ རྒྱལ་སྲས་ལུ་གཟིགས་ཏེ་ ཐུགས་སེམས་སྐྱོ་བའི་ཐོག་ལས་གསུངས་ནི།
རྒྱལཔོ།
རྒྱལ་སྲས་རིན་པོ་ཆེ༑ ངེད་ཀྱི་སེམས་ལས་འབད་བ་ཅིན། ཁྱོད་སྤྲུལ་པའི་སྐུ་གཅིག་ཨིན་ནི་དེ་གིས་ བློ་གཏད་ཧིང་གཏད་འབད་རང་ ངེད་ཀྱི་རྒྱལ་སྲས་སྦེ་ཞུ་ཞུཝ་ཨིན།

དེ་ལས་ཁྲོ་བོའི་རྣམ་འགྱུར་ཆུང་ཀུ་ཅིག་སྟོན་ཏེ་གསུངས་ནི།
རྒྱལཔོ།
ཨིན་རུང་ཁྱོད་ཀྱི་ཕྱག་ལཱ་མཛད་ཐངས་འདི་ལུ་བལྟ་བ་ཅིན། ཁྱོད་ཀྱི་ང་ལུ་ཞེ་སྡུག་འབད་དོ་བཟུམ་ཅིག་འདུག ཧེ་མ་ཡང་མི་གཅིག་བསད་བཏང་ཡི་ས་གིན། ད་རུང་ཡང་མ་བུ་གཉིས་བསད་བཏང་ནུག དེ་ག་དེ་སྦེ་སྨོ། ཁྱོད་རང་གིས་ཚར་ཅིག་སླབ་ཤིག
རྒྱལ་སྲས།
རྒྱལ་པོ་རིན་པོ་ཆེ༑ མ་གཞི་ང་གིས་ཁོང་ཆ་ཁྱབ་བསད་དགོ་མནོ་སྟེ་བསད་བསདཔ་རྩ་ལས་མེན་ལགས། རྡོ་གནམ་ཁར་བཀོཝ་ད་ བྱ་འཕུརཝ་ཁ་ཐུག་རྐྱབ། ཟེར་སླབ་དོ་བཟུམ་སྦེ། ཁོང་ཆ་ཁྱབ་ང་ལུ་ ཚེ་རབས་ཧེ་མ་གི་ལེན་ཆགས་བུ་ལོན་འཇལ་ནི་ཡོདཔ་ལས་ ཤི་བའི་རྐྱེན་དེ་ང་དང་འཕྱད་འཕྱདཔ་ཨིན་མས་ལགས། ཨིན་རུང་བློན་འབངས་དེ་ཚུ་གི་མཐོང་ཚུལ་ལུ་ ང་གིས་བསད་བསདཔ་བཟུམ་ཅིག་ཡར་སོངམ་ལས། རྒྱལ་ཁབ་ཁྲིམས་དང་འཁྲིལ་བའི་ཉེས་ཆད་ག་ཅི་བཀའ་གནང་རུང་ ཕྱག་ཕྱིས་ཞུ་ནི་ཨིན་ལགས།
རྒྱལཔོ་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ ཐུགས་སྐྱོ་བའི་རྣམ་པ་སྟོན་ཏེ་བཞུགས་ནི་དང་། དེ་ལས་བློན་འབངས་ཚུ་ལུ་གཟིགས་ཏེ།
རྒྱལཔོ།
ད་ ཁྱེད་ཆ་ཁྱབ་ཀྱིས་འབད་བ་ཅིན་ རྒྱལ་སྲས་ཉེས་ཆད་ག་ཅི་བཟུམ་ཅིག་བཀལ་བ་ཅིན་དྲག་ནི་ཨིན་མས་གོ།
ཀ་ཏ་མ་གིས་གཙོས་པའི་བློན་འབངས་རེ་རེ་གིས་ འོག་གི་དོན་ཚན་རེ་རེ་ཞུ་ནི།
མི་རེ་རེ་བཞིན་དུ་གིས།
གཅིག་གིས།༽ རྒྱལ་སྲས་ཀྱི་ཉེས་ཆད་འདི་ སྲོག་ཐོག་ལུ་བཏང་པ་ཅིན་དྲག་ནི་མས་ལགས། ༼གཞན་གཅིག་གིས།༽ རྒྱལ་ཁྲིམས་དང་འཁྲིལ་བ་ཅིན། རྒྱལ་ཁབ་འདི་ནང་ལས་མཐར་ཤུད་བཏང་དགོཔ་ཨིནམ་ལས། རྒྱ་གར་ཤར་ཕྱོགས་ལུ་མཐར་ཤུད་གཏང་པ་ཅིན་དྲག་ལགས། ༼གཞན་གཅིག་གིས།༽ ལྷོ་ཕྱོགས་བྷཻ་དར་བྷའི་གཡུས་ཁ་གཏང་པ་ཅིན་དྲག་ལགས། ༼གཞན་གཅིག་གིས།༽ ལི་ཡུལ་ལུ་གཏང་པ་ཅིན་དྲག་ལགས། ༼གཞན་གཅིག་གིས།༽ ཤམ་བྷ་ལ་ལུ་གཏང་པ་ཅིན་དྲག་ལགས།
རྒྱལཔོ།
ཧིང་༑ གནམ་བྱཱ་གི་བྱ་སྐད་ཉན་པ་ཅིན་ ཁུ་བྱུག་ཆགས་ས་མི་འཐོབ། རྒྱལ་སྲས་ཀྱི་ཉེས་ཆད་འདི་ སྲོག་ཐོག་ལུ་གཏང་པ་ལུ་ དང་པ་ཁོ་རང་སྤྲུལ་པའི་སྐུ་གཅིག་ཨིནམ་མ་ཚད། གཉིས་པ་སོངམ་ད་ ངེད་ཀྱི་སྲས་བཟུམ་ཅིག་ཨིནམ་ལས་ ང་གིས་ཁོ་སྲོག་ཐོག་ལུ་གཏང་ཐབས་མིན་འདུག དེ་བ་འདི་ ཨོ་རྒྱན་གྱི་རྒྱལ་ཁབ་ལས་མཐར་ཤུད་གཏང་ནི་ཨིན།
རྒྱལ་སྲས་ལུ་གཟིགས་ཞིནམ་ལས་གསུངས་ནི།
རྒྱལཔོ།
རྒྱལ་སྲས་རིན་པོ་ཆེ༑ རྒྱལཔོ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་བསྟུན་དགོཔ་ལས། ད་ང་ལུ་འབད་ཐབས་ཤེས་ག་ཅི་ཡང་མིན་འདུག ཨིན་རུང་ མཐར་ཤུད་གཏང་སའི་ས་གོ་འདི་ ཁྱོད་རང་གི་ཐུགས་འདོད་ཡོད་ས་གཅིག་ནང་གཏང་ནི་ཨིན། ད་ག་སྟེ་ཕྱོགས་ལུ་འགྱོ་ནི་ཨིན་ན་ ཁྱོད་རང་གསུངས་ཤིག
རྒྱལ་སྲས།
ངེད་ཀྱི་སེམས་ལུ་ སྐྱེ་ནི་དང་ཤི་ནི་ཟེརཝ་མེདཔ་ལས་ གསད་ནི་ཨིན་ཟེར་སླབ་རུང་འདྲོག་དགོཔ་མེདཔ་དང་། སྡོད་སའི་ས་གནས་ངེས་པ་མེདཔ་ལས་ ག་སྟེ་བསྐྱེལ་རུང་ ས་ཆ་དེ་ངེད་ཀྱི་གཞལ་ཡས་ཁང་བཟུམ་ཅིག་ཨིནམ་ལས་ རྒྱལ་པོ་ཁྱོད་རང་གིས་ག་སྟེ་གཏང་རུང་ ང་ལུ་ཁྱད་པར་རྩ་ལས་མེད་ལགས།
རྒྱལ་སྲས་ཀྱི་ལན་ལུ་བལྟ་སྟེ་ རྒྱལཔོ་ཐུགས་དགོངསམ་ཁྲེལ་ཞིནམ་ལས་ ཞལ་ཤོར་ནི།
རྒྱལཔོ།
ཨིན་ན། བཏུབ་ས། དེ་འབད་བ་ཅིན་ ཁྱོད་དུར་ཁྲོད་བསིལ་བ་ཚལ་ལུ་གཏང་ནི་ཨིན་སྨ་རེ།
བློན་པོ་གཅིག་གིས།
རྒྱལ་སྲས་ཀྱི་ཉེས་པ་དེ་དང་འཁྲིལཝ་ད་ དུར་ཁྲོད་བསིལ་བ་ཚལ་ལུ་མཐར་བཤུད་གཏང་ནི་འདི་ འོས་འབབ་ལྡན་ཏོག་ཏོ་ཅིག་ཨིན་མས་ལགས།
དེ་ལས་བློན་པོ་གཞན་ཚུ་གིས་ཡང་ དེ་ལུ་རྒྱབ་སྐྱོར་འབད་དེ་
བློན་པོ་གཞན་ཚུ་གིས།
ཨིན་མས་ལགས། ཨིན་མས་ལགས། ཨིན་མས་ལགས།
ཟེར་ཞུ་ཚརཝ་ད་ལུ། རྒྱལཔོ་སྤྱན་གནམ་ཁར་གཟིགས་ཞིནམ་ལས་ཨ་ཙི་ཅིག་ཐུགས་བསམ་བཞེས་ཏེ་བཞུགས་པའི་མཐའ་མར།
རྒྱལཔོ།
དབའེ༑ བཀའི་བློན་པོ་ཚུ༑ སྤྲུལ་པའི་རྒྱལ་སྲས་འདི་བཟུམ་ཅིག་ཧེ་མ་ཡང་མ་བྱོན་ས་གིན། ད་ན་ལས་ཕར་ཡང་མི་འབྱུངམ་འོང་། རྒྱལ་སྲས་རིན་པོ་ཆེ། ཧེ་མ་རབ་བྱུང་མཛད་ནི་ཨིན་ཟེརཝ་ད་ལུ་ཡང་ གཏང་མ་ནུམ་པར་བཞག་མི་འདི་ ད་རེས་དུར་ཁྲོད་བསིལ་བ་ཚལ་ལུ་གཏང་དགོ་ཟེརཝ་ད་ ངེད་ཀྱི་དོན་ཧིང་མགུ་ལུ་ཆུ་བླུ་དོ་བཟུམ་སྦེ་ མ་བདེཝ་སྦོམ་ཅིག་རང་ཚོརཝ་མས། ཁྱེད་བློན་པོ་ཚུ་ཐུགས་ཀྱི་དགོངས་པ་ཚར་གཅིག་ལེགས་ཤོམ་སྦེ་བཞེས་ཤིག
བློན་པོ་ཀ་ཏ་མ་གིས་ དེའི་འཕྲོ་ལས་ཞུ་ནི།
བློན་པོ་ཀ་ཏ་མ།
རྒྱལ་པོའི་སྨྲ་བ་ལན་གཅིག་དང་། གྲོས་མཁན་བློན་པོའི་མདུན་གྲོས་ལན་གཅིག་ཨིནམ་ལས་ ཚར་གཅིག་ཐག་བཅད་འབད་མི་དེ་ལུ་བཏུབ་སྦེ་བཞག་དགོ་ལགས།
རྒྱལཔོ་ག་ནི་ཡང་གསུངས་མ་ཚུགས་པར་ དབུ་ཕབས་སྟེ་བཞུགས་པའི་བར་ན་ཡོ་ལ་ལི་བསྡམས་ནི།

རྒྱབ་ཀྱི་མཐོང་སྣང་།
རྒྱ་གར་རྒྱལ་པོའི་ཕོ་བྲང་གི་རྒྱལ་སྒོའི་ཕྱི་ཁའི་པར་གཅིག་བཞག་ནི།
གྲ་སྒྲིག
རྒྱལ་སྲས་འཁྲབ་སྟེགས་གུ་བྱོན་ནི་དང་། ཟུར་ཁ་ལས་མི་དམངས་ལེ་ཤ་འཛོམས་ཏེ་ རྒྱལ་སྲས་བྱོན་མི་དེ་ལུ་སེམས་སྐྱོ་བའི་རྣམ་པ་སྟོན་ཏེ་སྡོད་པའི་བར་ན། བཙུན་མོ་འོད་འཆང་མ་རྒྱུགས་ཏེ་འོང་ཞིནམ་ལས་ རྒྱལ་སྲས་གུར་འཐམས་ཏེ་ཤུམ་པའི་ཐ་མར་སྤུས་མོར་ས་ཁར་བཙུགས་ཏེ་གླུ་འདི་འཕུལ་ནི།
འོད་འཆང་མ།
ཐག་རིང་རྒྱང་གི་གསེར་སྦྱངམ། །མེ་ཏོག་ཁྱོད་ལུ་འཁོར་རུང་།།
མེ་ཏོག་སེར་གྱིས་བཅོམ་ན། །གསེར་སྦྱངམ་ཆགས་ས་མི་འདུག།
རྒྱལ་སྲས་སྤྲིན་དཀར་ཕུང་པོ། །རྐྱེན་ངན་རླུང་གིས་འབག་ན།།
ཞིང་པའི་ལོ་ཐོག་རྩི་བཅུད། །འཐོབ་པའི་རེ་བ་མིན་འདུག།
ཁྱོད་ནི་ལྷ་བྱ་གོང་མ། །ང་ནི་ཁྱོད་ཀྱི་གྲིབ་མ། །ལྷ་བྱ་གང་དུ་འཕུར་ཡང་། །གྲིབ་མ་མཉམ་དུ་འཕུར་ཆོག།
གླུ་འཐེན་པའི་བར་ན་ རྒྱལ་སྲས་ཀྱི་རྒྱབ་ཕྱོགས་ལས་རྒྱལ་པོ་ཨིན་དྲ་བྷུ་ཏི་ཡང་བྱོན་ཞིནམ་ལས་གཟིགས་ཏེ་བཞུགས་ནི་དང་། མདུན་ཕྱོགས་ལས་ཕྱོགས་ཀྱི་རྒྱལ་ཆེན་བཞི་དང་ མཁའ་འགྲོ་སྡེ་བཞི་ རྟ་མཆོག་དཀར་པོ་དང་བཅས་པ་བྱོན་ཞིནམ་ལས། འོད་འཆང་མའི་གླུ་རྫོགསཔ་ཅིག་རྒྱལ་ཆེན་བཞི་གིས་སྤུས་མོ་ས་ཁར་བཙུགས་ཏེ་དུས་གཅིག་ལུ་ཞུ་ནི།
རྒྱལ་ཆེན་བཞི།
ཨེ་མ་ཧོ། རྒྱལ་པོའི་རྒྱལ་ས་ཐུན་མོང་སྐྱབས་གནས་མིན༔ །སྐྱེ་གནས་སོ་སོར་སྔ་ཕྱིར་སྤྲུལ་པའི་སྐུ༔ པད་འབྱུང་མ་ཡིན་ངེས་དོན་སྟོན་པ་མེད༔ ཐ་དད་དྲང་ཕྱིར་ཐེག་པ་སོ་སོ་ཀུན༔ ལྟ་སྤྱོད་སྦྱོར་སྒྲོལ་པད་འབྱུང་སངས་རྒྱས་ལམ༔ འབྲས་བུ་བདག་གཞན་མཆོག་ཐུན་སངས་རྒྱས་འགྲུབ༔
རྒྱལ་སྲས་རིན་པོ་ཆེ༑ ད་ལུང་བསྟན་དུས་ལུ་བབས་ཨིནམ་ལས་ ང་བཅས་ཕྱོགས་ཀྱི་རྒྱལ་ཆེན་བཞི་དང་མཁའ་འགྲོ་སྡེ་བཞི་ཚུ་ རྒྱལ་སྲས་རིན་པོ་ཆེ་གདན་འདྲེན་ཞུ་བར་བཅར་ཡི་ལགས། ད་བྱོན་གནང་།
དེ་ལས་རྒྱལ་སྲས་ཀྱིས་ ཞལ་ཕོ་བྲང་ལུ་ལོག་སྟེ་གཟིགས་ཞིནམ་ལས་ཕྱག་ཐལ་མོ་སྦྱར་ཏེ་སྨོན་ལམ་བཏབ། དེ་ལས་ཡབ་རྒྱལཔོ་དང་བཙུན་མོ་འོད་འཆང་མ་ལུ་གཟིགས་ཞིནམ་ལས།
རྒྱལ་སྲས།
ཡབ་རྒྱལ་པོ་མཆོག༑ ཁྱེད་ཀྱི་ང་ལུ་ཐུགས་ཀྱི་རེ་བ་སྦོམ་སྦེ་བསྐྱེད་དེ་ཡོད་རུང་ རྐྱེན་ངན་གྱི་དབང་གིས་སྦེ་ དེ་ཚུ་ང་གིས་འགྲུབ་མ་ཚུགས། ད་ང་ཡང་འགྱོ་ནི་གི་དུས་ཚོད་རནམ་ལས་ ཡབ་རྒྱལཔོ་སྐུ་ཁམས་བདེ་ཏོག་ཏོ་སྦེ་བཞུགས་གནང་ལགས། འོད་འཆང་མ༑ ངནི་དམ་པའི་ཆོས་ཀྱི་དོན་ལུ་དཀཝ་སྤྱད་པར་འགྱོཝ་ཨིནམ་ལས་ ཁྱོད་ཀྱི་སྐུ་གཟུགས་ག་ནི་བ་འཇམ། ག་ནི་ཡང་རེག་ས་མེད་མི་དེ་གིས་ ང་དང་གཅིག་ཁར་དཀཝ་སྤྱད་མི་ཚུགས། དེ་བ་འདི་ ངེད་ཀྱི་ཡབ་ཡུམ་གཉིས་དང་གཅིག་ཁར་དགའ་ཏོག་ཏོ་སྦེ་བཞུགས་སྨ་རེ། ད་ངནི་འགྱོ་བའི་དུས་ལུ་བབས་ཨིན།
དེ་ལས་རྒྱལ་སྲས་མདུན་ཕྱོགས་ཀྱི་རྟ་ལུ་ཆིབས་ནི་དང་། མཁའ་འགྲོ་སྡེ་བཞི་གིས་རྟའི་རྐང་ལག་བཞི་ནས་བཏེགས། རྒྱལ་ཆེན་སྡེ་བཞི་གིས་སྣ་དྲངས་ཏེ་ནམ་མཁའ་མཐོང་ལས་འཕུར་ཏེ་བྱོན་ནི། དེ་ལས་བཙུན་མོ་འོད་འཆང་མ་དྲན་མེད་བརྒྱལ། རྒྱལཔོ་དང་མི་དམངས་ཚུ་མྱ་ངན་གྱི་འབད་དེ་རྔུའི་བར་ན་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི་ཨིན།

རྒྱབ་ཀྱི་མཐོང་སྣང་།
ཉམས་དགའ་བའི་བྱག་ཕུག་གི་པར་ཅིག་བཞག་ནི།
ལས་རིམ།
དེ་ལས་རྒྱལ་སྲས་ཕེབས་བསྐྱེལ་དང་བཅས་པ་དེ་ན་བྱོན་ཞིནམ་ལས་ཆིབས་ལས་བབ་ནི།
རྒྱལ་སྲས།
ས་ཆ་ག་སྟེ་ཟེར་མི་འདི་ཨིན་མ་སྨོ། དབའེ༑ དེ་ནང་བྱག་ཕུག་ཉམས་དགའ་ཏོག་ཏོ་གཅིག་ཡང་འདུག བྱག་ཕུག་འདི་གི་མིང་ག་ཅི་ཟེར་སླབ་ཨིན་ན་སྨོ།
མཁའ་འགྲོ་སྡེ་བཞི།
ས་ཆ་འདི་ཆུ་བོ་ལྔ་ལྡན་གྱི་གཡུས་དང་། བྱག་ཕུག་འདི་ལུ་ བཀའ་སྐྱོང་བྱག་ཕུག་ཟེར་སླབ་ཨིན་ལགས། འདི་ནང་ལུ་རྣལ་འབྱོར་པ་ཉམས་ལེན་མཛད་མི་དང་ བྱ་དང་རི་དྭགས་མ་གཏོགས་ གཞན་ མི་ཅུང་གཅིག་ཡང་མཐོང་ནི་མེད་ལགས།
རྒྱལ་སྲས།
དབའེ༑ ཨིན་ན། དེ་འབདནི་ ང་ཡང་སྒྲུབ་པ་ཉམས་ལེན་འབད་དེ་ བྱག་ཕུག་འདི་ནང་སྡོད་ནི་ཨིན། ད་ཁྱེད་ར་ཆ་ཁྱབ་ རང་རང་གི་གནས་ལུགས་ལོག་སྟེ་བྱོན་སོང་སྨ་རེ།
མཁའ་འགྲོ་སྡེ་བཞི།
ལགས་སོ་ལགས། རྒྱལ་སྲས་རིན་པོ་ཆེ་ལུ་ རྐྱེན་ངན་བར་ཆད་རེ་འབྱུང་པ་ཅིན་ ཆ་རོགས་འབད་བར་བཅར་འོང་ལགས།
དེ་ལས་མཁའ་འགྲོ་སྡེ་བཞི་དང་ རྒྱལ་ཆེན་བཞི་པོ་ལོག་སྟེ་བྱོན་ཞིནམ་ལས་ རྒྱལ་སྲས་ཁོ་རང་རྐྱངམ་ཅིག་ བྱག་ཕུག་དེ་གི་གདོང་ཁར་ སྤྱན་ས་ལུ་ཕབ། ཞབས་རྡོ་རྗེ་དཀྱིལ་ཀྲུང་། ཕྱག་གཉིས་མཉམ་གཞག་སྦེ་བསྒོམ་རྐྱབ་སྟེ་བཞུགས་ནི།


བགོད་བྲོའི་ལས་རིམ།
རྒྱབ་ཀྱི་མཐོང་སྣང་།
རྒྱ་གར་ཁྲོམ་ཚོགས་ཀྱི་པར་ཅིག་བཞག་ནི།
ལས་རིམ།
སྦྱིན་བདག་དང་ཁོ་གི་བྱ་རོགས་གཉིས་འཐོན་ཏེ་བགོད་བྲོ་བསྒྱུར་ནི།
སྦྱིན་བདག
དབའེ༑ ཨཔ་རྡོས་སྒོར༑ ནང་ཤོག་ཤིག
རྡོས་སྒོར།
བཀའ་ག་ཅི་གནང་ནི་ཡོདཔ་ཨིན་ན་ལགས།
སྦྱིན་བདག
ང་ཁྱོད་ལུ་བློ་གཅིག་འདྲི་ནི་ཡོདཔ་ཨིན་སི། དེ་ག་ཅི་སྨོ་ཟེར་བ་ཅིན། ངེད་ཀྱི་ལག་མཐིལ་གུར་སྤུ་གཅིག་ཡང་མེད་པར་གཡའ་ཐལ་ཐལ་ར་ཨིན་པས་ དེ་ག་ཅི་སྦེ་ཨིན་ན་སྨོ།
རྡོས་སྒོར།
སྦྱིན་བདག་གིས་ཨ་རྟག་ར་ ཕྱག་ལས་གསོལ་ར་གནང་སྟེ་ར་བཞུགས་ནི་འདི་གིས་ཨིན་མས་སྟེ།
སྦྱིན་བདག
ཨ༑ ཨིན་ན། དེ་འབདནི་ ཁྱོད་ཀྱི་ལག་པར་ཡང་སྤུ་མི་འདུག་པ་ཡ། དེ་ག་ཅི་སྦེ་ཨིན་ན།
རྡོས་སྒོར།
ང་ཡང་ ཨ་རྟག་ར་ སྦྱིན་བདག་ལས་གསོལ་ར་ཞུ་སྟེ་ར་ སྡོད་ནི་དེ་གིས་ ངེད་ཀྱི་ལག་པར་ཡང་སྤུ་སྐྱེས་མ་ཚུགསཔ་ཨིན་མས་ལགས།
སྦྱིན་བདག
དབའེ༑ ཁྱོད་ཀྱིས་ག་ཅི་ཡང་སླབ་འོང་། དེ་འབད་བ་ཅིན། ཁྱོད་ཀྱི་ཆ་རོགས་དེ་ཚུ་ཡང་ ལག་པར་སྤུ་མི་འདུག་སྟེ། ཁོང་གི་ལག་པར་ག་ཅི་སྦེ་སྤུ་མེདཔ་ཨིན་ན།
རྡོས་སྒོར།
འེང་༑ དེ་འདི་ སྦྱིན་བདག་གིས་གསོལ་ར་གནང་སྟེ་ར་བཞུགས། ང་གིས་གསོལ་ར་ཞུ་སྟེ་ར་སྡོདཔ་ད་ ཁོང་ཆ་ཁྱབ་ལགཔ་གཡའ་སྟེ་ འཕུར་ཡི་ར་སྡོད་ནི་དེ་གིས་ཨིན་མས་ལགས། དེ་འབདཝ་ད་ ན་ཧིང་སྦྱིན་བདག་བྱོནམ་ལས་འགོ་བཙུགས་ཏེ་ ད་ ངེད་ཀྱི་ལག་པར་མ་ཚད་ རྣམ་ཅོག་ནང་ལས་ཡང་སྤུ་སྐྱེ་དོ་ལགས།
སྦྱིན་བདག
ག་ཅི་སྦེ།
རྡོས་སྒོར།
སྦྱིན་བདག་བྱོནམ་ལས་འགོ་བཙུགས་ཏེ་ གསོལ་རས་གནང་མི་མེདཔ་མ་ཚད་ ད་སྦྱིན་བདག་ལོག་བྱོན་ཞིནམ་ལས་ཟླཝ་གཅིག་དེ་ཅིག་སོང་རུང་ ག་ནི་ཡང་གནང་ནི་མི་འདུག་ལགས། སྦྱིན་བདག་ཕྱི་ཁར་བྱོནམ་ད་གསོལ་ར་གནང་ནི་བརྗེད་སོངམ་འདྲ་བས་མེན་ན་ལགས།
སྦྱིན་བདག
འ་འོ༑ དེ་གི་བློ་མ་སླབ། དེ་གི་སྐོར་ལས་གོཝ་ད་ར་ ང་ སེམས་འཁྲུལ་ཏེ་འདྲེག་ར་མི་ཚུགས་པས།
རྡོས་སྒོར།
ག་ཅི་སྦེ་ལགས།
སྦྱིན་བདག
ན་ཧིང་དེ་ཅི་ཁར་ རྒྱལ་སྲས་པདྨ་རྒྱལ་པོ་དེ་ རྒྱལ་སྲིད་ཀྱི་ལོངས་སྤྱོད་དང་ བཙུནམ་བྱ་རིམ་དེ་ཚུ་བཀོ་བཞག་སྟེ་ ཆོས་འབད་བར་བྱོན་སོང་ནུག དེ་ལས་ང་ཡང་མནོ་བསམ་ཅིག་བཏང་སྟེ་བལྟཝ་ད་ རོགས་རྒྱལ་པོའི་རྒྱལ་སྲིད་ལུ་ཡང་ཆགས་ཞེན་མེད་པར་སྤངས་ཚུགས་པ་ཅིན་ ང་འདི་རྟག་པ་མེད་པའི་ལོངས་སྤྱོད་ཆུང་ཀུ་འདི་བཟུམ་ཅིག་ལུ་ཆགས་སྟེ་སྙིང་པོ་ཅིག་ར་མིན་འདུག་མནོ་སྟེ་ རྒྱུ་ནོར་དེ་ཚུ་ག་ར་རོགས་ལུ་བྱིན་སྦེ། ཆོས་འབད་བར་སོང་སོངམ་ཨིན། ལོག་འབད་ཚེ་ཅིན་ རྒྱལ་སྲས་པདྨ་རྒྱལ་པོ་དེ་ ཁོ་རང་ཡང་སྤྱང་ཀ་འགྱོཝ་མ་ཚད་ ང་ཡང་སྤྱང་ཀ་བཟོ་དའི་སྟེ།  ད་ ག་དེ་སྦེ་འབད་བ་ཅིན་དྲག་ག་སྨོ། ཨཔ་རྡོས་སྒོར༑ ཁྱོད་ཀྱིས་ཐབས་ཤེས་ཅིག་སྟོན་ནི་མི་འདུག་ག
རྡོས་སྒོར།
འོང་། ནོརཔ་ཁ་ལུ་ཡོད་ཚེ་ལྕེ་གིས་འཕུལ། སེམས་ཅན་སྟག་གིས་མཆོང་སར་ཝམོ་གིས་མཆོངས། ཐབས་ཤེས་ཅིག་ར་ཡོད་པ་ཅིན་འདི་ ང་ཡང་ཁྱོད་ལས་གསོལ་ར་ཞུ་ཡི་ར་སྡོད་འོང་ག་སྟེ། ག་ཅི་ཨིན་རུང་ཁྱད་མིན་འདུག ངེད་ཀྱི་ཁྱིམ་ནང་ཚར་ཅིག་བྱོན་གེ་སྟེ། དེ་ལས་ཐབས་ཤེས་འོང་མེན་ན།
དེ་ལས་ཁོང་གཉིས་འགྱོཝ་ད་ཅིག་ཁར་ཡོལ་ལི་བསྡམས་ནི།







༼མཐོང་སྣང་ལྔ་པ།༽
དཀའ་སྤྱད་དང་ཐོས་བསམ་བསྒོམ་གསུམ་མཛད་པའི་ཚུལ།
མཐོང་སྣང་།
རྒྱབ་ཁར་བྱག་གི་པར་བཞག་ནི།
ལས་རིམ།
རྒྱལ་སྲས་བསྒོམ་སྒྲུབ་འབད་དེ་བཞུགས་ཚུལ་ གོང་ལུ་ཡོད་མི་དེ་འཕྲོ་མཐུད་མཛད་ནི།
དེ་ལས་དུས་ཚོད་ཨ་ཙི་ཅིག་ཁ་ལུ་ བདུད་ཀྱི་ཆོ་འཕྲུལ་བཟུམ་སྦེ་ གློག་འོད་ཆམ་ཆེམ་སྦེ་འབར་ཞིནམ་ལས་རླུང་འཚུབ་འཕུར། ས་གཡོམ་རྐྱབ་སྟེ་བར་ཆད་བྱུངམ་ད་ལུ་ ཞལ་རས་ཅུང་ཟད་ཁྲོ་བའི་རྣམ་འགྱུར་དང་ ཕྱག་གིས་སྡིག་མཛུབ་སྟོན་པའི་མཐའ་མར་ བར་ཆད་དེ་ཚུ་ཞི་སྟེ་ ཞི་འཇམ་གྱི་ཐོག་ལུ་གནས་སྟེ་དུས་ཡུན་མཐུང་ཀུ་ཅིག་བཞག་ནི། དེ་ལས་ཕྱི་རུ་གནམ་སྲོ་པའི་ཚུལ་སྦེ་གློག་འོད་བསད་པའི་གནག་དུང་དུང་གི་སྐབས་ལུ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ལྷ་ཞི་བའི་རྣམ་པ་ཅན་ཚུ་གིས་ རྒྱལ་སྲས་ལུ་བསྐོར་ར་རྐྱབ་སྟེ་ཡོད་པའི་བར་ན་གློག་བཏེག་ནི་དང་། དེ་ལས་ཁོང་ལུ་སྐོར་ར་ཚར་གསུམ་རྐྱབ་ཞིནམ་ལས་ རྒྱབ་བཤུད་རྐྱབ་སྟེ་རང་རང་སོ་སོའི་ཕྱོགས་ལུ་ལོག་བྱོན་ནི། ཨ་ཙི་ཅིག་ཁ་ལས་ རྒྱལ་སྲས་མཉམ་བཞག་ལས་ལང་ཞིནམ་ལས་སྤྱན་གཉིས་གྱེན་ལུ་གཟིགས་ཏེ་ཐུགས་ཀྱི་དགོངས་པ་ཤར་བའི་ཚུལ་སྟོན་ནི།
རྒྱལ་སྲས་ཀྱི་ཐུགས་དགོངས་ལུ་ཤར་ནི།
ང་ན་ལུ་བསྒོམ་སྒྲུབ་འབད་དེ་ ཞག་བདུན་བརྒལ་མ་ལང་རུང་ མཆོག་དང་མཐུན་མོང་གི་དངོས་གྲུབ་དེ་ཚུ་ཐོབ་མ་ཚད་ འཆི་བ་མེད་པའི་ཚེའི་དངོས་གྲུབ་ཡང་ཐོབ་ཅི། ད་རྒྱལ་བློན་ཚུ་གི་བཀའ་བཞིན་དུ་ དུར་ཁྲོད་བསིལ་བ་ཚལ་ལུ་འགྱོ་དགོ་ནི་ཨིན་མས།
དེ་ལས་ཡར་བཞེངས་ཏེ་བྱོན་ཞིནམ་ལས་ཡོལ་ལི་བསྡམས་ནི།


རྒྱབ་ཁའི་མཐོང་སྣང་།
འཇིགས་སུ་རུང་བའི་ནགས་ཚལ་གཅིག་ནང་ རྡོ་ལས་གྲུབ་པའི་རྒྱ་གར་གྱི་མཆོད་རྟེན་རྙིངམ་གི་པར་ཅིག་བཞག་ནི།
ལས་རིམ།
མདུན་གྱི་འཁྲབ་སྟེགས་གུར་ མི་རོ་དག་པ་གཅིག་བཞག་ཞིནམ་ལས་ ཤ་ཟ་སྲིན་པོ་དག་པ་ཅིག་མི་རོ་ལུ་ཧབ་འཐོབ་རྐྱབ་སྟེ་སྡོད་པའི་བར་ན་ རྒྱལ་སྲས་སྔགས་པའི་ཚུལ་སྦེ་ལུས་ལུ་ཐལཝ་བྱུགས་ སྟག་གཤམ་གྱོན་ཏེ་བྱོན་ནི།
དེ་སྒང་སྲིན་པོ་དེ་ཚུ་རྒྱལ་སྲས་ལུ་མཆོང་ས་མཆོང་ས་འབད་རུང་ མཆོང་མ་ནུམ་པར་ སོ་བསྡམ་མཆེ་བ་བཙིགས་ཏེ་ གདོང་ཁར་མཆོང་ རྒྱབ་བཤུད་རྐྱབ་ཅིག་ར་སྡོད་རུང་ རྒྱལ་སྲས་ལུ་ཡ་ང་ཐེ་ཚོམ་མེད་པར་ མཆོད་རྟེན་གྱི་གདོང་ཁར་བྱོན་ཞིནམ་ལས་ བསྒོམ་རྐྱབ་སྟེ་བཞུགས་ནི། དེ་ལས་དུས་ཡུན་ཨ་ཙི་ཅིག་ཁར་ལས་ རྒྱལ་སྲས་ཀྱིས་ སྲིན་པོ་དེ་ཚུ་ལུ་ ཕྱག་གིས་སྡིག་མཛུབ་མཛད་ སྤྱན་གྱིས་འབུར་ཚུགས་གཟིགས་ཞིནམ་ལས་གསུངས་ནི།
རྒྱལ་སྲས།
ང་ཆོས་ཉིད་ཀྱི་དོན་རྟོགས་ མཆོག་གི་དངོས་གྲུབ་ཐོབ་ཚརཝ་ཨིནམ་ལས་ འདྲེ་དང་སྲིན་པོ་གིས་ང་ལུ་གླག་མི་འཁེལ། དེ་བ་འདི་ ངེད་ཀྱི་བཀའ་ལུ་ཉོན་ཤིག།
དེ་ལས་སྲིན་པོ་དེ་ཚུ་ གཅིག་གིས་གཅིག་ལུ་བལྟ་ཡི་ར་ གོ་ལེ་གོ་ལེ་སྦེ་ རྒྱལ་སྲས་ཀྱི་གདོང་ཁར་འགྱོ་ཞིནམ་ལས་སྤུས་མོ་བཙུགས་ཏེ་སྡོད་ནི།
རྒྱལ་སྲས།
ཁྱོད་ཆ་ཁྱབ་ ཚེ་ཧེ་མ་ མ་རུངས་སྡུག་པའི་ལས་ངན་བསགསཔ་ལས་བརྟེན་ཏེ་ ད་ལྟོ་ཤ་ཟ་སྲིན་པོའི་ལུས་ལུ་སྐྱེས།  ཚེ་འདི་ལུ་ཡང་ འགྲོ་བ་སེམས་ཅན་ལུ་ཕན་པའི་ལཱ་ཟེར་མི་འདི་ ཏིལ་འབྲུ་ཙམ་ཅིག་ཡང་མི་འབད་བའི་ཁར་ ཤ་ཟ་ཁྲག་མཐུང་གི་ལཱ་འདི་རང་འབད་བ་ཅིན། གནག་ས་ལས་གནག་ས་འགྱོ་ནི་མ་གཏོགས་ ངན་སོང་གསུམ་གྱི་གནས་ལས་ཐར་བའི་གོ་སྐབས་ནམ་ཡང་མེད། དེ་བ་འདི་ སེམས་ཅན་ཐམས་ཅད་སྡུག་བསྔལ་མ་དགོ་མི་དང་། བདེ་བ་དགོ་མི་ཙང་ཙ་ཨིནམ་ལས་ གཞན་གྱི་སྲོག་ལུ་གནོད་པའི་ལཱ་འདི་སྤངས་ཞིནམ་ལས་ གཅིག་གིས་གཅིག་ལུ་བྱམས་སེམས་བསྒོམ། དཀར་པོ་དགེ་བའི་ལཱ་ལུ་བརྩོན་ཤིག གལ་ཏེ་ངའི་བཀའ་ལས་བརྒལ་ན་ སྐད་ཅིག་གཅིག་ལུ་རང་ ཁྱོད་ཆ་ཁྱབ་ཀྱི་ཁ་ལས་ཁྲག་སྐྱུགས། ལུས་ཐལ་བར་བརླགས་ཏེ་ དམྱལ་མནར་མེད་ཀྱི་གནས་ལུ་གཏང་ནི་ཨིན་སྨ་རེ།
སྲིན་པོ་ཚུ་གིས།
ཕྱིན་ཆད་རང་གི་སྲོག་ལུ་འབབ་རུང་ སྡིག་པའི་ལཱ་ཚུ་སྤངས་ཞིནམ་ལས་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཅི་གསུངས་བཀའ་བཞིན་ཞུ་ནི་ཨིན་ལགས།
དེ་ལས་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི།

རྒྱབ་ཁའི་མཐོང་སྣང་།
ལོ་རྟགས་བཅུ་གཉིས་དང་ གཟའ་སྐར་ཡོད་པའི་པར་གཅིག་བཞག་ནི།
མཐོང་སྣང་།
གདོང་ཁ་ལུ་ དྲང་སྲོང་སྲིད་སྒྲུབ་༼རྒྱ་གར་པཎྜི་ཏའི་ཚུལ༽ས་གཞོང་ནང་ལུ་ས་རིས་བསྒྱུར་ཏེ་བཞུགས་ནི། རྒྱལ་སྲས་སླར་ཡང་ རྣལ་འབྱོར་པའི་ཚུལ་སྦེ་བྱོན་ཞིནམ་ལས་སློབ་དཔོན་ལུ་ཞུ་ནི།
རྒྱལ་སྲས།
སློབ་དཔོན་རིན་པོ་ཆེ༑  འཇིག་རྟེན་སྲིད་པའི་རི་མོ་ རང་གི་ཕང་མ་ལས་ཤར་ཚུགས་པའི་ རྩིས་ཀྱི་རིག་པ་དེ་ཚུ་ཞུ་བར་བཅར་ཡི་ལགས། སློབ་དཔོན་རིན་པོ་ཆེ་གིས་ ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ་ ང་ལུ་གསུངས་གནང་ལགས།
སློབ་དཔོན།
ཡ་ རྩ་བར་སྡོད་ཤིག མ་གཞི་རྒྱ་གར་གྱི་ལུགས་སྲོལ་ལས་འབད་བ་ཅིན་ རང་སློབ་མ་ཅིག་ཨིནམ་ལས་ དང་པ་རང་སློབ་དཔོན་གྱི་ཞབས་ཏོག་སྒྲུབ་སྟེ་ཐུགས་ཀྱི་རེ་བ་བསྐང་དགོ། སློབ་དཔོན་གྱི་ཐུགས་ཀྱི་རེ་བ་ཆ་ཚང་མ་བསྐང་པར་ ཤེས་བྱ་རིག་པའི་གནས་དེ་ཚུ་ལྷབ་ནི་ཨིན་ཟེར་སླབ་པར་འཇམ་ཏོང་ཏོ་ཅིག་མེད། དེ་གི་ནང་ལས་ཡང་ རྩིས་ཀྱི་རིག་པ་དེ་ཚུ་ གསང་རྒྱ་འབད་དགོཔ་ལེ་ཤ་ཡོདཔ་ལས་ སློབ་དཔོན་དེ་ཚུ་གིས་ཐ་ན་རང་གི་བུ་ལུ་ཡང་ སྟོན་བྱིན་པར་ལཱ་ཁག་ཡོད། ཨིན་རུང་ ང་གིས་བལྟཝ་ད་ ཁྱོད་མི་གཞན་དང་མ་འདྲཝ་ཅིག་དང་ ཁྱོད་ལུ་སྐྱེས་བུ་དམ་པའི་མཚན་ཉིད་དེ་ཚུ་ལེ་ཤ་ར་ཚང་སྟེ་འདུག དེ་གིས་མ་ཚད་ རྩིས་ཀྱི་རིག་པ་དེ་ཁྱོད་ལུ་སྟོན་ཏེ་བྱིན་པ་ཅིན་ མ་འོངས་པ་ན་སེམས་ཅན་ལུ་ཕན་ཐོག་འབྱུང་ནི་བཟུམ་ཅིག་འདུག དེ་འབདཝ་ལས་ ངེད་ཀྱི་ཤེས་བྱ་དེ་ཚུ་མ་ཚངམ་མེད་པར་ག་ར་ཁྱོད་ལུ་སྟོན་ཏེ་བྱིན་ནི་ཨིན། ཡ༑ རྩ་བར་སྡོད་ཤིག
དེ་ལས་རྒྱལ་སྲས་དྲང་སྲོང་གི་རྩ་བ་སྡོད་ནི།
སློབ་དཔོན།
རྩིས་ཀྱི་རིག་པ་དེ་ལུ་མ་འདྲཝ་ལེ་ཤ་ཡོད་རུང་ ཚུར་བསྡུ་བ་ཅིན་ སིདྡྷནྟ། ག་ཎིཏ། ཕ་ལི་ཏ་ཟེར་མི་གསུམ་ནང་ལུ་བསྡུ་ནི་ཨིན། དང་པ་སིདྡྷནྟ་ཟེར་མི་འདི་སྣོད་བཅུད་ཀྱི་འཇིག་རྟེན་གྲུབ་ཚུལ་དང་། ད་ལྟོ་ག་དེ་སྦེ་གནས་ཏེ་ཡོད་པའི་སྐོར་ལས་བཤདཔ་ཨིན། དེ་གི་ན་ལས་ཁག་ཆེ་ཤོས་ར་ རྒྱུ་སྐར་ཉི་ཤུ་རྩ་བདུན་དང་། གཟའ་བདུན་དེ་ཚུ་ག་དེ་སྦེ་གནས་ཏེ་ཡོདཔ་ཨིན་ན་གི་སྐོར་དེ་ཨིན། དེ་ལས་ག་ཎི་ཏ་ཟེར་མི་འདི་ གཟའ་སྐར་གྱི་གནས་སྟངས་དེ་ཚུ་ས་རིས་ཨང་རྩིས་ཀྱི་ཐོག་ལུ་བསྟན་ལ་ཕབ་ཏེ་ ཉིནམ་རེ་རེ་གི་གཟའ་སྐར་དང་ དུས་སྦྱོར་སྟོན་མི་དེ་ཚུ་ཨིན། དེ་ལས་ཕ་ལི་ཏ་ཟེར་མི་འདི་ ཨང་རྩིས་ཀྱི་ཐོག་ལས་བསྟན་ལ་ཕབ་མི་དེ་ལུ་བལྟ་ཞིནམ་ལས་ སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ལུ་ བདེ་སྡུག་ག་ཅི་འབྱུང་ནི་ཨིན་ན་སྟོན་མི་དེ་ཚུ་ཨིན། དེ་ལས་དབྱངས་འཆར་གྱི་རྩིས་དེ་ ཕ་ལི་ཏ་གི་ཁོངས་སུ་གཏོགས་མི་ཅིག་ཨིན་རུང་ དེ་ནང་ རང་གི་བསྟན་པ་བསྲུང་ནི་གི་དོན་ལུ་ ཕ་རོལ་དགྲ་བོ་བཅོམ་ནི་གི་རྩིས་ཀྱི་རིག་པ་ལེ་ཤ་ཡོདཔ་ལས་ དེ་ཚུ་བསམ་པ་ངན་པའི་སློབ་མ་ཚུ་ལས་གསང་སྟེ་རྣ་བ་བཞི་ལྡན་སྦེ་བཞག་དགོཔ་ཨིན།   རྣ་བ་བཞི་ལྡན་ཟེར་མི་དེ་ཡང་ བཤད་མི་སློབ་དཔོན་དེ་གི་རྣ་མཆོག་གཉིས་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སློབ་མ་དེ་གི་རྣ་མཆོག་གཉིས་འབདཝ་ད་ བསྡོམས་ཏེ་རྣ་མཆོག་བཞི་ལས་བརྒལ་ཏེ་ གོ་མ་ཆོགཔ་ཨིནམ་ཁྱོད་ཀྱི་སེམས་ལུ་བཞག་གོ།
རྒྱལ་སྲས།
སློབ་དཔོན་རིན་པོ་ཆེ་ལགས༑ ནཱ་གིས་གསུངས་མི་འདི་ཚུ་ག་ར་ ངེད་ཀྱི་སེམས་ཁར་ངེས་ཅི་ལགས། དེ་ལས་ད་རུ་གཞན་ཡང་ འགྲོ་བ་སེམས་ཅན་གྱི་དོན་སྒྲུབ་ནི་དང་ རྗེས་སུ་བཟུང་ནི་གི་དོན་ལུ་ གསོ་བ་སྨན་གྱི་རིག་པ་དེ་ཡང་ སློབ་དཔོན་མཆོག་གིས་རང་སྟོན་ཏེ་བཀའ་དྲིན་བསྐྱང་གནང་ལགས།
སྲིད་སྒྲུབ།
མ་གཞི་ང་གིས་ཡང་ གསོ་བ་རིག་པ་ཨ་ཙི་རེ་ཤེས་ ཨིན་རུང་ ཁྱོད་ཀྱི་རིག་པ་དང་ དོན་གཉེར་དེ་དང་འཁྲིལ་བ་ཅིན་ ང་གིས་ཤེས་མི་དེ་གིས་ ཁྱོད་ཀྱི་བསམ་པའི་རེ་བ་རྫོགས་མི་ཚུགས་ནི་ཨིན་པས། དེ་བ་འདི་ གསོ་བ་རིག་པའི་གཞུང་ལུ་མཁསཔ་མ་ཚད་ ཕ་བརྒྱུད་བུ་བརྒྱུད་སྦེ་ གསོ་བ་རིག་པ་ལུ་ཉམས་ལེན་མཛད་མི་ གཡུས་པདྨ་ཅན་ལུ་ སྨན་པ་འཚོ་བྱེད་གཞོན་ནུའི་བུ་ངོ་མ་བཞུགས་ཏེ་ཡོད། ཁྱོད་ཀྱིས་འཚོ་བྱེད་གཞོན་ནུའི་བུ་བཞུགས་སར་སོང་སྨ་རེ།
རྒྱལ་སྲས།
ལགས་སོ། སློབ་དཔོན་རིན་པོ་ཆེ་བཀའ་དྲིན་ཆེ་ལགས།
ཟེར་ཞུ་ཞིནམ་ལས་ བལ་གྱི་ཤ་ཝཱལ་དཀརཔ་ཅིག་ཕུལ་ནི་དང་། སློབ་དཔོན་གྱིས་དེ་མགུལ་ལུ་བཞེས་ཞིནམ་ལས་ ཕྱག་གིས་རྒྱལ་སྲས་ལུ་བྱམས་བྱམས་འབད་བའི་ཞོར་ཁར་གསུངས་ནི།
སྲིད་སྒྲུབ།
བུ་ཁྱོད་ཀྱིས་ ཤེས་བྱ་རིག་པའི་གནས་ག་ར་ལུ་སྦྱངས་བཙོན་འབད་དེ་ འགྲོ་བ་སེམས་ཅན་ལུ་ཕན་པའི་རེ་བ་དང་ སྨོན་ལམ་ང་ལས་ཡོད། ཡ་ ད་སོང་སྨ་རེ།
རྒྱལ་སྲས།
ལགས་སོ་ལགས།
ཟེར་ཞུ་ཞིནམ་ལས་ ཁོ་རའི་ཇཱོ་ལ་དེ་འབག་ཏེ་བྱོན་ཞིནམ་ལས་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
སངས་རྒྱས་སྨན་བླའི་སྐུ་པར་དང་ཅིག་བཞག་ནི།
ལས་རིམ།
ཟུར་ཁ་སྟེགས་རིངམ་ཅིག་གུར་སྔོ་སྨན་དང་སྨན་གྱི་ཤེལ་དམ་དག་པ་ཅིག་བཀྲམ་ཏེ་བཞག་ནི། དེ་ལས་འཚོ་བྱེད་གཞོན་ནུའི་བུ་གོ་ལ་ཀུར་ཏ་དང་པ་ཡི་ཇ་མ་དཀར་སངས་ཅིག་བཞེས་ཏེ་ཁྲི་ཆུང་ཀུ་ཅིག་གུར་བཞུགས་ནི་དང་། སློབ་མ་དག་པ་ཅིག་ཆོས་ཞུ་བར་འོང་པའི་ཚུལ་སྦེ་འོངས་ཏེ་རིམ་པ་བཞིན་དུ་རྩ་བར་སྡོད་ནི། དེ་ལས་སློབ་མ་གཅིག་འོངས་ཞིནམ་ལས་སློབ་དཔོན་ལུ་ཞུ་ནི།
སློབ་མ།
སློབ་དཔོན་རིན་པོ་ཆེ་ལགས༑ ནུབ་བྱང་ཨོ་རྒྱན་གྱི་གཡུས་ཁ་ལས་འོངས་པའི་མི་གཅིག་ སློབ་དཔོན་མཇལ་བར་འཐོན་འོང་ནུག་ལགས།
འཚོ་བྱེད།
ག་ཅི་འབད་བར་ཨིན་ན་སྨོ། ག་ཅི་ཨིན་རུང་ ནང་ན་ཤོག་ཟེར་སླབ།

སློབ་མ་དེ་ཕྱི་ཁར་འཐོན་ཞིནམ་ལས་ ནང་ན་རྒྱལ་སྲས་དང་ཅིག་ཁར་འཛུལ་ནི། སློབ་མ་དེ་ཟུར་ཁར་རྩ་བར་སྡོད་ནི་དང་། རྒྱལ་སྲས་ཀྱིས་ རྒྱ་གར་གྱི་ལུགས་སྲོལ་སྦེ་ སློབ་དཔོན་གྱི་ཞབས་ལུ་ཕྱག་གིས་གཏུགས་ཞིནམ་ལས་ འབུལ་བ་སྒྲོམ་ཆུང་གཅིག་ཕུལ། སྤུས་མོ་ས་ཁར་བཙུགས་ ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཞུ་ནི།
རྒྱལ་སྲས།
སློབ་དཔོན་རིན་པོ་ཆེ་གི་མཚན་གྱི་སྙན་གྲགས་རྒྱང་ལས་ཐོས་ཏེ་ ཉིནམ་གཅིག་གི་ཞག་དུས་ཡང་མ་ཐེག་པར་ ཉིན་མཚན་བཏུད་མར་འགྲོ་འགྲུལ་འབད་དེ་ སློབ་དཔོན་རིན་པོ་ཆེའི་ཞབས་སར་བཅར་བ་འོང་དགོ་མི་དེ་ཡང་ འགྲོ་བ་སེམས་ཅན་གྱི་དོན་ལུ་ གསོ་བ་རིག་པ་ཅིག་ལྷཔ་ནི་སྦེ་འོང་ཡི་ལགས། སློབ་དཔོན་མཆོག་གིས་ཐུགས་རྗེ་བཀའ་དྲིན་བསྐྱང་གནང་ལགས།
འཚོ་བྱེད།
ཡ་ དེ་སྦེ་ཨིན་པ་ཅིན་ བརྟེན་འབྲེལ་བཟང་ནུག ད་རེས་ང་ཡང་ སློབ་ཕྲུག་ཚུ་ལུ་ཡན་ལག་བརྒྱད་པའི་གཞུང་གི་བཤད་འཁྲིད་འབད་ཡི་བསྒང་ཨིན། ཁྱེད་རང་ཡང་ཁོང་དང་ཅིག་ཁར་ཉན་པ་ཅིན་བཏུབ་སྦེ་མེན་ན།
རྒྱལ་སྲས།
ལགས་སོ་ལགས།
འཚོ་བྱེད།
ད་རེས་གནས་ལུགས་ནད་གཞི་གི་སྐོར་ལས་སྟོན་ནི་ཨིན།
དེ་ཡང་ང་བཅས་རའི་ལུས་ལུ་ ནད་དང་ལུས་ཟུངས་དྲི་མ་ཟེར་གསུམ་ཡོད། ནད་འདི་ལུ་རླུང་མཁྲིས་བད་ཀན་ཟེར་གསུམ་དང་། ལུས་ཟུངས་འདི་ལུ་ དྭངས་མ། ཤ ཁྲག ཚིལ་ལུ། རུ་ཏོ། རྐང་། ཁུ་བ་ཟེར་བདུན། དྲི་མ་འདི་ལུ་གཤང་། གཅི་བ། རྔུལ་ནག་ཟེར་རྣམ་པ་གསུམ་ཡོད། མ་གཞི་རླུང་མཁྲིས་བད་ཀན་གསུམ་འདི་ནད་ཅིག་ཨིན་རུང་ དེ་ཚུ་ང་བཅས་རའི་ལུས་ལུ་དགོཔ་ཨིན། དེ་ག་དེ་སྦེ་ཟེར་བ་ཅིན། རང་གི་ལུས་ལུ་རླུང་མཁྲིས་བད་ཀན་གསུམ་དེ་ཆ་མཉམ་འདྲན་འདྲ་སྦེ་ཡོད་པ་ཅིན། བཞེས་དགོ་ག་ཅི་ཟ་རུང་ ཟས་ཀྱི་བཅུད་དེ་དྭངས་མ་ལུ་འགྱོ་ཞིནམ་ལས་ ཤ་ཁྲག་ཚིལ་ལུ་རྐང་དང་ཁུ་བ་དེ་ཚུ་རིམ་གྱིས་རྒྱས་ནི་དང་། དེ་ལས་དྲི་མ་གཤང་གཅི་རྔུལ་ནག་དེ་ཚུ་ཡང་དུས་ཐོག་ལུ་བབས་ཏེ་ ལུས་སེམས་བདེ་ཏོག་ཏོ་སྦེ་སྡོད་ཚུགསཔ་ཨིན།
ད་ རླུང་མཁྲིས་བད་ཀན་གསུམ་པོ་ཆ་མཉམ་པར་ ཕྲལ་ཕྲལ་རླུང་འཕེལ། ཕྲལ་ཕྲལ་མཁྲིས་པ་རྒྱས། ཕྲལ་ཕྲལ་བད་ཀན་ལངས་ཏེ་འབད་བ་ཅིན། དེ་ལས་ལུས་ཟུངས་ལུ་སྐྱོན་ཤོར། དེ་ལས་གཤང་གཅི་དུས་ལུ་མི་འབབ་པར་ ལུས་ལུ་ན་ཚ་འབྱུངམ་ཨིན།
ཡ་ད་རེས་བཤད་མཚམས་དེ་གུར་བཞག་ཞིནམ་ལས་ སྨན་རྫས་ཀྱི་ངོ་སྤྲོད་དུམ་དྲག་ཅིག་འབད་གེ།
དེ་ལས་སློབ་དཔོན་བཞེངས་ཏེ་བྱོན་ཞིནམ་ལས་ སྨན་རྫས་ཤེལ་དམ་རེ་རེ་སྦེ་འཐུ་ཏེ་གསུངས་ནི།
འཚོ་བྱེད།
སྨན་རྫས་འདི་ཚེ་འཕེལ་བདུད་རྩི་ཟེར་མི་འདི་ཨིན། སྨན་འདི་དྲོ་པ་ཁ་ལག་འཁྱུ་ཚརཝ་ད་ སྔགས། ཨོཾ་ཨ་མ་ར་ཎི་ཇཱི་ཝནྟི་སྭཱ་ཧཱ། ཟེར་མི་འདི་སྦྱངས་ཞིནམ་ལས་ཟ་བ་ཅིན་ ནད་གདོན་ཞི། ལུས་སྟོབས་རྒྱས། ཚེ་ཡང་རིནམ་སྦེ་སྡོད་བཏུབ།  འ་ནི་ སྙིང་ནད་སྨན་ཇ་ཟེར་མི་འདི་ཨིན། ཇ་འདི་འཐུང་པ་ཅིན་ ཁྲག་འགག་སྟེ་ཡོད་མི་དང་། དོན་ཧིང་ལུ་ཟུག་རྐྱབ་མི། སེམས་ལུ་དངངས་སྐྲག་སྐྱེས་མི། སེམས་མ་བདེ་མི་དེ་ཚུ་ལུ་ཕན།
དེ་ལས་ཁྱེད་ཆ་ཁྱབ་རེ་རེ་གིས་ སྨན་རྫས་རེ་རེ་གདམ་ཁ་རྐྱབ་ཞིནམ་ལས་ དེ་ཚུ་ག་ཅི་ལུ་ཕནམ་ཨིན་ན་དང་། ག་ཅི་ལུ་གནོདཔ་ཨིན་ན་ཚུ་གི་སྐོར་ལས་ཞིབ་འཚོལ་འབད་དེ་འབྲི་འབག་ཤོག།
དེ་ལས་ཁོང་ཆ་ཁྱབ་འགྱོཝ་ད་ཅིག་ཁར་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
ལྷ་མོ་དབྱངས་ཅན་མའི་པར་ཅིག་བཞག་ནི།
ལས་རིམ།
རྒྱབ་ཡོལ་ཡོད་པའི་ཁྲི་ཆུང་གཅིག་གུ་པཎྜི་ཏ་བཞུགས་ནི། དེ་ལས་སློབ་མ་གཞན་དག་པ་ཅིག་དང་རྒྱལ་སྲས་ཡང་དེ་ཁར་བཞུགས་ཞིནམ་ལས་ ག་ར་གིས་དབྱངས་ཅན་མ་ལུ་བསྟོད་པ་ཕུལ་ནི།
དབྱངས་ཅན་མའི་བསྟོད་པ།
         ཡཱ ཀུནྡེནདུཏུཤཱརཧཱར དྷབལཱ  ཡཱ ཤུབྷྲབསྟྲཱབྲྀཏཱ།
         ཡཱ བཱིཎཱབར དཎྜམཎྜིཏཀརཱ  ཡཱ ཤྦེཏཔདྨཱསནཱ།
         ཡཱ བྲཧྨཅཡུཏཤནྐརཔྲབྷྲྀཏིབྷིཿ དེབཻཿ སདཱ པཱུཇིཏཱ།
         སཱ མཱཾ པཱཏུ སརསྦཏཱི བྷགབཏཱི ནིཿ ཤཻཤཿ ཇཱཌཡཱ པཧཱ།།
བསྟོད་པ་མཇུག་བསྡུ་ཞིནམ་ལས་ སློབ་སྦྱོང་ངོ་མ་འགོ་བཙུགས་ནི།
པཎྜི་ཏ།
ལེགས་སྦྱར་གྱི་སྒྲ་མདོ་འདི་གི་ནང་དོན་བསྡུ་བ་ཅིན། མིང་སྒྲུབ་ཚུལ་དང་། ཚིག་སྒྲུབ་ཚུལ་གཉིས་སྦེ་ཡོད། མིང་དེ་ཚུ་སྒྲུབ་ནི་ཨིན་པ་ཅིན་ རྩ་བའི་བྱིངས་ཟེར་ འགྲུབ་གཞིའི་ཚིག་ངོ་མ་དེ་ལུ་ ཕོའི་རྐྱེན་དང་མོའི་རྐྱེན། དེ་ཕན་གྱི་རྐྱེན་ལ་སོགས་པ་སྦྱར་ཏེ་བཟོ་ནི་ཨིན། དེ་ལས་ཚིག་སྒྲུབ་ནི་ཨིན་པ་ཅིན། བྱིངས་ཀྱི་ཐ་མར་རྣམ་དབྱེ་སྦྱར་ཏེ་བཟོ་ནི་གཅིག་དང་། བྱ་ཚིག་སྦྱར་ཏེ་བཟོ་ནི་ཁག་གཉིས་ཡོད། དེ་ལས་ད་རེས་རྣམ་དབྱེ་གི་སྐོར་ལས་ལྷབ་ནི་ཨིན།
ཡ རྣམ་དབྱེ་དེ་ཚུ་རྗེས་ཟློས་འབད་དེ་སླབས་ཤིག
འོག་གི་རྣམ་དབྱེ་དེ་ཚུ་སློབ་དཔོན་གྱིས་གསུངས་ཞིནམ་ལས་ སློབ་མ་ཚུ་གིས་རྗེས་ཟློས་འབད་དེ་ལྷབ་ནི་ཨིན།

          
དེ་བཟུམ་སྦེ་རྣམ་དབྱེ་རེ་རེ་ལུ་རྐྱེན་གསུམ་གསུམ་རེ་འབདཝ་ད་ རྣམ་དབྱེའི་རྐྱེན་ཉི་ཤུ་རྩ་གཅིག་ཡོད་མི་དེ་ཚུ་ བློ་ལུ་བཟུང་སྟེ་ ནངས་པར་སྐྱོར་ནི་ཡོདཔ་སྦེ་འབད་དགོ་སྨྲ་རེ།
སློབ་མ་ཚུ་གིས།
ལགས་སོ་ལགས།
ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རྒྱ་གར་གྱི་རྩྭ་ཁྱིམ་ཆུང་ཀུ་གཅིག་གི་པར་བཞག་ནི།
ལས་རིམ།
གདོང་ཁར་གཡུས་ཁ་གི་ཨམ་གཅིག་རྫམ་བཟོ་སྟེ་སྡོད་པའི་སྐབས་ལུ་རྒྱལ་སྲས་དེ་ན་བྱོན་ནི། ཨམ་དེ་གི་བློ་སླབ་ཐངས་དེ་སྒྲ་མ་དྭགཔ་སྦེ་སླབ་ནི།
རྒྱལ་སྲས།
དབའེ་ཨ་མ༑ ཁྱོད་ཀྱི་རྫམ་བཟོ་ཐངས་དེ་ ང་ལུ་ཡང་སྟོན་གནང་མས། ང་ཡང་ཁྱོད་བཟུམ་སྦེ་རྫམ་ཅིག་བཟོ་ནི་ཨིན་ས།
ཨམ།
འོ་ལོ། བལྟ་ཤིག སྐུ་གཟུགས་རྨ་བྱ་བཟུམ་ཅིག་གིས་ རྫམ་བཟོ་ནི་ལོ། རྫམ་བཟོ་ནི་མེན་པར་ ངའི་བུམོ་འདི་ལུ་རྫམ་ཅུ་རྐང་ལག་ཡོད་མི་ཅིག་བཟོ་ནི་འོང་།
རྒྱལ་སྲས།
མེན། ཨ་མ་མེན། ང་གིས་རྫམ་བཟོ་ནི་ལྷབ་ཞིནམ་ལས་ མི་གནགཔ་མཉམ་ཆུང་དེ་ཚུ་ལུ་སྟོན་ནི་སྦེ་ཨིན། ཨ་མ། ཁྱོད་ཀྱིས་སྟོན་གནང་མས།
ཨམ།
ཧིང་། མ་གཞི་ཁྱོད་མི་གཞན་དང་མ་འདྲཝ་ཅིག་ཨིན་མས་ས། ལྷཔ་ནི་ར་ཨིན་པ་ཅིན་ ཨ་མ་གིས་སྟོན་བྱིན་གེ་ནོ། ཤོག་ཤིག།
རྒྱལ་སྲས།
རྫམ་བཟོ་ནི་གི་རྒྱུ་འདི་ལུ་མ་འདྲཝ་ག་དེ་སྦེ་ཡོད་ག། དེ་ལས་བཟོ་ཐངས་ཀྱི་རིམ་པ་དེ་ཚུ་ག་དེ་སྦེ་ཨིན་ན་སྨོ།
ཨམ།
རྫམ་གྱི་རྒྱུ་དེ་ལུ་ ས་དང་རྡོ། གསེར་དངུལ་ཟངས་ལྕགས་ ག་ཅི་གིས་ཡང་བཟོ་བཏུབ། དེ་ལས་བཟོ་ཐངས་དེ་རབ་བྱུང་པ་ཅིན་ རྡོ་དང་གསེར་དངུལ་ཟངས་ལྕགས་བཞུར་ཞིནམ་ལས་བླུགས་ཏེ་བཟོ་ནི། འབྲིང་ཨིན་པ་ཅིན་རྡོ་ལུ་པ་ཏྲ་བརྐོ་སྟེ་བཟོ་ནི་དང་། ཐ་མ་ས་འདམ་ལས་བཟོ་ནི་དེ་ཨིན། ས་འདམ་དེ་ཡང་ དང་པ་རྩིས་ཡོད་པའི་ས་དམརཔ་བརྐམས་ཞིནམ་ལས་བརྡུངས། དེ་ལས་བསྲིག་ཞིནམ་ལས་ འདམ་ ག་ལྷ་རན་ཏོ་ཏོ་སྦེ་སྦྱོར། དེ་ལས་འཁྲུལ་འཁོར་འདི་གུ་བཀལ་ཏེ་ བཟོ་བལྟ་ལགཔ་གིས་སྟོན་ནི་ཨིན་ལགས།
དེམ་ཅིག་གི་བར་ན་དགེ་སློང་གཉིས་བྱོན་ནི།
རྒྱལ་སྲས།
བཙུན་པ༑ ག་ཏེ་ཕྱོགས་ལུ་བྱོན་ནི་ཨིན་ན་ལགས།
དགེ་སློང་།
ཚེ་དང་ལྡན་པ༑ ང་བཅས་གཉིས་བྲག་དམར་བྱ་སྐྱིབས་ཟེར་ས་ལུ་ གསང་སྔགས་ཀྱི་བདག་པོ་ སློབ་དཔོན་པྲ་བྷ་ཧསྟི་བཞུགས་ས་ལུ་ཆོས་ཅིག་ཞུ་བར་འགྱོ་ནི་ཨིན།
རྒྱལ་སྲས།
ང་ཡང་ཧེ་མ་ལས་རང་ གསང་སྔགས་ཀྱི་ཆོས་ཅིག་ཞུ་ནི་གི་རེ་བ་སྦོམ་སྦེ་རང་ཡོདཔ་ཨིན། ང་ཡང་བཙུན་པ་ཁྱེད་གཉིས་དང་ཅིག་ཁར་ ཆོས་ཅིག་ཞུ་བར་འགྱོ་བ་ཅིན་བཏུབ་ག་སྨོ་ལགས།
དགེ་སློང་།
འེང་། ཀྲིག་ཀྲི་ཨིན་མས་སྟེ། ས་ཐག་རིང་ས་འགྱོ་དགོཔ་ལས་ང་བཅས་གཉིས་ལུ་ཡང་ཆ་རོགས་ཕན་ནི་ཨིན་མས། འགྱོ་གེ་ འགྱོ་ཤིག
རྒྱལ་སྲས་ཀྱིས་ ཨམ་དེ་ལུ་གཟིགས་ཞིནམ་ལས།
རྒྱལ་སྲས།
ཨ་མ༑ བཀའ་དྲིན་ཆེ། ཁྱོད་ལས་ལྷཔ་མི་ཡོན་ཏན་དེ་ཚུ་དང་ ཁྱོད་ཀྱི་ཐུགས་རྗེ་བཀའ་དྲིན་དེ་ཚུ་ངེད་ཀྱི་སེམས་ཁར་ར་བཞག་འོང་། ཤུལ་ལས་མཇལ་གེ་སྨྲ་རེ། 
ཨ་མ།
འོ༑ འོ༑ འབྱོན་ཤིག་དེནི།
དེ་ལས་རྒྱལ་སྲས་དེ་དགེ་སློང་གཉིས་དང་ཅིག་ཁར་བྱོན་པའི་ཤུལ་ལུ་ ཨམ་དེ་གིས་ཆིག་ལབ་རྐྱབ་ནི།
ཨ་མ།
དཔའོ་དབའེ༑ ངོ་མ་ཤེས་པའི་བུཚུ་བྱ་རིམ་དེ་ཚུ་ལུ་འདི་ བློ་གཏད་ནི་མེན་པས་སྨྲ་རེ། གདོང་ཁར་གཱ་འཕྱད་མི་དེ་ འབད་ནི་ཟེར་སྒྲེག་མཆིཝ་མས། བལྟ་ཤིག ད་ཅི་ར་རྫམ་བཟོ་ནི་ཟེར་ཞིནམ་ད་ དནི་གསང་སྔགས་ཀྱི་ཆོས་ཞུ་བར་འགྱོ་ཡི་ལོ།
ངེད་ཀྱི་བུམ་འདི་གིས་ཡང་ འཕྲལ་འཕྲལ་ར་ཆ་རོགས་ཨིན་ཟེར་ མི་ངོ་མ་ཤེསཔ་རེ་འཁྱིད་འོང་ནི་འདུག་ས། ད་ཚར་ཅིག་འཁྱིད་ཤོག་མས། གཉིས་ཆ་ར་ང་གིས་ སྦུལ་བརྡུངམ་དེ་ར་བརྡུང་གེ་ནོ།
དེ་ལས་ཁོང་གསུམ་ཕྱོགས་གཅིག་ལས་འཛུལ་ནི་དང་། ཨམ་དེ་ཕྱོགས་གཅིག་ལས་འཛུལ་ཚར་བའི་ཤུལ་ལུ། ཕྱོགས་གཅིག་ལས་ སློབ་དཔོན་པྲ་བྷ་ཧསྟི་ གྲུབ་ཐོབ་པའི་ཆ་ལུགས་སྦེ་ཨང་ར་དང་བསྒོམ་ཐག་གྱོན་ཏེ་བྱོན་ཞིནམ་ལས་ བསྒོམ་ཐག་དཀྱིས་ཏེ་སེམས་དཔའི་དཀྱིལ་ཀྲུང་སྦེ་བཞུགས་ཚརཝ་ད་ རྒྱལ་སྲས་དང་དགེ་སློང་གསུམ་བྱོན་ནི།
དགེ་སློང་།
སློབ་དཔོན་རིན་པོ་ཆེ༑ ང་བཅས་གསུམ་པོ་ ད་རེས་རྡོ་རྗེ་སློབ་དཔོན་མཆོག་ལས་ ཚེ་གཅིག་ལུས་གཅིག་ལུ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་ཚུགས་པའི་ གསང་སྔགས་ཀྱི་ཆོས་ཅིག་ཞུ་བར་བཅར་ཡི་ལགས། སློབ་དཔོན་མཆོག་གིས་རྗེས་སུ་གཟུང་དུ་གསོལ།
དེ་ལས་ཁོང་གསུམ་པོ་རེ་རེ་གིས་འབུལ་བ་རེ་ཕུལ་ནི་དང་། དེ་གི་ཤུལ་ལས་སློབ་དཔོན་ཁྲོ་བའི་ཐོག་ལས་ ཁོང་གསུམ་གྱི་རྐང་པ་ལས་མགོ་ཏོ་ཚུན་ཚོད་ སྤྱན་གྱིས་འབུར་ཚུགས་གཟིགས་ཞིནམ་ལས་གསུངས་ནི།
སློབ་དཔོན།
མ་གཞི་གསང་སྔགས་ཀྱི་སློབ་མ་ལུ་བརྟག་ཤིང་དཔྱད་དགོཔ་ལེ་ཤ་ཡོད། ཨིན་རུང་ བལ་པོའི་སེ་འུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། ཟེར་དོ་བཟུམ་སྦེ་ ཁྱེད་གཉིས་རྟེན་དགེ་སློང་ཨིནམ་མ་ཚད་ གཅིག་དེནི་ བལྟ་བའི་སྒང་ལས་རང་ཡིན་ལུགས་ཚུལ་ལྡན་ཅིག་འདུག དེ་འབདཝ་ལས་ང་གིས་ཤེས་ཤེས་མཐོང་མཐོངམ་ཅིག་སྟོན་ཏེ་བྱིན་གེ། གསང་སྔགས་ཀྱི་ལུང་མེད་པར་རྒྱུད་ཀྱི་གཞུང་ལྷག་མི་ཆོག དེ་བཟུམ་སྦེ་དབང་དང་རྗེས་གནང་མ་འཐོབ་པར་གསང་སྔགས་ཀྱི་ཉམས་ལེན་འབད་མི་ཆོག དེ་འབདཝ་ལས་ ཁྱེད་གསུམ་ལུ་དང་པ་ར་བྱིས་པ་འཇུག་པ་ཐུན་མོང་གི་དབང་གནང་གེ། ཁྱེད་རང་ཚུ་དབང་གི་ཅ་ལ་སྒྲིག་ཤིག།  
དེ་ལས་ཁོང་གསུམ་དང་སློབ་མ་དག་པ་ཅིག་གིས་ ལྕོགས་སྒྲོམ་གཅིག་གུར་ མཆོད་གཏོར་ དུང་ཆོས་བསྒྲིགས། དེ་ལས་ལྕོགས་སྒྲོམ་གཅིག་བླ་མའི་གདོང་ཁར་བཀལ་ཞིནམ་ལས་ དེ་གུ་རྡོ་རྗེ་དྲིལ་བུ་བུམ་པ་བཅས་སྒྲིག་ཞིནམ་ལས་སློབ་མ་ཚུ་རྩ་བར་སྡོད་ནི་དང་། བླ་མའི་ཕྱག་ལུ་བུམ་པ་བསྣམས་སྟེ།
བླ་མ།
ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་འཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀྟ་ས་མ་ཡ་ཤྲི་ཧཱུྃ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་འདོན།
བུམ་པ་ལྕོགས་སྒྲོམ་གུར་བཞག་ རྡོར་དྲིལ་བསྣམས་ཞིནམ་ལས་ རྡོ་རྗེ་སོར་བའི་ཕྱག་རྒྱ་དང་དྲིལ་བུ་དཀྲོགས་ཏེ་ཡིག་བརྒྱ་འདོན་ཏེ་དབང་བསྐུར་བའི་ཚུལ་མཛད་ནི་དང་། དེ་ལས་རྡོར་དྲིལ་ལྕོགས་སྒྲོམ་གུར་བཞག་ནི།
བླ་མ།
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི།
ཞེས་པའི་ཚིག་གཉིས་པོ་རྗེས་ཟློས་འབད་བཅུག་ནི།
བླ་མ།
ཡ་ ད་སྨིན་བྱེད་དབང་གི་རིམ་པ་དེ་ཚུ་ཚརཝ་མ་ཚད། རྫོགས་བྱེད་ལམ་གྱི་རིམ་ལས་ཡང་ ངན་སོང་སྦྱོང་བའི་རྒྱུད། ཁྲོ་བོ་རྣམ་རྒྱལ་གྱི་རྒྱུད། ཡོ་ག་ཅཱརྱ་དང་། ལས་ཀྱི་རྟོགས་པའི་རྒྱུད་ལ་སོགས་པའི་རྒྱུད་དེ་ཚུ་གི་ཟབ་འཁྲིད་དང་ཉམས་ལེན་ཧ་ལམ་ཚང་སོངཔ་ལས་ ཁྱེད་ར་ཆ་ཁྱབ་ཀྱི་རྒྱུད་ལུ་ཡང་རྟོགས་པ་དགའ་རབས་སྐྱེས་ནུག ལྟ་བ་སྤྲོས་བྲལ་གྱི་ངང་ལས་མ་གཡོ་བར་གནས་ཚུགས་པ་ཅིན་བསྒོམ་པ་ཟེར་རུ་ལོགས་སུ་མེད། ལྟ་བ་དང་བསྒོམ་པ་ཟུང་འཇུག་དེ་ལུ་གནས་པའི་ཚེ་ ཕྱིའི་འཇིག་རྟེན་གྱི་བསམ་ཚུལ་དང་མཐུན་པའི་བྱ་བ་སྤྱོད་ལམ་ཅིག་རང་བཞིན་གྱིས་འཐོན་ནི་ཡོད། འ་ནི་ལུ་ཤུགས་འབྱུང་གི་སྤྱོད་པ་ཟེར་སླབ་ཨིན། རྟོགས་པ་ལྷ་དང་མཉམ་རུ་ སྤྱོད་པ་མི་དང་བསྟུན་དགོ། ད་རྟོགས་པའི་རྒྱུན་སྐྱོང་ནི་མ་གཏོགས་ ང་དང་ཅིག་ཁར་སྡོད་དགོཔ་ཅིག་ཡང་མེདཔ་ལས་ རང་རང་སོ་སོའི་གནས་ལུ་ལོག་སྟེ་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་སོང་སྨྲ་རེ།
རྒྱལ་སྲས།
སངས་རྒྱས་བསྟན་པའི་གཞི་མ་འདི་དགེ་སློང་ལུ་ཐུགཔ་ཨིནམ་ལས་ ང་ དམ་པའི་ཆོས་འདུལ་བ་ལུ་རབ་ཏུ་བྱུང་ནི་ཨིན་ལགས། དེ་གི་སྡོམ་པ་ཅིག་ཡང་སློབ་དཔོན་མཆོག་གི་ར་གནང་སྟེ་བཀའ་དྲིན་བསྐྱང་གནང་ལགས།
བླ་མ།
སངས་རྒྱས་བསྟན་པའི་དོན་ལུ་ རབ་ཏུ་བྱུང་ནི་འདི་ལེགས་ཤོམ་ཅིག་ཨིན་མས། དེ་འབདཝ་ད་ རབ་བྱུང་དང་དགེ་སློང་གི་སྡོམ་པ་དེ་ཚུ་ང་བཟུམ་གྱི་སྔགས་པ་གཅིག་ལས་ཞུ་ནི་མེན་པར། ལུས་ལུ་ཆོས་གོས་རྣམ་གསུམ་བཞེས། རྒྱུད་ལུ་ལྔ་ཚན་ཉེར་གཅིག་གི་ཡོན་ཏན་ལྡན་པའི་མཁན་པོ་དང་ལས་ཀྱི་སློབ་དཔོན་ཚུ་ལས་ཞུ་དགོཔ་ཨིན། སངས་རྒྱས་སྐུ་དངོས་ཀྱི་སློབ་མ་དང་སྤུན་ཆ་ཨིན་མི་གནས་བརྟན་ཀུན་དགའ་བོ་ད་ལྟོ་འཚོ་ཞིང་བཞེས་ཏེ་བཞུགས་ཡོད། སྡོམ་པ་དེ་ཚུ་གནས་བརྟན་ཀུན་དགའ་བོ་ལས་ཞུ་སོང་སྨྲ་རེ།
རྒྱལ་སྲས།
ལགས་སོ་ལགས། བཀའ་དྲིན་ཆེ།
ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རྒྱབ་ཁར་བྱག་གི་པར་གཅིག་བཞག་ནི།
ལས་རིམ།
དེ་གི་གདོང་ཁར་ལས་མར་དགེ་སློང་གཅིག་ ཆོས་རྣམ་གསུམ་དང་ལྷུང་བཟེད་མཁར་བསིལ་བསྣམས་ཏེ་བསོད་སྙོམས་ལུ་བྱོནམ་ད་རྒྱལ་སྲས་དང་མཇལ་ཕྲད་བྱུང་ནི།
རྒྱལ་སྲས།
བཙུན་པ༑ བཙུན་པ༑ གནས་བརྟན་ཀུན་དགའ་བོ་ག་ཏེ་ལུ་བཞུགསཔ་ཨིན་ན་ལགས།
དགེ་སློང་།
ཚེ་དང་ལྡན་པ༑ གནས་བརྟན་མཆོག་ དུས་ཅི་གི་དབྱར་གནས་འདི་ཨ་སུ་རའི་བྱག་ཕུག་འདི་ནང་བཞུགས་ནི་སྦེ་ནང་ལུ་བྱོན་ཏེ་ཡོད། ཨིན་རུ་ད་ལྟོ་བསོད་སྙོམས་ལུ་བྱོན་སོངམ་འོང་། མ་གཞི་གནས་བརྟན་མཆོག་དང་མཇལ་ཏེ་ དོན་དག་ག་ཅི་བཟུམ་ཅིག་ཞུ་ནི་ཡོདཔ་ཨིན་ན་སྨོ།
རྒྱལ་སྲས།
འཁོར་བའི་བྱ་བ་སྤངས་ཏེ་ དམ་པའི་ཆོས་གཅིག་སྒྲུབ་ནི་དོན་ལུ་ གནས་བརྟན་མཆོག་ལས་དགེ་སློང་གི་སྡོམ་པ་ཅིག་ཞུ་ནི་སྦེ་ཨིན་ལགས།
དགེ་སློང་།
དེ་སྦེ་ཨིན་པ་ཅིན་ ཁྱེད་རང་གནས་སྐབས་ཅིག་དགེ་སློང་ཚུ་གི་ཕྱག་ཕྱིས་ཞུ་སྟེ་སྡོད། དེ་ལས་ནངས་པ་གནང་ཚེ་ ཚེས་བཅུ་ཐམ་ལུ་གནས་བརྟན་མཆོག་གིས་ ཉི་མ་གུང་པ་དང་། གཞན་ཡང་ཁོང་དགེ་ཚུལ་དག་པ་ཅིག་ལུ་ དགེ་སློང་གི་སྡོམ་པ་གནང་ནི་ཨིན་པས་ དེ་སྒང་གཅིག་ཁར་ཞུ་བ་ཅིན་བཏུབ་པས་མེན་ན།
རྒྱལ་སྲས།
ལགས་སོ་ལགས། དེ་སྦེ་ཨིན་པ་ཅིན་ ང་ཡང་བསྒུགས་ཏེ་སྡོད་དགོ་ནི་ཨིན་མས་ལགས།
དགེ་སློང་།
ཇི་ཏེ་ར་ཧོ།
དེ་ལས་དགེ་སློང་བསོད་སྙོམས་ལུ་བྱོན་ནི་དང་། རྒྱལ་སྲས་མཆོག་བྱག་ཕུག་གི་ཕྱོགས་ལུ་འགྱོ་བའི་བར་ན་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རྒྱ་གར་གྱི་གཙུག་ལག་ཁང་ནང་གི་པར་ཅིག་བཞག་ནི།
ལས་རིམ།
གཡས་ཕྱོགས་ཀྱི་བཞུགས་ཁྲི་གུ་ལུ་སྟོན་པའི་སྐུ་འདྲ་དང་། གཡོན་ཕྱོགས་ཀྱི་བཞུགས་ཁྲི་གུ་ལུ་གནས་བརྟན་ཀུན་དགའ་བོ་ཁྲི་ཁར་བཞུགས་ནི། མཁན་པོ་གི་ཟུར་ཁར་དགེ་སློང་གཉིས་༼ལས་ཀྱི་སློབ་དཔོན་དང་གསང་སྟེ་སྟོན་པའི་སློབ་དཔོན།༽ ཡར་བཞེངས་ཏེ་སྡོད་ནི། གྲལ་གཡས་དང་གཡོན་ལུ་དགེ་སློང་བཞི་བཞི་བཞུགས་ནི། དེ་ལས་རྒྱལ་སྲས་དང་ ཉི་མ་གུང་གཉིས་གཉིས་ཆོས་གོས་གྱོན་ཞིནམ་ལས་འཁྲབ་སྟེགས་ཁར་འོང་ནི།
ལས་ཀྱི་སློབ་དཔོན་བྱོན་ཞིནམ་ལས་ ཞལ་ཁོང་གཉིས་ལུ་ཞག་སྒོར་ཏེ་ ལག་པའི་ཕྱག་རྒྱ་དང་བཅས་པའི་སྒོ་ལས་གསུངས་ནི།
ལས་ཀྱི་སློབ་དཔོན།
ཐོག་མར་སྟོན་པ་དང་ དེ་ནས་མཁན་པོ་ལ་ཕྱག་མཛད་པར་ཞུ།
ཁོང་གཉིས་ཀྱིས་སྟོན་པ་ལ་ཕྱག་གསུམ། དེ་ལས་མཁན་པོ་ལུ་ཕྱག་གསུམ་འཚལ་ཏེ་མཁན་པོའི་སྐུ་མདུན་འགྱོ་ནི། དེ་ལས་མཁན་པོ་གིས་སྣམ་སྦྱར་ལྟབ་ཞིནམ་ལས་ ཁོང་གཉིས་ཀྱི་ཕྱག་ལྟག་གཡོན་པར་བཀལ་ནི། དེ་ལས་ཁོང་གཉིས་བསྔོཝ་ཞུ་དོ་བཟུམ་སྦེ་སྡོད་ཞིནམ་ལས་གསོལ་བ་བཏབ་ནི།
ཁོང་གཉིས།
མཁན་པོ་འདུལ་བ་འཛིན་པ་དགོངས་སུ་གསོལ། བདག་་་་་་་་་་་་་་༼རང་རང་སོ་སོའི་མིང་བཙུགས་ནི། གཅིག་པདྨ་རྒྱལ་པོ། གཅིག་ཉི་མ་གུང་པ།༽ ཞེས་བྱ་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར་དུ་ དགེ་སློང་དུ་གསོལ།
ཚིག་དེ་ཚར་གསུམ་ཞུ་བའི་ཐ་མར་མཁན་པོ་གིས་སེ་གོལ་དཀྲོགས་ཏེ་གསུངས་ནི།
མཁན་པོ།
ཐབས་ཡིན་ནོ།
ཁོང་གཉིས།
ལེགས་སོ།
ལས་ཀྱི་སློབ་དཔོན་གྱིས་ཐུར་ཤིང་གཅིག་འབག་འོང་ཞིནམ་ལས་ཁོང་གཉིས་ལུ་གསུངས་ནི།
ལས་སློབ།
དེ་རིང་ཉི་མ་བྱང་བགྲོད་དབྱར་ཟླ་ཡར་ངོའི་ཡར་ཚེས་བཅུ་ སྔ་དྲོ་སྐྱེས་བུ་གསུམ་དང་རྩ་བ་བཅུ་ལ་ ཁྱེད་གཉིས་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན་ནོ།
ལས་སློབ་ཀྱིས་ཕྱག་གི་བརྡ་སྟོན་ཞིནམ་ལས་ ཁོང་གཉིས་རྩ་བར་སྡོད་བཅུག་ནི་དང་། དེ་གི་ཤུལ་ལས་མཁན་པོ་གིས་བསླབ་པ་བརྗོད་ནི།
མཁན་པོ།
རྩ་བ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་དགུ་བཅུ་སྟེ། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །འདུལ་ཁྲིམས་ཉེས་བརྒྱ་ལྔ་བཅུ་རྩ་གསུམ་འདི། །མིག་གི་འབྲས་བཞིན་རྒྱུན་དུ་བསྲུང་བར་བྱའོ།།
ལས་སློབ་ཀྱིས་ཕྱག་བརྡ་སྟོན་ཞིནམ་ལས་མཁན་པོ་ལུ་ཕྱག་འཚལ་བཅུག་ནི་དང་ དེ་ལས་མཁན་པོ་གིས་ཁོང་གཉིས་ལུ་སྟོན་པའི་སྐུ་ཆུང་ཀུ་རེ་གནང་ནི། དེ་ལས་མཁན་པོ་མ་གཏོགས་གཞན་ག་ར་ཚར་ཅིག་ཕྱི་ཁར་འཐོན་ཞིནམ་ལས་ ལོག་སྟེ་རང་ནང་ནང་ན་འཛུལ་ཏེ་གྱལ་ཁར་ཆོས་ཞུ་བའི་ཚུལ་སྦེ་སྡོད་ནི།
སུ་མི་ཏྲ།
སྟོན་པ་བཅོམ་ལྡན་འདས་ཀྱི་ཉེ་གནས་གཙོ་བོ་གཅིག་ གནས་བརྟན་ཆེན་པོ་ཁྱེད་རང་ཨིནམ་ལས་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ས་གནས་ག་ཏེ་ལུ་ཆོས་ག་ཅི་བཟུམ་ཅིག་གསུངས་གསུངསམ་ཨིན་ན་དང་། ཆོས་ཀྱི་རྣམ་གྲངས་དེ་ཚུ་ ཚད་སྦེ་འབད་བ་ཅིན་ མང་ཉུང་ག་དེམ་ཅིག་དེ་ཅི་གསུངས་ཡི་ག་ དེ་གི་སྐོར་ལས་ང་བཅས་ལུ་ཚར་ཅིག་གསུངས་ཏེ་བཀའ་དྲིན་བསྐྱང་གནང་ལགས།
ཀུན་དགའ་བོ།
སྟོན་པ་བཅོམ་ལྡན་འདས་ཀྱིས་འགྲོ་བ་རང་རང་སོ་སོའི་སྐད་ཀྱི་ཐོག་ལས་ཆོས་ཚུལ་མ་འདྲཝ་ལེ་ཤ་ར་གསུངས་ཡོདཔ་ལས་དེ་ཚུ་ག་ར་བསྡོམས་ད་ དེམ་ཅིག་ཡོད་ཟེར་བའི་ཚོད་དཔག་ང་གིས་འབད་མི་ཚུགས། ཨིན་རུང་དེ་ཚུ་ག་ར་གི་བསྡོམས་ཙམ་ཅིག་ཞུ་བ་ཅིན། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་ལུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་དང་། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་ལུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་ལུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་དང་། །དུག་གསུམ་ཆ་སྙོམས་འདུལ་བའི་གཉེན་པོ་ལུ། །གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས།། དེ་ཡང་བཅུད་བསྡུ་སྟེ་སླབ་པ་ཅིན་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་མི་འདི་ཨིན།
སངས་རྒྱས་ཀྱི་ཆོས་ཚུལ་མ་འདྲཝ་ག་དེ་སྦེ་ཡོད་རུང་ དེ་ཚུ་གི་གྲལ་ཁ་ལས་གཙོ་བོ་དེ་ དམ་པའི་ཆོས་འདུལ་བ་དེ་ཨིན། དེ་ཨིན་དགོ་པའི་རྒྱུ་མཚན་འདི་ཡང་ འདུལ་བ་འཛིན་པའི་དགེ་སློང་བཞི་ཡན་ཆད་ཡོད་པ་ཅིན། སངས་རྒྱས་ཀྱི་བསྟན་པ་མ་ཉམས་པར་གནས་ཏེ་ཡོད་ཟེར་ཐག་བཅད་ཚུགས་ནི་དང་། གལ་སྲིད་འདུལ་འཛིན་གྱི་དགེ་སློང་བཞི་མ་ལོངས་པ་ཅིན་ ཆོས་ཚུལ་མ་འདྲཝ་གཞན་ག་དེམ་ཅིག་ཡོད་རུང་ འཛམ་བུའི་གླིང་འདི་ན་སངས་རྒྱས་ཀྱི་བསྟན་པ་ཉམས་ཚརཝ་ཨིན། དེ་འབདཝ་ལས་ སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་དགོ་པ་ཅིན་ དགེ་སློང་དེ་ཚུ་གིས་དམ་པའི་ཆོས་འདུལ་བ་ལུ་ ཉམས་ལེན་ཚུལ་བཞིན་མཛད་དགོཔ་དང་། ཁྱིམ་བདག་མི་སེར་ཕོ་མོ་ཚུ་གིས་ཡང་ བསྟན་པའི་རྩ་བ་དགེ་འདུན་འདུས་པའི་སྡེ་ལུ་ གུས་ཞབས་དང་བརྩི་མཐོང་བསྐྱེད་དགོཔ་འདི་ཨིན།
ཟེར་བའི་བར་ན་ཡོལ་ལི་བསྡམས་ནི་ཨིན།


༼མཐོང་སྣང་དྲུག་པ། ༽
ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་དང་ལྷ་ལྕམ་མན་ད་ར་བ་ཆོས་ལ་བཀོད་པ།
རྒྱབ་ཁའི་མཐོང་སྣང་།
རྒྱ་གར་རྒྱལ་པོའི་ཕོ་བྲང་ནང་གི་མཐོང་སྣང་ཞིག་སྟོན་ནི།
ལས་རིམ།
གདོང་ཁ་བཞུགས་ཁྲི་བཤམས་པའི་གུ་ལུ་ ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན༼ཨིན་དྲ་བྷཱུ་ཏི༽ སྤྲོ་ཞུ་གྱོན་ཏེ་བཞུགས་པའི་གཡོན་ལུ་ཁྲི་ལྕམ་བཙུན་མོ་དང་ སྲས་མོ་མན་ད་ར་བ། དེ་ལས་མཐའ་འཁོར་ལུ་བློན་པོ་ཚུ་བཞུགས་ནི། དེ་ལས་རྒྱལ་པོའི་ཞལ་རས་བློན་པོ་ཚུ་ལུ་གཟིགས་ཞིནམ་ལས་གསུངས་ནི།
རྒྱལ་པོ།
དགྲ་མེདནི་གཉེན་འཚོལ་ཟེར་སླབ་མི་དེ་ཡང་ མ་བདེནམ་ཅིག་ག་ནི་ཡང་མིན་འདུག ངེད་ཀྱི་ཧིང་དང་འདྲ་བའི་སྲསམོ་མན་ད་ར་བ་འདི་ གཟུགས་བྱད་ངོ་རིས་གཞན་དང་མ་འདྲཝ་ཅིག་ཡོད་ནི་དེ་གིས་ ངེད་ཀྱི་དགྲ་བཟུམ་ཅིག་ལུ་འགྱུར་དོ། ད་ཕྱོགས་མཚམས་ཀྱི་རྒྱལ་སྲས་ལེ་ཤ་གཅིག་ར་ སྲས་མོ་མན་ད་ར་བ་དགོ་ནི་གི་དོན་ལུ་ འབུལ་བ་ལེ་ཤ་འབག་སྟེ་ན་ལུ་འཐོན་འོང་ཡི། མོ་ལུནི་ མོ་རང་ག་དགའ་མི་རྒྱལ་སྲས་གཅིག་གདམ་ཁ་རྐྱབ་སྟེ་སོང་ཟེར་ ང་གིས་ག་དེམ་ཅིག་སླབ་རུང་ མོ་གིས་རྣམ་ཅོ་གཡས་ལས་ཉན་རུང་གཡོན་ལས་བཏང་སྟེ་ཉན་རང་མ་བཏུབ། ད་མོ་རང་གིས་གདམ་ཁ་མ་རྐྱབ་པ་ཅིན་ གདམ་ཁ་འདི་ ཁོང་རྒྱལ་སྲས་དེ་ཚུ་ལུ་རྐྱབ་བཅུག་ནི་ཨིན།
དེ་ལས་ཁྲི་ལྕམ་ལུ་གཟིགས་ཞིནམ་ལས་གསུངས་ནི།
རྒྱལ་པོ།
དབའེ༑ ཁྲི་ལྕམ་བཙུན་མོ༑ ནད་མ་ཡོང་གོང་ལས་རིམ་གྲོ་དང་། ཆུ་མ་ཡོང་གོང་ལས་གཡུ་བ་ཟེར་དོ་བཟུམ་སྦེ་ གནས་ཚུལ་འདི་ཁྱོད་ལུ་ མདའི་རྣ་བར་དུག་སྦྱར་དེ་སྦྱར་དགོ་པས། ད་རེས་ལས་འགོ་བཟུང་ཏེ་ སྲས་མོ་མན་ད་ར་བ་ལུ་ བསྲུང་སྐྱོབ་འདི་ཚུ་སྒྲིང་སྒྲིང་སྦེ་བཙུགས་ཞིནམ་ལས་ མོ་ག་སྟེ་ལུ་ཡང་མ་གཏང་པར་ ཕོ་བྲང་ནང་ར་བསྡམ་སྟེ་བཞག་སྨྲ་རེ། བཤུལ་ལས་མཐོཝ་གནམ་ལུ་འཕུར་སོང་ཡི་ལོ། དམའཝ་ས་ལུ་འཛུལ་སོང་ཡི་ལོ་ཟེར་བའི་ལོ་རྒྱུས་འཐོན་ཏེ་ ཕྱོགས་ཀྱི་རྒྱལ་སྲས་དེ་ཚུ་ ང་བཅས་ལུ་དགྲ་སྦེ་ལངས་པ་ཅིན་ མན་ད་ར་བའི་སྐུ་ཚབ་སྦེ་ཁྱོད་རང་གཏང་ནི་ཨིན་སྨྲ་རེ།
ཁྲི་ལྕམ་བཙུན་མོ།
ལགས་སོ་ལགས། བཀའ་བཞིན་ཞུ།
དེ་ལས་ག་ར་ཡར་བཞེངས་ཞིནམ་ལས་ རྒྱལ་བློན་དེ་ཚུ་བྱོན་ནི་དང་། ཁྲི་ལྕམ་དེ་ཁར་བཞུགས་ཏེ་ ལག་པ་གིས་ཏག་རྐྱབ་སྟེ་ཞབས་ཞུ་མ་དེ་ཚུ་བོ་ནི། དེ་ལས་ཞབས་ཞུ་མ་དག་པ་ཅིག་ནང་ན་འཛུལ་ཞིནམ་ལས་ གྲལ་བསྒྲིགས་མགོ་བསྒུར་ཏེ་ཞུ་ནི།
ཞབས་ཞུ་མ།
ཁྲི་ལྕམ་མཆོག༑ སྐུ་ཁམས་བཟང་།
ཁྲི་ལྕམ།
ན་ལུ་ཉན་ཤིག  ད་རེས་ལས་ཁྱོད་ཆ་ཁྱབ་ ལྷ་ལྕམ་གྱི་ཕྱག་ཕྱིས་ཞུ་མི་སྦེ་བཞགཔ་ཨིནམ་ལས་ ལྷ་ལྕམ་ལུ་ཆ་རོགས་ག་ཅི་འབད་དགོཔ་ཡོད་རུང་ཁྱོད་ཆ་ཁྱབ་ཀྱིས་འབད་སྨྲ་རེ། དེ་འབདཝ་ད་ ལྷ་ལྕམ་སྒོ་ར་སྒོ་བརྒལ་ཏེ་ཕྱི་ཁར་གཏང་ནི་མེདཔ་དང་། ནང་ན་བཞུགས་ཏེ་འབད་རུང་ རང་སྲོག་བློས་གཏོང་གི་ཉེན་ཁ་རེ་ཡང་ འབྱུང་སྲིད་ནི་ཨིནམ་ལས་ ལྷ་ལྕམ་ག་ཏེ་བྱོན་རུང་ཁྱོད་ཆ་ཁྱབ་ཡང་ཕྱག་ཕྱིས་ཞུ་སྟེ་འགྱོ་དགོ་སྨྲ་རེ། ག་དེམ་ཅིག་སྦེ་ ལྷ་ལྕམ་ལུ་ཉེན་ཁ་རེ་འབྱུང་སྟེ་འབད་བ་ཅིན་ ཁྱོད་ཆ་ཁྱབ་ཀྱི་ཉེས་པ་འདི་སྲོག་ཐོག་ལུ་ཨིན་སྨྲ་རེ། གོ་ཡི་ག།
སྨྲ་རེ་ཚར་རེ་ལུ་ ཞབས་ཞུ་མ་ཚུ་གིས་ ལགས་སོ་རེ་རེ་ཞུ་ནི་དང་ ཐ་མ་ལུ་ གོ་ཡི་ལགས། ཟེར་ཞུ་ཚརཝ་ད་ ཁྲི་ལྕམ་བྱོན་ནི་ཨིན།
དེ་ལས་ལྷ་ལྕམ་གྱིས་དགའ་སྤྲོའི་རྣམ་འགྱུར་སྟོན་ཞིནམ་ལས་ གསུངས་ནི།
ལྷ་ལྕམ།
ང་ལུ་ཆ་རོགས་གཅིག་མེད་པར་ སེམས་མ་དགའ་བར་སྡོད་སྡོདཔ་ཨིན་ས། ད་རེས་འབདནི་ ཆ་རོགས་འབྱོརཔ་འབྱོར་ཐོབ་སྟེ་སེམས་དགའ་ཡི། ད་ ང་བཅས་ཆ་ཁྱབ་གཅིག་གིས་གཅིག་ལུ་ཆ་རོགས་འབད་ དགའ་སྤྲོ་བསྒྱུར་ཏེ་སྡོད་གེ་སྨྲ་རེ།
ཞབས་ཞུ་མ།
ལགས་སོ་ལགས། ལྷ་ལྕམ་མཆོག་ བཀའ་དྲིན་ཆེ།
ལྷ་ལྕམ།
མ་གཞི་ཁྱོད་ཆ་ཁྱབ་ཕྱི་རུ་ཡང་ ང་དང་ཅིག་ཁར་ན་ལུ་སྡོད་དགོཔ་འོང་སྟེ་སྨོ། སྟེ་ ཅ་ལ་ཀ་ལེ་ ཅ་ལ་འབག་མ་འོང་སྦོ།
ཞབས་ཞུ་མ།
ང་བཅས་ཆ་ཁྱབ་ ན་ལུ་སྡོད་དགོཔ་ཨིནམ་མ་ཤེས་ལགས། དེ་འབད་ནི་དེ་གིས་ཅ་ལ་ཡང་ག་ནི་ཡང་འབག་མ་འོང་ལགས།
ལྷ་ལྕམ།
ན་ལུ་སྡོད་དགོ་སྟེ། ཁྲི་ལྕམ་མཆོག་གི་བཀའ་ལས་བརྒལ་བ་ཅིན་ ཉེས་ཁྲིམས་ག་ཅི་ཨིན་ན་ཤེས་གོ་ཤིག
ཞབས་ཞུ་མ།
ཤེས་ལགས། ལྷ་ལྕམ་མཆོག
ལྷ་ལྕམ།
ཨིན་ན་དེནི་བཏུབ་པས། ཁྱོད་ར་ཆ་ཁྱབ་ཅ་ལ་ལེན་སོང་སྨྲ་རེ།
ཞབས་ཞུ་མ།
ལགས་སོ་ལགས།
དེ་ལས་ཁོང་ཆ་ཁྱབ་འགྱོ་ཚར་བའི་ཤུལ་ལུ་ ལྷ་ལྕམ་འདྲོག་པའི་རྣམ་འགྱུར་གྱི་ཐོག་ཕར་ཚུར་བལྟའི་ར་ བྱོག་སྟེ་བྱོན་ནི། དེ་གི་ཤུལ་ལས་ཞབས་ཞུ་མ་དེ་ཚུ་ལོག་སྟེ་འོངམ་ད་ ལྷ་ལྕམ་མེདཔ་ལས་ ཅ་སྡུག་འཐབ་ནི།
ཞབས་ཞུ་མ།
ཡ་ ལྷ་ལྕམ་ག་སྟེ་བྱོན་སོངཔ་ཨིན་ན། བྱོག་སྟེ་བྱོན་སོངཔ་མེན་ན་སྨོ།
གཅིག་གིས།
ག་སྟེ་འགྱོ་བ། སྒོ་ར་སྒོ་ཁ་ལསནི་ སྲུང་རྒྱབ་ཚུ་གིས་གཏང་མི་བཏུབ།
གཅིག་གིས།
གླེན་མགོམ་འདི་ཚུ་བལྟ་མས་ བྱོག་འགྱོཝ་ད་ སྒོ་ར་སྒོ་ཁ་ལས་འགྱོ་འོང་ཡ།
གཅིག་གིས།
སྟེ་ ག་སྟེ་ལས་འགྱོ་ནི།
གཅིག་གིས།
རྒྱབ་ཁ་ལས་ གསང་སྒོ་ཡོད་མེན་ན་སྟེ། འ་ནི་ལས་ཡར་སོངཔ་འོང་།
གཅིག་གིས།
ཝ་འེ༑ ཨིནམ་འོང་སྟེ་ ད་འབདནི་ བཀལ་ས་བཀལ་ཡི་སྦ། དབའེ༑ མགྱོགས་པར་འཚོལ་བ་འགྱོ་གེ་ས་ ང་བཅས་འབདནི་ ཤི་ནི་ལུ་འདྲོགཔ་ཨིན་སྨྲ་རེ། འགྱོ་འགྱོ།
དེ་ལས་ཁོང་ཆ་ཁྱབ་འགྱོ་ནི་དང་ཅིག་ཁར་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རི་ཐལ་གོག་རིལ་རིལ་གཅིག་གི་པར་བཞག་ནི། 
ལས་རིམ།
ལྷ་ལྕམ་སྐྱ་ཤུབས་གྱོན་ཞིནམ་ལས་ སྐྱ་དེ་ཚུ་གཟིངས་སུ་ཅི་སྦེ་བྱོན་ནི་དང་ མོ་གི་ཤུལ་ལས་ ཞབས་ཞུ་མ་ སེམས་ཤོང་མ་ཟེར་མི་དེ་འོང་ནི།
སེམས་ཤོང་མ།
ལྷ་ལྕམ་རིན་པོ་ཆེ༑ ག་སྟེ་བྱོན་སོངཔ་སྨོ། ང་བཅས་ག་ར་ཁྱོད་འཚོལ་བའི་སྒང་ཨིན། ད་ཕོ་བྲང་ནང་ལོག་སྟེ་འབྱོན་གེ།
ལྷ་ལྕམ་གྱིས་ རྒྱན་ཆ་དེ་ཚུ་ཕུད། རྡོ་གིས་བརྡུང་སྟེ་བཅག་ཞིནམ་ལས་གནམ་ཁར་གཏོར་ ཕྱག་གཉིས་ཐལ་མོ་སྦྱར་ཏེ་གསུངས་ནི།
ལྷ་ལྕམ།
བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས། །འདི་བཟུམ་གྱོན་མི་ལུས་སུ་སྐྱེ་མ་བཅུག །བསམ་པ་འཇིག་རྟེན་ཆོས་བརྒྱད་དང་བྲལ་ཏེ། །རང་གི་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག
སེམས་ཤོང་མ་གིས་ རྔུའི་རྔུའི་ར་ཞུ་ནི།
སེམས་ཤོང་མ།
ལྷ་ལྕམ་རིན་པོ་ཆེ༑ ད་ལྟོ་ཚུན་ཚོད་བར་ན་ ཡབ་ཡུམ་གཉིས་ཀྱིས་རང་གི་སྲོག་ལས་ལྷགཔ་སྦེ་ ཁྱོད་ལུ་བྱམས་སྐྱོང་གི་ཐོག་ལས་གསོ་སྐྱོང་གནང་གནངམ་ཨིན། ད་ཁྱོད་ཀྱིས་ཁོང་ཡབ་ཡུམ་གཉིས་ལུ་ ཚ་གྱང་དང་སྡུག་བསྔལ་དེ་སྦེ་བཀལ་མ་ད་ ག་དེ་སྦེ་ཨིན་རུང་ ད་རེས་ཚར་གཅིག་ཕོ་བྲང་ནང་ལོག་སྟེ་འབྱོན་གེ།
ལྷ་ལྕམ་གྱིས་ མགོ་གི་སྐྱ་ཡང་འབེལ། གདོང་ལུ་སེན་མོ་གིས་བཞར་ཞིནམ་ལས་ ཚིགཔ་ཟ་བའི་ཐོག་ལས་གསུངས་ནི།
ལྷ་ལྕམ།
སེམས་ཤོང་མ༑ ང་ འཇིག་རྟེན་མིའི་གནམ་སྦེ་རྩ་ལས་མི་འགྱོ། ཁ་སྐོམ་པ་ཅིན་ཆུ་མཐུང། ལྟོཝ་བསྐྱེད་པ་ཅིན་ས་ཟ་སྦེ་སྡོད་དགོཔ་འཐོན་རུང་ཁྱད་མེད། ད་ང་ ཕོ་བྲང་ནང་ལོག་སྟེ་མི་འགྱོ་སྨྲ་རེ། ད་ཁྱོད་རང་ལོག་སོང་སྦེ་ ཡབ་ཡུམ་གཉིས་ལུ་ཡང་དེ་སྦེ་ཞུ་ཤིག།
དེ་ལས་ཁོང་གཉིས་འགྱོ་ནི་དང་། སེམས་ཤོང་མ་འཁྲབ་སྟེ་གུ་ལོག་སྟེ་འོང་ཞིནམ་ལས་ རྒྱལ་པོ་ཡབ་ཡུམ་ལུ་སྙན་གསན་ཞུ་ནི།
སེམས་ཤོང་མ།
རྒྱལ་པོ་རིན་པོ་ཆེ༑ རྒྱལ་པོ་རིན་པོ་ཆེ༑  རྒྱལ་པོ་རིན་པོ་ཆེ༑
དེ་ལས་རྒྱལ་པོ་ཡབ་ཡུམ་གཉིས་དང་བློན་པོ་ཚུ་བྱོན་ཞིནམ་ལས་ ཐུགས་དངངས་སྐྲག་དང་ཚབ་ཚུབ་གྱི་ངང་ལས་གསུངས་ནི།
རྒྱལ་པོ།
དབའེ༑ སེམས་ཤོང་མ༑ ག་ཅི་འབད་དྭཔ་སྨོ། ལྷ་ལྕམ་ལུ་གནས་ཚུལ་ཅིག་བྱུང་བྱུངམ་འདྲ་བས་མེན་ན། མགྱོགས་པར་སླབ་ཤིག
སེམས་ཤོང་མ།
ལྷ་ལྕམ། ལྷ་ལྕམ། ལྷ་ལྕམ་མཆོག་གིས་ འཇིག་རྟེན་མིའི་གནམ་སྦེ་མི་འགྱོ་ཟེར་གསུངས་ཞིནམ་ལས་ མགོ་གི་སྐྱ་ཡང་འབེལ། གདོང་སེན་མོ་གིས་ཧྲལ་སྦེ་ བྱོག་སྟེ་ཆོས་འབད་བར་བྱོན་སོང་ཡི་ལགས།
ཡུམ་དྲན་མེད་འགྱེལ་ནི་དང་། ཡབ་ཐུགས་སྡུག་པའི་རྣམ་འགྱུར་གྱི་ཐོག་ལས་ཕྱག་བྱང་ལུ་བརྡབ་སྟེ་གསུངས་ནི།།
རྒྱལ་པོ།
ངའི་བུ་མོ༑ ངའི་བུ་མོ༑
རྒྱལ་པོ་ ཕྱག་མཐིལ་བྱང་ལུ་སྦྱར་ དབུ་ཐོད་ཕྱག་གུ་བཀལ་ཞིནམ་ལས་ཐུག་སྡུག་པའི་ཚུལ་སྦེ་བཞུགས་པའི་བར་ན་ བློན་པ་གིས་སེམས་གསོ་སྦེ་ཞུ་ནི།
བློན་པོ།
རྒྱལ་པོ་རིན་པོ་ཆེ༑ ང་གིས་བལྟ་བ་ཅིན་ དེ་སྦེ་ཐུགས་བརྡུང་སྟེ་བཞུགས་དགོཔ་ཅིག་མིན་འདུག་ལགས། མཚམས་ཚོད་དུས་ཀྱིས་རནི། ས་དང་རྡོ་ཡང་སྦུག་ལས་གག་ ཟེར་བའི་དཔེ་བཟུམ་སྦེ་ ད་ལྷ་ལྕམ་ལུ་ཡང་དམ་པའི་ཆོས་ཀྱི་ལུང་བསྟན་བབས་བབས་བཟུམ་ཅིག་འདུག དེ་འབདཝ་ལས་ མོ་ལུ་ཡང་ཆོས་ཀྱི་ལམ་བཀག་མ་རྐྱབ་པར་ ཆ་རོགས་མཛད་དེ་ ཆོས་རྣམ་དག་ཅིག་སྒྲུབ་ནི་ཡོདཔ་དང་། རྒྱལ་སྲས་དེ་ཚུ་ལུ་ཡང་ གསོལ་རས་ཐུགས་མ་ཕམ་རེ་གནང་སྦེ་ རང་རང་སོ་སོའི་རྒྱལ་ཁབ་ནང་ལོག་སྟེ་གཏང་པ་ཅིན་དྲག་ནི་བཟུམ་ཅིག་འདུག་ལགས།
རྒྱལ་པོ།
ཨིན་པས། བློན་པོ༑ ཁྱོད་ཀྱི་སླབ་མི་འདི་ལུ་ཡང་རྒྱུ་མཚན་ཅིག་འདུག ད་མོ་ལུ་སྡོམ་པ་ཅིག་ཞུ་བཅུག་དགོ་ནི་ཨིན་མས། མཁན་པོ་ལེགས་ཤོམ་ཅིག་ག་དྲག་ག་སྨོ།
བློན་པོ།
ང་བཅས་རའི་ཟ་ཧོར་རྒྱལ་ཁབ་འདི་ན་ལུ་ མཁས་བཙུན་བཟང་གསུམ་དང་ལྡན་པའི་མཁན་ཆེན་བོ་དྷི་སཏྭ་བཞུགས་ཡོདཔ་ལས་ ཁོ་ལས་ཞུ་བ་ཅིན་དྲག་ནི་ཨིན་མས་ལགས།
རྒྱལ་པོ།
ཡ་ ཨིན་པས་ དེ་འབད་བ་ཅིན་ བློན་ཆེན་ཁྱོད་ཀྱིས་མཁན་ཆེན་གདན་འདྲེན་ཞུ་ཞིནམ་ལས་ མན་ད་ར་བ་ལུ་དགེ་བསྙེན་གྱི་སྡོམ་པ་ཞུ་བཅུག དེ་ལས་མོ་རང་ཕོ་བྲང་གི་ཟུར་ཁ་གཅིག་ལུ་བཞག་ཞིནམ་ལས་ ཕྱག་ཕྱིས་ཞུ་མི་དག་པ་ཅིག་ཡང་བཞག་ད་ དེ་ལས་ཉེ་བར་མཁོ་བའི་ཆོས་ཀྱི་མཐུན་རྐྱེན་དེ་ཚུ་དང་ ཆ་རོགས་འབད་དགོཔ་དེ་ཚུ་ག་ར་ཕོ་བྲང་ནང་ལས་འབད་བཅུག་སྨྲ་རེ།
བློན་པོ།
ལགས་སོ་ལགས།
ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
ཁང་མིག་ཆུང་ཀུ་གཅིག་གི་པར་བཞག་ནི།
ལས་རིམ།
གདོང་ཁར་འཁྲག་སྟེགས་གུར་ ཟུར་གཅིག་ལུ་སྟོན་པའི་སྐུ་འདྲ་བཞུགས་པའི་མཆོད་གཤམ་ཆུང་ཀུ་གཅིག་དང་། དེའི་ཐད་ཀར་ཉལ་ཁྲི་གཅིག་གུར་ ལྷ་ལྕམ་དགེ་བསྙེན་མའི་ཚུལ་སྦེ་གོ་ལ་དཀརཔ་གྱོན་ཞིནམ་ལས་ ཏིང་ངེ་འཛིན་བསྒོམ་པའི་ཚུལ་སྦེ་བཞུགས་ནི། དེ་ལས་གཡོགམ་དག་པ་ཅིག་འཐོན་ནི།
གཡོགམ།
ལྷ་ལྕམ་མཆོག༑ ཨ་རྟག་ར་བསྒོམ་གནང་སྟེ་བཞུགསཔ་ད་ ཐུགས་མི་བསྲུན་པས་ག་ ད་རེས་ཚར་གཅིག་ཁམས་གསང་བྱོན་གེ་མེན་ན་ལགས།
ལྷ་ལྕམ།
ཨིན་པས་སྟེ། ཚར་གཅིག་བཤལ་ཏེ་འགྱོ་གེ། འགྱོ་ཤིག
རྒྱབ་ཁ་ལུ་མེ་ཏོག་ལྡུམ་རའི་པར་གཅིག་བཞག་ནི་དང་། ལྷ་ལྕམ་གཡོག་མོ་དང་བཅས་པ་ལྡུམ་ར་ནང་བྱོནམ་ད་ རྒྱལ་སྲས་ལོག་སྟེ་ར་ རྒྱ་གར་རྒྱལ་པོའི་སྲས་ཀྱི་ཆ་ལུགས་སྦེ་ སྤྲིན་གྱི་སྦུག་ལས་ལྡུམ་ར་དེ་ན་བྱོན་ནི། དེ་ལས་ལྷ་ལྕམ་གྱིས་ རྒྱལ་སྲས་མཇལཝ་ཅི་ར་ཧ་ལས་ཏེ་ ག་ནི་ཡང་མ་ཞུ་བར་ཞལ་ལུ་བལྟ་སྟེ་ཨ་ཙི་ཅིག་སྡོད་ཞིནམ་ལས་དྲན་མེད་འགྱེལ་ནི། དེ་ལས་རྒྱལ་སྲས་མཆོག་ མོ་གི་གདོང་ཁར་བྱོན་ཞིནམ་ལས་གསུངས་ནི།
རྒྱལ་སྲས།
སྲས་མོ༑ སྲས་མོ༑ ག་ཅི་འབད་དྭཔ་སྨོ། ཡར་བཞེངས་ཤིག ཡར་བཞེངས་ཤིག
དེ་ལས་སྲསམོ་ཡར་བཞེངས་ཞིནམ་ལས་ ཕྱག་གཉིས་ཐལ་མོ་སྦྱར་ཏེ་ རྒྱལ་སྲས་ལུ་ཞུ་ནི།
ལྷ་ལྕམ།
ཐུགས་རྒྱུད་བྱམས་དང་སྙིང་རྗེའི་ལྕགས་ཀྱུ་གིས། །འགྲོ་བ་འདྲེན་པའི་རྒྱལ་སྲས་སེམས་དཔའ་མཆོག །བདག་སོགས་འཁོར་བའི་འདམ་ལས་འདྲེན་པའི་ཕྱིར། །བདག་གི་གནས་སུ་ཅིས་ཀྱང་འབྱོན་པར་ཞུ།།
རྒྱལ་སྲས་གདན་འདྲེན་ཞུ་སྟེ་ འཁྲབ་སྟེགས་ཀྱི་ཕྱོགས་གཅིག་ལས་འཛུལ་ཞིནམ་ལས་ རྒྱབ་ཁ་ལས་སྐོར་ར་རྐྱབ་སྟེ་ཕྱོགས་གཅིག་ལས་འཐོན་ནི། དེ་སྒང་རྒྱབ་ཁར་ གོང་གི་ལྷ་ལྕམ་གཟིམ་ཅུ་ནང་གི་པར་དེ་བཞག་ནི་དང་། གདོང་ཁར་ཁྲི་གཅིག་རྐྱབ་ཞིནམ་ལས་ དེ་གུ་རྒྱལ་སྲས་བཞུགས། མོ་རང་བཞེངས་ཞིནམ་ལས་ རྒྱལ་སྲས་ཀྱིས་མ་གོཝ་སྦེ་གཡོག་མོ་ཚུ་ལུ་བཀོད་རྒྱ་གསུང་སྐད་ཆུང་ཀུ་སྦེ་གནང་ནི།
ལྷ་ལྕམ།
དབའེ༑ ཆ་རོགས་ཚུ། ཕྱི་ཁ་ལས་བལྟ་ཞིནམ་ལས་ མི་རེ་འོང་པ་ཅིན་ ཁྲང་སྟེ་ནང་ན་མ་བཙུགས་པར་ དང་པ་ང་ལུ་ལན་ཅིག་བསྐྱལ་སྨྲ་རེ།
ཁོང་དག་པ་ཅིག་ཕྱི་ཁར་བཏང་། གཅིག་མོ་རང་དང་ཅིག་ཁར་ རྒྱལ་སྲས་ཀྱི་སྐུ་མདུན་ལུ་སྤུས་མོ་བཙུགས་ཏེ་བཞུགས་ཞིནམ་ལས་གསོལ་བ་བཏབ་ནི།
ཁོང་གཉིས།
ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་གྱིས་ཤོག བསྐལ་བ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་འགྱུར་ཅིག།
ཡོལ་ལི་བསྡམས་ནི།

ནོར་རྫིཔ་གཉིས་འཐོན་ནི།
ནོར་རྫིཔ་ཀུ་ཅུ།
དབའེ༑ ཁྱོད་ཀྱིས་མཐོང་ཅི་ག ལྷ་ལྕམ་འདི་ སྤྱང་ལོ་ཆོསཔ་གཅིག་དང་ཅིག་ཁར་ ཁྱིམ་གྱི་སྒོ་ཡང་བསྡམས་སྦེ་བཞུགས་ནུག་སྦ།
ནོར་རྫིཔ་སྤྱེ་ཐེར།
དབའེ༑ ཨཔ་ཀུ་ཅུ༑ གནམ་གྲུ་ལྡིརཝ་བཤོལ་ད། ཁྱོད་ཀྱི་ཁ་ལས་ནམ་རང་འབད་རུང་ མ་འཐུས་མ་རྐྱཝ་གཅིག་དང་ ཚར་ཁ་མ་ཚུད་པའི་ལོ་རྒྱུ་གཅིག་ལས་འཐོན་ནི་མེད། དེ་སྦེ་ཤོབ་མ་རྐྱབ།
ཀུ་ཅུ།
ཨའེ༑ ངའི་ཁ་གིས་ཤོབ་རྐྱབ་རུང་ མིག་ཏོ་གིས་ཤོབ་མི་རྐྱབ་པ་སྟེ། ང་གིས་མཐོང་ཅི་སི།
དེམ་ཅིག་གི་བར་བར་ན་བློན་པོ་བྱོན་ནི།
བློན་པོ།
དབའེ༑ སྦྱིན་འབྲས་ཨཔ་བསོད་མེད་པའི་མི་དེ་ཚུ་ ག་དེ་སྦེ་ལོ། ལོ་རྒྱུ་འདི་ག་སྟེ་ཡང་ཁྱབ་སོང་ནུག་ས་ སླབ་མི་འདི་ཁྱོད་འོང་ནི་མས་སྦ་སྟེ།  ཁྱོད་ཀྱི་ཁུངས་ཅིག་བཀལ་ནི་ཡོད་ག་ འགྱོ་ཤིག་ཁྱོད་རང་རྒྱལ་པོའི་སྐུ་མདུན་ལུ།
བློན་པོ་གིས་ ཁོ་གི་ལྟག་ལྐོག་གུ་ཤེད་དེ་འགྱོ་ནི་དང་ དེའི་འཕྲོ་ལས་རྒྱལཔོ་བྱོནམ་དང་མཇལ་ཞིནམ་ལས་ བློན་པོ་གིས་ཞུ་ནི།
བློན་པོ།
རྒྱལ་པོ་རིན་པོ་ཆེ༑ དཀྲོགས་གཏམ་བཟོ་མི་དང་པ་དེ་རང་ སྦྱིན་འབྲས་ཨ་བསོད་མེད་པའི་མི་ཁོ་ཨིན་མས་ལགས།
དེ་གི་བར་ན་ སྐུ་འཁོར་ཚུ་ཡང་བྱོན་ནི་དང་ རྒྱལ་པོ་གིས་ནོར་རྫིཔ་དེ་ལུ་དགོངསམ་ཁྲེལ་སུ་ཅིག་སྦེ་གསུངས་ནི།
རྒྱལཔོ།
དབའེ༑ ཁྱོད་ཀྱིས་ལོ་རྒྱུ་དེ་མགོ་མཇུག་ཅིག་སྦྲགས་ནི་ཡོད་ག ཁྱོད་རང་འདྲོག་དགོཔ་ག་ནི་ཡང་མེད། ཁྱོད་ཀྱི་ཧིང་སང་ས་སྦེ་སླབ་ནི་ཡོད་པ་ཅིན་ ཁྱོད་ལུ་གསོལ་རས་ཡང་ཡོད། མེདཔ་བཟུམ་ཅིག་འབད་ཅིན་འབདནི་ དཀྲོགས་གཏམ་བཟོ་ཡི་ཉེས་ཁྲིམས་འདི་ ག་ཅི་བཟུམ་ཅི་བཀལ་ནི་ཨིན་ན་ང་གིས་བལྟ་གེ།
ཀུ་ཅུ།
ཁ་ཙ་ང་ ནོར་འཚོ་སྟེ་སྡོདཔ་ད་ལྷ་ལྕམ་ཁམས་གསང་ལུ་བྱོན་དེས་ལགས། དེ་སྒང་ང་གིས་བལྟ་སྟེ་རང་སྡོདཔ་ད་  ལྷ་ལྕམ་སྤྱང་ལོ་དེ་མཐོངམ་ཅི་ར་དྲན་མེད་བརྒལ། དེ་ལས་བཞེངསམ་ཅིག་ སག་སུག་ལེ་ཤ་ར་སླབ་ཞིནམ་ལས་ ཕོ་བྲང་ནང་འཁྱིད་དེ་ཡར་སོངམ་མ་ཚད། ཕོ་བྲང་ནང་ལྷོདཔ་ད་ ཕྱག་ཞུ་མི་དེ་ཚུ་ཡང་ཕྱི་ཁར་སྟོན། ཁོང་ར་གཉིས་རྐྱངམ་ཅིག་སྒོ་བསྡམས་ཏེ་བཞུགས་ནུག་ལགས། ཚར་ཅིག་གཟིགས་ཤིག་ལགས། གཅིག་འབདནི་ད་ལྟོ་ཡང་ ཁོ་ནང་ན་ཡོདཔ་འོང་ལགས།
རྒྱལ་པོ།
གཟིམ་དཔོན༑ ཁྱོད་ཀྱི་བལྟ་སོང་ཞིག ཡོད་པ་ཅིན་ཐགཔ་གིས་བསྡམས་ཞིནམ་ལས་འཁྱིད་ཤོག་སྨྲ་རེ།
གཟིམ་དཔོན་གྱིས་བལྟ་བར་འགྱོ་བའི་ཤུལ་ལུ་ རྒྱལཔོ་ཐུགས་དགོངསམ་ཁྲེལ་བའི་ཚུལ་སྦེ་ ཕར་ཚུར་བྱོན་ཏེ་བཞུགས་ནི་དང་། དེ་གི་བར་གཟིམ་དཔོན་གྱིས་ལོག་སྟེ་དགོངས་སྐོར་ཞུ་ནི།
གཟིམ་དཔོན།
རྒྱལ་པོ་རིན་པོ་ཆེ༑ ཡོད་ནི་འདུག་ལགས། དེ་འབདཝ་ད་ དགེ་སྦྱོང་འདི་ལུ་ སྐུའི་གཟི་བརྗིད་དང་། གསུང་གི་དབྱངས་སྙན་གཞན་དང་མ་འདྲཝ་ཅིག་ཡོདཔ་མ་ཚད་ ལྷ་ལྕམ་ལུ་ཆོས་གསུངས་ཏེ་བཞུགས་ནུག་ལགས། ལྷ་ལྕམ་གྱི་བླམ་ཨིནམ་འདྲ་བས་མནོ་སྟེ་ བཟུང་མ་ནུམ་པར་བཞག་དའི་ལགས། རྒྱལ་པོ་མཆོག་གི་བཀའ་བསྔགས་ཡོད་པར་ཞུ།
རྒྱལ་པོ།
ག་དེ་སྦེ་ལོ། ལས་རྒྱུ་འབྲས་མེད་པའི་སྤྱང་ལོ་འདི་ རྒྱལ་པོའི་སྲསམོ་གཅིག་ལུ་མགོ་སྐོར་རྐྱབ་ནུམ་པའི་ལཱ་དབའེ༑ གཟིམ་དཔོན༑ ཁོ་ཐགཔ་གིས་བསྡམས་ཞིནམ་ལས་མི་ཁྲོམ་འཛོམས་སར་སྟོན། དེ་ལས་མི་སེར་གུང་པ་རེ་རེ་ལས་ཏིལ་གྱི་མར་ཁུ་སྦོ་ཏལ་རེ་རེ་བསྡུས་ཞིནམ་ལས་ མར་ཁུ་བླུགས་ཏེ་མེ་གཏང་ད་སྨྲ་རེ། དེ་ལས་རྒྱལ་བརྒྱུད་ཀྱི་ཞབས་འདྲེན་ཞུ་མི་ ཁྲེལ་དང་ངོ་ཚ་མེད་པའི་ཁྱི་མོ་འདི་ཡང་ ས་དོང་ནང་བཙུགས་ཞིནམ་ལས་ ཁ་ལས་ཚེར་མ་བཀབ་ གནམ་ཧོནམ་ཟེར་མི་འདི་མཐོང་ནི་རང་མེདཔ་སྦེ་ བཙུགས་བཞག་ད་སྨྲ་རེ།
གཟིམ་དཔོན།
ལགས་སོ་ལགས།
དེ་ལས་རྒྱལ་པོ་ལོག་སྟེ་བྱོན་ཚར་བའི་ཤུལ་ལུ་ ཕྱོགས་གཅིག་ལས་རྒྱལ་སྲས་ཐགཔ་གིས་བསྡམས་ཏེ་འཁྱིད་འོང་ནི་དང་། མི་ཡང་ལེ་ཤ་འཛོམས་ཏེ་ལྟདམོ་བལྟ་བའི་ཤུལ་ལུ་ ཤིང་བརྩིགས། མི་དམངས་ཚུ་གིས་མར་ཁུ་བླུགས་ཏེ་མེ་མཆོད་ཕུལ་ནི། དུས་ཡུན་ཨ་ཙི་ཅིག་ལས་ མེ་ཆུང་ཀུ་འགྱོཝ་ད་ མི་དམངས་དེ་ཚུ་ལོག་སྟེ་འགྱོ་ཚར་བའི་ཤུལ་ལུ་ མཁའ་འགྲོ་སྡེ་ལྔ་བྱོན་ རླུང་གཡབ་གཡོབ་སྟེ་ སྐུ་གཟུགས་ཀྱི་རྡུལ་ཕྲན་དང་ རྣམ་ཤེས་བཀུག་པའི་ཚུལ་མཛད་པའི་བར་ན་ཡོལ་ལི་བསྡམས་ནི།
༼མེ་མཆོད་ཀྱི་རྣམ་པ་བཟོ་ཐངས། ཤིང་གི་མཐའ་སྐོར་ལུ་ ཀྲ་ཤོག་དམརཔ་མེ་རིའི་རྣམ་པ་སྦེ་བཏུབ་སྟེ་རྩཝ་ཤིང་ལུ་སྦྱར་ རྩེདམོ་མ་སྦྱར་བར་བཞག་ཞིནམ་ལས་ འོག་ལས་རླུང་འཁོར་གཏང་སྟེ་མེ་འབར་བའི་རྣམ་པ་སྟོན། དེ་ལས་དུ་པ་དེ་ཚུ་འཁྲུལ་ཆས་ཀྱིས་གཏང་ནི།༽

རྒྱབ་ཁའི་མཐོང་སྣང་།
མཚོ་པདྨའི་པར་བཞག་ནི།
ལས་རིམ།
འོག་ལུ་ཀྲ་ཤོག་དང་ཡང་ན་ཏིག་པགས་ཧོནམ་ཅིག་བཏིང་སྟེ་མཚོའི་རྣམ་པ་བཟོ་ནི། དེ་གི་སྦུག་ལུ་མེ་ཏོག་པདྨའི་སྦུག་ལས་གུ་རུ་འཁྲུངས་པའི་ཚུལ་སྟོན། མཁའ་འགྲོ་སྡེ་ལྔ་གིས་ཁྲུས་གསོལ་འཕུལ་ཏེ་ལོག་བྱོན་ནི་དང་། དེ་གི་ཤུལ་ལས་རྒྱལ་བློན་གཉིས་བྱོན་ཞིནམ་ལས་གུ་རུ་མཇལཝ་ད་ ཡིད་མ་ཆེས་པར་སྤྱན་ཕྱི་སྟེ་སྐོར་ར་རྐྱབ་ཅི་ར་གཟིགས་ནི།
གུ་རུ།
དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལ༔ གསོན་སྲེགས་བྱེད་པའི་སྡིག་རྒྱལ་བྱོན་ལགས་སམ༔ འཇིག་རྟེན་སླུ་བྱེད་ཆོས་ལ་རབ་ཆགས་ནས༔ དོན་མེད་ཁྲིམ་འཇུག་སྡིག་རྒྱལ་བྱོན་ལགས་སམ༔ མ་རིག་རྩ་བ་ཉོན་མོངས་དུག་ལྔ་ལ༔ འཕྲལ་ཕུགས་གནས་པའི་སྡིག་རྒྱལ་བྱོན་ལགས་སམ༔ འདུན་མའི་རྩ་བ་སེམས་ཅན་མགུ་བྱེད་ལ༔ མི་དགེས་རྒྱགས་པའི་རྒྱལ་བློན་བྱོན་ལགས་སམ༔
དེ་ལས་རྒྱལཔ་དྲན་མེད་འགྱེལ། བློན་པོ་གིས་བཟུང་སྟེ་ཡར་ལྷོང་ཞིནམ་ལས་ ཁོང་གཉིས་ཀྱི་གུ་རུ་ལུ་ཕྱག་འཚལ་ཏེ་ཞུ་ནི།
རྒྱལ་བློན།
བདག་ཅག་མ་རིག་པའི་དབང་གིས་ བླ་མ་སངས་རྒྱས་དངོས་ཨིན་རུང་ངོ་ཤེས་པར་ གསོན་སྲེགས་ཕུལ་ཏེ་ཉེས་པ་སྦོམ་ར་བསགས་དའི་། དེ་གི་བཤགས་པ་བཟུམ་ཅིག་སྦེ་ ངེད་ཀྱི་རྒྱལ་སྲིད་འདི་ག་ར་སྤྲུལ་པའི་སྐུ་ཁྱེད་ལུ་ཕུལ་ནི་ཨིནམ་ལས། ཐུགས་ཀྱི་བཟོད་པ་བཞེས་ཏེ་ ས་ཧོར་རྒྱལ་ཁམས་ཀྱི་དོན་ལུ་ལོག་སྟེ་རང་ཕོ་བྲང་ནང་འབྱོན་གནང་ལགས།
དེ་གི་བར་ན་ལྷ་དང་ལྷམོ་དེ་ཚུ་ཡང་བྱོན་ཏེ་སྐོར་ར་རྐྱབ་ཞིནམ་ལས་བསྟོད་པ་ཕུལ་ནི།
ལྷ་དང་ལྷམོ།
མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་བྱུང་བླ་མ་སྤྲུལ་པའི་སྐུ །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད།།
གུ་རུ།
རྒྱལ་པོ་གཙུག་ལག་འཛིན་པ་ཉོན་ཤིག ངེད་ཀྱི་མཛད་པ་ནམ་མཁའ་དང་མཉམ་ནི་དེ་གིས་ དགའ་དང་མི་དགའི་རྣམ་གཞག་ང་ལུ་མེད། མ་ཟད་ངེད་ཀྱི་ལུས་འདི་ཤ་ཁྲག་ལས་གྲུབ་གྲུབ་མེན་པར་ཟག་མེད་ཀྱི་ཕུང་པོ་ཨིན་ནི་དེ་གིས་ མེ་གིས་ཡང་འཚིག་མི་ཚུགས། རྒྱལ་པོ་ཁྱོད་རང་འགྲོ་བ་མི་ཅིག་ཨིནམ་ལས་ལྷག་ཆད་ནོར་འཁྲུལ་འོང་སྲིད་དང་སྲིད། ད་འགྲོ་བ་སེམས་ཅན་དེ་ཚུ་སངས་རྒྱས་ཀྱི་ལམ་ལུ་བཀོད་ནི་གི་དོན་ལུ་ ཁྱེད་ཀྱི་བཀའ་ལུ་དྭང་ལེན་ཞུ་སྟེ་ ཁྱོད་ཀྱི་ཕོ་བྲང་ནང་འགྱོ་ནི་ཨིན་སྨྲ་རེ། 
རྒྱལ་པོ།
སྐྱབས་སུ་མཆིས། སྐྱབས་སུ་མཆིས།
དེ་ལས་གཟིམ་དཔོན་ལུ་གཟིགས་ཞིནམ་ལས་གསུངས་ནི།
རྒྱལ་པོ།
གཟིམ་དཔོན༑ ཁྱོད་ཕོ་བྲང་ནང་སོང་ཞིནམ་ལས་ ངེད་ཀྱི་དབུ་ཞྭ་དང་ནམ་བཟའ་ཟ་འོག་གི་བེར་ དར་དང་གོས་ཆེན་དེ་ཚུ་མགྱོགས་པར་འབག་ཤོག དེ་ལས་ཕེབས་སུ་ཞུ་ནི་གི་བཅའ་སྒྲིག་དེ་ཚུ་ཡང་མ་བཏུབ་བཏུབ་སྦེ་རྐྱབ་སྨྲ་རེ།
གཟིམ་དཔོན།
ལགས་སོ་ལགས།
གཟིམ་དཔོན་གྱིས་ ཨོ་རྒྱན་པད་ཞྭ་དང་ན་བཟའ་ཟ་འོག་གི་བེར་དེ་ཚུ་ གུ་རུའི་སྐུ་ལུ་གསོལ། རྒྱལ་པོ་འཁོར་བཅས་ཀྱིས་གུ་རུ་གདན་འདྲེན་ཞུ་སྟེ་ཕོ་བྲང་ནང་བྱོན་ཏེ་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རྒྱ་གར་རྒྱལ་པོའི་ཕོ་བྲང་ནང་འཁོད་ཀྱི་པར་ཅིག་བཞག་ནི།
ལས་རིམ།
རྒྱལ་པོའི་ཁྲི་ལུ་གུ་རུ་བཞུགས། དེ་ལས་མཐའ་འཁོར་ལུ་ རྒྱལ་བློན་ཚུ་བཞུགས་ཏེ་གསོལ་ཇ་བཞེས་པའི་བར་ན་ ལྷ་ལྕམ་ཡང་བཙོན་དོང་ལས་བཏོན་ཏེ་ གུ་རུའི་སྐུ་མདུན་ལུ་ཕྱག་འཚལ་ཏེ་བཅར་ནི།
རྒྱལ་པོ།
དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ ནང་ལུ་བཞུགས་མི་འདི་ ང་བཅས་ཟ་ཧོར་རྒྱལ་ཁམས་ཀྱི་བསོད་བདེ་བསོད་ནམས་བཟུམ་ཅིག་ཨིན། ད་ན་ལས་ཕར་མདོ་དང་སྔགས་ཀྱི་ཆོས་འཁོར་བསྐོར་ཏེ་ ང་མ་ཤི་ཚུན་ཚོད་ན་ལུ་ར་བཞུགས་གནང་ཟེར་ཞུ་ནི་ཨིན།
གུ་རུ།
ཁྱོད་རང་མ་བཤགས་ཚུན་ཚོད་དེ་སྡོད་ཚུགས་ག་མི་ཚུགས་མི་ཤེས། དེ་འབདཝ་ད་ ཟ་ཧོར་གྱི་འགྲོ་བ་སེམས་ཅན་དེ་ཚུ་གི་སེམས་རྒྱུད་སྨིན་ཅིང་གྲོལ་བའི་ལམ་ལུ་ བཀོད་ཚར་ཚུན་ཚོད་ན་ལུ་སྡོད་འོང་།
རྒྱལ་བློན།
དེ་སྦེ་བཞུགས་པ་ཅིན་དེ་ ག་ནི་བ་བཀའ་དྲིན་ཆེ་བས་ལགས།
ཡོལ་ལི་བསྡམས་ནི།


༼མཐོང་སྣང་བདུན་པ། ༽
གུ་རུ་རིན་པོ་ཆེ་འབྲུག་ཡུལ་བུམ་ཐང་ལུ་ཕེབས་པའི་སྐོར།
རྒྱབ་ཁའི་མཐོང་སྣང་།
རྒྱལ་པོའི་གཟིམ་ཅུ་གི་སྒོ་ཅུ་ལས་ཕར་བུམ་ཐང་གི་ཆ་ཉམས་མཚོན་པའི་པར་གཅིག་སྟོན་ནི།
ལས་རིམ།
གདོང་ཁའི་ཁྲི་ལུ་རྒྱལ་པོ་སིན་དྷུ་རཱ་ཇ་ནད་པའི་ཚུལ་སྦེ་གཟིམ་ཏེ་བཞུགས་པའི་མཐའ་འཁོར་ལུ་ སྡོད་ཁྲི་གུར་སྐུ་འཁོར་ཚུ་མྱ་ངན་གིས་གདུངས་པའི་རྣམ་པ་སྟོན་ཏེ་སྡོད་པའི་སྐབས་ལུ་ རྒྱལཔོ་ཁོ་རང་གི་ཐུགས་ཁར་ ནད་ལས་དྲག་མི་ཚུགས་པའི་སྣང་བ་ཤར་ཏེ་ ལོ་རྒྱུས་ཀྱི་ཞལ་ཆེམས་ཐུགས་སྐྱོ་བའི་རྣམ་པ་སྟོན་ཏེ་གསུངས་ནི།
རྒྱལ་པོ།
ཡ༑ ང་བཅས་ཆ་ཁྱབ་རྒྱ་གར་སིན་དྷུ་རྒྱལ་ཁབ་ནང་ལས་ བྱོག་སྟེ་འོང་མི་ཅིག་ཨིན་རུང་ མོན་ཡུལ་བུམ་ཐང་འདི་ནང་གནས་གཞི་བཅའ་སྟེ་ རྒྱལ་ཁབ་ཀྱི་གཞི་རྟེན་ལེགས་ཤོམ་སྦེ་ཚུད་དེ་ཡོད། དེ་འབདཝ་ད་ རྒྱ་གར་མཐའ་འཁོརཔ་གྱི་རྒྱལཔོ་སྣ་བོ་ཆེ་འདི་གིས་ ང་བཅས་སྐྱིད་ཏོང་ཏོ་སྦེ་ནམ་ཡང་སྡོད་མ་སྟེརཝ་མ་ཚད་ ངེད་ཀྱི་བཙུན་མོ་ལོ་ཟ་ཀུན་སྐྱོང་གི་སྲས་སྟག་ལ་མེ་འབར་འདི་ཡང་ ལོ་ངོ་ཉི་ཤུ་དེ་ཅིག་ང་རང་གིས་གསོ་སྐྱོང་འབད་བའི་ཐ་མར་དམག་ནང་ལུ་དཀྲོངས་ད་ཡི་ས་གིན་ ད་ང་ཡང་ཡུན་རིངམ་སྦེ་སྡོད་ཚུགས་ཚུགས་འདྲཝ་ཅིག་མིན་འདུག ད་ངེད་ཀྱི་རྒྱལ་སྲིད་་་ རྒྱལ་སྲིད་འདི་་་་་
བློན་པོ།
རྒྱལ་པོ༑ རྒྱལ་པོ༑ ཐུགས་ཕམ་མ་གནང་ལགས། རྒྱལ་པོའི་བསྙུན་གཞི་འདི་ ལྷ་འདྲེ་གཞི་བདག་ཚུ་གི་བར་ཆད་བཟུམ་ཅིག་ཨིནམ་ལས་ སྔགས་པ་ནུས་མཐུ་ཅན་ཅིག་གདན་འདྲེན་ཞུ་སྟེ་འབད་བ་ཅིན་ བརྟན་བརྟན་བསྙུན་གཞི་ལས་དྲག་བསྐྱེད་འབྱུང་ཚུགསཔ་འོང་ལགས།
རྒྱལ་པོ།
ཨིན་ན་སྟེ། ཁྱོད་ཀྱི་ཐབས་ཤེས་ཅིག་སྟོན་ཏེ་ ང་ནད་གཞི་འདི་ལས་དྲག་ཚུགསཔ་བཟུམ་ཅིག་འབད་བ་ཅིན་  སིན་དྷུ་རྒྱལ་པོའི་རྒྱལ་བརྒྱུད་མི་ཆད་པར་གནས་ནི་དང་། ང་བཅས་ཀྱི་རྒྱལ་ཁབ་འདི་ཡང་ཡུན་དུ་གནས་པའི་རེ་བ་གཅིག་ཡང་ཡོད་ནི་མས། ཡ༑ བློན་པོ༑ ཁྱོད་ཀྱིས་ཐབས་ཤེས་ཅིག་སྟོན་སྨྲ་རེ།
དེ་ལས་བློན་པ་གིས་ ཞལ་མདུན་ཕྱོགས་ལུ་བསྒྱུར་ཏེ་བཀའ་གནང་ནི།
བློན་པོ།
དབའེ༑ གཟིམ་དཔོན༑ རྐང་མགྱོགས་ཀྱི་ནུས་པ་ཡོད་མི་ རྣལ་འབྱོར་པ་རླུང་གི་འཁོར་ལོ་དེ་ དགོན་པ་སྐུ་མཚམས་ནང་བཞུགས་སྟེ་ཡོདཔ་འོང་ནི་མས་ ཁྱོད་ཀྱིས་ཁོ་གདན་འདྲེན་ཞུ་སོང་སྨྲ་རེ།
གཟིམས་དཔོན།
ལགས་སོ་ལགས།
གཟིམ་དཔོན་བྱོན་པའི་ཤུལ་ལུ་ཁོང་ཆ་ཁྱབ་རྒྱལ་པོའི་མཐའ་སྐོར་ཏེ་མྱང་ངན་གྱིས་གདུང་པའི་རྣམ་པ་སྟོན་ཏེ་སྡོད་ནི་དང་། དེམ་ཅིག་བར་ན་ གཟིམ་དཔོན་ལོག་སྟེ་བྱོན་ཞིནམ་ལས་ཞུ་ནི།
གཟིམ་དཔོན།
བློན་པོ་རིན་པོ་ཆེ༑ རྣལ་འབྱོར་པ་རླུང་གི་འཁོར་ལོ་ ཞབས་སར་བཅར་བར་འཐོན་འོང་ཡི་ལགས།
བློན་པོ།
ནང་ན་འབྱོན་ཟེར་ཞུ་ཤིག
རྣལ་འབྱོར་པ་སྒོམ་ཆེན་གྱི་ཆ་ལུགས་ཅན་གཅིག་ཞབས་སར་བཅར་ནི་དང་། བློན་པོ་ཡར་བཞེངས་ཏེ་ཕེབས་སུ་ལུ་བྱོན་ཞིནམ་ལས་གུས་ཞབས་དང་བཅས་པའི་སྒོ་ལས་མགོ་བསྒུར་ཏེ་ཞུ་ནི།
བློན་པོ།
རྣལ་འབྱོར་པ་ སྐུ་ཁམས་བཟང་། ན་ལུ་བཞུགས་ཤིག
རྣལ་འབྱོར་པ་ བཞུགས་ཁྲི་གཅིག་གུར་བཞུགས་བཅུག་ཞིནམ་ལས་གནད་དོན་ཞུ་ནི།
བློན་པོ།
ད་རེས་རྣལ་འབྱོར་པ་མཆོག་ ན་ལུ་བྱོན་ཟེར་ཞུ་དགོ་མི་འདི་ ཁྲང་སྟེ་ར་ཞུ་བ་ཅིན་ རྒྱལ་པོའི་བསྙུན་གཞི་དྲག་ཐབས་ལུ་ ལྷ་འདྲེ་གི་ནུས་པ་བཟློག་ཚུགས་མི་ སྔགས་པ་ནུས་མཐུ་ཅན་ཅིག་གདན་འདྲེན་ཞུ་བར་གཏང་ནི་སྦེ་ཨིན། དེ་ཡང་རྒྱལ་ཕྲན་གཅིག་གིས་སླབ་དོ་བཟུམ་འབད་བ་ཅིན། རྒྱལ་པོ་སྣ་བོ་ཆེ་གི་རྩ་བའི་བླ་མ་ཨིན་མི་ གསང་སྔགས་ཀྱི་བདག་པོ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ ད་ལྟོ་བལ་ཡུལ་ཡངས་ལེ་ཤོད་ལུ་བཞུགས་ནུག་ཟེར་ཨིན་མས། ཁྱོད་ཀྱིས་རྐང་མགྱོགས་ཀྱི་ནུས་པ་ལུ་བརྟེན་ཏེ་སྦེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དེ་འཕྲལ་མགྱོགས་ར་གདན་འདྲེན་ཞུ་བར་བྱོན་གནང་ཟེར་ཞུ་ནི་ཨིན།
རྣལ་འབྱོར་པ།
གནད་དོན་འདི་ མངའ་བདག་རྒྱལ་པོའི་སྐུ་སྲོག་ལུ་ཐུག་པའི་གནད་དོན་ཅིག་ཨིནམ་མ་ཚད་ ང་བཅས་རའི་རྒྱལ་ཁབ་ཀྱི་དོན་ཆེན་གཅིག་ཡང་ཨིནམ་ལས་ ཉིནམ་ནངས་པ་ཟེརནི་ད་རེས་དང་ དེ་རེས་ཟེརནི་ ད་ལྟོ་ལས་ར་འགྱོ་སྟེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གདན་འདྲེན་ཞུ་ཚུགསཔ་སྦེ་ར་འབད་འོང་ལགས།
བློན་པོ།
ཁྱོད་ཀྱིས་ར་དེ་སྦེ་ཐུགས་ཁུར་གནང་པ་ཅིན་ ང་ཡང་བློ་བདེཝ་ཟེར་རུང་དེམ་ཅིག་ཨིན་མས། ཡ༑ གཟིམ་དཔོན༑ ཁྱོད་ཀྱིས་ རྣལ་འབྱོར་པའི་ལམ་ཆས་དང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུ་འཕུལ་ནི་གི་གསེར་ཕྱེ་གི་འབུལ་བ་དེ་ཚུ་ རྣལ་འབྱོར་པ་ལུ་འཕུལ་ཤིག།
དེ་ལས་གཟིམ་དཔོན་གྱིས་ གོ་ལ་བསྡམ་བསྡམས་ཅིག་དང་ གསེར་ཕྱེ་བསྡམ་བསྡམས་ཅིག་རྣལ་འབྱོར་པ་ལུ་འཕུལ་ཏེ་ཞུ་ནི།
གཟིམ་དཔོན།
ཡ་ འ་ནི་རྣལ་འབྱོར་པ་ཁྱོད་རང་གི་ལམ་ཆས་དང་། འ་ནི་གུ་རུ་རིན་པོ་ཆེ་ལུ་འཕུལ་ནི་གི་ གསེར་ཕྱེ་གི་འབུལ་བ་འདི་ཨིན།
བློན་པོ།
ཡ་ ད་ལོག་སྟེ་ཞུ་དགོཔ་ཅིག་མིན་འདུག་ ག་ལས་བསྒོར་རུང་ ང་བཅས་རྒྱལ་བློན་གྱི་རེ་བ་འདི་ཆུས་ཟོས་མ་གཏངམ་ཅིག་ཁྱོད་ཀྱིས་མཛད་དགོ་སྨྲ་རེ།
རྣལ་འབྱོར་པ།
ལགས་སོ་ལགས།
དེ་ལས་རྣལ་འབྱོར་པ་བྱོན་པའི་ཤུལ་ལུ་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རྒྱབ་ཀྱི་ཡོལ་ལི་གུར་ཕོ་བྲང་ནང་འཁོད་ཀྱི་པར་དང་། མདུན་གྱི་ཡོལ་ལི་གུར་བུམ་ཐང་གི་ཆགས་ཉམས།
ལས་རིམ།
ཡོལ་ལི་གཉིས་བརྩེགས་བཟོ་ཞིནམ་ལས་ ཡོལ་ལི་གཉིས་པམ་དེ་གི་རྒྱབ་ཀྱི་ཁྲི་གཅིག་གུ་རྒྱལཔོ་ཕྱེད་ཉལ་གྱི་ཚུལ་སྦེ་བཞུགས་ནི་དང་། དེ་གི་ཟུར་ཁར་ཁྲི་སྟོངམ་གཅིག་བཞག་ཞིནམ་ལས་ ཡོལ་ལི་གཉིས་པམ་དེ་བསྡམས་ཏེ་བཞག་ནི།
གདོང་ཁ་གི་ཡོལ་ལི་ཕྱེ་ཞིནམ་ལས་བློན་འབངས་ཚུ་གིས་གུ་རུ་རིན་པོ་ཆེ་ལུ་གུས་འདུད་འབད་དེ་ཕེབས་སུ་བཅར་ནི། དེ་སྒང་གུ་རུ་རིན་པོ་ཆེ་དང་ཅིག་ཁར་རྣལ་འབྱོར་པ་རླུང་གི་འཁོར་ལོ་དང་ མདུན་བསུ་ལུ་འགྱོ་བའི་ཚུལ་གྱི་མི་དག་པ་ཅིག་བཅས་བྱོན་ནི་དང་། མཇལ་ཕྲད་མཛད་པའི་སྐབས་ གུ་རུ་རིན་པོ་ཆེ་ལུ་ རྣལ་འབྱོར་པ་གིས་ བློན་པོ་ཀུན་འདུས། བློན་པོ་ཀུན་བྱེད། དེ་ལས་རྒྱལ་བཙུན་ལོ་ཟ་ཀུན་སྐྱོང་། ཉི་ཟེར་ལྡན་བཅས་ངོ་སྤྲོད་ཕུལ་ནི་དང་། དེ་ལས་གསེར་སྦྲེང་གི་ཐོག་ལས་གུ་རུ་རིན་པོ་ཆེ་གདན་འདྲེན་ཞུ་ཞིནམ་ལས་ འཁྲབ་སྟེགས་གུར་ལྷོདཔ་ད་ གུ་རུ་གིས་གསུངས་ནི།
གུ་རུ།
གངས་རིས་བསྐོར་བའི་མོན་ཡུལ་འདིར། །ཕྱི་ཡི་ཡུལ་ལྗོངས་ཉམས་རེ་དགའ། །རྒྱལ་བློན་དེ་གུས་ལྡན་པ་འདི། །བསྟན་པ་འཕེལ་བའི་རྟེན་འབྲེལ་ཡིན།། ཡ་ རྒྱལཔོ་ག་སྟེ་བཞུགས་ཡོད་གོ་ དང་པ་ར་རྒྱལཔོ་དང་ཚར་ཅིག་མཇལ་གེ།
དེ་ལས་བློན་པོ་གིས་ཡོལ་ལི་གཉིས་པམ་དེ་ཕྱེ་ཞིནམ་ལས་ ནང་ན་བྱོནམ་ད་ རྒྱལ་པོ་གིས་ཁོ་སྟོད་ཡར་བཞེངས་ཞིནམ་ལས་གུ་རུ་ལུ་གུས་འདུད་གནང་ནི་ཅིག་ཁར་ ཕྱག་རྒྱ་དང་བཅས་པའི་ཐོག་ལས་ཁྲི་ཁར་བཞུགས་ཟེར་ཞུ་ནི།
རྒྱལ་པོ།
བདག་སོགས་འགྲོ་བ་སེམས་ཅན་གྱི་དོན་ལུ་ སངས་རྒྱས་སྐུ་ཤ་རློནམ་ ད་རེས་མོན་པའི་གཡུས་ཁ་བྱོན་ཚུགས་མི་འདི་ ང་བཅས་རྒྱལ་བློན་འབངས་གསུམ་ལུ་ བསོད་ནམས་བྲེ་གིས་རྫོགས་རུང་ཕུད་ཀྱིས་མ་རྫོགས་ཟེར་བའི་དཔྱེ་བཟུམ་ཅིག་ཨིན་མས། ད་སློབ་དཔོན་རིན་པོ་ཆེ་གིས་བཀའ་དྲིན་ལས་ ང་ནད་འདི་ལས་དྲག་ཚུགསཔ་ཅིག་ཡོད་པ་ཅིན་ སློབ་དཔོན་མཆོག་ལུ་ ཐུགས་འདོད་ག་ཅི་ཡོདཔ་ཅིག་ཕུལ་ནི་དང་། ཕྱིན་ཆད་ད་ལས་ཕར་ཅི་གསུངས་བཀའ་བཞིན་སྒྲུབ་ནི་ཨིན་ལགས། སློབ་དཔོན་མཆོག་གིས་ ནད་འདི་ལས་དྲག་ཚུགསཔ་ཅིག་ཐུགས་རྗེས་གཟིགས་གནང་།
གུ་རུ།
ང་ལུ་དགོཔ་འདི་ག་ནི་ཡང་མེད། ད་འབདཝ་ད་ ཁྱོད་རང་ནད་འདི་ལས་དྲག་དགོ་པ་ཅིན་ ཁས་ལེན་ཅིག་འབད་དགོ། ཁས་ལེན་དེ་ཡང་ག་ཅོ་སྨོ་ཟེར་བ་ཅིན། རྒྱལཔོ་ཁྱོད་རང་རྐྱངམ་ཅིག་མེན་པར་ གཡུས་འདི་ནང་གི་མི་སེར་ག་ར་གིས་ སྡིག་པའི་ལཱ་འདི་སྤོངས་ཞིནམ་ལས་དགེ་བའི་ལཱ་ལུ་བརྩོན་ཤུགས་བསྐྱེད་དགོཔ་མ་ཚད་ ངེད་ཀྱི་བསྟན་པ་ལུ་འཇུག་ནི་གི་ཁས་ལེན་འབད་དགོ། དེ་ཚུ་འབད་ཚུགས་པ་ཅིན་ ཁྱོད་རང་ནད་འདི་དྲག་པའི་ཐབས་ཤེས་ང་ལུ་ཡོད། དེ་མེན་པ་ཅིན་ ང་མེན་པར་སངས་རྒྱས་སྟོང་མངོན་སུམ་བྱོན་རུང་ ཕན་ཐབས་མིན་འདུག
དེ་ནང་ཡོད་པའི་རྒྱལ་བློན་འབངས་གསུམ་ག་ར་གིས་སྟབས་གཅིག་ལུ་ཁས་ལེན་འབད་ནི།
དེ་ཁ་ཡོད་མི་ག་ར་གིས།
ཕྱིན་ཆད་ད་ལས་ཕར་ ཨོ་རྒྱན་གུ་རུ་མཆོག་གི་བཀའ་བཞིན་དུ་ སྡིག་པའི་ལཱ་སྤོངས་ཞིནམ་ལས་དགེ་བའི་ལཱ་ལུ་བརྩོན་ཤུགས་བསྐྱེད། སངས་རྒྱས་ཀྱི་བསྟན་པ་ལུ་ཡང་ཞུགས་ནི་ཨིན་ལགས།
གུ་རུ།
དེ་སྦེ་ཨིན་པ་ཅིན་བཏུབ་པས། ད་དེ་ལུ་ཐབས་ཤེས་འབད་དགོཔ་ཟེར་རུང་ བྲག་དམར་རྡོ་རྗེ་བརྩེགས་པའི་གུ་ལུ་ ལྷ་འདྲེ་འགུགས་པའི་བསྒོམ་སྒྲུབ་ཅིག་འབད་དགོ་པས་ དེ་ཁར་ཆ་རོགས་འབད་མི་སྦེ་ ཐབས་ཤེས་ཟུང་སྦྲེལ་གྱི་ཐོག་ལས་ལྷ་འདྲེ་བཀུག་ནི་གི་དོན་ལུ་ ས་སྟེང་མིའུ་ཕུད་ འཇིག་རྟེན་པའི་སྐྱོན་གྱིས་མ་གོས་པའི་ མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པའི་བུམ་ཅིག་དགོཔ་འདུག་ དེ་བཟུམ་ཅིག་ཡོད་ག
རྒྱལ་པོ།
དེ་འདི་ མ་བསྒྲིག་པའི་རྟེན་འབྲེལ་འགྲིག་འགྲིགཔ་བཟུམ་ཅིག་འོང་ནི་མས། ངེད་ཀྱི་བཙུན་མོ་ཉི་ཟེར་ལྡན་གྱི་སྲསམོ་ འབུམ་ལྡན་མཚོ་མི་འདི་ མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པའི་ཁར་ འཇིག་རྟེན་པའི་སྐྱོན་གྱིས་ཡང་རྩ་ལས་ར་མ་གོས་མི་ཅིག་ཨིན་ལགས། འབུམ་ལྡན་མཚོ་མོ༑ གུ་རུ་གི་ཕྱག་དབང་བཅར་ཤིག
འབུམ་ལྡན་མཚོ་མོ་གུས་འདུད་ཀྱི་སྒོ་ལས་ཕྱག་དབང་བཅར་ནི།
འབུམ་ལྡན་མཚོ་མོ་
ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ༑ སྐྱབས་སུ་མཆིས། གོང་ལུ་གསུངས་མི་ཁྱད་ཆོས་དེ་ཚུ་ང་ལུ་ཚངམ་བཟུམ་ཅིག་འབད་བ་ཅིན། ཆ་རོགས་འབད་ནི་འདི་ ང་གིས་ཕྱག་ཕྱིས་ཞུ་ནི་ཨིན་ལགས།
མོ་ལུ་ལེགས་ཤོམ་སྦེ་གཟིགས་ཞིནམ་ལས། ཞལ་མཛུམ་དང་བཅས་པའི་ཐོག་ལས་གསུངས་ནི།
གུ་རུ།
བཏུབ་པས། འབུམ་ལྡན་མཚོ་མོ༑ ད་བྲག་དམར་རྡོ་རྗེ་བརྩེགས་པ་ལུ་བསྒོམ་སྒྲུབ་འབད་བར་འགྱོ་ནི་ཨིན་སྨྲ་རེ།
འབུམ་ལྡན་མཚོ་མོ་
ལགས་སོ་ལགས། བཀའ་བཞིན་ཞུ།
ཡོལ་ལི་བསྡམས་ནི།

ལས་རིམ།
ཡོལ་ལི་རིམ་པ་གཉིས་པའི་རྒྱབ་ལུ་རྒྱལ་པོ་རང་རྐྱ་བཞག དེ་གི་གདོང་ཁར་བྱག་གི་པར་གཅིག་སྟོན་ཞིནམ་ལས་ དེ་གི་གདོང་ཁར་འབུམ་ལྡན་མཚོ་མོ་དང་གུ་རུ་གཉིས་ ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་ ཕྱག་གཉིས་མཉམ་བཞག་མཛད་དེ་བསྒོམ་སྒྲུབ་ལུ་བཞུགས་ཞིནམ་ལས་ཡོལ་ལི་ཕྱེ་ནི། ཨ་ཙི་ཅིག་ཁར་ལས་ གུ་རུ་གིས་ཕྱག་ལུ་རྡོ་རྗེ་རྩེ་དགུམ་བསྣམས་ཏེ་སྡིག་མཛུབ་མཛད་པའི་ཤུལ་ལུ་ ཡིད་དམ་ཤེལ་གིང་དཀར་པོ་འཐོན་ཏེ་ གུ་རུའི་སྐུ་མདུན་སྤུས་མོ་བཙུགས་ཏེ་ཞུ་ནི།
ཤེལ་གིང་དཀར་པོ།
ཀྱེ། སྔགས་པ་ཆེན་པོ་ལགས། བདག་ནི་སྲོག་བདག་དཔོན་བྱེད་ཚེ། །ཤེལ་གིང་དཀར་པོ་བྱ་བ་ཡིན། །གནོད་སྦྱིན་དཔོན་པོ་བྱད་པའི་ཚེ། །གང་བ་བཟང་པོ་བྱ་བ་ཡིན། །བཙན་གྱི་དཔོན་པོ་བྱེད་པའི་ཚེ། །སྐྱེས་བུ་རླུང་བཙན་བྱ་བ་ཡིན། །སྣང་སྲིད་ལྷ་འདྲེ་ང་ཡི་འབངས། །ང་བས་ཆེ་བཙན་སུ་ཡང་མེད། །རྒྱལ་པོ་སིན་དྷུ་རཱ་ཇ་ཡི། །བླ་སྲོག་འདི་ཡིན་ཁྱེད་ལ་འབུལ། །སྔར་ནི་བདུད་ཀྱི་རྒྱལ་པོ་སྟེ། ད་ནི་ཁྱེད་ཀྱི་བསྟན་པ་བསྲུང།།
ཞེས་ཞུ་ནི་དང་ཅིག་ཁར་ འོད་ཚེར་བའི་ཤེལ་རྡོག་གསེརཔ་གཅིག་ཕུལ། ཤེལ་གིང་དཀར་པོ་ལོག་པའི་ཤུལ་ལས་ གུ་རུ་དང་འབུམ་ལྡན་མཚོ་མོ་བཞེངས་ཞིནམ་ལས་ སྐུ་འཁོར་ཚུ་དང་ཅིག་ཁར་ཡོལ་ལི་གཉིས་པམ་ཕྱེ་སྟེ་རྒྱལ་པོ་བཞུགས་སར་བྱོན། འོད་དེ་རྒྱལ་པོའི་ཐུགས་ཁར་བསྟིམ། དྲིལ་བུ་དང་ཌ་མ་རུ་དཀྲོགས་ཏེ་གསུངས་ནི།
གུ་རུ།
བཅོམ་ལྡན་རྟ་མཆོག་རོལ་པའི་བྱིན་རླབས་དང་། །གསང་སྔགས་རིགས་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །རྒྱལ་པོ་ཁྱོད་ནི་བདག་གིས་བསྲུངས་ཟིན་གྱིས། །ཁྱོད་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག། བཛྲ་རཀྵ་རཀྵ།
ཌ་མ་རུ་ལྕོགས་སྒྲོམ་གུ་བཞག རྡོ་རྗེ་རྒྱལ་པོའི་དབུ་ལུ་བཞག་སྟེ་ བསྲུང་བའི་ཚུལ་སྦེ་ཨ་ཙི་ཅིག་བཞུགས་པའི་ཐ་མར་་
གུ་རུ།
རྒྱལ་པོ༑ ག་དེ་སྦེ་འདུག བསྙུང་གཞི་ཨ་ཙི་དྭང་ཡི་ག
རྒྱལཔོ་ཡར་བཞེངས་ཞིནམ་ལས་ གུ་རུ་ལུ་ཕྱག་འཚལ་ཞབས་ལུ་བཟུང་སྟེ་ ངུ་ངག་གི་ཐོག་ལས་ཞུ་ནི།
རྒྱལ་པོ།
གུ་རུ་རིན་པོ་ཆེ༑ སྐྱབས་སུ་མཆིས། ངེད་ཀྱི་ན་ཚ་དེ་ཚུ་ རྐང་པ་ལས་རྩང་བཏོན་དོ་བཟུམ་སྦེ་ ད་ ན་ཚ་ག་ནི་ཡང་མེད་པར་དྲག་སོང་ནུག ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་ངེད་ཀྱི་སྲོག་སྐྱབས་ཀྱི་དྲིན་ཅན་ཡིན། བཀའ་དྲིན་ཆེ། བཀའ་དྲིན་ཆེ།
དེ་ལས་རྒྱལཔོ་ཁྲི་ཁར་བཞུགས། བློན་འབངས་དེ་ཚུ་གིས་ཡང་ ཕྱག་འཚལ་ཏེ་ བཀའ་དྲིན་ཆེ་ཟེར་ཞུ་ནི།
རྒྱལ་པོ།
ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་ ང་བཅས་མོན་པའི་རྒྱལ་ཁབ་ཀྱི་སྲོག་སྐྱབས་ཀྱི་དྲིན་ཅན་རྩ་བའི་བླམ་ཅིག་ཨིནམ་ལས་ དེ་ལུ་བཀའ་དྲི་ཆེ་ཟེར་ཞུ་ནི་དང་ཅིག་ཁར་ ད་ལོག་སྟེ་བྱོན་མ་སོང་པར་ ན་ལུ་བཞུགས་ཏེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན་ལགས།
གུ་རུ།
ང་འགྲོ་བ་སེམས་ཅན་གྱི་དོན་ལེ་ཤ་འབད་ནི་ཡོདཔ་ལས་ ཁྱོད་དང་ཅིག་ཁར་སྡོད་ལོང་མེད། དེ་བ་འདི་ ཁྱོད་རང་ནག་པོ་སྡིག་པའི་ལཱ་མ་འབད་བར་ དཀར་པོ་དགེ་བའི་ལྷ་ཆོས་འབད། རྒྱལ་ཁབ་ཀྱི་བར་ན་དམག་འཁྲུགས་མ་རྐྱབ་པར་མཐུན་བསྒྲིག་འབད་དེ་ བློན་འབངས་བདེ་སྐྱིད་ཀྱི་ངང་ལུ་བཞག ད་ང་རྒྱལ་པོ་སྣ་བོ་ཆེ་དང་ཚར་ཅིག་མཇལ་ཕྲད་འབད་བར་འགྱོ་དགོ་པས།
རྒྱལ་བློན།
ལགས་སོ་ལགས།
དེ་ལས་ཡོལ་ལི་ཚར་གཅིག་བསྡམས་ནི་དང་། ལོག་སྟེ་ཕྱེཝ་ད་ གུ་རུ་དང་རྒྱལཔོ་སྣ་ཆེ་གཉིས་སྐུ་འཁོར་དང་བཅས་པ་འཁྲབ་སྟེགས་གུར་བྱོན་ནི་དང་རྒྱལཔོ་སིན་དྷུ་རཱ་ཇ་ཡང་དེ་ནང་བཅར་ནི།
༼རྒྱལ་པོ་སིན་དྷུ་རཱ་ཇ་བུམ་ཐང་པའི་ཆ་ལུགས་དང་། སྣ་བོ་ཆེ་རྒྱ་གར་གྱི་ཆ་ལུགས་སྦེ་ཐོན་པ་ཅིན་ལེགས་ཤོམ་འོང་།༽
གུ་རུ།
ད་ཁྱིམ་ཚེ་རྒྱལ་ཁབ་གཉིས་ སྡོང་ཁོག་དང་ཤ་མུ་སྦེ་ཅིག་ཁར་རུལ་ནི་མེན་པར་ སྤང་དང་མེ་ཏོག་སྦེ་ཅིག་ཁར་རྒྱས་ནི་གི་དོན་ལུ་ ཁྱོད་གཉིས་མཐུན་སྒྲིག་འབད་ཞིནམ་ལས་ ཕྱིན་ཆད་དམག་འཁྲུགས་མི་ལང་གི་དོན་ལུ་ ཞལ་ཆེམས་ཀྱི་བཀའ་ཚིག་རྡོ་རིང་བཙུགས་ཤིག
དེ་ལས་ཁོང་གཉིས་ཀྱི་ས་མཚམས་ལུ་རྡོ་རིང་བཙུགས་ཞིནམ་ལས་ དེ་གུར་ཡོད་མི་ཡི་གུ་འདི་ཅིག་ཁར་ལྷག་ནི།
ཡི་གུ།
མོན་གྱི་རྒྱལ་པོ་སིན་དྷུ་རཱ་ཇ་དང་ རྒྱའི་རྒྱལ་པོ་སྣ་བོ་ཆེ་གཉིས་ཀྱི་བར་ན་བཙུགས་པའི་བཀའ་ཚིག་ཞལ་ཆེམས།  སྔོན་ཆད་མོན་གྱིས་རྒྱ་བཅོམ། རྒྱ་ཡིས་མོན་པ་བཅོམ་རུ་ ད་ནས་ཕར་ ཨོ་རྒྱན་རིན་པོ་ཆེའི་བཀའ་དགོངས་སྒྲུབ་སྟེ་ ཕྱིན་ཆད་དམག་འཁྲུགས་མི་འབད་ནི་གི་ཁས་བླངས་འབདཝ་ཨིན།
དེ་ལས་གུ་རུ་གིས་ཞལ་རས་རྒྱལཔོ་སིན་དྷུ་རཱ་ཇའི་ཕྱོགས་ལུ་བསྒོར་ཏེ་གསུངས་ནི།།
གུ་རུ།
མོན་པའི་གཡུས་ཁ་ལུ་འོངས་པའི་དགོས་པ་ག་ར་བསྒྲུབས་ཚརཝ་ལས་ ན་ལུ་སྡོད་རུང་དོན་དག་ཅིག་མིན་འདུག་ དེ་བ་འདི་ འཛམ་གླིང་འགྲོ་བའི་དོན་ལུ་ རྒྱ་གར་འཕགས་པའི་གཡུས་ཁར་ལས་བསྐོར་ཏེ་ གངས་ཅན་བོད་ལུ་འགྱོ་ནི་ཨིན། ཤུལ་ལས་ཚར་ཅིག་མོན་པའི་གཡུས་འདི་ནང་ལོག་སྟེ་འཐོན་འོང་། ད་འགྱོཝ་ཨིན་སྨྲ་རེ།
རྒྱལ་བློན་འབངས་གསུམ་ག་ར་མྱ་ངན་གྱི་ཐོག་ལས་ཕེབས་བསྐྱེལ་ཞུ་བའི་ཐ་མར་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི་ཨིན།

༼མཐོང་སྣང་བརྒྱད་པ། ༽
གུ་རུ་རིན་པོ་ཆེ་བོད་ལུ་བྱོན་ཏེ་སངས་རྒྱས་བསྟན་པའི་རྨང་གཞི་བཏིང་པའི་སྐོར།
རྒྱབ་ཁའི་མཐོང་སྣང་།
བསམ་ཡས་རིའི་པར་གཅིག་བཞག་ནི། པར་དེ་ཤིང་མེད་པའི་རི་གཅིག་གི་གདོང་ཁར་སྤང་ཐང་དང་གཙང་ཆུ་ཡོད་མི་ཅིག་འབད་རུང་བཏུབ།
༼རྒྱལ་བློན་གྱི་ཆ་ལུགས་དེ་ཚུ་ བོད་ཀྱི་རྒྱལ་བློན་གྱི་ཆ་ལུགས་སྦེ་རང་བཟོ་བ་ཅིན་ལེགས་ཤོམ་འོང་།༽
ལས་རིམ།
འཁྲབ་སྟེགས་གུར་ བསམ་ཡས་རྨང་གཞི་གི་རྩིག་རྡོ་བརྩིག་པའི་རྣམ་པ་ཅིག་བཟོ་སྟེ་ལས་མི་དེ་ཚུ་ལཱ་འབད་བའི་རྣམ་པ་སྟོན་ཞིནམ་ལས་ཡོལ་ལི་ཕྱེ་ནི།
ལས་མི་གཅིག
ཨའོ་དབའེ༑  ང་བཅས་ཀྱི་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ འགྲུབ་ནི་མེད་པའི་ལཱ་འདི་དབའེ། ས་སླང་ཅིག་ཡང་ལེགས་ཤོམ་སྦེ་མ་འབདཝ་འདྲ་བས་ས་དབའེ།
གཅིག་གིས་
དབའེ༑ རྡེའུ༑ ཁྱོད་ཀྱིས་མ་ཤེས་སྦོ། རོགས་རྒྱ་གར་འཕགས་པའི་གཡུས་ཁ་ལས་ ཟ་ཧོར་གྱི་མཁན་པོ་བོ་དྷི་སཏྭ་ཟེར་ཞུ་མི་འདི་ ལཱ་ཁག་སྦེ་གདན་འདྲེན་ཞུ་ཞིནམ་ལས་ས་སླང་འབད་འབདཝ་མེན་སྦོ།
སྔ་མ་དེ་གིས་
སྟེ་ ང་བཅས་ཀྱིས་ག་དེམ་ཅིག་རྩ་འགེངས་རུ་ལཱ་ཤུལ་ག་ནི་ཡང་འཐོན་ནི་མེད་མི་འདི་ག་ཅི་སྨོ་སྟེ། ལྷ་འདྲེ་ཚུ་གིས་ར་མེདཔ་བཏངམ་ཨིན་ན། ཡང་ཅིན་བོན་པོ་དེ་ཚུ་གིས་མེདཔ་བཏངམ་ཨིན་ན་མ་ཤེས་སྨྲས།
གཞན་གཅིག་གིས།
དབའེ༑ མགོ་ལུ་རྭཝ་མེད་པའི་ནོར་དེ་ཚུ་ ཏ་མ་ཁ་ཤུབས་སོར་གྭངམ་དེ་གིས་ལྟག་ལྐོག་ལག་གྭངམ་འདི་རྒྱང་འོང་སྨྲ་རེ། ང་འབདནི་མི་ཤེས། དེ་བ་འདི་ ད་གནམ་ཡང་སྲོ་དེས་ ལཱ་མཇུག་བསྡུ་སྟེ་འགྱོ་གེ་མེན་ན།
གཅིག་གིས།
ཨིན་པས་ས། འགྱོ་ཤིག
དེ་ལས་གློག་འོད་མར་ཕབས་སྟེ་གནམ་སྲོ་པའི་ཚུལ་སྟོན་པའི་ཤུལ་ལུ་ ལྷ་འདྲེ་ཚུ་འོང་སྟེ་རྩིག་པ་བཤིག་བཏང་སྟེ་འགྱོ་ནི། དེ་ལས་གནམ་ཞག་དཀར་བའི་ཚུལ་སྦེ་ གློག་འོད་སྤར་ཞིནམ་ལས་ རྒྱལ་བློན་དང་མཁན་ཆེན་བྱོན་ཏེ་ ཧ་ལེགས་པའི་ཚུལ་གྱིས་གཟིགས་ནི།
རྒྱལ་པོ།
མཁན་ཆེན་མཆོག༑ བསམ་ཡས་ཀྱི་ས་ཆ་འདི་ཁར་ བྱིན་རླབས་ཅིག་ལེགས་ཤོམ་སྦེ་ འབད་མ་ཚུགསཔ་མེན་ན་སྨོ། རྒྱ་ཆེ་བའི་གཙུག་ལག་ཁང་འདི་གི་ལཱ་འདི་ ལེགས་ཤོམ་ཅིག་སྦེ་བཞེངས་ར་མ་སྟེར། ད་ ག་དེ་སྦེ་འབད་བ་ཅིན་དྲག་ག་སྨོ། མཁན་ཆེན༑
མཁན་ཆེན།
རྒྱལ་པོ་རིན་པོ་ཆེ༑ ས་ལུ་བྱིན་རླབས་མ་འབད་འདི་རྩ་ལས་མེན། དེ་འབདཝ་ད་ ང་བཅས་ཀྱིས་ཆོས་ལུགས་གསརཔ་ཅིག་དར་ཁྱབ་གཏང་ནི་ཨིནམ་ཤེས་ཞིནམ་ལས་ བོད་ཀྱི་ལྷ་འདྲེ་དེ་ཚུ་མ་དགའ་བར་ བར་ཆད་རྐྱབ་དོ་ཡོདཔ་ཨིན་མས། ངནི་ཞི་བའི་ཐོག་ལས་བྱང་ཆུབ་ཀྱི་སེམས་ལུ་བློ་སྦྱོང་འབད་མི་ཅིག་ཨིནམ་ལས་བརྟེན་ཏེ་ ང་གིས་དེ་ཚུ་བཏུལ་ཚུགས་པར་ལཱ་ཁག་འོང་ནི་མས།
རྒྱལ་པོ།
དེ་སྦེ་ཨིན་པ་ཅིན། དེ་ལུ་ཐབས་ཤེས་ ག་ཅི་སྟོནམ་དྲག་ག་སྨོ།
མཁན་ཆེན།
དེ་ལུ་ཐབས་ཤེས་ཟེར་རུ་ ལྷ་འདྲེ་གི་ནུས་པ་བཟློག་ཚུགས་མི་སྔགས་པ་ནུས་མཐུ་ཅན་ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ གདན་འདྲེན་ཞུ་ཞིནམ་ལས་ལྷ་འདྲེ་དམ་ལུ་བཏགས་ཏེ་བཀའ་བསྒོ་གནང་གནང་པ་ཅིན་དྲག་འོང་ལགས།
རྒྱལ་པོ།
དབའེ༑ གུ་རུ་པདྨ་འབྱུང་གནས་འདི་ ང་བཅས་ཀྱིས་གདན་འདྲེན་ཞུ་བ་ཅིན་ འབྱོན་འོང་ག་སྨོ།
མཁན་ཆེན།
གུ་རུ་རིན་པོ་ཆེ་ཡང་ འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཅིག་ཨིནམ་མ་ཚད་ ང་བཅས་ཅིག་ཁར་འཛོམས་ནི་གི་ལས་འཕྲོ་དང་སྨོན་ལམ་ཡོདཔ་ལས་ འབྱོན་ར་འབྱོན་འོང་ལགས།
རྒྱལ་པོ།
ལས་འཕྲོ་དང་སྨོན་ལམ་ག་ཅི་བཟུམ་ཅིག་ཡོདཔ་ཨིན་ན་སྨོ། མཁན་པོ་གིས་ཚར་གཅིག་གསུངས་གནང་པ་ཅིན་བཀའ་དྲིན་ཆེ་ནི་མས།
མཁན་ཆེན།
ཧེ་མ་བལ་ཡུལ་ལུ་ ཨམ་བྱ་རྫི་མ་དང་ མོ་གི་བུ་བཞི་གིས་མཆོད་རྟེན་བྱ་རུང་ཁ་ཤོར་ཟེར་མི་འདི་བཞེངས་པའི་བར་ན་ཡུམ་དེ་བཤགས་སོང་རུང་ ཁོང་བུ་སྤུན་བཞི་གིས་ མཆོད་རྟེན་དེ་འཕྲོ་མཐུད་བཞེངས་ཞིནམ་ལས་རབ་གནས་གནང་པའི་སྐབས་ལུ་ མདུན་གྱི་ནམ་མཁར་སངས་རྒྱས་རབ་བདུན་མངོན་སུམ་དུ་བྱོན་ཡོདཔ་ཨིན་མས། དེ་ཁ་ལུ་ཁོང་བུ་སྤུན་བཞི་གིས་སྨོན་ལམ་བཏབ་པའི་སྐབས་ལུ་ བུ་རྒན་ཤོས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆོས་ལྡན་གྱི་རྒྱལཔོ་གཅིག་སྦེ་སྐྱེས་ནི་གི་སྨོན་ལམ་བཏབ་མི་དེ་ ད་ལྟོ་མངའ་བདག་རྒྱལཔོ་ཁྱེད་རང་ཨིན། བུ་གཉིས་པམ་དེ་གིས་ སངས་རྒྱས་ཀྱི་བསྟན་པ་བསྲུང་མི་སྦེ་སྨོན་ལམ་བཏབ་མི་འདི་ ད་ལྟོ་ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་ཨིནམ་ལས་ ཁོ་བྱོན་པ་ལུ་ཐེ་ཚོམ་ག་ནི་ཡང་མི་འོང་ལགས།
རྒྱལ་པོ།
དེ་བདེན་རྫུན་ག་དེ་སྦེ་ཨིན་རུང་ ཉན་ནི་ལུ་སྤྲོ་བ་ཅན་ཅིག་ཨིན་མས། ཡ་ དེ་ལས་བུ་གཞན་མི་གཉིས་དེ་ག་དང་ག་སྨོ།
མཁན་ཆེན།
དེ་ལས་བུ་གསུམ་པམ་དེ་གིས་ སངས་རྒྱས་ཀྱི་བསྟན་པ་སྤེལ་མི་ཅིག་ལུ་སྨོན་ལམ་བཏབ་མི་འདི་ བོ་དྷི་སཏྭ་ང་རང་ཨིན། དེ་ལས་བུ་བཞི་པམ་དེ་གིས་ འཕྲིན་བསྐྱེལ་བློན་པོ་སྦེ་སྨོན་ལམ་བཏབ་མི་འདི་ ད་ལྟོ་ཡར་ཀླུངས་སྦ་མི་ཁྲི་གཞེར་ཨིན་མས་ལགས། ང་བཅས་བུ་སྤུན་བཞི་གི་བཏབ་མི་སྨོན་ལམ་འདི་ རང་བཞིན་ལྷུན་གྱིས་འགྲུབ་ནི་གི་དུས་ཚོད་འདི་ད་ལྟོ་ཨིནམ་ལས་ གུ་རུ་རིན་པོ་ཆེ་གདན་འདྲེན་ཞུ་མི་འདི་ཡང་ བུ་སྤུན་བཞི་པ་སྦ་མི་ཁྲི་གཞེར་ཁོ་རང་གཏང་པ་ཅིན་ བརྟན་བརྟན་གདན་འདྲེན་ཞུ་ཚུགས་ལགས།
རྒྱལ་པོ།
ལགས་སོ། དེ་སྦེ་ཨིན་པ་ཅིན་ གུ་རུ་གདན་འདྲེན་ཞུ་མི་གི་བང་ཆེན་གཙོ་བོ་དེ་སྦ་མི་ཁྲི་གཞེར་དང་ ཁོ་གི་ཆ་རོགས་སྦེ་ རྡོ་རྗེ་བདུད་འཇོམས། ཤཱ་ཀྱ་པྲ་བྷ། དཔལ་གྱི་སེང་གེ་སྦེ་ཁོང་བཞི་གཏང་ནི་ཨིན། དབའེ༑ བློན་པོ༑ ཁོང་བཞིཔ་དེ་རྒྱ་གར་ནང་འགྱོ་ནི་གི་གྲབ་སྒྲིག་རྐྱབ་ཞིནམ་ལས་ན་ལུ་ཤོག་ཟེར་སླབ་ཤིག།
འཕྲིན་བློན་བཞི་པོ་སྐུ་མདུན་ལུ་བཅར་ཏེ་སྤུས་མོ་བཙུགས་ཞིནམ་ལས་ཞུ་ནི།
འཕྲིན་བློན།
མངའ་བདག་རྒྱལ་པོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན། བསམ་དོན་ཆོས་བཞིན་འགྲུབ་པར་ཤོག།
རྒྱལ་པོ།
ཁྱོད་འཕྲིན་བློན་བཞི་པོ་ན་ལུ་ཤོག་ཟེར་བོ་མི་འདི་ རྒྱལ་ཁབ་ཀྱི་དོན་ཆེན་གཅིག་གི་དོན་ལུ་བོ་བོཔ་ཨིན། དེ་ཡང་ད་ལྟོ་ཡོད་མི་རྒྱལ་བློན་འབངས་གསུམ་དང་། འབྱུང་འགྱུར་མ་འོངས་སེམས་ཅན་གྱི་དོན་ལུ་ཨིན་མི་ བསམ་ཡས་གཙུག་ལག་ཁང་གི་ སྐུ་གསུངས་ཐུགས་རྟེན་ཆ་ཚང་སྒྲུབ་ནི་ལུ་ ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་དེ་མེད་ཐབས་མེདཔ་ཅིག་ཨིན་མི་དེ་ང་བཅས་ག་ར་གིས་ཤེས་ས་དང་མཁྱེན་ས་ཨིན། དེ་འབདཝ་ལས་ ཁྱོད་བཞི་གིས་རྒྱ་གར་རྡོ་རྗེ་གདན་ལུ་སོང་ཞིནམ་ལས་ སྐུ་ལུ་འགྱུར་བ་མེད། གསུང་ལ་འགག་པ་མེད། ཐུགས་ལུ་འཁྲུལ་པ་མེད་པའི་ཨོ་རྒྱན་གྱི་གུ་རུ་རིན་པོ་དེ་ གདན་འདྲེན་ཞུ་ཚུགསཔ་སྦེ་ར་ འབད་དགོ་སྨ་རེ།

ལགས་སོ་ལགས།
ཁོང་བཞི་པོ་འགྱོཝ་དང་ཅིག་ཁར་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
རི་འགྲམ་ལུ་གཙང་ཆུ་ཡོད་པའི་པར་གཅིག་བཞག་ནི།
མཐོང་སྣང་།
འཁྲབ་སྟེགས་གུར་རྒྱལ་བློན་དང་ཞབས་འཁོར་དང་མཁན་ཆེན་བཅས་གསུང་གྲོས་གནང་པའི་ཚུལ་སྦེ་བྱོན་ནི།
རྒྱལ་པོ།
གུ་རུ་རིན་པོ་ཆེ་གདན་འདྲེན་ཞུ་མི་ཐེངས་གསུམ་བཏང་རུང་བྱོན་མ་བཏུབ། ཕལ་ཆེར་ན་ལུ་འབྱོན་འདོད་མེདཔ་འདྲ་བས་མེན་ན། 
བློན་པོ།
རྒྱལ་པོ་རིན་པོ་ཆེ༑ དེ་སྦེ་འདི་མེན་པས་ལགས། འདས་པའི་ཟླཝ་དེ་ན་རང་ མང་ཡུལ་གུང་ཐང་ཕྱོགས་ལུ་ཕེབས་ཡོད་པའི་ལོ་རྒྱུས་འདུག  ད་ཧ་ལམ་ཡར་ཀླུང་ཕྱོགས་ལས་འབྱོན་དོ་འོང་ལགས།
དེམ་ཅིག་གི་བར་ན་ ཕོ་ཉ་བང་ཆེན་ཅིག་རྒྱལ་པོའི་སྐུ་མདུན་སྙན་གསོལ་ཞུ་ནི།
བང་ཆེན།
རྒྱལ་པོ་རིན་པོ་ཆེ༑ གུ་རུ་པདྨ་འབྱུང་གནས་ཞབས་འཁོར་དང་བཅས་པ་ ཆུ་བོ་ལོ་ཧི་ཏའི་འགྲམ་ལུ་བྱོན་འོང་ནུག་ལགས།
རྒྱལ་པོ།
དབའེ༑ ཨིན་པས་ག་ མགྱོགས་པར་གསེར་སྦྲེང་གི་གྲབ་བསྒྲིག་རྐྱབས་ཤིག ཕེབས་སུ་ཞུ་བར་ལོ་ཧི་ཏའི་ཆུ་འགྲམ་ཟུང་མཁར་ལུ་འགྱོ་གེ།
ཡོལ་ལི་ཚར་གཅིག་བསྡམས་ཞིནམ་ལས་ཕྱེ་བའི་སྐབས་ལུ་ རྒྱལ་བློན་ཕོ་སྐྱེས་དེ་ཚུ་ན་བཟའ་དཀར་རྐྱང་བཞེས་ ཕྱག་ལུ་ཁ་དར་བསྣམས་ཏེ་གཡས་ཕྱོགས་ལུ་དང་། བཙུན་མོ་རྣམ་གཉིས་ཀྱིས་གཙོས་པའི་བུད་མེད་རྣམས་ཀྱིས་ཁ་དར་འབག་སྟེ་གཡོན་ཕྱོགས་ལས་གྲལ་བསྒྲིགས། བསངས་དང་གསེར་སྦྲེང་དང་བཅས་པའི་ཐོག་ལས་བསྒུག་སྟེ་བཞུགས་པའི་བར་ན་ ཕེབས་བསུའི་བང་ཆེན་འབྱོར་བ་དང་གསེར་སྦྲེང་འགོ་བཙུགས་ཞིནམ་ལས་ གུ་རུ་རིན་པོ་ཆེ་བྱོན་ནི། རྒྱལ་སློབ་རྣམ་གཉིས་ཞལ་མཇལ་སྐབས་ གཅིག་གིས་གཅིག་ལུ་གུས་ཕྱག་མ་ཕུལ་བར་ཨ་ཙི་ཅིག་བཞུགས་པའི་བར་ན་ གུ་རུ་གིས་མགུར་མ་གསུངས་ནི།
གུ་རུ།
དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ། །གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ང་སངས་རྒྱས་པདྨ་འབྱུང་གནས་ཡིན། །ང་རྒྱལ་པོ་ཁྱོད་ལ་ཕྱག་མི་འཚལ། །འོན་ཀྱང་སྨོན་ལམ་འབྲེལ་བ་ཡིས། བོད་ཡུལ་དབུས་སུ་འོངས་ནས་མཆིས། རྒྱལ་པོ་ཆེན་པོ་དེར་བྱོན་ནམ།།
ཟེར་གསུངས་ཞིནམ་ལས་ ཕྱག་གཉིས་བརྐྱངས་ དབུ་གུག་ཙམ་བྱས་པའི་ཤུལ་ལས་ རྒྱལ་བློན་ཚུ་གིས་ཡང་ཕྱག་འཚལ་ནི། དེ་ལས་གདན་འདྲེན་ཞུ་སྟེ་བྱོན་པའི་བར་ན་ཡོལ་ལི་བསྡམས།


རྒྱབ་ཁའི་མཐོང་སྣང་།
རྒྱབ་ཁའི་པར་དེ་གི་སྦུག་ལུ་བྱ་ཁྱུང་གི་མགོ་དང་ མཐའ་འཁོར་ལུ་དམག་གི་གོ་མཚོན་སོགས་ཡོད་པའི་པར་ཅིག་བཞག་ནི།
ལས་རིམ།
ཁྲི་གསུམ་རྐྱབ་པའི་དབུས་ལུ་རྒྱལ་པོ་དང་ གཡས་ལུ་གུ་རུ་ གཡོན་ལུ་མཁན་ཆེན་ མཐའ་འཁོར་ལུ་བཙུན་མོ་དང་བློན་པོ་རྣམས་བཞུགས་ནི། ཡོལ་ལི་ཕྱེ་བ་དང་ རྒྱལ་བློན་ཚུ་གིས་གུ་རུ་ལུ་འབུལ་བ་ཕུལ་ཞིནམ་ལས་ རང་རང་སོ་སོའི་ཁྲི་ཁར་བཞུགས་ཏེ་ཞུ་ནི།
རྒྱལ་པོ།
ད་རེས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་མཆོག སྤྲིན་དཀར་པོ་མཚམས་བཙུགས་ ས་ནག་པོ་འདོམ་གྱིས་མཇལ་ཏེ་ རྒྱ་གར་འཕགས་པའི་གཡུས་ཁ་ལས་ བྱང་ཕྱོགས་བོད་ཀྱི་དོན་ལུ་བྱོན་གནང་མི་དེ་ལུ་ཁ་ཞེ་གཉིས་མེད་ཀྱི་སྒོ་ལས་ བཀའ་དྲིན་ཆེ་ཟེར་ཞུ་ནི་དང་ཅིག་ཁར། རྒྱལ་པོ་ཁྲི་སྲོང་ངེད་ཀྱི་བྱ་སྒོའི་ལས་རིམ་གྱི་སྐོར་ལས་ཞུ་བ་ཅིན། བོད་ཀྱི་མི་རིགས་འདི་ ཤེས་རྒྱུད་ག་ནི་བ་གྱོང་དྲག་ཨིནམ་ལས་ ཁོང་གི་ཤེས་རྒྱུད་དུལ་ནི་དོན་ལུ་ སངས་རྒྱས་བསྟན་པའི་སྐུ་གསུང་ཐུགས་རྟེན་བཞུགས་སའི་གཙུག་ལག་ཁང་ཅིག་བཞེངས་འགོ་བཙུགས་ཡོད་རུང་ ལྷ་འདྲེ་གདུག་པ་ཅན་དེ་ཚུ་གིས་ རྩ་ལས་བཞེངས་མ་སྟེར་བར་ཡོདཔ་ཨིན། དེ་འབདཝ་ལས་ གུ་རུ་རིན་པོ་ཆེ་མཆོག་གིས་ སངས་རྒྱས་བསྟན་པའི་དོན་ལུ་དམིགས་ཏེ་ གཙུག་ལག་ཁང་རྟེན་དང་བརྟན་པ་བཅས་པ་ཆ་ཚང་སྒྲུབ་ནི་གི་དོན་ལུ་ ཆ་རོགས་ག་ཅི་གནང་དགོཔ་ཅིག་མཛད་གནང་ཟེར་ཞུ་ནི་ཨིན།
གུ་རུ།
བོད་ཁམས་སྐྱོང་བའི་མངའ་བདག་ཆེན་པོ་ལགས༑ མཐའ་འཁོརཔ་བོད་ཀྱི་རྒྱལ་ཁམས་འདི་འདྲེ་གི་གཡུས་བཟུམ་ཅིག་ལུ་འགྱུར་སོང་ནུག ང་འོངས་པའི་ལམ་ཁར་ཡང་ལྷ་འདྲེ་ལེ་ཤ་ཅིག་ར་དམ་ལུ་བཏགས་ཏེ་འོང་འོངམ་ཨིན། དེ་ཚུ་ག་དེ་སྦེ་ཨིན་རུ་ ཐུགས་བསམ་རྒྱ་ཆེ་ས་ལས་བཞེས་ཏེ་ མ་འོངས་སེམས་ཅན་གྱི་དོན་ལུ་གཙུག་ལག་ཁང་འདི་བཟུམ་ཅིག་བཞེངས་འགོ་བཙུགས་གནང་མི་འདི་ལུ་ ཨོ་རྒྱན་པདྨ་ངེད་ཀྱི་ཁ་ཐུག་ལས་ བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ལེགས་སོ་སྦོམ་སྦེ་ཡོད།  
ད་ལྟོ་ཚུན་ཚོད་བར་ན་ གཙུག་ལག་ཁང་གི་ཕྱག་ལཱ་ལེགས་ཤོམ་འགྱོ་མ་བཏུབ་མི་དེ་ཡང་ བོད་ཀྱི་ལྷ་འདྲེ་དེ་ཚུ་ཐུགས་སེམས་འཁྲུགས་ཏེ་ཡོདཔ་ལས་བརྟེན་ཏེ་ཨིན་མས། ད་གཙུག་ལག་ཁང་འདི་ལེགས་ཤོམ་སྦེ་གྲུབ་དགོཔ་བཟུམ་ཅིག་འབད་བ་ཅིན། འབད་དགོཔ་ལེ་ཤ་ཡོད་པའི་ནང་ལས་ དང་པ་ར་ རི་མཐོ་ས་ཅིག་ཁར་འགྱོ་ཞིནམ་ལས་ ལྷ་འདྲེ་ལུ་བཤགས་པ་ཕུལ་དགོ་འདུག།
རྒྱལ་པོ།
ཨོ་རྒྱན་གུ་རུ་རིན་པོ་ཆེ༑ ད་ནས་བཟུང་སློབ་དཔོན་མཆོག་གི་ཅི་གསུངས་བཀའ་བཞིན་སྒྲུབ་ནི་ཨིནམ་ལས་བོད་ཀྱི་ལྷ་འདྲེ་ཚུ་གི་དོན་ལུ་ བཤགས་པ་དང་གསེར་སྐྱེམས་འཕུལ་སའི་ས་གོ་འདི་ ཧས་པོ་རིའི་རྩེ་ལུ་སྦེ་གནང་པ་ཅིན་དྲག་ནི་བཟུམ་ཅིག་འདུག་ལགས། དེ་འབདཝ་ལས་ དང་པ་ར་ཧས་པོ་རིའི་རྩེ་མོ་ལུ་ བཤགས་པ་འཕུལ་བར་འབྱོན་གེ་ལགས།
རྒྱལ་བློན་ཚུ་བྱོན་ཏེ་ཡོལ་ལི་བསྡམས།

རྒྱབ་ཁའི་མཐོང་སྣང་།
རི་རྩེ་ལེ་ཤ་ཡོད་པའི་རིའི་པར་གཅིག་བཞག་ནི།
ལས་རིམ།
གདོང་ཁར་བསངས་དང་གསེར་སྐྱེམས་བསྒྲིགས་ཞིནམ་ལས་རྒྱལ་བློན་ཚུ་བྱོན་ཏེ་ཞི་བའི་སྒོ་ལས་ཕུལ་ནི།
གུ་རུ།
རང་ཉིད་པདྨའི་ཐུགས་ཀ་ནས། གཉིས་འཛིན་བསྲེག་པའི་མེ་དཔུང་འབར། །ལྷན་སྐྱེས་སྦྱར་བྱུང་དྲི་བསྲེགས་པའི། །དུད་པས་གང་ལ་གང་འདོད་འགྱུར། །ཞིང་མཆོག་དམ་པ་ཁྱེད་ལ་འབུལ། །མཆོག་ཐུན་དངོས་གྲུབ་འགྲུབ་པར་ཤོག །འགྲོ་དྲུག་སྙིང་རྗེའི་མགྲོན་ལ་འབུལ། །ལན་ཆགས་བུ་ལོན་དག་གྱུར་ཅིག།
དེ་ལས་རྒྱལ་བློན་ཚུ་གིས་ ཕྱག་གཡས་པས་དཀར་ཕྱེ་གཏོར་ཏེ་སྐད་རྐྱབ་ནི།
རྒྱལ་བློན་ཚུ།
ཀྱེ༑ ཀྱེ༑ སྭ༑ སྭ༑ ལྷ་རྒྱལ་ལོ།
དེ་ལས་ནམ་མཁའ་ལས་སྒྲ་གྲགས། ལྷ་འདྲེ་འཇིགས་པའི་ང་རོ་སྟོན་པའི་ཚེ་ གུ་རུ་ཁྲོ་བའི་རྣམ་པ་སྟོན་ རྡོ་རྗེ་སོར་བའི་ཕྱག་རྒྱ་མཛད་ཞིནམ་ལས་བཀའ་བསྒོ་མཛད་ནི།
གུ་རུ།
ཉོན་ཅིག་བགེགས་དང་ལོ་འདྲེན་ཚོ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། །དགེ་བའི་བྱ་བ་བྱེད་པ་ལ། །འགལ་རྐྱེན་བར་ཆད་མི་གཏོང་ཞིང་། །མཐུན་རྐྱེན་བསམ་པ་ཆོས་བཞིན་སྒྲུབས། གལ་ཏེ་བཀའ་ལས་འདའ་བ་ན། །མགོ་བོ་དུམ་བུ་བརྒྱར་བཀས་ཤིང་། །བརླག་པར་འགྱུར་བར་གདོན་མི་ཟའོ།།
དེ་ལས་ལྷ་འདྲེ་ཚུ་རང་གཟུགས་སྟོན་ཏེ་གདོང་ཁར་འོང་ཞིནམ་ལས་ ཁས་ལེན་དམ་བཅའ་ཞུ་ནི།
ལྷ་འདྲེ་ཚུ་གིས།
ཕྱིན་ཆད་སྲོག་ལ་འབབ་ཀྱང་སྡིག་པའི་ལས། །ནམ་ཡང་མི་བགྱི་གུ་རུའི་བཀའ་བཞིན་བྱ།།
མངའ་བདག་རྒྱལ་པོའི་ལས་ལ་གྲོགས་བགྱི་ཞིང་། །སངས་རྒྱས་བསྟན་པ་བསྲུང་བར་ཁས་བླང་ངོ།།
ལྷ་འདྲེ་ཚུ་རྒྱབ་ཤུད་རྐྱབ་སྟེ་རང་གནས་སུ་བྱོན་པའི་ཤུལ་ལུ། ལྕོགས་སྒྲོམ་གུར་ ཤེལ་སྣོད་གཅིག་གི་སྟེང་ལུ་མེ་ཏོག་ཚོམ་བུ་ཅིག་བཞག དེའི་མདུན་ལུ་གཏོར་མ་དང་མཆོད་པ་བདུན་ཚར་བཤམས་པ་ཧེ་མ་ལས་གྲབ་བསྒྲིགས་འབད་དེ་ཡོད་མི་ཅིག་ འཁྲབ་སྟེགས་ཀྱི་ཟུར་གཅིག་ལུ་བཞག་ཞིནམ་ལས་ དེ་གི་གདོང་སྐོར་སྦེ་མཁན་སློབ་ཆོས་གསུམ་སོགས་བཞེངས་ཏེ་ས་བླང་མཛད་ནི།
གུ་རུ།
ཕྱག་གཡས་ཁས་ལེན་ཕྱག་རྒྱ་དང་། །གཡོན་པ་གསེར་གྱི་བུམ་པ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་ལྡན་པའི། །ས་ཡི་ལྷ་མོ་འདིར་འབྱོན་ཅིག། མཆོད་ཡོན་ཞབས་བསིལ་མེ་ཏོག་ཕྲེང་། །བདུག་སྤོས་སྣང་གསལ་དྲི་ལྡན་ཆབ། །ཞལ་ཟས་རོལ་མོའི་བྱེ་བྲག་ནི། །ནམ་མཁའི་མཐའ་ཁྱབ་འབུལ་གྱིས་བཞེས།། བྷུ་མི་པ་ཏི་ས་པ་རི་ཝཱ་རི་ཨི་དམ་བ་ལིཏཾ་ཁ་ཁཱ་ཁ་ཧི་ཁ་ཧི། གང་དག་འདིར་གཤེགས་ལྷ་ཚོགས་ལ། །རྒྱལ་པོའི་གཙུག་ལག་ཁང་གི་ཕྱིར། །ས་འདི་བདག་ལ་ཞུ་བ་ན། །བྱམས་བརྩེའི་ཐུགས་ཀྱིས་གནང་བར་མཛོད།།
ལྷ་རྣམས་ཀྱིས།
ཅི་དགར་ལོངས་སུ་སྤྱོད་པར་བྱའོ།།
གུ་རུ།
བཛྲ་མུཾ། ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར།
དེ་ལས་ས་ཐིག་རྐྱབ་ཞིནམ་ལས་རྒྱལ་པོ་གིས་ཏོག་རྩེ་བསྣམས་ཏེ་ ཐེངས་གསུམ་བརྐོ་ནི་ཨིན།
གུ་རུ།
ཡ༑ མངའ་བདག་རྒྱལ་པོ༑ གཞི་བདག་དང་སའི་ལྷ་མོ་ཚུ་ལས་ གཙུག་ལག་ཁང་བཞེངས་ནི་གི་ས་ལྷངམ་ད་ ཁོང་ལས་སའི་གནང་བ་ཡང་ཐོབ་ཅི། ད་ ཉིནམ་ད་རེས་ལས་གཙུག་ལག་ཁང་བཞེངས་ནི་འགོ་བཙུགས་ནི་ཨིན།  
རྒྱལཔོ་གིས་ས་བརྐོ་མི་དེ་ཁར་གུ་རུ་གིས་རྩིག་རྒྱམ་རྡོ་བཙུགས་ཞིནམ་ལས་ རྒྱལ་བློན་འཁོར་བཅས་ལོག་སྟེ་བྱོན་ནི་དང་ ལས་མི་ཚུ་གིས་ལཱ་འགོ་བཙུགས་ནི་དང་ ཨ་ཙི་ཅིག་ལས་
ལས་མི།
ཨཱའོ་དབའེ༑ ང་བཅས་ཀྱི་མངའ་བདག་རྒྱལ་པོའི་འགྲུབ་ནི་མེད་པའི་ལཱ་འདི་ ད་རུ་ཡང་འགོ་བཙུགས་དའི། དབའེ༑ ཁ་གིས་བགོད་བྲ་བ་ཟེར་སླབ་ད། ད་ཅི་རྒྱ་གར་ཨ་ཙ་ར་འདི་གིས་རྡག་རྡོག་ལེ་ཤ་ཅི་ར་སླབ་ནི་འདུག་སྦ་ཡ། ག་ཅི་ར་སླབ་ཨིན་ན།
གཞན།
ཁའི༑ དབའེ༑ ཆོས་མ་ཉན་པའི་རྣཝ་སྤུ་སུལ་སུལ་ཟེར་མི་འདི་ཁྱོད་ཨིན་པས་སྦོ་སྟེ། གུ་རུ་རིན་པོ་ཆེ་གིས་ལྷ་འདྲེ་དམ་ལུ་བཏགས། གནས་བདག་གཞི་བདག་ཚུ་ལས་ས་ལྷང་འབད་འབདཝ་ཨིན་མས། ད་འབདནི་ ང་བཅས་ཀྱི་ལཱ་ལུ་བར་ཆད་རྐྱབ་མི་ག་ཡང་མི་འོང་།
སྔ་མ་དེས།
བར་ཆད་ཡ། བར་ཆད་རྐྱབ་མི་དེ་ ལྷ་འདྲེ་རང་དེ་གཱ་ཆགས་རུང་ ཆོས་ལུ་མ་དགའ་མི་བོན་པོ་འདི་ཚུ་འོང་ག་ཡང་མི་ཤེས། དེ་བ་འདི་ ཕྱི་རུ་བསྲུང་རྒྱབ་ལེགས་ཤོམ་སྦེ་བཙུགས་པ་ཅིན་དྲག་འོང་།
གཞན།
ཁ་བཙུམ། ཧང་ཧུང་ཡང་མི་ཤེས་སྦ། དེ་བ་འདི་ རྩིག་རྒྱམ་འདིནི་བཙུགས་ཚར་ཡི། ད་སྤར་འཁྱམས་ཏེ་ མ་ཎི་སྐུལ་གེ་ ཤོག།
དེ་ལས་མ་ཎི་སྐུལ་ཏེ་སྤར་འཁྱམས་ནི།
སྤར་འཁྱམས་པ་ཚུ་གིས།
ཨོྃ་ས་ལ་མ་ཎི། པདྨེ་ཆོས་ལ་ཆོས་ལ་ཧཱུྃ་ཧྲིཿ ཧཱུྃ་ཧྲིཿ བོད་ལ་འཇམ་དཔལ་དབྱངས་ཀྱི་དབའེ་སྤྲུལ་པ་འཁྲུངས། ཨོྃ་ས་ལ་མ་ཎི། པདྨེ་ཆོས་ལ་ཆོས་ལ་ཧཱུྃ་ཧྲིཿ ཧཱུྃ་ཧྲིཿ ལྷ་ཁང་བཞེངས་ཚེ་བདུད་ཀྱི་དབའེ་བར་ཆད་བྱུང་།།
ཨོྃ་ས་ལ་མ་ཎི། པདྨེ་ཆོས་ལ་ཆོས་ལ་ཧཱུྃ་ཧྲིཿ ཧཱུྃ་ཧྲིཿ ཨོ་རྒྱན་པདྨས་ལྷ་འདྲེ་དབའེ་དམ་ལ་བཏགས།།
ཨོྃ་ས་ལ་མ་ཎི། པདྨེ་ཆོས་ལ་ཆོས་ལ་ཧཱུྃ་ཧྲིཿ ཧཱུྃ་ཧྲིཿ ཉིན་མོ་མི་དང་མཚན་མོ་དབའེ་འདྲེ་གིས་བཞེངས།།
ཨོྃ་ས་ལ་མ་ཎི། པདྨེ་ཆོས་ལ་ཆོས་ལ་ཧཱུྃ་ཧྲིཿ ཧཱུྃ་ཧྲིཿ རྒྱལ་པོའི་བསམ་དོན་ཆོས་བཞིན་དབའེ་འགྲུབ་པར་ཤོག།
གཅིག་གིས།
དབའེ༑ ད་ལཱ་མཇུག་བསྡུ་གེ་ས་དབའེ༑ འཕོཝ་ནང་བྱི་ཙི་རྒྱུགས་དོ། བལྟ་ཤིག་ ཁྲི་གདུགས་ཉིནམ་ཡང་ ཡུམ་ཆེན་ཆུ་ལྷའི་ཕང་མར་ཉལ་ནི་འབད་དེས།
གཞན་
ཨིན་ན་དེནི་ལཱ་མཇུག་བསྡུ་ཤིག་བསྡུ་ཤིག།
དེ་ལས་ལཱ་མཇུག་བསྡུ་སྟེ་འགྱོ་བའི་སྐབས་ལུ་ གླུ་འཐེན་ཏེ་འགྱོ་ནི།
ལས་མི་ཚུ།
ཞིམ་ནི་སྦང་ཆང་ཞིམ་རུ་ས་ཁོ་རེ། གར་ནི་ཨ་ར་གར་བས་ས་ཁོ་རེ། དབའེ༑ དབའེ༑ འདྲེ་འདྲེ། འདྲེ་འོང་དོ། བྱོ་བྱོ།
ཁོང་འགྱོ་བའི་བར་ན་གློག་འོད་མར་ཕབས། ལྷ་འདྲེ་དེ་ཚུ་འོང་ཞིནམ་ལས་ ལཱ་འགོ་བཙུགས་ཏེ་འབད་བའི་བར་ན་ཡོལ་ལི་བསྡམས་ཏེ་མཇུག་བསྡུ་ནི།

རྒྱབ་ཁའི་མཐོང་སྣང་།
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་པར་བཞག་ནི།
ལས་རིམ།
རྒྱལ་བློན་འཁོར་བཅས་ཞལ་རས་ གཙུག་ལག་ཁང་ལུ་གཟིགས་ཏེ་རབ་གནས་གནང་ནི།
གུ་རུ།
ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སྦྱིན་བདག་བསོད་ནམས་སྤེལ་བ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་བཞུགས་ནས། །ལྷ་མོ་སྒྲུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ལྟར་འདིར་ནི་བཞུགས་སུ་གསོལ། །བདག་སོགས་སེམས་ཅན་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད།། ཨོཾ་ཨཱཿ བིགྣན་ཏ་ཀྲྀ་ཧཱུཾཿ
སྔགས་ལན་གསུམ་བརྗོད་པའི་སྐབས་ལུ་ ཕྱག་གི་རྡོ་རྗེ་གིས་ གཙུག་ལག་ཁང་གི་འོག་ བར་ སྟེང་གསུམ་ལུ་འོག་ནས་རིམ་པ་བཞིན་ རྡོ་རྗེ་རྒྱ་གྲམ་གྱི་ཚུལ་བཀོད་ནི། དེ་ལས་བཀྲ་ཤིས་རབ་གནས་ཀྱི་པད་བསྐོར་གནང་སྟེ་ལོག་ཞིནམ་ལས། ཁྲི་གསུམ་གྱི་སྦུག་ལུ་གུ་རུ། གཡས་གཡོན་གཉིས་ལུ་མཁན་པོ་དང་ཆོས་རྒྱལ དེ་ལས་གཞན་བཙུན་མོ་དང་བློན་འབངས་ཚུ་ཡང་བཞུགས་ཞིནམ་ལས་ བོད་ཀྱི་རྒྱལ་པོའི་ཁ་ཐུག་ལས་ བློན་འབངས་ཚུ་གིས་མཁན་སློབ་གཉིས་ལུ་འབུལ་བ་འཕུལ་ནི་དང་། དེའི་ཞོ་ཁར་བཀྲ་ཤིས་དགའ་སྟོན་གྱི་ཞབས་བྲོ་གཟིགས་ནི།
གླུ་གཞས་པ་ཚུ་གིས།
དྲོ་དྲོ་ཉི་མའི་དྲོད་ནང་། །ཟིམ་ཟིམ་མེ་ཏོག་ཆར་པ། །ཡང་ཡང་དལ་གྱིས་བབས་དུས། །ལྷང་ལྷང་གླུ་ཞིག་ལེན་གེ།།
ཉི་ཟླ་སྐར་གསུམ་འཛོམས་པ།།གནམ་གང་དུས་ཆེན་ཉིན་མོ། །མཁན་སློབ་ཆོས་གསུམ་འཛོམས་པ།།བོད་ཀྱི་རྫོགས་ལྡན་བསྐལ་པ།།
སྦྱིན་བདག་མི་དབང་རྒྱལ་པོ།།ཆབ་སྲིད་གོང་དུ་འཕེལ་བས། །སངས་རྒྱས་བསྟན་པའི་གཞི་མ།།བྱང་སེམས་མཁན་པོ་ཕེབས་སོང་།།
ཨོ་རྒྱན་པདྨའི་ཞབས་ཀྱིས།།ལྷ་འདྲེ་བཀའ་བསྒོ་མཛད་པས། །བསམ་ཡས་གཙུག་ལག་ཁང་ཆེན།།མ་བཞེངས་ལྷུན་གྱིས་གྲུབ་སོང་།།
ཕྱི་ནས་གླིང་བཞི་གླིང་ཕྲན། །ཉི་ཟླ་བཅས་པ་ཚང་བའི། །སྦུག་ལུ་དབུ་རྩེ་རིམ་གསུམ། །རི་རྒྱལ་ལྟ་བུར་མཐོ་བ།།
རྒན་པས་བསྐོར་ར་རྐྱབ་ས། །གཞོན་པས་ཞབས་ཏོག་སྒྲུབ་ས། །བྱིས་པས་སློབ་སྦྱོང་གནང་ས། །བསམ་ཡས་ལྷུན་གྱིས་གྲུབ་སོང་།།
གང་གིས་བསམ་ཡས་འདི་ལ། །ཡིད་ཀྱིས་དྲན་པ་ཙམ་ཡང་། །ཕྱི་མར་བཟང་མདོག་དཔལ་རིར། །སྐྱེ་བར་ཐེ་ཚོམ་མིན་འདུག།
ཞབས་བྲོ་མཇུག་བསྡུ་ཞིནམ་ལས་ མཁན་སློབ་ཆོས་གསུམ་གསུང་གྲོས་གནང་ནི།
གུ་རུ།
ང་བཅས་མཁན་སློབ་གཉིས་ ན་ལུ་འོང་དགོ་པའི་དོན་དག་ངོ་མ་འདི་ར་ བསམ་ཡས་གཙུག་ལག་ཁང་འདི་གི་དོན་ལུ་ཨིནམ་ལས་ ད་ གཙུག་ལག་ཁང་འདིནི་གྲུབ་སོང་ཡི། ད་ང་བཅས་གཉིས་ཡང་ རང་རང་སོ་སོའི་གཡུས་ཁ་ལུ་ལོག་འགྱོ་ནི་གི་བཀའ་ཅིག་གནང་བར་ཞུ།
རྒྱལཔོ་ཐུགས་སྐྱོ་བའི་ཐོག་ལས་སྤྱན་ཆ་བསིལ་ཏེ་ཞུ་ནི།
རྒྱལ་པོ།
མཁན་སློབ་རྣམ་གཉིས་ཐུགས་རྗེ་གཟིགས། སངས་རྒྱས་བསྟན་པའི་ཉིནམ་མ་ཤར་བའི་བོད་ཡུལ་མུན་པའི་གླིང་འདི་ནང་ ད་ལྟོ་ཕྱི་གི་རྟེན་གཙུག་ལག་ཁང་གྲུབ་སོང་རུང་། གསུང་རྟེན་བཀའ་དང་བསྟན་བཅོས་འདི་ཚུ་བསྒྱུར་ནི་ལྷག་ཡོད། དེ་འབདཝ་ལས་ ང་རྒྱལ་པོ་ཁྲི་སྲོང་མ་ཤི་ཚུན་ཚོད་ མཁན་སློབ་རྣམ་གཉིས་ན་ལུ་བཞུགས་ཞིནམ་ལས་ མདོ་མཚན་ཉིད་ཐེག་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ཏེ་བཞུགས་གནང་ཟེར་ཞུ་ནི་ཨིན་ལགས།
མཁན་པོ།
མངའ་བདག་རྒྱལཔ་གིས་ཐུགས་བཞེད་དེ་སྦེ་གནངམ་བཟུམ་ཅིག་འབད་བ་ཅིན་ དང་པ་ར་བློ་རིག་གསལ་བའི་ཨ་ལོ་དག་པ་ཅིག་བསྡུ་བསྐོང་འབད་ཞིནམ་ལས་ སྒྲ་དང་རིག་པ་ཚར་ཅིག་སྟོན་ཏེ་བལྟ་གེ
གུ་རུ།
ཨིན་པས། དེ་གི་བར་ན་རྒྱལ་པོའི་ཁ་ཐུག་ལས་ཆོས་ཁྲིམས་སྒྲིང་སྒྲིང་འབད་བཙུགས་དགོཔ་འདི་ཁག་ཆེ་བས།
རྒྱལ་པོ།
ལགས་སོ་ལགས། དེ་འདི་ག་དེ་མགྱོགས་མགྱོགས་ ང་གིས་ཕྱག་ཕྱིས་ཞུ་འོང་ལགས།
དེ་ལས་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
བསམ་ཡས་དབུ་རྩེའི་འོག་ཐོག་ཡིན་པའི་ཚུལ་དུ་ཇོ་ཁང་གི་པར་བཞག་ནི།
ལས་རིམ།
མཁན་སློབ་ཆོས་གསུམ་ཁྲི་ཁར་བཞུགས། བློན་འབངས་འཛོམས་པའི་ཐོག་ལུ་ཆོས་ཁྲིམས་གསལ་བསྒྲགས་གནང་ནི།
རྒྱལ་པོ།
ད་རེས་བླ་ན་མཐོ་བའི་མཁན་སློབ་གཉིས་དང་། བློན་འབངས་ག་ར་འཛོམས་པའི་སྦུག་ལུ་ བོད་ལྗོངས་ཆོས་ཀྱི་རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་ང་གིས་ ཁྲིམས་ལུ་གསལ་བསྒྲགས་འབད་མི་དེ་ལུ་ རྒྱལ་བློན་འབངས་གསུམ་ཡོངས་ཀྱིས་ ཉིནམ་ད་རེས་ལས་འགོ་བཙུགས་ཏེ་ལག་ལེན་འཐབ་དགོ། བོད་ཀྱི་རྒྱལ་པོའི་ཁྲིམས་འདི་ལུ་ ཆོས་ཁྲིམས། རྒྱལ་ཁྲིམས། ཐང་ཁྲིམས་ཟེར་དབྱེ་བ་གསུམ་སྦེ་ཕྱེ་ནི་དང་། འདི་དང་བསྟུན་ཏེ་ལེགས་བྱས་འབད་མི་ལུ་ལེགས་སྐྱེས་ཕུལ་ནི། ཉེས་སྤྱོད་འབད་མི་དེ་ལུ་ཉེས་ཁྲིམས་ཆགས་ཡང་མེད་པར་བཀལ་ནི་ཨིན། ལེགས་བྱས་ཟེར་མི་འདི་ཡང་དམ་པའི་ཆོས་ཨིནམ་ལས་ དེ་གི་དོན་ལུ་ རབ་བྱུང་གི་སྡེ་དང་། སྔགས་པའི་སྡེ་ཚན་གཉིས་བཙུགས་ཏེ་ དང་པ་ར་སངས་རྒྱས་བསྟན་པའི་རྨང་གཞི་ལྷོང་ནི་ཨིན།
མཁན་པོ།
དེ་ཚུ་གི་གྲལ་ཁ་ལས་ རྟེན་འབྲེལ་བཟུམ་ཅིག་སྦེ་ ད་རེས་དང་པ་ར་ བློ་རིག་གསལ་བའི་ཨ་ལོ་ཚུ་ལུ་ བརྡ་སྤྲོད་རིག་པ་ཚར་ཅིག་སྟོན་ཏེ་བལྟ་གེ།
རྒྱལ་པོ།
ཡ་ ཨ་ལོ་དེ་ཚུ་འཁྱིད་ཤོག་ཤིག
དེ་ལས་ཨ་ལོ་དག་པ་ཅིག་འོང་ཞིནམ་ལས་ མཁན་པོ་ལུ་ཕྱག་འཚལ་ཏེ་རྩ་བ་སྡོད་ནི། དེ་ལས་མཁན་པོ་གིས་ འོག་གི་ཚིག་དེ་ཚུ་རེ་རེ་སྦེ་རྗེས་ཟློས་འབད་བཅུག་ནི། ཨིན་རུ་སློབ་མ་ཚུ་གིས་སྒྲ་མ་དྭགཔ་སྦེ་སླབ་ནི།
མཁན་པོ།
ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒྷ་ཡ།
ཟེར་བའི་བར་ན་ཡོལ་ལི་བསྡམས་ནི།


རྒྱབ་ཁའི་མཐོང་སྣང་།
སྒྲ་བསྒྱུར་གླིང་ཨིན་པའི་ཚུལ་སྦེ་ རྒྱབ་ཁར་འཇམ་དཔལ་དབྱངས་ཀྱི་སྐུ་པར་ཅིག་བཞག་ནི་དང་།
ལས་རིམ།
མདུན་ལུ་ལྕོགས་སྒྲོམ་དག་པ་ཅིག་གུར་དཔེ་རིང་ལེ་ཤ་བཀྲམ་སྟེ་བཞག་ཞིནམ་ལས། མཁན་པོ་དང་ལོ་ཙ་བ་གཉིས་ཀྱིས་སྐད་བསྒྱུར་འབད་བའི་ཚུལ་སྟོན་ནི། དེ་ཡང་མཁན་པོ་གིས་ ལེགས་སྦྱར་ཚིག་རྐང་གཉིས་རེ་གསུངས་ཞིནམ་ལས་ ལོ་ཙ་བ་གིས་བོད་སྐད་ཚིག་རྐང་གཉིས་རེ་སླབ་སྟེ་བྲིས་ནི།
མཁན་པོ།
བི་དྷཱུ་ཏ་ཀལྤ་ནཱ་ཇཱ་ལ གམྦྷི་རོ་དཱར་མཱུརྟ་ཡེ། ན་མཿ ས་མནྟ་བྷ་དྲཱ་ཡེ ས་མནྟསྐརན་ཏྭིཥེ།།
ལོ་ཙ་བ།
རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།
སྐད་བསྒྱུར་མཛད་པའི་བར་ན་ རྒྱལཔོ་དང་སློབ་དཔོན་གཉིས་གཟིགས་བསྐོར་བྱོན་ཏེ་སྐད་བསྒྱུར་འབད་ས་གཟིགས་ནི་དང་། དེ་ལས་རྒྱལཔོ་གིས་གསུངས་ནི།
རྒྱལ་པོ།
སྐུ་དྲིན་ཆེ་བའི་མཁན་སློབ་རྣམ་གཉིས་དང་ ལོ་ཙ་རྣམ་པ་ག་ར་ཉིན་མཚན་བརྟོལ་མེད་ཕྱག་ལཱ་གནང་སྟེ་བཞུགསཔ་ལས་ སྐུ་འོ་བརྒལ་བྱུང་བྱུངམ་འོང་། ད་ ན་ལས་ཕར་ཟླ་ཕྱེད་ལྷགཔ་ཅིག་གི་རིང་ལུ་ བོད་ཀྱི་ལོ་གསར་ཨིནམ་ལས་ཐུགས་ལྷོད་ཡངས་ཀྱི་ངང་ལུ་ ངལ་གསོ་བཞུགས་གནང་ཟེར་ཞུ་ནི་ཨིན།
གུ་རུ།
མངའ་བདག་རྒྱལ་པོ་མཆོག༑ དུས་ཅི་རྒྱལ་པོ་ཁྱེད་རང་ལོ་ཀག་ན་ཚུད་དེ་ཡོདཔ་ལས་ ལོ་གསར་གྱི་སྐབས་ལུ་ ཉེན་ཁ་ཆེ་བའི་རྩེདམ་གི་རིགས་དང་ ལྷག་པར་དུ་རྟ་རྒྱུགས་ཀྱི་རྩེདམ་དེ་བཀག་གནང་པ་ཅིན་ལེགས་ཤོམ་འོང་།
རྒྱལ་པོ།
སློབ་དཔོན་རིན་པོ་ཆེ༑ རྟ་རྒྱུགས་ཀྱི་རྩེདམ་འདི་ བོད་ཀྱི་ཐུན་མོང་མ་ཡིན་པའི་རྩེདམ་ཅིག་ཨིནམ་ལས་ དེ་བཀག་པ་ཅིན་ བློན་འབངས་ཚུ་གིས་ཉན་མ་བཏུབ་པའི་ཁར་། དེ་ལས་ཁོང་ལུ་ལོ་གསར་གྱི་སྤྲོ་བ་ཡང་མི་འོང་ནི་བཟུམ་ཅིག་འདུག།
གུ་རུ།
དེ་འབད་ཨིན་པ་ཅིན། རྒྱལཔོ་ཁྱོད་རང་ཟབ་ཟབ་མཛད་གནང་།
དེ་ལས་ཁོང་ཆ་ཁྱབ་བྱོན་ནི་དང་ཅིག་ཁར་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
བསམ་ཡས་གཙུག་ལག་ཁང་གི་པར་བཞག་ནི།
ལས་རིམ།
བློ་འོད་བསད་དེ་ཕྱི་རུ་གི་རྣམ་པ་སྟོན། སྒྲོན་མེ་དག་པ་ཅིག་ དང་ཕུག་རྒྱལ་ཁང་ནང་གི་ལུགས་སྲོལ་སྦེ་སྤར་ཏེ་བཞག་ཞིནམ་ལས་ རྒྱལཔོ་རྟ་རྒྱུགས་གནང་སྟེ་བྱོནམ་ད་ སྐུ་གཟུགས་ལུ་མདའ་འཕོག་སྟེ་ཆིབས་ཁ་ལས་བུལ་ནི། དེ་ལས་ཞབས་ཞུ་པ་ཚུ་གིས་རྒྱལཔོ་ཉལ་ཁྲི་གུར་བཞག་ཞིནམ་ལས་ ནམ་ནངས་པའི་ཚུལ་སྦེ་གློག་འོད་སྤར། རྒྱལཔོ་ཉལ་ཁྲི་གུར་གན་རྐྱལ་སྦེ་གཟིམ། རྒྱལ་སྲས་མུ་ཏིག་བཙན་པོ་དགུང་ལོ་བརྒྱད་པའི་རྣམ་པ་ཅན་ཅིག་ དབུ་ལུ་སྤྲོ་ཞུ་བཞེས་ཏེ་རྒྱལ་པོའི་སྐུ་མདུན་ལུ་སྤུས་མོ་བཙུགས་ཞིནམ་ལས་རྒྱལ་པོའི་ཕྱག་ལུ་བཟུང་། བཙུན་མོ་དང་སྐུ་འཁོར་ཚུ་གིས་བསྐོར་ཏེ་མྱ་ངན་གྱི་རྣམ་པ་སྟོན་ཏེ་བཞུགས་པའི་བར་ན་བཤགས་ནི།  དེ་ལས་སྐུ་འཁོར་ཚུ་བཤུམས་ཏེ་བཞུགས་པའི་བར་ན་ མཁན་སློབ་གཉིས་ཡང་དེ་ཁར་བྱོན་པའི་ཤུལ་ལུ། བློན་ཆེན་གྱིས་ ཐུགས་གསོ་དྲན་སྐུལ་གནང་ནི།
བློན་པོ།
སངས་རྒྱས་བསྟན་པའི་ཕྱག་ལཱ་སྦོམ་ཅིག་ཤུལ་ལུ་བཞག་སྟེ། མངའ་བདག་རྒྱལཔོ་སྐུ་ཚེ་མ་བརྟན་པར་བཤགས་སོང་ཡི། ཨིན་རུ་ ད་མེད་པར་འབག་ཤོག་དང་ ཤི་བ་ལོག་ཤོག་ཟེར་ས་མེད། ད་ང་བཅས་ཆ་ཁྱབ་འགྱོད་པའི་གཡང་ལུ་ལྷུང་ཏེ་སྡོད་ནི་མེན་པར་ རྒྱལ་པོའི་ཐུགས་ཀྱི་དགོངས་པ་ཆ་ཚང་བསྒྲུག་ནི་དོན་ལུ་ བསྟན་པའི་ཕྱག་ལཱ་དེ་རྒྱུན་འཐུད་དེ་ར་ འབད་དགོཔ་འདི་ ག་ནི་བ་ཁག་ཆེ་བས། དེ་འབདཝ་ལས་ སྤྱིར་བོད་ཀྱི་ལུགས་སྲོལ་དང་། བྱེ་བྲག་ཏུ་ད་རེས་ཀྱི་དོན་ཆེན་འདི་སྒྲུབ་ནི། ལྷག་པར་དུ་རྒྱལ་སྲས་མུ་ཏིག་བཙན་པོ་སྐུ་ན་མ་སྨིནམ་ལས་བརྟེན་ཏེ། མངའ་བདག་རྒྱལཔོ་བཤགས་པའི་ལོ་རྒྱུ་འདི་ ལོ་བཅུ་ཐམ་གསང་རྒྱ་འབད་དེ་བཞག་ནི་ཨིན་སྨྲ་རེ།
དེ་ལས་སྐུ་འཁོར་ཚུ་བཤུམས་ཏེ་སྡོད་པའི་བར་ན་ཡོལ་ལི་བསྡམས་ནི།

རྒྱབ་ཁའི་མཐོང་སྣང་།
བསམ་ཡས་ཇོ་ཁང་གི་པར་བཞག་ནི།
ལས་རིམ།
མདུན་ལུ་རྒྱལ་བློན་གྱི་བཞུགས་ཁྲི་རྒྱས་པར་བཤམས་ཞིནམ་ལས། གསེར་སྦྲེང་དང་བཅས་པའི་ཐོག་ལས་ རྒྱལ་སྲས་མུ་ཏིག་བཙན་པོ་བཙུན་མོ་གཉིས་དང་བཅས་པ་གདན་འདྲེན་ཞུ། རང་རང་སོ་སོའི་ཁྲི་ཁར་བཞུགས་ཞིནམ་ལས་བློན་ཆེན་གྱིས་གསལ་བསྒྲགས་གནང་ནི།
བློན་ཆེན།
དགག་བྱ་དང་དགོས་པ་ལེ་ཤ་ཡོདཔ་ལས་བརྟེན་ཏེ་ ད་རེས་ཚུན་ཚོད་རྒྱལ་པོའི་སྲིད་དབང་འདི་ བློན་ཆེན་གྱིས་བཟུང་སྟེ་ཡོད་རུང་། ད་རྒྱལ་སྲས་མཆོག་ཡང་སྐུ་ན་སྨིན་ཏེ་ ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ལྕོགས་གྲུབ་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ལས་ ད་རེས་གཟའ་སྐར་དགེ་བའི་ཉིནམ་ལས་བཟུང་སྟེ་ ཆབ་སྲིད་ཀྱི་ཐུགས་འགན་དེ་ ལྷ་སྲས་མུ་ཏིག་བཙན་པོ་མཆོག་ལུ་ཕུལཝ་དང་ཅིག་ཁར་། ལྷ་སྲས་མཆོག་ བོད་ཆོས་ལྡན་རྒྱལ་པོའི་གསེར་ཁྲི་ལུ་མངའ་གསོལ་ཞུཝ་ཨིན།  
དེ་ལས་གུ་རུ་རིན་པོ་ཆེ་གིས་གཙོ་བྱས་ཏེ་ རྒྱལ་སྲས་ལུ་ཁྲི་དར་འཕུལ་ཏེ་ ཡོལ་ལི་བསྡམས་ནི།


༼མཐོང་སྣང་གུ་པ། ༽
གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་གཡུས་ཁར་ལོག་སྟེ་བྱོན་པའི་སྐོར།
རྒྱབ་ཁའི་མཐོང་སྣང་།
རྒྱབ་ཁར་བསམ་ཡས་གཙུག་ལག་ཁང་གི་པར་བཞག་ནི།
ལས་རིམ།
མདུན་ལུ་རྒྱལ་སྲས་དང་མཁན་སློབ་ཚུ་བཞུགས་ནི།
གུ་རུ།
རྒྱལ་བློན་ཚུ་གི་རྒྱབ་སྐྱོར་གྱི་འོག་ལུ་ ང་བཅས་མཁན་གཉིས་དང་ལོ་ཙ་བ་ཚུ་གིས་དཀའཝ་ཚད་མེདཔ་ཅིག་སྤྱད་པའི་ཐོག་ལས་ ཐོག་མར་བཀའ་དང་བསྟན་བཅོས་བསྒྱུར། དེ་ལས་བཀའ་དང་བསྟན་བཅོས་དེ་ཚུ་གི་ བཤད་པ་དང་དབང་ལུང་འཁྲིད་གསུམ་ཡང་གནང་ཏེ་ཡོདཔ་ལས། ད་ལྟོ་གི་གནས་སྐབས་ན་བལྟཝ་བཟུམ་ཅིག་འབད་བ་ཅིན།  བཤད་པ་དང་སྒྲུབ་པའི་སྡེ་གཉིས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་འདི་ གངས་ཅན་བོད་ཀྱི་ལྗོངས་འདི་ན་དར་ཁྱབ་སོང་སྟེ་ཡོད། དེ་འབདཝ་ལས་ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཀྱི་དགོངས་པ་བསྒྲུབས་ཚརཝ་དང་ཅིག་ཁར་ ངེད་ཀྱི་ལས་འགན་དེ་ཡང་དེམ་ཅིག་སྦེ་ཚརཝ་ཨིནམ་ལས་ ད་ང་ཡང་ལྷོ་ནུབ་སྲིན་པོའི་གཡུས་ཁ་ལུ་ལོག་སྟེ་འགྱོ་ནི་ཨིན། ག་དེམ་ཅིག་སྦེ་ང་མ་འགྱོཝ་བཟུམ་ཅིག་འབད་བ་ཅིན་ སྲིན་པོ་མི་ཡུལ་ལུ་ཤོར་ཏེ་ མི་ཡུལ་སྟོངམ་བཟོ་ནི་གི་ཉེན་ཁ་ཡོད། ད་རྒྱལ་སྲས་མཆོག་གི་ཁ་ཐུག་ལས་འབད་རུང་ མེན་ཟེར་གསུངས་ནི་མེདཔ་ཅིག་མཛད་གནང་།
རྒྱལ་སྲས་ཀྱིས་གསེར་དངུལ་ལ་སོགས་པའི་འབུལ་བ་སྦོམ་སྦེ་ཕུལ་ཞིནམ་ལས་སྤུས་མོ་བཙུགས། གུ་རུའི་ན་བཟའ་ལུ་བཟུང་ཞིནམ་ལས་བཞུགས་དགོ་པའི་ཞུ་བ་ཕུལ་ནི།
རྒྱལ་སྲས།
ཡབ་རྒྱལཔོ་སྐུ་ཚེ་མ་བརྟན་པར་དགུང་ལུ་གཤེགས་སོང་སྟེ་འབད་རུ་ ཡབ་ཁོ་རང་བཞུགསཔ་ལས་ལྷག་སྟེ་ ང་ལུ་བྱམས་པའི་ཕྱག་གིས་སྐྱོར། བརྩེ་བའི་སྤྱན་གྱིས་གཟིགས་ཏེ་བྱམས་སྐྱོང་མཛད་གནངམ་མ་ཚད། ཆོས་སྲིད་ཀྱི་ལཱ་འགན་ག་ཅི་བཟུམ་ཅིག་ཐོན་ཏེ་འབད་རུང་ དེ་གི་དོན་ལུ་ག་ཅི་འབད་དགོཔ་ཨིན་ན་ ག་ར་མ་འོངས་མངོན་ཤེས་ཀྱིས་གཟིགས་ཞིནམ་ལས་གསུངས་ནི་དེ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་དཀའ་ངལ་ག་ནི་ཡང་མ་བྱུང་མི་འདི་ གུ་རུ་རིན་པོ་ཆེ་ཁྱེད་ཀྱི་བཀའ་དྲིན་ཁོ་ན་ཨིན།
ད་ན་ལས་ཕར་ གུ་རུ་རིན་པོ་ཆེ་མ་བཞུགསཔ་བཟུམ་ཅིག་འབད་བ་ཅིན། ང་ལུ་ཆབ་སྲིད་ཀྱི་གྲོས་བསྟུན་འབད་ས། སེམས་ཀྱི་དོགས་པ་འདྲི་ས་དང་། རེ་ལྟོས་བཅོལ་ས་ག་ཡང་མེདཔ་ལས་ དུས་བརྟན་ཀྱང་བོད་ལུ་བཞུགས་མ་ཚུགས་སྟེ་འབད་རུང་ ལོ་གཅིག་ཨིན་ཅིག་མེན་ཅིག་ར་བཞུགས་གནང་ཟེར་ཞུ་ནི་ཨིན།
འབུལ་བ་དེ་ཚུ་ལོག་སྟེ་གནང་། རྒྱལ་སྲས་ཀྱི་དབུ་ལུ་གཞོང་ཞིནམ་ལས་གསུངས་ནི།
གུ་རུ།
རྒྱལ་སྲས༑ ང་འགྱོ་སྟེ་འབད་རུང་ མགྱོགས་པར་ལོག་སྟེ་མཇལ་བའི་སྨོན་ལམ་ཡོད། ཁྱོད་ལུ་སྟབས་མ་བདེཝ་རེ་ཐོན་པ་ཅིན་ ང་ལུ་གསོལཝ་བཏབ་ཤིག་ ང་རང་མངོན་སུམ་དང་ ཡང་ཅིན་གཉིད་ལམ་ན་ཁྱོད་འཕྱད་པར་ཐོན་འོང་། དེ་ལས་ཕྱི་ཁར་ཆབ་འབངས་མི་སེར་ལུ་བྱམས་སྐྱོང་གནང་། ནང་ན་ཏིང་ངེ་འཛིན་བསྒོམ་སྟེ་ཡིད་དམ་ལྷའི་བསྙེན་སྒྲུབ་གནང་ཞིནམ་ལས་ཆོས་ཀྱི་ཕུ་ཐག་ཆོདཔ་སྦེ་མཛད་གནང་། དགུང་ལོ་བདུན་ཅུ་ལུ་བར་ཆད་ཅིག་ཡོདཔ་ལས་ རིམ་གྲོ་གང་དྲག་གནང་དགོཔ་ཁག་ཆེ།
རྒྱལ་སྲས།
གསོལཝ་མ་ཐོས་པར་བྱོན་ནི་ར་ཨིན་པ་ཅིན་ བོད་ཀྱི་འགྲོ་བ་མི་སེར་ཚུ་གིས་ ག་ཅི་འབད་དགོཔ་ཨིན་ན་དེ་གི་སྐོར་ལས་ཐ་མའི་སླབ་བྱ་ཅིག་གསུངས་གནང་། དེ་ཡང་བོད་ཁ་བ་ཅན་གྱི་གཡུས་འདི་ན་ སྟོན་པ་ཤཱ་ཀྱ་ཐུབ་པནི་མ་བྱོན། བོད་ཀྱི་བླ་མའི་སྐལཝ་ཟེར་རུང་གུ་རུ་རིན་པོ་ཆེ་དང་། ཆོས་སྐལ་ཟེར་རུང་འཕགས་པ་སྤྱན་རས་གཟིགས་ཨིནམ་ལས། དེ་དང་འབྲེལ་བ་ཡོད་པའི་སླབ་བྱ་ཅིག་གསུངས་སྟེ་བཀའ་དྲིན་བསྐྱང་གནང་ལགས།
གུ་རུ།
པད་འབྱུང་ང་ལུ་དད་པ་བསྐྱེད་མི་ཚུ་གིས་ སྡིག་པ་མི་དགེ་བའི་ལས་མ་བསགས། ཚེ་འདི་དང་ཕྱི་མ་གཉིས་ལུ་ཕན་པའི་རྒྱུ་ དཀར་པོ་དགེ་བའི་ལཱ་འབད། མ་འོངས་པའི་དུས་ན་ མི་ག་གིས་པད་འབྱུང་ངའི་སྐུ་འདྲ་བཞེངས་རུང་ མི་དེ་སངས་རྒྱས་ཀྱི་སྐུ་འདྲ་བཞེངསམ་དང་ཁྱད་མེད། དེ་ལུ་ག་གིས་དད་པ་བསྐྱེད་རུང་ ཡིད་ལ་བསམ་པའི་དོན་ཚུ་ཐོགས་པ་མེད་པར་འགྲུབ་ཚུགསཔ་མ་ཚད། ཁ་ལས་བཛྲ་གུ་རུ་ག་གིས་བགྱང་སྟེ་འབད་རུང་ དེ་གིས་སྨོན་ལམ་ག་ཅི་བཟུམ་ཅིག་བཏབ་མི་དེ་ རང་བཞིན་ལྷུན་གྱིས་གྲུབ་སྟེ་འགྱོ་འོང་། དེ་འབདཝ་ལས་ ཉིན་མ་གི་དུས་ལུ་འཕགས་པ་ཐུགས་རྗེ་ཆེན་པོ་བསྒོམ། ཕྱི་རུ་གི་དུས་ལུ་པདྨ་འབྱུང་གནས་ང་ཉིད་སྒོམས། ཁ་ལུ་བཛྲ་གུ་རུ་བགྱང་པ་ཅིན་དེ་གིས་ར་བཏུབ།  ད་ང་འགྱོ་བའི་དུས་ལུ་འབབ་ཨིན་མས།
དེ་ལས་རྒྱལ་བློན་སྐུ་འཁོར་ཚུ་གིས་ ཕེབས་སྐྱེལ་ལུ་བྱོན་ཏེ་འཁྲབ་སྟེགས་ཀྱི་གདོང་ཁར་ལྷོདཔ་ད་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྔུའི་ཐོག་ལས་ཞུ་ནི།
མཚོ་རྒྱལ།
ང་རང་སྐྱེས་སའི་ཕ་ཡུལ་སྤངས་ཏེ་ གུ་རུ་རིན་པོ་ཆེའི་ཕྱག་ཕྱིས་ཞུ་སྟེ་སྡོད་རུང་ ད་གུ་རུ་རིན་པོ་བྱོན་པའི་ཤུལ་ལུ་ སེམས་ཀྱི་རྟེན་ས་ཅིག་ ག་ཡང་མིན་འདུག དེ་འབདཝ་ལས་གུ་རུ་རིན་པོ་ཆེ་བྱོན་མ་སོང་པར་ བོད་ཁམས་སྐྱོང་སྟེ་ར་བཞུགས་གནང་ལགས།
གུ་རུ།
ད་ལྟོ་བོད་ཀྱི་རྒྱལ་པོའི་ཆབ་སྲིད་དགུང་ལས་དར། སངས་རྒྱས་ཀྱི་བསྟན་པ་ཡང་དར་ཞིང་རྒྱས། དེ་གིས་མ་ཚད་ཨོ་རྒྱན་ངའི་བརྒྱུད་འཛིན་ཡང་ལེ་ཤ་ཡོད། ཁྱེད་ཇོ་མོ་དེ་ཚུ་ཡང་རང་དབང་ཐོབ་སྟེ་ཡོདཔ་ལས་ ང་སྡོད་དང་མ་སྡོད་ཁྱད་པར་ག་ནི་ཡང་མེད། དེ་བ་འདི་སེམས་ཀྱི་རེ་ཐག་མ་ཆད་པར་ དུས་དང་རྣམ་པ་ཀུན་ཏུ་ང་ལུ་གསོལཝ་བཏབ། པད་འབྱུང་ངའི་ཐུགས་རྗེས་སྤྱན་གྱིས་གཟིགས་ཏེ་ར་སྡོད་འོང་།
དེམ་ཅིག་གི་བར་ན་ སྤྲིན་དང་སྨུག་པའི་བར་ལས་ དཔའ་བོ་སྡེ་བཞི་དང་ རྟ་མཆོག་གནགཔ་སྒ་ཆས་ཅན་ཅིག་རྟ་སྐད་ཚེར་ཏེ་གདོང་ཁ་ལུ་འོང་ནི།
གུ་རུ།
ད་ ང་ སྐྱེལ་མིན་དགོ་ ང་བདེ་བ་ཆེན་པོའི་ཕོ་བྲང་ནང་འགྱོཝ་ཨིན། ཁྱེད་རྒྱལ་བློན་ཚུ་ལོག་སྟེ་མཇལ་བའི་སྨོན་ལམ་ཡོད།
ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ན༔ སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོ༔ ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ༔ ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ན༔ །སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ༔ རྗེས་འབངས་ཡུན་དུ་སྐུ་ཁམས་བདེ་བར་བཞུགས༔ །ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབ༔
གོང་གི་མགུར་མ་འདི་སྐྱོ་ཉམས་དང་ལྡན་པའི་ཐོག་ལས་འགོ་བཙུགས་ཞིནམ་ལས། གུ་རུ་ཆིབས་ཁར་ཞོན་ཏེ་བྱོན་ནི་དང་ རྒྱལ་བློན་རྣམས་ཕྱག་གཉིས་ཐལ་མོ་སྦྱར་སྤྱན་ཆབ་ཤོར། གུ་རུ་བྱོན་སར་གཟིགས་ཏེ་མཇུག་བསྡུ་ནི་ཨིན།