འགལ་རྐྱེན་སྡིབ་སྒྲིབ་སྦྱོང་བའི་གཉེན་པོ་སྟོབས་བཞིའི་སྐོར།
སྐད་ཡིག རྫོང་ཁ།
༈ དེ་ཡང་རང་གི་མ་ཤེས་མ་མཐོང་པའི་དབང་གིས་སྡིག་པ་མ་འདྲཝ་ལེ་ཤ་བསགས་ཏེ་ཡོད་རུང་། སྡིག་སྒྲིབ་སྦྱོང་ནི་གི་ཐབས་ཤེས་ཡང་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དེ་ཡང་མདོ་མཚན་ཉིད་ཐེག་པའི་ལུགས་ལྟར་དུ་འབད་བ་ཅིན། གཉེན་པོ་སྟོབས་བཞིའི་སྒོ་ལས་སྡིབ་སྒྲིབ་སྦྱོང་ནི་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར་དུ་འབད་བ་ཅིན། སྒྲིབ་སྦྱོང་རྡོར་སེམས་ཀྱི་བསྒོམ་ཟླས་ཀྱི་སྒོ་ལས་སྡིག་སྒྲིབ་སྦྱོང་སྟེ་ལས་ངན་དག་ཚུགསཔ་ཨིན།
༈ དེ་ཡང་རང་གི་མ་ཤེས་མ་མཐོང་པའི་དབང་གིས་སྡིག་པ་མ་འདྲཝ་ལེ་ཤ་བསགས་ཏེ་ཡོད་རུང་། སྡིག་སྒྲིབ་སྦྱོང་ནི་གི་ཐབས་ཤེས་ཡང་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དེ་ཡང་མདོ་མཚན་ཉིད་ཐེག་པའི་ལུགས་ལྟར་དུ་འབད་བ་ཅིན། གཉེན་པོ་སྟོབས་བཞིའི་སྒོ་ལས་སྡིབ་སྒྲིབ་སྦྱོང་ནི་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར་དུ་འབད་བ་ཅིན། སྒྲིབ་སྦྱོང་རྡོར་སེམས་ཀྱི་བསྒོམ་ཟླས་ཀྱི་སྒོ་ལས་སྡིག་སྒྲིབ་སྦྱོང་སྟེ་ལས་ངན་དག་ཚུགསཔ་ཨིན།
དེ་ལས་དང་པོ་མདོ་མཚན་ཉིད་ཐེག་པའི་ལུགས་ཀྱི་གཉེན་པོ་སྟོབས་བཞིའི་སྐོར་ལས་མདོར་བསྡུས་ཅིག་ཞུ་བ་ཅིན། གཉེན་པོ་སྟོབས་བཞི་ཟེར་མི་འདི་ཡང་། ༡རྣམ་པར་བསྲུན་འབྱིན་པའི་སྟོབས། ༢རྟེན་གྱི་སྟོབས། ༣གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ༤ཉེས་པ་ལས་སླར་ལྡོག་པའི་སྟོབས་ཟེར་མི་དེ་ཚུ་ཨིན།
༈ དང་པོ་རྣམ་པར་བསྲུན་འབྱིན་པའི་སྟོབས་ཟེར་མི་འདི། ཧེ་མ་རང་གིས་འབད་མི་ལས་ངན་ག་ཅི་བཟུམ་ཅི་ཨིན་རུང་། དེ་ལུ་ཧིང་དྭངས་མིའི་དཀྱིལ་ལས་འགྱོད་སེམས་སྐྱེས་ཏེ་འགྱོད་བཤགས་འབད་མི་དེ་ལུ་གོ་ནི་ཨིན།
ཐོལ་བཤགས་འབད་ཚུལ་གྱི་དཔེ་དེ་ཡང་སྤྱོད་འཇུག་ལས།
ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ།།
བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི།།
གཏི་མུག་འཁྲུལ་པས་བདག་ནོངས་ཏེ། །རྗེས་སུ་ཡི་རངས་གང་བགྱིས་པ།།
ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས།།
ཟེར་གསུངས་ནུག། དེ་གི་དོན་འདི་ཡང་། འཁོར་བ་ཐོག་མ་མེད་པ་ལས་འགོ་བཙུགས་ཏེ། རང་གི་ཚེ་རབས་འདི་དང་། ཡང་ན་ཚེ་རབས་གཞན་ནང་ལུ། རང་གི་མི་ཤེས་པའི་དབང་གིས་ སྡིག་པ་མི་དགེ་བའི་ལཱ་ རང་གིས་འབད་འབདཝ་དང་། གཞན་ལུ་འབད་བཅུག་བཅུགཔ། དེ་མ་ཚད་མི་ཤེས་པའི་དབང་གིས་ གཞན་གྱིས་འབད་མི་སྡིག་པ་དེ་ལུ་ རྗེས་སུ་ཡིད་རངས་འབད་མི་གི་ནོར་འཁྲུལ་དེ་ཚུ་ ད་རེས་ང་གིས་མཐོངམ་ལས་བརྟེན་ཏེ་ དེ་ཚུ་ག་ར་མགོན་པོ་བཅོམ་ལྡན་འདས་ཁྱེད་ཀྱི་སྐུ་མདུན་ལུ་ ཐོལ་བཤགས་འབད་ནི་ཨིན། ཟེར་བའི་དོན་ཨིན། དཔེ་དེ་བཟུམ་སྦེ་རང་གིས་སྡིག་པའི་ལཱ་ག་ཅི་གཟུམ་ཅིག་འབད་དེ་ཡོད་རུང་ དེ་ཚུ་སྦ་གསང་ག་ནི་ཡང་མེད་པར་ཡུལ་གོང་མ་ལུ་ཞུ་སྟེ། འགྱོད་བཤགས་འབད་དགོཔ་ཨིན།
༈ གཉིས་པ་རྟེན་གྱི་སྟོབས་ཟེར་མི་འདི། རང་གི་འགྱོད་བཤགས་འབད་ས་གི་ཡུལ་དེ་ཨིན། དེ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། འཁོར་འཇམ་དཔལ་དབྱངས་ལ་སོགས་པའི་བྱང་ཆུབ་སེམས་དཔའ། དེ་ལས་གཞན་བླ་མ་དགེ་བའི་བཤེས་གཉེན་ རང་གིས་ཡིད་ཆེས་དང་བློ་གཏད་བསྐྱེད་ཚུགས་པའི་ཡུལ་ཅིག་ལུ་སྐྱབས་སུ་འཚོལ་དགོཔ་ཨིན། དེ་སྦེ་ཡོད་དགོ་མི་དེ་ཡང་ རང་གིས་འགྱོད་བཤགས་འབད་ཚར་ཞིནམ་དང་། ཤུལ་ལས་མི་འབད་ནི་གི་དམ་བཅའ་འབད་མི་དེ་ བརྟན་ཏོག་ཏོ་སྦེ་སྲུང་ཚུགས་པའི་ཁྱད་པར་ཡོདཔ་ལས་བརྟེན་ཏེ་ཨིན། དེ་ཡང་སྤྱོད་འཇུག་ལས།
དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབས་པའི་དོན་མཛད་པ།།
སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆིས།། ཞེས་པ་ནས།
སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས།།
ཁྱེད་ལ་སྐྱབས་སུ་མཆིས་ལགས་ཀྱི། །འཇིགས་པ་མྱུར་དུ་སེལ་དུ་གསོལ།།
ཞེས་པའི་བར་དུ་གསུངས་ཡོད། དེའི་དོན་ཡང་ ཧེ་མ་སྡིག་པའི་ལཱ་འབདཝ་ལས་བརྟེན་ཏེ་ ད་རེས་འགྲོ་བའི་མགོན་པོ་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། འཁོར་བྱང་ཆུབ་སེམས་དཔའ་བརྒྱད་པོ་ཁྱེད་རྣམས་ཀྱི་སྐུ་མདུན་ལུ་སྐྱབས་སུ་འཚོལཝ་ཨིན། ཁྱེད་རྣམས་ཀྱིས་ སྡིག་པའི་ལས་ཀྱི་འབྲས་བུ་འཁོར་བའི་འཇིགས་པ་དེ་ཚུ་ མགྱོགས་པར་སེལ་གནང་། ཟེར་བའི་དོན་ཨིན་མས།
༈ གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཟེར་མི་འདི། སྡིག་སྒྲིབ་དག་ནི་གི་དོན་ལུ་ གཉེན་པོ་དཀར་པོའི་དགེ་བའི་ཆོས་འབད་ནི་གི་ཁས་བླངས་དང་། ཁས་བླངས་འབད་དོ་བཟུམ་སྦེ་རང་། དུས་དང་རྣམ་པ་ཀུན་ཏུ་དགེ་བ་སྒྲུབ་མི་དེ་ལུ་གོ་ནི་ཨིན། དེ་ཡང་སྤྱོད་འཇུག་ལས།
ཐ་མལ་ནད་ཀྱིས་འཇིགས་ན་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན།།
འདོད་ཆགས་ལ་སོགས་ཉེས་བརྒྱ་ཡིས། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས།།
ཞེས་དང།
དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི།།
བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས།།
ཞེས་སོགས་གསུངས། དེའི་དོན་ནི། ན་ཚ་ཐ་མལ་པ་ཆུང་ཀུ་གཅིག་ལུ་ཡང་འདྲོག་སྟེ་ དེ་ལས་ཐར་ནི་གི་དོན་ལུ་ སྨན་པའི་ངག་ལས་ག་ཅི་གསུངས་དོ་བཟུམ་སྦེ་འབད་དགོཔ་ཨིན་པ་ཅིན། དུས་རྟག་བུ་རང་ འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉེས་པ་བརྒྱའི་ནད་ཀྱིས་བཏབ་སྟེ་ཡོད་མི་དེ་ལས་ཐར་ནི་གི་དོན་ལུ་ ན་ཚ་ག་ར་བཏོན་ཏེ་བཏང་ཚུགས་པའི་ སྨན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་བཀའ་ལས་གསུངས་དོ་བཟུམ་སྦེ་མ་འབད་བ་ཅིན་ རྩ་རྒྱས་བཟུམ་ཅིག་ཨིནམ་ལས་ ཁོ་གི་བཀའ་ལྟར་དུ་དགེ་བའི་ལཱ་ལུ་འད་རྩོལ་བསྐྱེད་ནི་ཨིན། ཟེར་བའི་དོན་ཨིན་མས།
༈ བཞི་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཟེར་མི་འདི། ད་ན་ལས་ཕར་ཧེ་མ་འབད་མི་ལཱ་དེ་ཚུ་རྩ་ལས་མི་འབད། ཟེར་བའི་ཁས་བླངས་དམ་བཅའ་ཕུལ་མི་དེ་ཨིན། དེ་ཡང་སྤྱོད་འཇུག་ལས།
འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱི།།
ཞེས་གསུངས། དེའི་དོན་ནི། ཧེ་མ་ང་གིས་འབད་མི་སྡིག་པའི་ལཱ་དེ་ཚུ་བཟང་པོའི་བྱ་བ་ཅིག་མེནམ་ལས་ ད་ཤུལ་ལས་འབདན་ དེ་བཟུམ་གྱི་ལཱ་རྩ་ལས་མི་འབད་ཟེར་བའི་ཁས་ལེན་ཨིན་མས།།
༈ གཉིས་པ་སྡིག་སྦྱོང་རྡོར་སེམས་ཀྱི་སྒོ་ལས་སྡིག་པ་བཤགས་ཚུལ་འདི་ཡང་། རྟེན་གྱི་སྟོབས་རྡོ་རྗེ་སེམས་པ་ལུ་བརྟེན་ཞིནམ་ལས། གཉེན་པོ་ཡིག་བརྒྱ་བགྱང་སྟེ་སྡོདཔ་ད་ལུ་ གནས་སྐབས་རང་སེམས་གཞན་ཁར་མི་གཡེང་ནི་དང་། ཐར་ཐུག་ཡིག་བརྒྱ་གི་ནུས་པ་ལས་བརྟེན་ཏེ་ ཧེ་མ་བསགས་པའི་སྡིག་པ་དེ་ཚུ་ཡང་འཇམ་ཏོང་ཏོ་དག་ཚུགས་པའི་ཐབས་ཤེས་ལེགས་ཤོམ་ཅིག་ཨིན་མས། དེ་འབདཝ་ད་ཧེ་མའི་ལཱ་ལུ་འགྱོད་སེམས་དང་། ཕྱིན་ཆད་བསྡོམས་པའི་སྟོབས་ཡང་དེ་གི་ཞོ་ཁར་ཚང་དགོཔ་ཨིན།།
སྙིང་བསྡུས།
དེ་ཡང་མདོར་བསྡུས་སྦེ་ཞུ་བ་ཅིན། ཧེ་མ་འབད་མི་སྡིག་པའི་ལཱ་ལུ་འགྱོད་སེམས་སྐྱེས་ཞིནམ་ལས། རྒྱལ་བ་གོང་མའི་སྐུ་མདུན་ལུ་བཤགས་པ་འབད་ནི་དང་། ཤུལ་མ་དེ་བཟུམ་མི་འབད་ནི་གི་ཁས་ལེན་འབད་ཞིནམ་ལས་ དེ་གི་གཉེན་པོ་ལུ་དགེ་བའི་ལཱ་འབད་ནི་དེ་ལུ་སྟོབས་བཞི་ཚངམ་ཨིན། དེ་བཟུམ་གྱི་སྟོབས་བཞིའི་སྒོ་ལས་བཤགས་པ་འབད་བ་ཅིན་ སྡིག་པ་ག་ཅི་བཟུམ་ཅིག་ཨིན་རུང་ དག་མ་ཚུགས་པའི་ཟེརཝ་དཔེ་རང་མེདཔ་ཨིན།།
No comments:
Post a Comment