༼ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།༽
༄༅།
།ཨོཾ་བདེ་ལེགས་སུ་གྱུར་ཅིག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག་
ཟེར་བའི་སྨོན་ལམ་འདེབས་པའི་ཚིག་གིས་འགོ་དྲངས་ཏེ་ བསྟན་བཅོས་བརྩམ་ནི་གི་ལཱ་འདི་འགོ་བཙུགས་ནི་ཨིན།།
སངས་རྒྱས་ལུ་མཆོད་པར་བརྗོད་པའི་ཐོག་ལས་ཕྱག་འཚལ་བ།
རིན་ཆེན་སེམས་ཀྱི་རྩ་བ་བརྟན། །རླབས་ཆེན་ཚོགས་གཉིས་ཡལ་ག་རྒྱས།།
སྐུ་གསུམ་འབྲས་བཟང་སྙེ་མས་དུད། །སངས་རྒྱས་ལྗོན་པ་དེ་ལ་འདུད།།༡།།
ཚིག་གནད་མཆན་འགྲེལ། རླབས་ཆེན། རྒྱ་ཆེན་པོ། སྙེ་མ།
འབྲས་བུ། དུད། འབྲས་བུ་ཛག་ཛག་སྦེ་བཏགས་ནི། ལྗོན་པ། ཤིང་། འདུད། ཕྱག་འཚལ་བའི་དོན།
རིན་ཆེན་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་ཏོག་ཏོ་སྦེ་བཙུགས་ཡོདཔ་མ་ཚད།
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོའི་ ཡལ་ག་རྒྱས་པའི་གུ་ལུ། རྡོག་མ་ཛག་ཛག་སྦེ་བཏགས་པ་དང་འདྲ་བའི་
ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་འབྲས་བུ་ རང་རྒྱུད་ལུ་གྲུབ་སྟེ་ཡོད་མི།
དཔག་བསམ་ལྗོན་ཤིང་དང་འདྲ་བའི་ སངས་རྒྱས་ཁྱེད་ལ་ཕྱག་འཚལ་ལོ།།
བརྩམ་པར་དམ་བཅའ།
སྣང་བ་དཔེ་རུ་ཤར་བ་ཡི། །སྣལ་འབྱོར་དེ་ལ་གདམས་ངག་མང་
།།
ནགས་ཚལ་སྟུག་པོའི་དོ་ར་རུ། །ཤིང་ལོའི་ཕུང་པོ་ཟད་པ་མེད།།༢།།
ཚིག་གནད་མཆན་འགྲེལ། སྣང་བ་དཔེ་རུ་ཤར་བ། མཐོང་ཚད་དང་ཐོས་ཚད་ བསླབ་བྱ་དང་གདམས་ངག་གི་དཔྱེ་སྦེ་ཤར་ནི། རྣལ་འབྱོར། ཉམས་ལེན་པ། གདམས་ངག བསླབ་བྱ། སྟུག་པོ། མཐུག་དྲག དོ་ར།
སྡོད་ས་དང་འཆམ་ས། འཁྲབ་སྟེགས། ཕུང་པོ།
ལེ་ཤ་སྤུངས་སྤུངསམ། ཟད་པ་མེད།
རྫོགས་ནི་མེདཔ།
མིག་ཏོ་གིས་མཐོང་ཚད་དང་ རྣམ་ཅོག་གིས་ཐོས་ཚད་
དཔྱེ་སྦེ་ཤར་མི་གི་ ཉམས་ལེན་པ་དེ་ལུ་ གདམས་ངག་རྫོགས་ནི་མེད་པར་ལེ་ཤ་ཐོནམ་ཨིན་མས།
དཔྱེ་འབད་བ་ཅིན། ནགས་ཚལ་མཐུག་དྲག་འཁྲབ་སྟེགས་དང་འདྲ་བ་དེ་ན་ལུ་
ཤིང་གི་ལོ་འདབ་སྤུངས་སྤུངསམ་རྫོགས་ནི་མེད་དོ་བཟུམ་ཅིག་ཨིནམ་ལས་
ན་ལས་མར་ཤིང་ལུ་དཔེ་སྦྱར་བའི་གདམ་ངག་བསླབ་བྱ་དག་པ་ཅིག་ཞུ་ནི་ཨིན།།
བླ་མ་དམ་པ་དེ་ཚུ་ལུ་བརྟེན་ཏེ་སྡོད་དགོཔ།
དཔག་བསམ་ཤིང་ལ་བརྟེན་བྱས་ན། །དགོས་དོན་ཐམས་ཅད་ཆར་དུ་བསྙིལ།།
དེ་བཞིན་བཤེས་གཉེན་དམ་པ་ལ། །བརྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ།།༣།།
ཚིག་གནད་མཆན་འགྲེལ། བསྙིལ། བབས་ནི། བཤེས་གཉེན། སློབ་དཔོན་དང་རྩ་བའི་བླ་མ།
ལེགས་ཚོགས། ལེགས་པའི་ཡོན་ཏན།
དཔག་བསམ་གྱི་ལྗོན་ཤིང་ལུ་བརྟེན་ཏེ་འབད་བ་ཅིན།
རང་ལུ་བསྒྲུབ་དགོ་པའི་དགོས་དོན་ག་ར་ ཆརཔ་འབབ་དོ་བཟུམ་སྦེ་འབབ་ཨིན། དེ་བཟུམ་སྦེ་
སློབ་དཔོན་དང་བླ་མ་དགེ་བའི་བཤེས་གཉེན་དམ་པ་དེ་ཚུ་ལུ། བརྟེན་ཏེ་སྡོད་པ་ཅིན་
འབད་རྩོལ་ག་ནི་ཡང་མི་དགོ་པར་ རང་གི་རྒྱུད་ལུ་ ལེགས་པའི་ཡོན་ཏན་གྱི་ཚོགས་ག་ར་ འཇམ་ཏོང་ཏོ་སྦེ་གྲུབ་ཏེ་འོངམ་ཨིན།།
བླ་མ་ལུ་དད་པ་མེད་པའི་སྐྱོན།
བཤེས་ལ་མི་གུས་སྐྱེ་བོ་དེས། །གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར།།
ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་།
།ལོ་འདབ་སྐྱེ་བ་སྲིད་ན་མེད།།༤།།
ཚིག་གནད་མཆན་འགྲེལ། བཤེས། བླ་མ་དགེ་བའི་བཤེས་གཉེན། འཕངས།
བཙུགས་ནི། སྲིད། འཇིག་རྟེན་ནང་།
བླ་མ་དགེ་བའི་བཤེས་གཉེན་ལུ་ གུས་ཞབས་མེད་པའི་ མི་དེ་ཚུ་གིས་
གཞུང་ལུགས་བརྒྱ་ཕྲག་སྦེ་ ཤེས་ཏེ་འབད་རུང་ དོན་དག་ག་ནི་ཡང་འགྲུབ་མི་ཚུགས།
དཔྱེ་འབད་བ་ཅིན། ཤིང་སྐམ་དེ་ ལོ་ལེ་ཤ་ཆུ་ནང་བཙུགས་ཏེ་བཞག་རུང་
ཡལ་ག་དང་ལོ་འདབ་སྐྱེ་ནི་ཟེར་བའི་དཔེ་འདི་འཇིག་རྟེན་ནང་མེད་དོ་བཟུམ་ཅིག་ཨིན།།
ཡ་རབས་ལུ་ཆོས་ཚིགས་བཅད་གཅིག་གིས་ཡང་ཕན་ཐོགས་ཡོདཔ།
དད་ལྡན་རང་བཞིན་བཟང་པོ་དེ། །ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན།།རྐང་འཐུང་གསར་པའི་མྱུ་གུ་དེ།
།ཆུ་ཆར་ཟེགས་མ་ཡིས་ཀྱང་འཕེལ།།༥།།
ཚིག་གནད་མཆན་འགྲེལ། རྐང་འཐུང་། ཤིང་། མྱུ་གུ།
ཤིང་གི་ལྕུགས་གུ།
བླ་མ་དགེ་བའི་བཤེས་གཉེན་ལུ་ དད་པ་ཡོད་པའི་ཁར་
རང་བཞིན་བཟང་པོའི་མི་དེ་ལུ་ ཆོས་ཚིགས་བཅད་གཅིག་གིས་ཡང་
ཕན་ཐོགས་སྦོམ་སྦེ་འབྱུང་ཚུགསཔ་ཨིན། དཔྱེ་འབད་བ་ཅིན། ཤིང་གི་ལྕུགས་གུ་གསརཔ་དེ་ལུ་
ཆར་ཆུ་གི་ཟེགས་མ་ཆུང་ཀུ་ཅིག་བབས་ཏེ་འབད་རུང་ གོང་འཕེལ་འགྱོ་ཚུགས་དོ་བཟུམ་ཅིག་ཨིན།།
མ་དགོ་མི་འདི་མཱངམ་སྦེ་ཡོདཔ།
ཚེར་མ་ཅན་དང་དུག་ཤིང་གིས། །མི་དགོས་བཞིན་དུ་ས་འདི་གང་།།
མི་ཁོམ་ངན་སོང་སྐྱེ་བ་ནི།
།ས་ཡི་རྡུལ་བཞིན་གྲངས་ལས་འདས།།༦།།
ཚིག་གནད་མཆན་འགྲེལ། ཚེར་མ་ཅན། རྩང་། རྡུལ།
ཐལཝ། གྲངས་ལས་འདས། གྱང་ཁ་མེདཔ།
རྩང་དང་དུག་གི་ཤིང་དེ་ཚུ་མ་དགོཔ་ཅིག་ཨིན་
ཨིན་རུང་དེ་ཚུ་གིས་ས་གཞི་གང་སྟེ་འགྱོཝ་ཨིན་མས། དཔྱེ་དེ་བཟུམ་སྦེ།
ཆོས་འབད་ནི་ལུ་མ་ཁོམ་པའི་ ངན་སོང་གི་གནས་ལུ་སྐྱེ་བའི་སེམས་ཅན་འདི་
ས་གཞི་ཆེན་པོ་འདི་གི་ ཐལཝ་བཟུམ་སྦེ་ གྱང་ཁ་རྩ་ལས་རང་མིན་འདུག།
དལ་འབྱོར་མི་ལུས་འཐོབ་པར་དཀའ་བ།
ཙན་དན་ས་མཆོག་ལྗོན་པ་དེ། །འཇིག་རྟེན་འདི་ནང་སྲིད་པ་ཙམ།།
དལ་འབྱོར་ཚང་བའི་རྟེན་བཟང་ཡང་།
།བརྒྱ་ལས་ཐོབ་པ་མ་བཀག་ཙམ།།༧།།
ཚིག་གནད་མཆན་འགྲེལ། ཙན་དན་ས་མཆོག ཙན་དན་དཀརཔ། ལྗོན་པ།
ཤིང་། སྲིད་པ་ཙམ། དཀོན་དྲག མེད་ཟེར་ཡང་སླབ་མ་ཚུགས་མི། མ་བཀག་ཙམ། མེད་ཟེར་ཐག་བཅད་མ་ཚུགས་མི།
ཙན་དན་དཀར་པོའི་ཤིང་དེ་ འཇིག་རྟེན་འདི་ནང་གནམ་མེད་ས་མེད་དཀོན་དྲག་ཅིག་ཨིན།
དཔྱེ་དེ་བཟུམ་སྦེ། དལ་བ་བརྒྱད་དང་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་ཡང་
འཐོབ་ནི་མེད་ཟེར་ཡང་ཐག་བཅད་མ་ཚུགསཔ་ལས་
བརྒྱ་ལམ་ནང་རེ་རེ་ཙམ་ཅིག་འཐོབ་ནི་མེད་ནི་དེ་གིས་ གནམ་མེད་ས་མེད་དཀོན་དྲག་ཅིག་ཨིན།།
དལ་འབྱོར་གྱི་སྙིང་པོ་དམ་ཆོས་བསྒྲུབ་དགོཔ།
དལ་འབྱོར་སྙིང་པོ་མ་བླངས་ན། །དུད་འགྲོའི་རྟེན་དང་གཉིས་སུ་མེད།།
ཨ་མྲའི་འབྲས་བུ་མི་སྤྱོད་ན།
།ཨེ་རཎྜ་དང་ཁྱད་པར་ཅི།།༨།།
ཚིག་གནད་མཆན་འགྲེལ། བླངས། ལེན་པ། འབད་ནི། གཉིས་སུ་མེད། ཁྱད་པར་མེདཔ། ཨ་མྲ། ཨམ་ཅུ་ཀུ་ལི་གི་ཤིང་། ཨེ་རཎྜ། འབྲས་བུ་མེད་པའི་ཤིང་།
འཐོབ་པར་དཀའ་བའི་ དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་
ཐོབ་པའི་སྐབས་ལུ་ སྙིང་པོ་དམ་པའི་ཆོས་ཅིག་མ་འབདཝ་བཟུམ་ཅིག་འབད་བ་ཅིན་
དུད་འགྲོ་སེམས་ཅན་གྱི་ལུས་རྟེན་ཁྱད་པར་ག་ནི་ཡང་མིན་འདུག དཔྱེ་འབད་བ་ཅིན།
ཨམ་ཅུ་ཀུ་ལི་གི་ཤིང་གི་འབྲས་བུ་ ཨམ་ཅུ་ཀུ་ལི་དེ་
ཚུར་ལེན་ཏེ་ལག་ལེན་མ་འཐབ་བཟུམ་ཅིག་འབད་བ་ཅིན།
འབྲས་བུ་མེད་པའི་ཤིང་དང་ཁྱད་པར་ག་ཅི་འདུགཔ་ ཁྱད་པར་མེད་དོ་བཟུམ་ཅིག་ཨིན།།
རང་དབང་མེད་པར་ནམ་ཟླ་དུས་ཀྱི་དབང་གིས་འགྱུར་ཏེ་འགྱོ་ནི།
མདངས་དང་ལོ་འབྲས་མེ་ཏོག་སོགས། །ལྗོན་པ་གཅིག་ཀྱང་དུས་ཀྱིས་འགྱུར།།
སྐྱེ་རྒ་ན་དང་འཆི་བ་ཡི།
།ཟློས་གར་སྐད་ཅིག་ཉིད་ལ་འགྱུར།།༩།།
ཚིག་གནད་མཆན་འགྲེལ། མདངས། ཁ་དོག་འཇའ་ཆི་ཆི། གཅིག་ཀྱང་། གཅིག་ཡང་མི་ལུས་པར།
ཟློས་གར། འཁྲབ་སྟོན། སྐད་ཅིག་ཉིད་ལ།
ཡུདཔ་ཐེངས་ཅིག།
ཁ་དོག་ག་འཇའ་ཆི་ཆི་དང་
ལོ་འདབ་འབྲས་བུ་མེ་ཏོག་ཕུན་སུམ་ཚོགས་པའི་ལྗོན་ཤིང་དེ་ཚུ་ཡང་
ཕུད་རྡོག་གཅིག་ཡང་མི་ལུས་པར་ ནམ་ཟླ་དུས་ཀྱིས་འགྱུར་ཏེ་འགྱོཝ་ཨིན།
དཔྱེ་དེ་བཟུམ་སྦེ། སྐྱེ་ནི་དང་རྒས་ནི་ཤི་ནི་དེ་ཚུ་ཡང་
འཁྲབ་སྟོན་ནང་གི་གྱོན་ཆས་གོ་ལ་བཟུམ་སྦེ་ ཡུདཔ་ཐེངས་ཅིག་ལུ་འགྱུར་ཏེ་འགྱོཝ་ཨིན།།
འཛོམས་པའི་མཐའ་མར་སོ་སོར་བྱལ་ནི།
རིང་དུ་འབྲེལ་བའི་ཤིང་ལོ་དེ། །ལན་གཅིག་བྲུལ་བ་སླར་མི་འབྱོར།།
མཛའ་བ་ཡུན་རིང་འཁོད་འཁོད་ནས། །ནམ་ཞིག་གཏན་དུ་འབྲལ་བར་འགྱུར།།༡༠།།
ཚིག་གནད་མཆན་འགྲེལ། ཤིང་ལོ། ཤིང་གི་ལོ་འདབ། བྲུལ་བ།
བུལ་ནི། སླར་མི་འབྱོར། ལོག་སྟེ་མཐུད་མི་ཚུགས་ནི། མཛའ་བ། མཛའ་མཐུན། ཆ་རོགས། གཉེན་ཉེཝ། འཁོད་འཁོད། འབྲེལ་བ་འཐབ་སྟེ་རང་། གཏན་དུ། མ་པ་ལས། རྩ་བ་ལས། འབྲལ། ཁ་བྱལ་ནི།
དུས་ཡུན་རིངམ་སྦེ་
ཅིག་ཁར་འབྲེལ་ཏེ་ཡོད་པའི་ཤིང་གི་ལོ་འདབ་དེ་ཚུ་ ཚར་ཅིག་ས་ཁར་བུལ་ཚར་ཞིནམ་ལས་
ལོག་སྟེ་མཐུད་མི་ཚུགས། དཔྱེ་དེ་བཟུམ་སྦེ། མཛའ་མཐུན་ཆ་རོགས་གཉེན་ཉེཝ་དེ་ཚུ་
དུས་ཡུན་རིངམ་སྦེ་ འབྲེལ་བ་འཐབ་སྟེ་སྡོད་པའི་མཐའ་མར་ ནམ་ཅིག་གི་ཚེ་
མ་པ་ལས་རང་ཁ་བྱལ་ཏེ་འགྱོ་འོང་།།
དམྱལ་བའི་ལས་མཁན་ཚུ་ཐང་ཆད་ནི་མེདཔ་ལས་བརྟེན་ཏེ་
དེ་ཚུ་འདྲོག་དགོཔ།
སྡོང་པོ་གཤགས་གཏུབ་དྲས་པ་ཡིས། །ཤིང་མཁན་མྱུར་དུ་ངལ་བར་འགྱུར།།
བསྐལ་པར་དེ་འདྲའི་ལས་བསྒྲུབས་ཀྱང་། །དམྱལ་སྲུང་རྣམས་ནི་ངལ་བ་མིན།།༡༡།།
ཚིག་གནད་མཆན་འགྲེལ། སྡོང་པོ། ཤིང་གི་ལྡུམ། བཤགས།
བཀག་ནི། དྲས། དྲ་ནི། ཤིང་མཁན། ཤིང་གི་ལཱ་འབད་མི། མྱུར་དུ། ཚ་ངད་སྟོན།
དེའི་འཕྲོ་ལས། བསྐལ་པར། དུས་ཡུན་བསྐལ་པའི་བར་ན་ལུ་ཡང་། ངལ་བ། ཐང་ཆད་ནི། ལས་བསྒྲུབས། ལཱ་འབད་ནི།
ཤིང་ལྡུམ་བཀག་ནི་དང་གཏུབ་ནི་དྲ་ནི་ལ་སོགས་པའི་ལཱ་གིས་
ཤིང་གི་ལཱ་འབད་མི་དེ་ཚུ་ ཚར་ངད་སྟོན་ཏེ་རང་ ཐང་ཆད་དེ་འགྱོཝ་ཨིན། ཨིན་རུང་ དུས་ཡུན་བསྐལ་པ་གཅིག་གི་རིང་ལུ་
དམྱལ་བའི་སེམས་ཅན་ཚུ་ལུ་ བཀག་ནི་གཏུབ་ནི་དྲ་ནི་ལ་སོགས་པའི་
དེ་བཟུམ་གྱི་ལཱ་འབད་དེ་སྡོད་རུང་ དམྱལ་བའི་བསྲུང་མ་ཆ་ཁྱབ་ ཐང་ཆད་ནི་ག་ནི་ཡང་མེད།།
ལས་དེ་མ་རྫོགས་ཚུན་ཚོད་སྡུག་བསྔལ་རྫོགས་ནི་མེདཔ།
ཇི་སྲིད་མི་དགེ་མ་ཟད་པར། །དེ་སྲིད་སྡུག་བསྔལ་འཁོར་མོར་མྱོང་།།
དུག་གི་ས་བོན་གནས་ཀྱི་བར།
།དུག་ལོ་སྐྱེ་བ་ཆོས་ཉིད་ཡིན།།༡༢།།
ཚིག་གནད་མཆན་འགྲེལ། ཇི་སྲིད། ནམ་ཅིག་ཚུན་ཚོད། དེ་སྲིད།
འ་ནེམ་ཅིག་ཚུན་ཚོད། འཁོར་མོར། རྒྱུན་མ་ཆད་པར། ས་བོན།
སོན། དུག་ལོ། དུག་ཤིང་གི་ལོ་འདབ། ཆོས་ཉིད། རང་བཞིན།
ངན་སོང་གི་གནས་ལུ་སྐྱེ་བའི་ཚེ་
ནམ་ཅིག་རང་གི་མི་དགེ་བའི་ལས་དེ་མ་ཟད་པ་
འ་ནེམ་ཅིག་ཚུན་ཚོད་འབྲས་བུ་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོངམ་ཨིན། དཔྱེ་འབད་བ་ཅིན།
ས་ནང་ཡོད་པའི་དུག་གི་སོན་དེ་ མ་སྐམ་པར་དུས་ཡུན་ག་དེམ་གནསཔ་ དེ་གི་བར་ན་
དུག་ཤིང་གི་ལོ་འདབ་དེ་ཡང་རང་བཞིན་གྱིས་སྐྱེ་དོ་བཟུམ་ཅིག་ཨིན།།
བློ་གཏད་་དཀོན་མཆོག་གསུམ་ལུ་བཅོལ་བ་ཅིན་སྡུག་བསྔལ་མྱོང་མ་དགོཔ།
གང་ཞིག་གསུམ་ལ་སྐྱབས་སོང་བ། །དེ་ལ་སྲིད་ཞིའི་རྒུད་པ་མེད།།
ལྗོན་པ་ཆེ་ལ་བརྟེན་པ་དེར།
།གཅན་གཟན་གདུག་པས་གཙེས་མི་ནུས།།༡༣།།
ཚིག་གནད་མཆན་འགྲེལ། གང་ཞིག ག་འབད་རུང་། གསུམ། དཀོན་མཆོག་གསུམ། སྐྱབས་སོང་། སྐྱབས་བཅོལ་ནི། སྲིད་ཞི། སྲིད་པ་འཁོར་བ་དང་།
ཞི་བ་ཐར་པའི་གོ་འཕང་། རྒུད་པ། ཉམས་གུད། གདུག་པ། འདྲོག་སི་སི། གཙེས། གནོད་པ་བསྐྱེལ་ནི།
མི་ག་རང་འབད་རུང་
དཀོན་མཆོག་གསུམ་ལུ་སྐྱབས་བཅོལ་ཏེ་སྡོད་མི་དེ་ལུ་ འཁོར་བའི་ཉམས་གུད་དང་
ཐར་པའི་ལམ་ལས་ཉམས་གུད་བྱུང་ནི་རྩ་ལས་མེད། དཔྱེ་འབད་བ་ཅིན། ལྗོན་ཤིང་སྦོམ་ལུ་བརྟེན་ཏེ་སྡོད་མི་དེ་ལུ་
གཅན་གཟན་འདྲོག་སི་སི་ཚུ་གིས་གནོད་པ་བསྐྱེལ་མི་ཚུགས་དོ་བཟུམ་ཅིག་ཨིན།།
འཛོལ་བའི་ལམ།
རྩ་བ་རུལ་བའི་ལྗོན་པ་ལ། །བརྟེན་པར་བྱེད་པ་བླུན་པོའི་རྟགས།།
རང་ཡང་འཁོར་བར་བྱིང་བ་ལ།
།སྐྱབས་སུ་འཛིན་རྣམས་ཀྱེ་མ་འཁྲུལ།།༡༤།།
ཚིག་གནད་མཆན་འགྲེལ། བྱིང་བ། དེ་ལས་ཐར་མ་ཚུགས་མི།
སྐྱབས་སུ་འཛིན་པ། སྐྱབས་བཅོལ་ནི།
འཁྲུལ། ནོར་འཁྲུལ། འཛོལ་བ།
རྩ་བ་རུལ་སོང་པའི་ལྗོན་ཤིང་དེ་ འབྲས་བུ་བཏགས་ནི་མེདཔ་དང་
ནམ་ཅིག་བརྒལ་འོང་ག་མི་ཤེས་ནི་དེ་གིས་ དེ་ལུ་བརྟེན་ཏེ་སྡོད་མི་དེ་
རྩ་རྒྱས་གླེན་གོག་གི་རྟགས་བཟུམ་ཅིག་ཨིན། དེ་བཟུམ་སྦེ། ལྷ་འདྲེ་ཁོ་རང་ཡང་
འཁོར་བ་ལས་ཐར་མ་ཚུགས་པར་ དེ་ནང་འཁོར་ཏེ་སྡོད་མི་དེ་ཚུ་ལུ་
སྐྱབས་བཅོལ་ཏེ་སྡོད་མི་དེ་ཚུ་ ཨའེ་སྨོ། འཛོལ་བའི་ལམ་ལུ་ཐལ་སོང་ནུག།
ལས་ཀྱི་འབྲས་བུ་འཛོལ་ནི་མེདཔ།
དུག་དང་སྨན་གྱི་མྱུ་གུ་ལས། །འབྲས་བུ་འཆོལ་བ་འགར་ཡང་མེད།།
དགེ་དང་མི་དགེའི་ལས་ལས་ཀྱང་།
།འབྲས་བུ་གཞན་འབྱུང་གནས་མ་ཡིན།།༡༥།།
ཚིག་གནད་མཆན་འགྲེལ། མྱུག་གུ། ལྕུགས་གུ། འཆོལ་བ།
འཛོལ་ནི། འགར་ཡང་། ག་ཏེ་ལུ་ཡང་། གནས་མ་ཡིན། གོ་སྐབས་མེདཔ།
དུག་ཤིང་གི་ལྕུགས་གུ་ལས་ འབྲས་བུ་འཛོལ་ཏེ་
སྨན་གྱི་འབྲས་བུ་འབྱུང་ནི་དང་། སྨན་གྱི་མྱུ་གུ་ལས་འབྲས་བུ་འཛོལ་ཏེ་
དུག་གི་འབྲས་བུ་འབྱུང་མི་དེ་ ས་ཆ་ག་ཏེ་ལུ་ཡང་མེད། དེ་བཟུམ་སྦེ། དགེ་བའི་ལས་དང་
མི་དགེ་བའི་ལས་དེ་ལས་ཡང་ འབྲས་བུ་གཞན་འཛོལ་ཏེ་ དགེ་བ་ལས་སྡུག་བསྔལ་འབྱུང་ནི་དང་།
མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་ནི་གི་ གོ་སྐབས་ནམ་ཡང་མེདཔ་ཨིན།།
བསགས་པའི་ལས་ཀྱི་འབྲས་བུ་མེདཔ་འགྱོ་ནི་མེདཔ།
ཐོག་མེད་དུས་ནས་བསགས་པའི་ལས། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ།།
ཏ་ལའི་ཤིང་འབྲས་སྟོང་ཕྲག་ལོར།
།བསྐམས་ཀྱང་རླན་དང་ཕྲད་ན་སྐྱེ།།༡༦།།
ཚིག་གནད་མཆན་འགྲེལ། ཐོག་མེད་དུས། དང་ཕུགས་དུས་ཕུགས། བརྒྱ།
མང་ཚིག ཆུད་མི་ཟ། མེདཔ་འགྱོ་ནི་མེདཔ། ཏ་ལ། མགོ་ཏོག་བཅད་པ་ཅིན་སྐྱེ་ནི་མེད་པའི་ཤིང་གཅིག
རླན། ཆུ། རློནམ།
དང་ཕུགས་དུས་ཕུགས་ལས་བསགས་པའི་ལས་
བར་ན་བསྐལ་པ་ལེ་ཤ་སོང་ཏེ་འབད་རུང་ ལས་ཀྱི་འབྲས་བུ་དེ་མེདཔ་འགྱོ་ནི་རྩ་ལས་མེད།
དཔྱེ་འབད་བ་ཅིན། ཏ་ལའི་ཤིང་གི་འབྲས་བུ་དེ་ བསྐམས་ཏེ་ལོ་ངོ་སྟོང་ཕྲག་ཡར་སོང་རུང་
ཆུ་དང་ཕྱད་པ་ཅིན་ ལོག་ཏེ་རང་སྐྱེ་དོ་བཟུམ་ཅིག་ཨིན།།
བསམ་པ་དག་པ་ཅིན་ སྦྱིན་པ་ཆུང་ཀུ་གཅིག་ལས་མེད་རུང་
འབྲས་བུ་སྦོམ་པའི་སྐོར།
ས་བོན་ཆུང་སྨིན་ནྱ་གྲོ་ངྷ། །ཡལ་འདབ་རྒྱས་པས་རྒྱང་གྲགས་ཁེབས།།
ཁམ་གཅིག་ཟས་ཀྱི་སྦྱིན་པས་ཀྱང་། །འབྲས་བུ་འཁོར་ལོས་བསྒྱུར་བ་ཐོབ།།༡༧།།
ཚིག་གནད་མཆན་འགྲེལ། ས་བོན། སོན། ཆུང་སྨིན། ཆུང་ཀུ་ཅིག་ལས་སྐྱེས་སྐྱེཝ། ནྱ་གྲོ་དྷ། ལོ་འདབ་སྟུག་དྲག་ཡོད་པའི་ཁར་
ཡལ་ག་ལས་ཡང་རྩ་བ་གསརཔ་ཐོན་ཏེ་ སྦོམ་སྦེ་འགྱོ་མི་ཤིང་ཅིག། རྒྱང་གྲགས། འདོམ་ལྔ་བརྒྱ་གི་ཚད། ཁེབས། ཁྱབ་ནི། ཁམ་གཅིག
ཁམ་ཏོག་གཅིག འཁོར་ལོ་བསྒྱུར་བ།
གླིང་ཆེན་གཅིག་ལས་བཞིའི་བར་ན་དབང་བསྒྱུར་འབད་ཚུགས་མི་ མངའ་ཐང་ཆེ་བའི་རྒྱལཔོ།
སོན་ཆུང་ཀུ་ཅིག་ལས་སྐྱེས་སྐྱེཝ་གི་ ནྱ་གྲོ་དྷའི་ཤིང་དེ་གིས་
ཡལ་འདབ་གནམ་མེད་ས་མེད་རྒྱས་ཏེ་
རྒྱང་གྲགས་གཅིག་དེ་ཅིག་གི་ས་ཁ་ལུ་ཡང་ཁྱབ་སྟེ་འགྱོཝ་ཨིན་མས། དཔྱེ་དེ་བཟུམ་སྦེ། བསམ་པ་རྣམ་པར་དག་པའི་ཐོག་ལས་
ཁམ་ཏོག་གཅིག་གི་ཟས་ སྐྱུ་རུ་ར་གཅིག་ཕུལ་བའི་སྦྱིན་པ་དེ་གིས་ཡང་ འབྲས་བུ་རྒྱ་ཆེན་པོ་
འཁོར་ལོ་བསྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་པའི་སྐོར་ལས་
ལོ་རྒྱུས་དེ་ཚུ་ནང་བྱུང་དོ་བཟུམ་ཅིག་ཨིན།།
འཁོར་བའི་ཆོས་ལུ་སྙིང་པོ་ག་ནི་ཡང་མེདཔ།
རྣམ་བཀྲ་སྲིད་པའི་འཁོར་ལོ་འདིར། །དོན་ལྡན་སྙིང་པོ་འགའ་མ་མཆིས།།
ཆུ་ཤིང་རློན་པའི་སྡོང་པོ་ལ།
།རྩེ་རྟིང་ཀུན་ན་སྙིང་པོ་མེད།།༡༨།།
ཚིག་གནད་མཆན་འགྲེལ།
རྣམ་བཀྲ། མཛེས་ཤིང་ཡིད་ཁར་འོང་ཏོག་ཏོ། སྲིད་པ། འཁོར་བ། འགའ། ག་ནི་ཡང་། མ་མཆིས། མེདཔ། ཆུ་ཤིང་། ངང་ལག་གི་ཤིང་། རྩེ་རྟིང་། རྩེ་མོ་དང་རྩ་བ།
ག་ནི་བ་ཡིད་ཁར་འོང་བའི་
འཁོར་བའི་འཁོར་ལོ་འཁོར་ཏེ་སྡོད་པའི་འཇིག་རྟེན་འདི་ན་ལུ་ དོན་དག་ཡོད་པའི་སྙིང་པོ་རྡོག་རྡོག་རིལ་རིལ་ཅིག་
ག་ནི་ཡང་མིན་འདུག དཔྱེ་འབད་བ་ཅིན། ངང་ལག་ཤིང་རློནམ་གྱི་སྡོང་པོ་འདི་ལུ་
རྩ་བ་ལས་རྩེ་མོ་ཚུན་ཚོད་ བཀག་སྟེ་བལྟ་བ་ཅིན་ སྙིང་པོ་སྟོན་བཏུབ་ཅིག་
ག་ནི་ཡང་མེད་དོ་བཟུམ་ཅིག་ཨིན།།
སྲིད་པའི་རྩེ་མོ་ལུ་ལྷོད་དེ་འབད་རུང་
ལོག་སྟེ་ངན་སོང་ལུ་འགྱོ་དགོཔ།
ལྗོན་ཤིང་ལོ་བརྒྱར་སྐྱེས་པ་ཡང་། །ནམ་ཞིག་ཚེ་ན་འགྱེལ་བར་འགྱུར།།
སྲིད་པའི་རྩེ་མོར་ཕྱིན་ནས་ནི།
།སླར་ཡང་མི་བཟད་ངན་འགྲོར་འགྲོ།།༡༩།།
ཚིག་གནད་མཆན་འགྲེལ། སྲིད་པའི་རྩེ་མོ། སྲིད་པ་ཁམས་གསུམ་འཁོར་བའི་སྤྱི་ཏོག
འཁོར་བའི་གནས་ཀྱི་ནང་མཐོ་ཤོས། ཕྱིན།
ལྷོད་ནི། སླར་ཡང་། ལོག་སྟེ་རང་། མི་བཟད། བཟོད་མ་ཚུགས་པ།
ལྗོན་ཤིང་སྐྱེས་ཞིནམ་ལས་ ལོ་ངོ་བརྒྱ་གཅིག་དེ་ཅིག་སྡོད་རུང་
དུས་ནམ་ཅིག་གི་ཚེ་ལུ་ འགྱེལ་ཏེ་འགྱོ་འོང་། དཔྱེ་དེ་བཟུམ་སྦེ།
འཁོར་བ་འདི་ལས་ཐར་བའི་ཐབས་ཅིག་མ་འབད་བ་ཅིན། འཁོར་བའི་གནས་ཀྱི་ནང་ལས་མཐོ་ཤོས་
སྲིད་པའི་རྩེ་མོ་ཟེར་མི་དེ་ཁར་ལྷོད་དེ་འབད་རུང་ ལོག་སྟེ་རང་ སྡུག་བཟོད་མ་ཚུགས་པའི་
ངན་སོང་གི་གནས་ལུ་འགྱོཝ་ཨིན།།
སྡུག་བསྔལ་གྱི་རྩ་བ་ཀུན་འབྱུང་སྤོང་བའི་གཉེན་པོ།
བུར་ཤིང་ཁུ་བས་རབ་བསྒོས་ན། །ཏིག་ཏའི་ཁ་བ་བསལ་བར་ནུས།།
ལམ་གྱི་བདེན་པར་རབ་གོམས་པས།
།སྡུག་བསྔལ་རྩ་བ་ཀུན་འབྱུང་སྤོང་།།༢༠།།
ཚིག་གནད་མཆན་འགྲེལ།
བུར་ཤིང་། གུན་ཆ། བསྒོས། དབུར་ནི། བྱུགས་ནི། ཏིག་ཏའི་ཁ་བ། ཏིག་ཏ་ཟེར་བའི་ཤིང་གི་དྲོཝ་ཁག་དྲག ལམ་གྱི་བདེན་པ། སྡུག་བསྔལ་སྤོང་བྱེད་ཀྱི་འཕགས་པའི་ལམ།
ཀུན་འབྱུང་། སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ།
གུན་ཆ་ཤིང་གི་ཁུ་བ་མངརམ་དེ་གིས་
ལེགས་ཤོམ་སྦེ་བྱུགས་ཏེ་འབད་བ་ཅིན། ཏིག་ཏ་ཤིང་གི་དྲོཝ་ཁག་དྲག་དེ་ཡང་བསལ་ཚུགསཔ་ཨིན།
དཔྱེ་དེ་བཟུམ་སྦེ། འཕགས་པའི་ལམ་དེ་ལུ་ལེགས་ཤོམ་སྦེ་ གོམས་ཆ་ཚུད་པ་ཅིན་
སྡུག་བསྔལ་འབྱུང་སའི་རྩ་བ་ ཀུན་འབྱུང་ལས་དང་ཉོན་མོངས་གཉིས་པོ་དེ་ཡང་
མེདཔ་བཟོ་ཚུགསཔ་ཨིན།།
བསླབ་པ་གསུམ་ལུ་བརྟེན་ཏེ་ཐར་པའི་གོ་འཕང་འཐོབ་དགོཔ།
ཀ་གདུང་ལྕམ་དང་དྲལ་མ་རྣམས། །ཚོགས་པས་ཡིད་འོང་ལྡིང་ཁང་སྟེ།།
ལྷག་པའི་བསླབ་པ་གསུམ་ཚོགས་པས། །ཐར་པ་དམ་པའི་ཁང་བཟང་གྲུབ།།༢༡།།
ཚིག་གནད་མཆན་འགྲེལ།
ཀ་གདུང་། ཁྱིམ་གྱི་ཀ་བ་དང་གདུང་། ལྕམ། གདུང་གི་ལྟག་ལུ་ཕར་དང་ཚུར་སྐེད་སྐེད་སྦེ་བཀྲམ་ནི་གི་ཤིང་གྲུ་བཞི་རིངམ། དྲལ་མ། ལྕམ་གྱི་ལྟག་ལུ་བཀྲམ་ནི་གི་ཤིང་ཆུང་ཀུ།
ཚོགས་པ། ཅིག་ཁར་འཛོམས་ནི། ལྡིང་ཁང་།
ཁྱིམ་ཐོག་ཚད་གཅིག་འབད་མི། ལྷག་པ།
གཞན་ཕྱི་རོལ་པ་ལས་ཁྱད་དུ་འཕགས་པ། བསླབ་པ་གསུམ།
ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ།
དང་པ་རང་ཀ་བ་བཙུགས་ དེ་ལུ་གདུང་བཀལ་
དེ་གུར་ལྕམ་དང་དྲལ་མ་བཀྲམ་སྟེ་ དེ་ཚུ་ག་རང་ཅིག་ཁར་འཛོམས་ད་ ཡིད་ཁར་འོང་བའི་ཁྱིམ་ཟེར་སླབ་ཨིན།
དཔྱེ་དེ་བཟུམ་སྦེ། ཕྱི་རོལ་པ་ཚུ་ལས་ཁྱད་དུ་འཕགས་པའི་
ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་པོ་དེ་ཚུ་ཅིག་ཁར་འཛོམས་ད་
ཡིད་དུ་འོང་བའི་ཁང་བཟང་དང་འདྲ་བའི་ ཐར་པའི་གོ་འཕང་དེ་ཡང་ རང་བཞིན་གྱིས་འགྲུབ་ཏེ་འོངམ་ཨིན།།
སེམས་ཅན་ག་ར་
རང་གི་ཕམ་སྦེ་ མ་འབདཝ་ག་ཡང་མེདཔ།
ཛན་ཏུའི་ས་བོན་དེའི་ས་བོན། །གཞན་ལས་སྐྱེ་ཕྱིར་ཐོག་མ་མེད།།
མཐའ་མེད་འཁོར་བར་སྐྱེས་པ་ན།
།ཕ་མར་མ་གྱུར་སུ་ཞིག་ཡོད།།༢༢།།
ཚིག་གནད་མཆན་འགྲེལ།
ཛན་ཏུ། ཨུ་དུམྦ་རའི་ཤིང་། ས་བོན། སོན། ཐོག་མ་མེད། འགོ་དེམ་ཅིག་ལས་བཙུགས་ཅི་ཟེརཝ་མེད། མཐའ་མེད། རྒྱ་སྦོམ་ཆུང་དེམ་ཅིག་ཨིན་ཟེར་བའི་མཐའ་འཚོལ་མི་ཐོབ་ནི། ཕ་མར་མར་གྱུར། རང་གི་ཕམ་སྦེ་མ་འབདཝ།
ཤིང་ཨུ་དུམྦ་རའི་སོན་དེ་ སོན་གཞན་ཅིག་ལས་སྐྱེས་ནི་དང་
གཞན་དེ་ཡང་སོན་གཞན་ཅིག་ལས་སྐྱེས་སྐྱེཝ་ཨིན་ནི་དེ་གིས་
འགོ་ག་ཏེ་ལས་བཙུགས་བཙུགསཔ་ཨིན་ན་ འཚོལ་བ་ཅིན་འཚོལ་མི་ཐོབ། དཔྱེ་དེ་བཟུམ་སྦེ།
རྒྱ་སྦོམ་ཆུང་དེམ་ཅིག་ཨིན་ཟེར་བའི་མཐའ་མེད་པའི་
འཁོར་བ་འདི་ནང་སྐྱེས་ཚར་བའི་ཤུལ་ལུ་ འགྲོ་བ་སེམས་ཅན་ག་ར་ཨིན་རུང་
རང་གི་ཕམ་སྦེ་མ་འབདཝ་ ག་ཟེར་མི་འདི་ཡོད་ག། ག་ཡང་མེད།།
བྱང་ཆུབ་སེམས་པའི་བློ་སྟོབས།
རྟ་གླང་བརྒྱ་ཡི་ཁུར་ལྕི་བ། །ཤིང་རྟ་ཆེན་པོ་གཅིག་གིས་འདྲེན།།
ཉན་རང་ཀུན་གྱིས་མ་ལོངས་པའི།
།ཁུར་དེ་རྒྱལ་སྲས་ཕྲག་ན་མཛེས།།༢༣།།
ཚིག་གནད་མཆན་འགྲེལ།
བརྒྱ། མང་ཚིག ཁུར། ཁུར་ཆ། ཤིང་རྟ། རྟ་གཱ་རི། འདྲེན།
འབག་སྟེ་འགྱོ་ནི། ཉན་རང་། རང་རྐྱངམ་ཅིག་གི་དོན་ལུ་ཐར་པ་སྒྲུབ་མི། རྒྱལ་སྲས། བྱང་ཆུབ་སེམས་དཔའ། ཕྲག་ན། ཕྱག་ལྟག་གུར།
རྟ་དང་གླངམ་ཆེ་ལེ་ཤ་གི་འབག་མ་ཚུགས་པའི་ ཁུར་ཆ་ལྕི་དྲག་དེ་ རྟ་གཱ་རི་སྦོམ་གཅིག་གིས་འཇམ་ཏོང་ཏོ་སྦེ་
འབག་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ། རང་དོན་རྐྱངམ་ཅིག་སྒྲུབ་མི་
ཉན་རང་དེ་ཚུ་གིས་འབག་མ་ཐེག་པའི་ གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དེ་
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ ཕྱག་ལྟག་གུར་ག་ནི་བ་འཇའཝ་སྦེ་འབག་སྟེ་
གཞན་དོན་སྒྲུབ་ཨིན།།
བྱང་ཆུབ་སེམས་ཀྱི་དགེ་བ་
གོང་ལས་གོང་འཕེལ་འགྱོ་ནི།
ཤིང་གཞན་འབྲས་བུ་བླངས་པས་འཛད། །དཔག་བསམ་ཤིང་འབྲས་འཛད་པ་མེད།།
དགེ་བ་གཞན་འབྲས་སྤྱོད་པས་འཛད། །བྱང་ཆུབ་སེམས་དགེ་ཕྱིར་ཞིང་འཕེལ།།༢༤།།
ཚིག་གནད་མཆན་འགྲེལ།
བླངས་པ། ལེན་ནི། བཏོག་ནི། འཛད་པ། ཟད་ནི། ཕྱིར་ཞིང་། ལོག་འདི་རང་།
ཤིང་གཞན་མི་དེ་ཚུ་ འབྲས་བུ་ཚར་ཅིག་བཏོག་ཚརཝ་ཅིག་
རྫོགས་ཏེ་འགྱོཝ་ཨིན་རུང་ དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་ལུ་
འབྲས་བུ་ག་དེམ་ཅིག་བཏོག་རུང་རྫོགས་ནི་མེད། དཔྱེ་དེ་བཟུམ་སྦེ།
བསོད་ནམས་ཀྱི་དགེ་བ་གཞན་མི་ཆ་ཁྱབ་ འབྲས་བུ་ཚར་ཅིག་ལོངས་སུ་སྤྱོད་ཚརཝ་ཅིག་རྫོགས་ཏེ་འགྱོ་ནི་ཨིན་རུང་
གཞན་ཕན་བྱང་ཆུབ་སེམས་ཀྱི་དགེ་བ་དེ་ འབྲས་བུ་ཚར་ཅིག་ཐོབ་ཚར་ཏེ་འབད་རུང་
ད་རུང་ལོག་ཅི་རང་འཕེལཝ་ཨིན།།
གཏོང་ཕོད་ཅན་གྱིས་གཞན་དོན་སྒྲུབ་ཚུལ།
ཡོངས་སྨིན་འབྲས་བུས་སྤ་བ་ཡི། །རྐང་འཐུང་དེ་ལ་སྐྱེ་བོ་འདུ།།
འཇུངས་མེད་གཏོང་པའི་དཔལ་ཡོན་ཅན།
།དེ་ཡིས་སྐྱེ་དགུའི་རེ་བ་སྐོང།།༢༥།།
ཚིག་གནད་མཆན་འགྲེལ།
ཡོངས་སྨིན། ལེགས་ཤོམ་སྦེ་ཚོགས་ཚོགསཔ། སྤ་བ། གཟི་བརྗིད་ཆེ་ཏོག་ཏོ། རྐང་མཐུང་། ཤིང་། འདུ། འཛོམས་ནི། འཇུངས་མེད། འཕང་སེམས་མེད་མི། སྐྱེ་དགུ། མི་ག་ར། དཔལ་ཡོན་ཅན། ཡོན་ཏན་དང་ལྡན་མི།
ལེགས་ཤོམ་སྦེ་ཚོགས་ཏེ་ཡོད་པའི་འབྲས་བུ་དེ་ཚུ་གིས་
གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཡོད་པའི་ ཤིང་དེ་གི་རྩ་བ་ལུ་ མ་ག་ར་མ་བོ་རུང་
རང་བཞིན་གྱིས་འཛོམས་ཏེ་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ། འཕང་སེམས་མེད་པར་
སྦྱིན་པ་གཏོང་བའི་ཡོན་ཏན་དང་ལྡན་པའི་མི་དེ་གིས་
མི་ག་ར་གི་བསམ་པའི་རེ་བ་སྐོངམ་ཨིན།།
མངོན་མཐོ་དང་ངེས་ལེགས་ཀྱི་རྩ་བ་ཚུལ་ཁྲིམས།
མངོན་པར་མཐོ་དང་ངེས་ལེགས་ཀྱི། །རྩ་བ་ཚུལ་ཁྲིམས་ལས་གཞན་མེད།།
ཡལ་འདབ་གཡུར་དུ་ཟ་བ་ཡི།
།རྩ་བ་སྡོང་བུ་ཉག་གཅིག་ཡིན།།༢༦།།
ཚིག་གནད་མཆན་འགྲེལ།
མངོན་མཐོ། ལྷ་དང་མིའི་གོ་འཕང་། ངེས་ལེགས། ཐར་པ། རྩ་བ། རྒྱུ། གཡུར་དུ་ཟ་བ། འོག་ལུ་དཔྱངས་ནི། ཉག་གཅིག རྐྱངམ་གཅིག
ལྷ་དང་མིའི་གོ་འཕང་འཐོབ་དགོ་རུང་ ཚུལ་ཁྲིམས་ལུ་བརྟེན་དགོཔ་དང་།
ཐར་པ་འཐོབ་དགོ་རུང་ ཚུལ་ཁྲིམས་ལུ་བརྟེན་དགོ་ནི་དེ་གིས་ དེ་གཉིས་ཀྱི་རྒྱུ་དེ་ ཚུལ་ཁྲིམས་མ་གཏོགས་གཞན་ག་ནི་ཡང་མེད།
དཔྱེ་འབད་བ་ཅིན། ཤིང་གི་ཡལ་ག་ཛག་ཛག་སྦེ་ རྩ་བར་དཔྱངས་ཏེ་སྡོད་མི་དེ་གི་ རྒྱུ་ངོ་མ་འདི་
ཤིང་གི་སྡོང་པོ་ཁོ་རང་ཨིན་དོ་བཟུམ་ཅིག་ཨིན།།
ཚུར་ལུ་གནོད་པ་སྐྱེལཝ་ད་ ལན་སྦེ་གནོད་པ་སྐྱེལ་མ་བཏུབ།
ཚེར་མ་ཟུག་པའི་ལན་དུ་སླར། །ཁུ་ཚུར་བརྡེག་པ་བཞད་གད་རྒྱུ།།
གནོད་བྱེད་ལ་ཡང་སླར་ཁྲོ་བ།
།རང་ཉིད་ཉམས་པའི་རྒྱུ་རུ་ཟད།།༢༧།།
ཚིག་གནད་མཆན་འགྲེལ།
ཚེར་མ། རྩང་། ཁུ་ཚུར། མཛོག བརྡེག་པ། དྲང་ནི། བཞད་གད། བགོད་བྲ་ནི། གནོད་བྱེད། གནོད་པ་སྐྱེལ་མི། ཁྲོ་བ། ཙིགཔ་ཟ་ནི། ཟད། དེམ་གཅིག་རང་ཨིན།
རྐང་པ་ལུ་རྩང་ཟུགཔ་ད་ དེ་གི་ལན་སྦེ་ མཛོག་དྲང་མི་འདི་
བགོད་བྲ་ནི་གི་གཞི་གཅིག་ལས་མེད། དཔྱེ་དེ་བཟུམ་སྦེ།
གཞན་གྱིས་རང་ལུ་གནོད་པ་སྐྱེལཝ་ད་ གནོད་བྱེད་དེ་ལུ་ ལོག་འདི་ཙིགཔ་ཟ་མི་འདི་
རང་མར་ཉམས་འགྱོ་ནི་གི་རྒྱུ་གཅིག་རང་ཨིན།།
རྒྱུ་དུས་བརྩོན་འགྲུས་བསྐྱེད་དགོཔ།
རྒྱུ་དུས་བརྩོན་པ་མ་བཏང་ན། །འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ།།
རྩ་བ་རླན་དང་མ་བྲལ་ན།
།རྩེ་མོར་ལོ་འབྲས་སྨིན་པར་འགྱུར།།༢༨།།
རྒྱུ་ལམ་སྒྲུབ་པའི་དུས་སྐབས་ན་ བརྩོན་འགྲུས་ལྷོད་ཡངས་མ་གཏང་པར་
རྩ་འགེངས་ཏེ་འབད་བ་ཅིན། འབྲས་བུ་གྲུབ་པའི་གནས་སྐབས་ནང་ལུ་ཡང་ ཕུན་སུམ་ཚོགས་པའི་ཡོན་ཏན་ག་ར་
རང་རྒྱུད་ལུ་སྐྱེཝ་ཨིན། དཔྱེ་འབད་བ་ཅིན། ཤིང་གི་རྩ་བ་འདི་
རློནམ་དང་ཁ་མ་བྱལ་བར་སྡོད་པ་ཅིན་ རྩེ་མོ་ལུ་
འབྲས་བུ་ཕུན་སུམ་ཚོགས་ཏོག་ཏོ་སྦེ་སྨིན་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
སེམས་བྱིང་རྒོད་ཀྱི་དབང་ལུ་
མ་གཏང་པར་བཞག་དགོཔ།
སྡོང་པོ་རླུང་གིས་ཆེར་བསྐྱོད་ན། །འབྲས་བུ་ས་ལ་འབྲུལ་བ་ལྟར།།
བྱིང་རྒོད་གཡེང་བས་རབ་གཡོས་པས། །ཏིང་འཛིན་དམིགས་པ་སྟོང་པར་འགྱུར།།༢༩།།
ཚིག་གནད་མཆན་འགྲེལ།
ཆེར་བསྐྱོད། ཤུགས་སྦེ་དཀྲོགས་པ་ཅིན། འབྲུལ་བ། བུལ་ནི། བྱིང་རྒོད། སེམས་གསལ་ཏོག་ཏོ་མེད་པར་
ནང་ཁོང་ནང་གནག་དུང་དུང་སྦེ་སྡོད་ནི་དང་། ཕྱི་ཁ་ལུ་འཁྱམས་ཏེ་འགྱོ་ནི། ཏིང་འཛིན།
སེམས་རྩེ་གཅིག་ལུ་གནས་ནི། སྟོང་པ།
ག་ནི་ཡང་མེདཔ།
ཤིང་གི་སྡོང་པོ་འདི་ རླུང་གིས་ཤུགས་སྦེ་དཀྲོགས་པ་ཅིན་
འབྲས་བུ་ས་ཁར་བུལ་ཏེ་འགྱོ་དོ་བཟུམ་སྦེ། ཏིང་ངེ་འཛིན་བསྒོམ་ད་ལུ་
སེམས་ནང་ན་ཐིམ་ཏེ་མི་གསལ་བར་སྡོད་ནི་དང་ ཕྱི་ཁར་འཁྱམས་ཏེ་འགྱོ་བའི་
གཡེང་ནི་གཉིསཔ་དེ་གིས་ སེམས་གཡོ་སྟེ་འགྱོ་བ་ཅིན་ ཏིང་ངེ་འཛིན་བསྒོམ་རུང་
དམིགས་པ་དེ་ཨིན་ཟེརཝ་ག་ནི་ཡང་མེདཔ་སྦེ་ འགྱོཝ་ཨིན།།
བསམ་གཏན་གྱི་ཡོན་ཏན།
བསམ་གཏན་རྣམ་པར་དག་པ་ལས། །མངོན་ཤེས་ལ་སོགས་ཡོན་ཏན་འབྱུང་།།
སྡོང་བུ་ཉམས་པ་མེད་གྱུར་ན།
།མེ་ཏོག་གེ་སར་མགོ་ལྕོག་ལྡེམ།།༣༠།།
ཚིག་གནད་མཆན་འགྲེལ།
བསམ་གཏན། སེམས་དམིགས་པ་རྩེ་གཅིག་ལུ་གཏད་དེ་བཞག་ནི། མངོན་ཤེས། གཞན་གྱི་སེམས་ཁར་ག་ཅི་དྲནམ་ཨིན་ན་ཤེས་ནི་ལ་སོགས་པ། གེ་སར། མེ་ཏོག་གི་ཟེའུ་འབྲུ། མགོ་ལྕོག་ལྡེམ། རྡོག་མ་བཏགས་ནི།
འབྲས་བུ་འབྱུང་ནི།
གོང་ལུ་ཞུ་མི་སེམས་ནང་ལུ་ཐིམ་ནི་དང་
ཕྱི་ཁར་འཁྱམས་ནི་ལ་སོགས་པའི་ སྐྱོན་དང་བྲལ་བའི་ བསམ་གཏན་རྣམ་པར་དག་པ་ཅིག་
རང་གི་རྒྱུད་ལུ་ཐོབ་སྟེ་འབད་བ་ཅིན་
དེ་ལས་གཞན་གྱི་སེམས་ཀྱི་འཆར་སྒོ་ཤེས་ནི་ལ་སོགས་པའི་མངོན་ཤེས་ཀྱི་ཡོན་ཏན་དེ་ཚུ་འབྱུངམ་ཨིན།
དཔྱེ་འབད་བ་ཅིན། ཤིང་གི་སྡོང་པོ་ཁོ་རང་མ་ཉམས་པར་ཡོདཔ་བཟུམ་ཅིག་འབད་བ་ཅིན་ དེ་ལས་དང་པ་རང་མེ་ཏོག
དེ་ལས་ཟེའུ་འབྲུ། དེ་ལས་འབྲས་བུ་དེ་ཚུ་རིམ་གྱིས་འབྱུང་དོ་བཟུམ་ཅིག་ཨིན།།
ཆ་འདྲ་བའི་ལྟ་བ།
ཤིང་གི་རལ་གྲི་གཡུལ་གྱི་ངོར། །འཕྱར་བ་དགྲ་ཡི་དགའ་སྟོན་ཡིན།།
ལྟར་སྣང་ཉི་ཚེའི་ལྟ་བ་ཡིས།
།སྲིད་རྩ་གཅོད་འདོད་ཀྱེ་ཧུད་མཚར།།༣༡།།
ཚིག་གནད་མཆན་འགྲེལ།
གཡུལ་གྱི་ངོར། དམག་རྐྱབ་སར།
ལྟར་སྣང་། ཨིནམ་བཟུམ་མཐོང་རུང་དོན་ལུ་མེནམ། ཉི་ཚེ། ཕལ་པ། ལྟ་བ། ཉོན་མོངས་འཇོམས་བྱེད་ཀྱི་ཤེས་རབ། སྲིད་རྩ། འཁོར་བའི་རྩ་བ། གཅོད་འདོད། བཅད་དགོ་མནོ་ནི། མཚར། ཡ་མཚན་སྐྱེ་ནི།
ཤིང་གི་རལ་གྲི་འབག་སྟེ་
དམག་རྐྱབ་སར་འཕྱརཝ་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁ་དགྲ་ལུ་བྱིན་ཏེ་
དགྲ་དེ་ཚུ་ལུ་དགའ་བའི་དགའ་སྟོན་བྱིན་དོ་བཟུམ་ཅིག་ཨིན། དཔྱེ་དེ་བཟུམ་སྦེ། ལྟ་བ་ཡང་དག་ཨིནམ་བཟུམ་མཐོང་རུང་
དོན་ལུ་ལྟ་བ་ཕལ་པ་ཕྱི་རོལ་པའི་ལྟ་བ་བཟུམ་ཅིག་འབག་སྟེ་ འཁོར་བ་རྩ་བ་བཅད་ནི་ཨིན་ཟེར་མནོ་མི་འདི་
ཨའེ་སྨོ། ཡ་མཚན་སྐྱེ་བའི་གཞི་ཅིག་ཨིན་མས།།
སྙིང་རྗེ་དང་ལྡན་པའི་ལྟ་བ།
ཧ་རི་ཙན་དན་བཟང་པོ་ཡིས། །ལུས་ཀྱི་ཚ་གདུང་སེལ་བར་བྱེད།།
སྙིང་རྗེའི་བཅུད་ལྡན་ལྟ་བ་ཡིས།
།དུག་གསུམ་ནད་བརྒྱ་དྲུང་ནས་འབྱིན།།༣༢།།
ཚིག་གནད་མཆན་འགྲེལ།
ཧ་རི་ཙན་དན། ཙན་དན་དཀར་པོ། དུག་གསུམ། འདོད་ཆགས། ཞེ་སྡང་།
གཏི་མུག བརྒྱ། ག་ར། དྲུང་ནས་འབྱིན། རྩ་བ་ལས་བཏོན་ནི།
ཙན་དན་དཀརཔ་ལེགས་ཤོམ་དེ་གི་
ཁུ་བ་དང་དྲི་བཟང་པོ་དེ་ལུ་བརྟེན་ཏེ་
ལུས་ཀྱི་ཚ་བའི་སྡུག་བསྔལ་ག་ར་སེལ་ཚུགས་དོ་བཟུམ་སྦེ།
རྒྱུད་ལུ་སྙིང་རྗེའི་བཅུད་དང་ལྡན་པའི་ ཡང་དག་པའི་དབུ་མའི་ལྟ་བ་དེ་གིས་
ནད་དང་འདྲ་བའི་འདོད་ཆགས་ཞེ་སྡང་གཏི་མུག་ག་ར་རྩ་བ་ལས་རང་བཏོན་ཏེ་གཏང་ཚུགསཔ་ཨིན།།
འདོད་ཆགས་ཀྱི་ཁ་ནོན་འདོད་ཆགས་ཁོ་རང་གིས་འབད་ཚུགསཔ།
ཤིང་ལས་སྐྱེས་པའི་སྲིན་འབུ་ཡིས། །ཤིང་དེ་ཟད་པར་བྱེད་པ་བཞིན།།
འདོད་ཆགས་ལས་སྐྱེས་ཡེ་ཤེས་ཀྱིས།
།འདོད་ཆགས་ཉེས་པ་ཞི་བར་བྱེད།།༣༣།།
ཚིག་གནད་མཆན་འགྲེལ།
སྲིན་འབུ། འབུ་སྲིན་སྲོག་ཆགས། ཟད་པར་བྱེད་པ། རྫོགས་ཏེ་འགྱོ་ནི།
ཤིང་ལས་སྐྱེས་པའི་འབུ་སྲིན་དེ་གིས་ ཟ་ཡི་ཟ་ཡི་རང་
ཤིང་དེ་གི་ནུས་པ་རྫོགས་ཞིནམ་ལས་འགྱེལ་ཏེ་འགྱོ་དོ་བཟུམ་སྦེ། འདོད་ཆགས་ལམ་ཁྱེར་གྱི་
ལམ་དེ་ལུ་བརྟེན་ཏེ་སྐྱེས་པའི་ཡེ་ཤེས་དེ་གིས་ འདོད་ཆགས་ཁོ་རང་འཇོམས་ཞིནམ་ལས་
འདོད་ཆགས་ཀྱི་ཉེས་པ་ཞི་སྟེ་བཏངམ་ཨིན།།
དག་པའི་སྣང་བ་འཆར་ཚུལ།
ཤིང་སྐྱ་རླན་གྱིས་ཟིན་པ་ལས། །བེ་ཌཱུར་མདངས་སུ་འཕོ་བ་ལྟར།།
ཐ་མལ་སྣང་བ་འོད་གསལ་གྱིས།
།སྦྱངས་ཏེ་དག་པའི་ལྷ་སྐུར་ལྡང་།།༣༤།།
ཚིག་གནད་མཆན་འགྲེལ།
ཤིང་སྐྱ། ཤིང་རྦོ་སོབ་སྐྱ་ཐལ་ཐལ། བེ་ཌཱུར། ཁ་དོག་ཧོནམ་ཡོད་པའི་ནོར་བུ། མདངས་སུ་འཕོ་བ། མདངས་ཧོནམ་འཐོན་ནི། ཐ་མལ་སྣང་བ། མཐོང་ཚུལ་མ་དྭགཔ། འོད་གསལ། ཏིང་ངེ་འཛིན་གྱི་བྱེ་བྲག་མཐོང་ཚུལ་དག་པ་སྦེ་ཤར་ནི། སྦྱངས། མ་དག་པའི་སྣང་བ་བསངས་ནི། ལྷ་སྐུར་ལྡང་། ལྷའི་སྐུ་བཟུམ་སྦེ་
ཤར་ནི།
ཤིང་རྦོ་སོབ་སྐྱ་ཐལ་ཐལ་དེ་ལུ་ རློནམ་དང་ཕྱདཔ་ད་
ཁ་དོག་ཧོནམ་གྱི་མདངས་ཕྲ་ཆེམ་ཆེམ་སྦེ་འཐོན་དོ་བཟུམ་སྦེ། མཐོང་ཚུལ་མ་དྭགཔ་དེ་ཚུ་
འོད་གསལ་གྱི་ཏིང་ངེ་འཛིན་གྱིས་བསངས་ཏེ་འབད་བ་ཅིན་
ག་ནི་དག་པའི་འོད་ཀྱི་རང་བཞིན་གྱི་ ལྷའི་སྐུ་བཟུམ་སྦེ་ ཤརཝ་ཨིན།
སངས་རྒྱས་འདི་འགྲོ་བ་སེམས་ཅན་གྱི་སྐྱབས་དང་མགོན་དུ་གྱུར་ཚུལ།
ཡལ་འདབ་ཡོངས་སུ་རྫོགས་པ་ཡི། །ལྗོན་པའི་གྲིབ་མ་ཀུན་ཏུ་བསིལ།།
ཡོན་ཏན་མ་ལུས་རྫོགས་པ་ཡི།
།རྒྱལ་བ་སྐྱེ་དགུའི་མགོན་དུ་གྱུར།།༣༥།།
ཚིག་གནད་མཆན་འགྲེལ།
ཡོངས་སུ་རྫོགས་པ། བྱེམ་བྱེམ་སྦེ་ཡོད་ནི།
ཆ་ཚང་ནི། གྲིབ་མ། གྱིབ་མ། རྒྱལ་བ། སངས་རྒྱས། སྐྱེ་དགུ། འགྲོ་བ་སེམས་ཅན། མགོན། སྐྱབས་དང་མགོན།
ཡལ་འདབ་བྱེམ་བྱེམ་སྦེ་ཡོད་པའི་ལྗོན་ཤིང་དེ་གི་
གྱིབ་བསིལ་འདི་ ག་ནི་བ་བསིལཝ་སྦེ་ཡོད་ནི་དེ་གིས་
ག་ར་གི་ཚ་བའི་གདུང་བ་སེལ་བའི་མགོན་སྐྱབས་ཨིན་དོ་བཟུམ་སྦེ།
ཡོན་ཏན་གྱི་ཆ་ཤས་ག་ར་ཚང་མི་སངས་རྒྱས་དེ་ཡང་
འགྲོ་བ་སེམས་ཅན་ཀུན་གྱི་སྐྱབས་དང་མགོན་ལུ་གྱུར་སོང་ནུག།
ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གི་
བར་ནའི་མཚམས་སྦྱོར།
དེ་ལྟར་ཤིང་གི་བསྟན་བཅོས་ལས། །ཆོས་ཀྱི་ལམ་བསྟན་སརྒ་སྟེ།།
ད་ནི་འཇིག་རྟེན་ཚུལ་ལུགས་འགའ།
།བཤད་དོ་རྣ་བ་བླགས་ཏེ་ཉོན།།༣༦།།
ཚིག་གནད་མཆན་འགྲེལ།
དེ་ལྟར། གོང་ལུ་བཤད་ཚར་མི། སརྒ། ལེའུ། འགའ། དག་པ་ཅིག རྣ་བ་བླགས།
རྣམ་ཅོག་གཏད་དེ་ཉན་ནི།
གོང་ལུ་བཤད་ཚར་མི་དེ་ ཤིང་གི་བསྟན་བཅོས་ལས་
ཆོས་ཀྱི་ལམ་བསྟན་པའི་ལེའུ་ཨིན། ད་ན་ལས་མར་ འཇིག་རྟེན་པའི་སྤྱོད་ཚུལ་དང་
ལུགས་སྲོལ་གྱི་སྐོར་ལས་དག་པ་ཅིག་བཤད་ནི་ཨིནམ་ལས་ རྣམ་ཅོག་གཏད་དེ་ཉན་ཤིག།
ཆོས་ལྡན་རྒྱལ་པོའི་དབང་ཐང་།
ཆོས་ལྡན་རྒྱལ་པོའི་གཟི་བྱིན་གྱིས། །དགྲ་སྡེ་རྣམས་ཀྱང་དབང་དུ་འདུད།།
མ་ལ་ཡར་སྐྱེས་དྲི་བསུང་དེ།
།བུང་བ་འགུགས་པའི་ཕོ་ཉ་ཡིན།།༣༧།།
ཚིག་གནད་མཆན་འགྲེལ།
མ་ལ་ཡ། ཙན་དན་སྐྱེ་སའི་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཅིག དྲི་བསུང་། དྲིམ་ཞིམ་ཏོང་ཏོ། བུང་བ། སྦྱངམ། འགུགས་པ། བཀུག་ནི། ཕོ་ཉ། བང་ཆེན།
རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བའི་ ཆོས་ལྡན་གྱི་རྒྱལཔོ་གི་ སྐུ་བསོད་དབང་ཐང་དང་གཟི་བརྗིད་དེ་གིས་
ཕྱིའི་དགྲ་བྱང་ཕྱད་ཚུ་ཡང་ ལཱ་ཁག་འབད་ བཏུལ་མ་དགོ་པར་ རང་བཞིན་གྱིས་ དབང་དུ་འདུ་སྟེ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ལྷོ་ཕྱོགས་མ་ལ་ཡ་ལུ་སྐྱེས་པའི་ ཙན་དན་གྱི་དྲིམ་ཞིམ་ཏོང་ཏོ་དེ་
སྦྱངམ་དེ་ཚུ་ ཚུར་བཀུག་ནི་གི་བང་ཆེན་ཨིནམ་ལས་
དེ་ཚུ་རང་དབང་མེད་པར་བཀུག་དོ་བཟུམ་ཅིག་ཨིན།།
རྒྱལ་པོ་ངན་པའི་མཛད་སྤྱོད།
རྒྱལ་ངན་ཆབ་འབངས་གཟིར་བ་དེར། །ནམ་ཞིག་གཡོག་ཀྱང་འཁོར་མི་འགྱུར།།
སྲན་ཕུང་དབྱུག་པས་གཏོར་ན་ཡང་། །དབྱུག་པའི་ངོས་ལ་འབྱར་མི་སྲིད།།༣༨།།
ཚིག་གནད་མཆན་འགྲེལ།
ཆབ་འབངས། འབངས་མི་སེར། གཟིར་བ།
སྡུག་བསྔལ་བསྐྱེད་ནི། སྲན་ཕུང་།
སྲནམ་ཅུམ་སྤུངས་ཏེ་བཞག་བཞགཔ། དབྱུག་པ།
ཁརཝ། རྟས་ཐག ངོས། ཟུར།
རྒྱལཔོ་ངན་པ་ རང་གི་འབངས་མི་སེར་ལུ་
སྡུག་བསྔལ་དང་འོ་བརྒལ་བཟོ་མི་དེ་ ནམ་ཅིག་གི་ཚེ་
ཁོ་རང་ལུ་གཡོག་རྒྱུགས་མི་ཅིག་ཡང་མི་འཁོར་བར་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
སྲནམ་ཅུམ་སྤུངས་ཏེ་བཞག་མི་དེ་ རྟས་ཐག་གཅིག་གིས་གཏོར་ཏེ་བཏང་པ་ཅིན་
རྟས་ཐག་ཁོ་རང་ལུ་ སྲནམ་ཅུམ་གཅིག་ཡང་ འབྱར་ཏེ་མི་འོང་དོ་བཟུམ་ཅིག་ཨིན།།
བློན་འབངས་ཚུ་གིས་རྒྱལ་པོ་ལུ་གུས་ཞབས་བསྐྱེད་དགོཔ།
བློན་དང་འབངས་ཀྱིས་མ་བཀུར་ན། །རྒྱལ་པོ་ཆེན་པོ་ཇི་ལྟར་གནས།།
གདུང་མ་ཀ་བས་མ་བཏེག་ན།
།རྒྱལ་པོའི་ཕོ་བྲང་གང་ལས་བྱུང་།།༣༩།།
བློན་པོ་དང་འབངས་མི་སེར་ཚུ་གིས་ གུས་ཞབས་ཀྱི་ཐོག་ལས་
གོང་ལུ་བཀུར་ཏེ་མ་བཞག་པ་ཅིན་ རྒྱལ་པོ་ཆེན་པོ་ཨིན་རུང་ག་དེ་སྦེ་གནས་ནི།
གནས་མི་ཚུགས། དཔྱེ་འབད་བ་ཅིན། གདུང་དང་ཀ་བ་གཉིས་ཀྱིས་ ཡར་བཏེག་སྟེ་མ་བཞག་པ་ཅིན་
རྒྱལ་པོའི་ཕོ་བྲྭང་ག་དེ་སྦེ་བྱུང་ནི། མི་བྱུང་དོ་བཟུམ་ཅིག་ཨིན།།
གོངམ་བཟངམ་གྱི་བཀའ་དྲིན།
རྗེ་དཔོན་བཟང་པོའི་བཀའ་དྲིན་གྱིས། །གཡོག་འཁོར་མངའ་ཐང་དར་བར་འགྱུར།།
ལྗོན་པ་ཆེ་ལ་བརྟེན་པ་ཡི། །འཁྲི་ཤིང་རྩེ་མོ་དགུང་ལ་བསྙེགས།།༤༠།།
ཚིག་གནད་མཆན་འགྲེལ།
རྗེ་དཔོན། གོངམ། འཁྲི་ཤིང་། ཤིང་ལུ་དཀྱི་སྟེ་འགྱོ་མི་རུབ་སྦྱེལ། དགུང་། གནམ་ཁ། བསྙེགས། ལྷོད་ནི།
གོངམ་བཟངམ་གྱི་བཀའ་དྲིན་ལུ་བརྟེན་ཏེ་
མར་འོག་གི་གཡོག་འཁོར་ཚུ་གི་ མངའ་ཐང་འབྱོར་པ་ཚུ་ཡང་དར་ཤིང་རྒྱས་་ཏེ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། ལྗོན་ཤིང་སྦོམ་ལུ་བརྟེན་མི་ འཁྲི་ཤིང་རུབ་སྦྱེལ་དེ་གི་ རྩེམ་གནམ་ཁ་ལུ་ལྷོད་དོ་བཟུམ་ཅིག་ཨིན།།
མི་ངན་ལུ་བརྟེན་པ་ཅིན་སྡུག་བསྔལ་རྐྱངམ་ཅིག་ཐོབ་ནི།
ཚེར་མའི་ཤིང་ལ་བརྟེན་བྱས་ན། །གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།།
སྐྱེ་བོ་ངན་ལ་བརྟེན་བྱས་ཀྱང་།
།ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་སྐྱེ།།༤༡།།
ཚིག་གནད་མཆན་འགྲེལ།
གནད། གལ་ཆེ་ས། ཕྱི་ཕྱིར། ལོག་ཅི་ལོག་ཅི་རང་། འབའ་ཞིག རྐྱངམ་ཅིག
ཚེར་མ་ཡོད་པའི་ཤིང་ལུ་བརྟེན་ཏེ་སྡོད་པ་ཅིན་
ནམ་ཅིག་གི་ཚེ་ལུས་གནད་གལ་ཆེ་ས་ལུ་ཟུག་སྟེ་
ན་ཚ་སྡུག་བསྔལ་དཔག་ཏུ་མེདཔ་ཅིག་སྐྱེཝ་ཨིན། དཔྱེ་དེ་བཟུམ་སྦེ།
མི་ངན་པ་དེ་ཚུ་ལུ་བརྟེན་པ་ཅིན་ ལོག་ཅི་ལོག་ཅི་རང་
སྡུག་བསྔལ་རྐྱངམ་ཅིག་སྐྱེ་ནི་མ་གཏོགས་ བདེ་བ་སྐྱེ་བའི་གོ་སྐབས་རྩ་ལས་རང་མེད།།
མི་སེར་བདེ་སྐྱིད་ལྡན་མི་དེ་
རྒྱལཔོ་བཟང་པོའི་རྟགས་མཚན་ཨིནམ།
ཆབ་འབངས་བདེ་སྐྱིད་རྒྱས་པ་དེ། །རྗེ་དཔོན་ཉིད་ཀྱི་ཆེ་བའི་རྟགས།།
རབ་རྒྱས་ཡལ་གའི་ཁྱོན་ཡངས་པ།
།སྡོང་པོ་རྩ་བའི་མཛེས་རྒྱན་ཡིན།།༤༢།།
ཚིག་གནད་མཆན་འགྲེལ།
ཆབ་འབངས། འབངས་མི་སེར། རྗེ་དཔོན། དཔོན་གོངམ། ཆེ་བའི་རྟགས། བཟང་པོའི་རྟགས། རབ་རྒྱས། གནམ་མེད་ས་མེད་རྒྱས་ནི།
འབངས་མི་སེར་ལུ་ བདེ་སྐྱིད་རྒྱས་ཏེ་གོང་འཕེལ་འགྱོ་མི་དེ་
དཔོན་གོང་མ་ཁོ་རང་གི་བཟང་པོའི་ཡོན་ཏན་ལྡན་པའི་རྟགས་མཚན་ཅིག་ཨིན། དཔྱེ་འབད་བ་ཅིན།
ལྗོན་ཤིང་གནམ་མེད་ས་མེད་རྒྱསཔ་མ་ཚད་ ཡལ་གའི་རྒྱ་ཁྱོན་ཡང་
ག་ནི་བ་ཡངས་ཤིང་རྒྱ་ཆེ་བ་སྦེ་ཡོད་མི་དེ་ ཤིང་གི་སྡོང་པོ་ཁོ་རང་གི་
མཛེས་པའི་རྒྱན་ཆ་ཨིན་དོ་བཟུམ་ཅིག་ཨིན།།
མི་སེར་སྤྱང་ཀ་གི་དཔོན་དེ་ཁོ་རང་ངོ་ཚ་བའི་རྒྱུ་ཨིནམ།
གཡོག་འཁོར་རྒུད་པའི་སྡེ་དཔོན་དེ། །རང་ཉིད་འབྱོར་ཡང་ངོ་ཚའི་རྒྱུ།།
སྡོང་པོ་ཅི་ཙམ་སྦོམ་ན་ཡང་།
།ཡལ་འདབ་མེད་ན་གཅེར་བུ་ཡིན།།༤༣།།
ཚིག་གནད་མཆན་འགྲེལ།
རྒུད་པ། མར་ཉམས་འགྱོ་ནི། འབྱོར་ཡང་། འབྱོར་པ་དང་ལྡན་ས་བཅས་རུང་། ཅི་ཙམ། ག་དེམ་ཅིག གཅེར་བུ། སྒྱེང་མོ། གོ་ལ་མེདཔ།
འོག་ལུ་སྡོད་མི་གཡོག་འཁོར་དེ་ཚུ་
མར་ཉམས་འགྱོ་མི་གི་དཔོན་དེ་ དཔོན་ཁོ་རང་འབྱོར་པ་ལོངས་སྤྱོད་དང་ལྡན་ས་བཅས་རུང་
གཞན་གྱི་གདོང་ཁར་ངོ་ཚ་ནི་གི་རྒྱུ་གཅིག་རང་ཨིན། དཔྱེ་འབད་བ་ཅིན།
ཤིང་གི་སྡོང་པོ་ཁོ་རང་ ག་དེམ་ཅིག་སྦོམ་ས་བཅས་རུང་ ཡལ་ག་ལོ་འདབ་མེད་པ་ཅིན་
སྒྱེང་མོ་སྦེ་མཐོང་དོ་བཟུམ་ཅིག་ཨིན།།
དཔོན་ངན་གྱི་བྱཱ་རོགས་ལུ་དགའཝ་སྐྱིདཔ་མེདཔ།
སྡོང་རུལ་རྩ་བར་གནས་པའི་མི། །ཉིན་མཚན་ཀུན་ཏུ་བག་ཕེབས་བྲལ།།
གཙོ་བོ་ངན་པའི་གཡོག་འཁོར་ཡང་། །རྟག་ཏུ་སེམས་ཁྲལ་གདུང་བས་གཟིར།།༤༤།།
ཚིག་གནད་མཆན་འགྲེལ།
སྡོང་རུལ། ཤིང་གི་སྡོང་པོ་རུལ་རུལཝ། བག་ཕེབས། སེམས་ལུ་ཐེ་ཚོམ་ག་ནི་ཡང་མེད་པར་
དགའ་ཏོག་ཏོ་སྦེ་སྡོད་ནི། གཙོ་བོ། གོངམ། སེམས་ཁྲལ། སེམས་སྡུག་འབད་ནི། གདུང་བ། དཀའ་ངལ། གཟིར། ཕོགས་ནི།
ཤིང་གི་སྡོང་པོ་རུལ་རུལཝ་གི་རྩ་བར་སྡོད་པའི་མི་དེ་
དུས་ཉིན་མཚན་མེད་པར་ ལུས་སེམས་བག་ཕེབས་ཏོག་ཏོ་སྡོད་ནི་རྩ་ལས་མི་འཐོབ།
དཔྱེ་དེ་བཟུམ་སྦེ། གོངམ་བསམ་པ་ངན་པའི་འོག་ལུ་སྡོད་མི་གཡོག་འཁོར་དེ་ཚུ་ཡང་
དུས་ཨ་རྟག་རང་ སེམས་ལུ་སྡུག་བསྔལ་དང་ དཀའ་ངལ་ཕོགས་ཏེ་སྡོདཔ་ཨིན།།
དཔོན་བཟང་ངན་གྱི་ཁྱད་པར།
དཔོན་ངན་གཡོག་འཁོར་བྲོས་ན་ཡང་། །སྡེ་དཔོན་བཟང་པོས་བསྐྲད་ཀྱང་འདུ།།
ཚེར་ཤིང་བོར་བའི་བྷྲ་མ་ར། །ཙུ་ཏའི་ཤིང་ལས་བསྐྲད་ཀྱང་འཁོར།།༤༥།།
ཚིག་གནད་མཆན་འགྲེལ།
བསྐྲད། བདའ་གཏང་ནི། འདུ། ལོག་འདི་འཛོམས་ནི། ཚེར་ཤིང་། མེ་ཏོག་མེད་པའི་ཚེར་མ། བོར་བ། སྤངས་ནི། བྷྲ་མ་ར། སྦྱངམ། ཙུ་ཏའི་ཤིང་། ཨམ་ཅུ་ཀུ་ལི་གི་ཤིང་།
དཔོན་ངན་པའི་སྒོ་ཁ་ལས་ གཡོག་འཁོར་དེ་ཚུ་བྱོལ་ཏེ་འགྱོཝ་ཨིན་རུང་
དེ་ཚུ་དཔོན་བཟངམ་གྱི་སྒོ་ཁར་འཁོརཝ་ད་ ཚར་གཅིག་བདའ་བཏང་རུང་ ལོག་འདི་རང་འཁོརཝ་ཨིན།
དཔྱེ་འབད་བ་ཅིན། ཚེར་མ་ཅན་གྱི་ཤིང་སྤངས་ཏེ་འགྱོ་བའི་སྦྱངམ་དེ་ཚུ་
ཨམ་ཅུ་ཀུ་ལི་གི་ཤིང་གི་རྩ་ལས་བདའ་སྟེ་བཏང་རུང་ ལོག་འདི་རང་འཁོར་དོ་བཟུམ་ཅིག་ཨིན།།
དཔོན་ངན་གྱི་མཛད་གཞག
རྗེ་དཔོན་གསར་ཚེ་བྱམས་བྱེད་ཀྱང་། །ཕྱིས་ནས་བསྒྲུབ་དཀའི་དཔྱ་ཁྲལ་འབེབས།།
ཤིང་ལ་ཆར་སྐྱོབ་བྱེད་མོད་ཀྱང་། །རྗེས་སུ་ཐིགས་ཕྲན་ལྕི་བར་འགྱུར།།༤༦།།
ཚིག་གནད་མཆན་འགྲེལ།
རྗེ་དཔོན། གོངམ། གསར་ཚེ། གསརཔ་སྦེ་བསྟེན་པའི་སྐབས། འབེབས། བཀལ་ནི། ཆར་སྐྱོབ། ཆརཔ་ལས་སྐྱོབས་ནི། ཐིགས་ཕྲན།
ཆུ་ཐིགས། ལྕི། སྦོམ།
གོངམ་ལ་ལོ་ཅིག་ ཧེ་མ་འགོ་དང་པ་བསྟེན་པའི་ཚེ་
བྱམས་བྱམས་རང་འདྲཝ་སྦེ་འབད་རུང་ ཤུལ་ལས་བསྒྲུབ་མ་ཚུགས་པའི་དཔྱ་ཁྲལ་སྦོམ་སྦེ་བཀལཝ་ཨིན།
དཔྱེ་འབད་བ་ཅིན། ཆརཔ་ལས་གཟུར་ནི་གི་དོན་ལུ་ ཤིང་དེ་གིས་གནས་སྐབས་ཅིག་
ཆརཔ་ལས་སྐྱོབ་ཚུགསཔ་ཨིན་རུང་ ཤུལ་ལས་ཆར་པའི་ཐིགས་པ་ལས་སྦོམ་པའི་
ཆུ་ཐིགས་སྦོམ་སྦེ་བབས་སྟེ་ གཟུགས་ག་ར་བང་བཅུག་དོ་བཟུམ་ཅིག་ཨིན།།
རྒྱལ་པོའི་བཀའ་ཁྲིམས་སྙོམ་དགོཔ།
ལྗོན་པའི་གྲིབ་བསིལ་ཀུན་ལ་སྙོམས། །ཉི་ཟླའི་སྣང་བ་ཀུན་ལ་སྙོམས།།
སྤྲིན་གྱི་ཆུ་ཆར་ཀུན་ལ་སྙོམས།
།རྒྱལ་པོ་བཀའ་ཁྲིམས་ཀུན་ལ་སྙོམས།།༤༧།།
ཚིག་གནད་མཆན་འགྲེལ།
ལྗོན་པ། ཤིང་། གྲིབ་བསིལ། གྱིབ་མ་བསིལ་ཏོང་ཏོ། སྙོམས། ཆ་སྙོམས་ཏོག་ཏོ། སྣང་བ། དཀར་མདངས། འོད་ཟེར།
ཤིང་གི་གྱིབ་མ་བསིལ་ཏོང་ཏོ་དེ་ མི་ག་ར་ལུ་ཉེ་རིང་མེད་པར་
ཆ་སྙོམས་ཏོག་ཏོ་སྦེ་ཕོགཔ་ཨིན། ཉི་མ་དང་ཟླ་བའི་འོད་ཟེར་གྱི་དཀར་མདངས་དེ་ཡང་ག་ར་ལུ་
ཉེ་རིང་མེད་པར་སྙོམས་ནི་དང་། སྤྲིན་ལས་བབས་པའི་ཆརཔ་དེ་ཡང་ ཉེ་རིང་མེད་པར་ཆ་སྙོམས་སྦེ་འབབ་ཨིན།
དཔྱེ་དེ་བཟུམ་སྦེ། རྒྱལ་པོའི་བཀའ་ཁྲིམས་དེ་ཡང་ འབངས་མི་སེར་ག་ར་ལུ་ ཆགས་སྡང་ཉེ་རིང་མེད་པར་སྙོམས་དགོཔ་ཨིན།།
དཔོན་བཟང་རུང་གཟིམ་དཔོན་ངན་པ་ཅིན་
དེ་ལུ་ག་གིས་ཡང་འཁོར་མ་ཚུགསཔ།
གཙོ་བོ་བཟང་ཡང་འཁོར་ངན་ན། །དེ་ཡི་དྲུང་དུ་བསྙེན་པར་དཀའ།།
གདུག་པའི་སྦྲུལ་གྱིས་དཀྲིས་པ་ཡི།
།ཙན་དན་ལྗོན་པ་སུ་ཡིས་བསྟེན།།༤༨།།
ཚིག་གནད་མཆན་འགྲེལ།
གཙོ་བོ། གོངམ་དཔོན། བསྙེན་པ། ཕྱག་ཕྱིས་ཞུ་སྟེ་སྡོད་ནི། བླ་མ་དང་དཔོན་སོགས་བསྟེན་ནི། དྲུང་དུ། སྒོ་ཁར། དཀྲིས་པ། དཀྱིས་ཏེ་སྡོད་ནི།
གོངམ་དཔོན་བཟངམ་ཅིག་ཨིན་རུང་ གཡོག་འཁོར་གཟིམ་དཔོན་དེ་
བསམ་པ་ངན་དྲག་ཅིག་ཨིན་པ་ཅིན་
དཔོན་དེ་གི་སྒོ་ཁར་ཕྱག་ཕྱིས་ཞུ་སྟེ་སྡོད་ནི་ལཱ་ཁག་ཨིན། དཔྱེ་འབད་བ་ཅིན། ཙན་དན་ཤིང་དེ་བསིལ་ཏོང་ཏོ་དང་དྲིམ་ཞིམ་ཏོང་ཏོ་ཡོད་རུང་
དུག་སྦྲུལ་གདུག་དྲག་གིས་དཀྱིས་ཏེ་ཡོད་པ་ཅིན་ དེ་ལུ་ག་གིས་བསྟེན་ཏེ་སྡོད་ནི་? ག་གིས་ཡང་མི་མི་བསྟེན་ཏོ་བཟུམ་ཅིག་ཨིན།།
ནང་གི་སེམས་དང་ཕྱི་ཁའི་སྤྱོད་པའི་དབྱེ་བ།
ཕྱི་ནང་སྨིན་དང་མ་སྨིན་པའི། །ཨ་མྲའི་འབྲས་བུ་རིགས་བཞིར་གསུངས།།
མི་ཡི་སེམས་དང་སྤྱོད་པ་གཉིས།
།དག་དང་མ་དག་དབྱེ་བ་མང་།།༤༩།།
ཚིག་གནད་མཆན་འགྲེལ།
སྨིན། ཚོགས་ཚོགསཔ། མ་སྨིན། མ་ཚོགསཔ། ཨ་མྲའི་འབྲས་བུ། ཨམ་ཅུ་ཀུ་ལི།
ཤིང་འབྲས་ཨམ་ཅུ་ཀུ་ལི་དེ་ལུ་
ཕྱི་ཁར་བལྟ་བ་ཅིན་གསེར་ཁྲོལ་ཁྲོལ་སྦེ་ཚོགས་ཚོགསཔ་བཟུམ་ཨིན་རུང་
ནང་ན་མ་ཚོགསཔ་གཅིག་དང་། ཕྱི་ཁར་ཧོ་མདོག་མདོག་སྦེ་མ་ཚོགསཔ་བཟུམ་སྦེ་ཡོད་རུང་
ནང་ན་ཚོགས་ཚོགསཔ་གཅིག ཕྱི་ནང་གཉིས་ཀ་ཚོགས་ཚོགསཔ་གཅིག ཕྱི་ནང་གཉིས་ཀ་མ་ཚོགསཔ་སྦེ་
ཁག་མ་འདྲཝ་བཞི་དེ་ཅིག་ཡོད་ཟེར་ སློབ་དཔོན་ཀླུ་སྒྲུབ་ཀྱིས་
བཤེས་སྤྲིངས་ནང་གསུངས་སྟེ་འདུག དེ་བཟུམ་སྦེ། མི་དེ་ཚུ་གི་ ནང་གི་སེམས་དང་ཕྱི་གི་སྤྱོད་ལམ་རྣམ་པ་གཉིསཔ་འདི་ཡང་
དག་པ་དང་མ་དག་པའི་དབྱེ་བ་ལེ་ཤ་ཡོདཔ་འདི་ ཧ་གོ་དགོ།།
མཁས་པ་ངོ་མ་ཨིན་པ་ཅིན་
ཞི་ཞིང་དུལ་བ་སྦེ་དགོཔ།
མཁས་པ་ཡོན་ཏན་ཀུན་ལྡན་དེ། །རློམས་སེམས་མེད་པར་ཞི་ཞིང་དུལ།།
སྙེ་མའི་ཁུར་གྱིས་བརྗིད་པ་ཡི།
།ལྗོན་ཤིང་རྩེ་མོ་དུད་དེ་གནས།།༥༠།།
ཚིག་གནད་མཆན་འགྲེལ།
ཀུན་ལྡན། ག་ར་ཆ་ཚང་མི། རློམས་སེམས། ང་རྒྱལ། ང་རང་དྲག་མནོ་བའི་སེམས། སྙེ་མ། འབྲས་བུ། བརྗིད། མཛེས་ཏོག་ཏོ། དུད། གུག་ནི།
མཁས་པ་ ཡོན་ཏན་ག་ར་ཆ་ཚང་སྟེ་ཡོད་མི་ཅིག་ཨིན་པ་ཅིན་
ང་རྒྱལ་ག་ནི་ཡང་མེད་པར་ ཐུགས་རྒྱུད་ཞི་ཞིང་དུལ་བ་སྦེ་བཞུགསཔ་ཨིན། དཔྱེ་འབད་བ་ཅིན། ཁུར་ཆ་བཟུམ་གྱི་འབྲས་བུ་ལྟེམ་ལྟེམ་ཡོད་པའི་ཐོག་ལས་
མཛེས་ཏོག་ཏོ་ཡོད་པའི་ལྗོན་ཤིང་དེ་ ས་ཁར་གུག་སྟེ་སྡོད་དོ་བཟུམ་ཅིག་ཨིན།།
ཡོན་ཏན་མེདཔ་ང་རྒྱལ་མཐོ།
ཡོན་ཏན་མེད་པའི་སྐྱེ་བོ་དེ། །ང་རྒྱལ་མགོ་འཕང་ཅི་ལས་མཐོ།།
འབྲས་བུའི་བཅུད་ཀྱིས་མ་བཟུང་བའི།
།ལྗོན་པ་རེངས་པ་ཆོས་ཉིད་ཡིན།།༥༡།།
ཚིག་གནད་མཆན་འགྲེལ།
མགོ་འཕང་། མགོ། ཅི་ལས་མཐོ། ག་ནི་བ་མཐོཝ། མ་བཟུང་བ། མེདཔ། རེངས་པ། རང་རོང་། ཆོས་ཉིད། རང་བཞིན།
ནང་ན་ཡོན་ཏན་མེད་པའི་མི་དེ་ཚུ་ ང་རྒྱལ་གྱི་ཐོག་ལས་
མགོ་ག་ནི་བ་མཐོཝ་སྦེ་སྡོདཔ་ཨིན། དཔྱེ་འབད་བ་ཅིན།
ནང་གི་བཅུད་བཟུམ་གྱི་འབྲས་བུ་ག་ནི་ཡང་མེད་པའི་ཤིང་དེ་ཚུ་
འཇའ་ཕྱི་ཕྱི་ག་ནི་ཡང་མེད་པར་ རང་རོང་སྦེ་འགྱོ་ནི་དེ་
ཁོ་རང་གི་རང་བཞིན་ཨིན་དོ་བཟུམ་ཅིག་ཨིན།།
ཕྱི་ཁར་བཅོས་ཁ་རྐྱབ་རྐྱབ་ཙམ་གྱིས་ཕན་ཐོགས་མེདཔ།
ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། །ཕྱི་ཚུལ་བཅོས་པས་ཅི་ལ་ཕན།།
ཡལ་འདབ་མེད་པའི་ཤིང་སྐམ་དེར།
།ཅོད་པཎ་བཏགས་ཀྱང་ག་ལ་མཛེས།།༥༢།།
ཚིག་གནད་མཆན་འགྲེལ།
ལྷན་སྐྱེས་ཡོན་ཏན། ཕྱི་ཁའི་རྣམ་འགྱུར་ཙམ་ཅིག་མེན་པར་
ནང་གི་སེམས་ཀྱི་གདིང་ལས་ཡོད་པའི་བཟང་པའི་ཡོན་ཏན། ཕྱི་ཚུལ། ཕྱི་ཁའི་རྣམ་འགྱུར། བཅོས་པ། བཅོས་ཁ་རྐྱབ་རྐྱབ། ཅོད་པཎ། མགུ་ཏོག་ཁར་བཏགས་ནི་གི་རྒྱན་ཆ།
ནང་གི་སེམས་ཀྱི་གདིང་ལས་རང་ རང་བཞིན་གྱིས་སྐྱེས་སྐྱེཝ་གི་བཟང་པོའི་སྤྱོད་ལམ་གྱི་ཡོན་ཏན་མེདཔ་བཟུམ་ཅིག་འབད་བ་ཅིན་
ཕྱི་ཁའི་རྣམ་འགྱུར་ལུ་ གུས་ཞབས་མེད་རུང་ཡོདཔ་བཟུམ་དང་
ཡོན་ཏན་མེད་རུང་ཡོདཔ་བཟུམ་བཟོ་སྟེ་ བཅོས་ཁ་རྐྱབ་རྐྱབ་གིས་ ག་ཅི་ཕན་ནི་?
རྩ་ལས་མི་ཕན། དཔྱེ་འབད་བ་ཅིན། ཡལ་འདབ་མེད་པའི་ཤིང་རྐངམ་དེ་གུ་ལུ་
དར་དང་གོས་ཆེན་གྱི་རྒྱན་ཆ་བཏགས་ཏེ་འབད་རུང་ མཛེས་ཏོག་ཏོ་ཅིག་ག་ཏེ་འོང་ནི་? མི་འོང་དོ་བཟུམ་ཅིག་ཨིན།།
ཡོན་ཏན་ལྷབ་པའི་སྐབས་ལུ་བརྩོན་ཤུགས་བསྐྱེད་དགོཔ།
བསླབ་སྦྱང་དུས་ན་གཡེང་བ་དེ། །མཁས་འདོད་རེ་བ་་འབྲས་མེད་ཡིན།།
མེ་ཏོག་སད་ཀྱིས་ཁྱེར་བ་ཡི། །ཤིང་ལས་འབྲས་བུའི་རེ་བ་མེད།།༥༣།།
ཚིག་གནད་མཆན་འགྲེལ།
བསླབ་སྦྱངས། ཡོན་ཏན་ལྷཔ་ནི། གཡེང་བ། ཁ་ཡེང་མིག་ཡེང་སྦེ་སྡོད་ནི། མཁས་འདོད། མཁས་པ་འབད་དགོ་མནོཝ། སད་ཀྱིས་ཁྱེར་བ། གྱང་ཤུགས་ཀྱིས་བཅོམ་སྟེ་བཏང་བཏངམ།
ཡོན་ཏན་ལྷཔ་པའི་སྐབས་ལུ་ ཁ་ཡེང་མིག་ཡེང་སྦེ་སྡོད་པ་ཅིན་
མཁས་པ་གོ་ས་འཐོབ་དགོ་མནོ་བའི་རེ་བ་འདི་ཡང་ འབྲས་བུ་མེདཔ་འགྱོཝ་ཨིན།
དཔྱེ་འབད་བ་ཅིན། མེ་ཏོག་ཤར་བའི་སྐབས་ལུ་
གྱང་ཤུགས་ཀྱིས་བཅོམ་སྟེ་བཏང་བཏང་པའི་ཤིང་དེ་ལས་ འབྲས་བུ་འཐོབ་ནི་གི་
རེ་བ་མེདཔ་འགྱོ་དོ་བཟུམ་ཅིག་ཨིན།།
རང་གི་རིག་རྩལ་དེ་རང་མེད་པ་ཅིན་ཁུངས་མེདཔ།
བློ་གྲོས་རྩལ་དང་མི་ལྡན་ན། །གོ་ས་མཐོ་ཡང་ཁྲེལ་བའི་གཞི།།
ཤིང་ལས་བྱས་པའི་སེང་གེ་དེ།
།འཇིགས་འཇིགས་་འདྲ་ཡང་སྙིང་པོ་མེད།།༥༤།།
ཚིག་གནད་མཆན་འགྲེལ།
ཁྲེལ་བ། ངོ་ཚ་ནི།
རང་གི་བློའི་རིག་རྩལ་དེ་རང་མེདཔ་བཟུམ་ཅིག་འབད་བ་ཅིན་
གོ་ས་ག་དེམ་ཅིག་མཐོཝ་སྦེ་ཡོད་རུང་ ངོ་ཚ་བའི་གཞི་ཅིག་རང་ཨིན། དཔྱེ་འབད་བ་ཅིན།
ཤིང་གིས་བཟོ་བཟོཝ་གི་སེངྒེ་དེ་ འདྲོག་སི་སི་བཟུམ་སྦེ་མཐོང་རུང་
སྲོག་མེད་པའི་ཅ་ལ་ཅིག་ཨིན་ནི་དེ་གིས་ དོན་གྱི་སྙིང་པོ་ག་ནི་ཡང་མེདཔ་བཟུམ་ཅིག་ཨིན།།
ཁ་དང་ལག་ལེན་མཐུན་དགོཔ།
དྲི་ཞིམ་བསུང་དང་མི་ལྡན་ན། །ཙན་དན་་ཡིན་ཞེས་སྨྲས་ཀྱང་རྫུན།།
དམ་པའི་ཚུལ་དང་མི་མཐུན་ན།
།དམ་པར་ཁས་འཆེ་དོན་དང་བྲལ།།༥༥།།
ཚིག་གནད་མཆན་འགྲེལ།
བསུང་། ལྷང་ལྷང་སྦེ་འཐོན་ནི། སྨྲས། སླབ་ནི། རྫུན། ཤོབ། དམ་པའི་ཚུལ། སྐྱེས་བུ་དམ་པའི་ཁྱད་ཆོས། ཁས་འཆེ། ཨིན་ཟེར་ཁས་ལེན་འབད་ནི།
དྲིམ་ཞིམ་མངར་བསང་བསང་ཅིག་
ལྷང་ལྷང་སྦེ་འཐོན་ནི་མེདཔ་བཟུམ་ཅིག་འབད་བ་ཅིན་ ཙན་དན་ཨིན་ཟེར་སླབ་སྟེ་འབད་རུང་
ཤོབ་ཨིན། དཔྱེ་དེ་བཟུམ་སྦེ། མཁས་རྟགས་ཞི་ཞིང་དུལ་བ་
བསྒོམས་རྟགས་ཉོན་མོངས་མེད་པ་ལ་སོགས་པའི་ སྐྱེས་བུ་དམ་པའི་ཁྱད་ཆོས་
དེ་ཚུ་རང་ལུ་མེདཔ་བཟུམ་ཅིག་འབད་བ་ཅིན་
སྐྱེས་བུ་དམ་པ་ཨིན་ཟེར་ཁས་ལེན་འབད་དེ་འབད་རུང་ དོན་དག་སྙིང་པོ་ག་ནི་ཡང་མེད།།
ཞནམ་མཐོ་སར་བཀལ་རུང་ཕན་ཐོགས་མེདཔ།
དམན་པ་རྒྱལ་སར་བཏོན་ན་ཡང་། །མ་རབས་སྤྱོད་པའི་རྗེས་སུ་འཇུག།
ཆུ་ཤིང་གྱེན་དུ་སྐྱེས་ན་ཡང་།
།འདབ་མ་ཐུར་དུ་འཕྱང་བར་འགྱུར།།༥༦།།
ཚིག་གནད་མཆན་འགྲེལ།
རྒྱལ་སར་བཏོན། གོ་ས་མཐོ་སར་བཀལ་ནི། རྗེས་སུ་འཇུག ཤུལ་ཤུལ་བདའ་སྟེ་འགྱོ་ནི། ཆུ་ཤིང་། ཆུ་ལས་སྐྱེས་མི་ཤིང་། འཕྱང་། དཔྱངས་ནི།
མི་རིགས་ཞནམ་དེ་ཚུ་ གོ་ས་མཐོ་ས་བཀལ་ཏེ་འབད་རུང་
ཧེ་མ་གི་མ་རབས་སྤྱོད་པ་འབད་མི་དེ་གི་ ཤུལ་ཤུལ་འདའ་སྟེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན།
ཆུ་ལས་སྐྱེས་མི་ཤིང་དེ་ཚུ་ ཧེ་མར་སྐྱེཝ་ད་ ཁ་གྱེན་ལུ་བལྟ་སྟེ་སྐྱེས་རུང་
ཤུལ་ལས་འདབ་མ་དེ་ཚུ་ ས་ཁར་དཔྱངས་ཏེ་འགྱོ་དོ་བཟུམ་ཅིག་ཨིན།།
སྐྱེས་བུ་དམ་པ་ལུ་འགྱུར་ལྡོག་མེདཔ།
ཨ་གར་དུམ་བུ་བརྒྱར་བཏུབས་ཀྱང་། །ལྷན་སྐྱེས་དྲི་བཟང་མི་གཏོང་ལྟར།།
དམ་པ་ཅི་ཙམ་རྒུད་ན་ཡང་།
།བཟང་པོའི་རང་བཞིན་ག་ལ་འདོར།།༥༧།།
ཚིག་གནད་མཆན་འགྲེལ།
ཨ་གར། དྲི་བཟང་ཅན་གྱི་སྤོས་དཀར་གྱི་ཤིང་། དུམ་བུ། ཆ་ཤས་ཆུང་ཀུ། བརྒྱ། ལེ་ཤ། ལྷན་སྐྱེས། རང་བྱུང་།
མི་གཏོང་། མི་ཡལ་ནི། རྒུད།
མར་ཉམས། འདོར། སྤང་ནི།
སྤོས་དཀར་གྱི་ཤིང་དེ་ ཆ་ཤས་ཆུང་ཀུ་ལེ་ཤ་སྦེ་
བཏུབས་ཏེ་འབད་རུང་
ཁོ་རང་གཅིག་ཁར་ཡོད་པའི་རང་བྱུང་གི་དྲིམ་ཞིམ་ཏོང་ཏོ་འདི་མི་ཡལ་བར་སྡོདཔ་ཨིན།
དཔྱེ་དེ་བཟུམ་སྦེ། སྐྱེས་བུ་དམ་པ་དེ་ཚུ་ སྟབས་ལེགས་སྟེས་དབང་གིས་
གནས་སྐབས་ཅིག་མར་ཉམས་ཏེ་འབད་རུང་ རང་བཞིན་བཟངམ་དེ་ག་ཏེ་སྤང་ནི་? རྩ་ལས་རང་མི་སྤང་།
དམ་པའི་རང་བཞིན་ལུ་འགྱུར་ལྡོག་མེདཔ།
ཤུག་པའི་ལོ་མ་མེར་བཅུག་ན། །ལྷག་པར་དྲི་བཟང་རྒྱས་པ་བཞིན།།
དམ་པ་རྣམས་ལ་གནོད་བྱེད་པས།
།ཕྱིར་ཞིང་དེ་ཡི་ཆེ་བ་འདོན།།༥༨།།
ཚིག་གནད་མཆན་འགྲེལ།
བཅུག བཙུགས་ནི། ཕྱིར་ཞིང་། ལོག་འདི། ཆེ་བ། བཟང་པོའི་ཁྱད་ཆོས། འདོན། འཐོན་ནི།
ཤུག་པའི་ཤིང་གི་འདབ་ལེ་མེ་བཏང་པ་ཅིན་
དྲིམ་ཧེ་མ་ལས་ཞིམ་སྦེ་འཐོན་དོ་བཟུམ་སྦེ། སྐྱེས་བུ་དམ་པ་ཚུ་ལུ་
མར་ཕབས་ཅིག་རྐྱབ་གེ་མནོ་སྟེ་ གནོད་པ་སྐྱེལ་བ་ཅིན་ ཁོང་ལུ་གནོད་ནི་ཕར་རང་བཞག་
ལོག་འདི་ཁོང་གི་བཟང་པོའི་ཁྱད་ཆོས་དེ་ཚུ་འཐོན་ཏེ་ གོང་འཕེལ་འགྱོཝ་ཨིན།
སྐྱེས་བུ་དམ་པའི་སྙན་གྲགས་རང་བཞིན་གྱིས་ཁྱབ་ཚུལ།
དམ་པ་དབེན་པར་གནས་ན་ཡང་། །གྲགས་སྙན་ལྷ་ཡིས་སྒྲོག་པར་བྱེད།།
ལྷོ་ཡི་རི་ལས་སྐྱེས་པ་ཡི།
།ཙན་དན་དྲི་བསུང་རླུང་གིས་འགྱེད།།༥༩།།
ཚིག་གནད་མཆན་འགྲེལ། དབེན་པ། མི་མེད་དགོན་པའི་གནས།
དབེན་པའི་རི་ཁྲོད། གྲགས་སྙན། གཏམ་སྙན་གྲགས། སྒྲོག སླབ་ནི། དར་ཁྱབ་འགྱོ་ནི། འགྱེད། སྤེལ་ནི། བཀྲམ་ནི།
སྐྱེས་བུ་དམ་པ་དེ་ཚུ་ མི་མེད་དབེན་པའི་རི་ཁྲོད་ལུ་བཞུགས་ཏེ་འབད་རུང་
ཁོང་གི་གཏམ་སྙན་གྲགས་དེ་ཚུ་ ལྷ་དེ་ཚུ་གིས་ག་ཏེ་ཡང་སླབ་ཚརཝ་ཨིན། དཔྱེ་འབད་བ་ཅིན།
རྒྱ་གར་ལྷོ་ཕྱོགས་མ་ལ་ཡའི་རི་ལས་སྐྱེས་པའི་ཙན་དན་གྱི་ཤིང་དེ་
གནས་ས་ལྷོ་ལུ་ཨིན་རུང་ ཁོ་གི་དྲིམ་ཞིམ་ཏོང་ཏོ་ རླུང་གིས་འབག་ཞིནམ་ལས་
ག་ཏེ་ལུ་ཡང་བཀྲམ་སྟེ་གཏང་དོ་བཟུམ་ཅིག་ཨིན།།
རང་བཞིན་ངན་པའི་མི་ལུ་བཅོ་ཁ་མེདཔ།
འཁྱོག་པའི་ཤིང་དེ་བསྲངས་ན་ཡང་། །རླན་དང་འཕྲད་ཚེ་ཡ་ཡོར་འགྱུར།།
རང་བཞིན་ངན་པ་བཅོས་ན་ཡང་།
།རྐྱེན་དང་འཕྲད་ཚེ་རང་མཚང་སྟོན།།༦༠།།
ཚིག་གནད་མཆན་འགྲེལ།
འཁྱོག་པ། གཡོ་གཡོཝ། བསྲངས། ཕྲང་ནི། ཡ་ཡོར། གཡག་གཡོག རྐྱེན། རྒྱུ་རྐྱེན། རང་མཚང་། རང་གི་་སྐྱོན། སྟོན། འཐོན་ནི།
ཤིང་གཡོ་གཡོཝ་དེ་ ཕྲང་སྟེ་འབད་ས་བཅས་རུང་ ནམ་ཅིག་གི་ཚེ་
རློནམ་དང་འཕྱད་པ་ཅིན་ ད་རུང་ལོག་འདི་རང་ གཡག་གཡོག་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ།
རང་བཞིན་ངན་པའི་མི་དེ་ཚུ་ བཅོས་ཁ་རྐྱབ་སྟེ་འབད་རུང་ ནམ་ཅིག་ཚེ་
རྒྱུ་རྐྱེན་ཅིག་ཁར་འཛོམས་པ་ཅིན་ ཧེ་མ་ག་ཨིནམ་སྦེ་འགྱོ་སྟེ་
རང་གི་རང་བཞིན་ངན་པའི་སྐྱོན་དེ་ ཕྱི་ཁར་འཐོནམ་ཨིན།།
མི་ངན་བསམ་རྒྱ་ཆུང་དྲག་ཚུ་ལུ་ཡོན་ཏན་ཡོད་རུང་ཕན་ཐོགས་མེདཔ།
ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།
རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།༦༡།།
ཚིག་གནད་མཆན་འགྲེལ།
ཀླད་ཆུང་། མནོ་བསམ་གཏང་ནི་རྒྱ་ཆུང་དྲག གནས་པ། ཨིན་མི། མཁོ། དགོཔ།
མནོ་བསམ་གཏང་རྒྱ་ཆུང་བའི་ཁར་
རང་བཞིན་ཡང་ངན་སོ་ཅིག་འབད་མི་དེ་ཚུ་ལུ་ ཡོན་ཏན་ཆུང་ཀུ་རེ་ ཡོད་དེ་འབད་ས་བཅས་རུང་
གཞན་ལུ་ཕན་མི་ཐོགས། དཔྱེ་འབད་བ་ཅིན། རྩ་བ་དུག་ཤིང་ཨིན་མི་ཤིང་དེ་གི་
མེ་ཏོག་འཇའ་ཆི་ཆི་ཡོད་རུང་ ག་ལུ་དགོ་མི་འདུག་ག་? ག་ལུ་ཡང་མི་དགོ་དོ་བཟུམ་ཅིག་ཨིན།།
སྙིང་སྟོབས་བསྐྱེད་དགོཔ།
ཙན་དན་ཤུག་པོའི་ཀ་བ་གཉིས། །གདུང་མ་འདེགས་པའི་ནུས་པ་མཚུངས།།
སྙིང་སྟོབས་ལྡན་ན་དབུལ་ཕྱུག་གཉིས། །བྱ་བ་བྱེད་པའི་དུས་སུ་འདྲ།།༦༢།།
ཚིག་གནད་མཆན་འགྲེལ།
གདུང་མ། ཁྱིམ་གྱི་གདུང་། འདེགས་པ། ཡར་བཏེགས་ནི། ནུས་པ། ལྕོགས་གྲུབ། མཚུངས། འདྲ་བ། སྙིང་སྟོབས། སེམས་ཀྱི་སྟོབས་ཤུགས། དབུལ་ཕྱུག ཕྱུགཔ་དང་སྤྱང་ཀ བྱ་བ་བྱེད་པ། ལཱ་འབད་ནི།
ཙན་དན་དང་ཤུག་པའི་ཤིང་གི་བཟོ་བཟོཝ་གི་ ཀ་བ་གཉིསཔ་དེ་ ཁྱིམ་གྱི་གདུང་བཏེགས་ནི་གི་ལྕོགས་གྲུབ་འདྲན་འདྲ་ཡོདཔ་ཨིན།
དཔྱེ་དེ་བཟུམ་སྦེ། འབད་དགོ་མནོ་བའི་སེམས་ཀྱི་སྟོབས་ཤུགས་དེ་རང་
ཡོདཔ་བཟུམ་ཅིག་འབད་བ་ཅིན། ཕྱུགཔ་དང་སྤྱང་ཀ་གཉིསཔ་དེ་ཡང་ ལཱ་བའི་དུས་ལུ་
ལྩོགས་རང་འཐདཔ་སྦེ་འབད་ཚུགསཔ་ཨིན།།
རང་བཞིན་བཟང་ངན་དེ་
ལཱ་འབདཝ་ད་ཤེས་ཚུགས་ནི།
ལོངས་སྤྱོད་མངའ་ཐང་མཉམ་ན་ཡང་། །བཟང་ངན་ལས་ལ་སྦྱར་ན་ཤེས།།
ཕྲ་སྦོམ་མཉམ་ཡང་ཆུར་འཕངས་ན། །ཤིང་གི་མགོ་མཇུག་ཤེས་པར་ནུས།།༦༣།།
ཚིག་གནད་མཆན་འགྲེལ།
མངའ་ཐང། མཉམ། འདྲན་འདྲ། རྒྱུ་ནོར་ལོངས་སྤྱོད། ལས་ལ་སྦྱར་ན། ལཱ་འབད་བའི་ཚེ། ཕྲ་སྦོམ། སྦོམ་ཆུང་ཕྱ་ཧིང་། འཕངས། བཀོ་ནི།
རྒྱུ་ནོར་ལོངས་སྤྱོད་འདྲན་འདྲ་ཡོད་རུང་
བསམ་པ་བཟངམ་དང་ངནམ་དེ་ ལཱ་ངོ་མ་འབད་དེ་བལྟ་བའི་ཚེ་ཤེས་ཚུགས། དཔྱེ་འབད་བ་ཅིན།
སྦོམ་ཆུང་དང་ཕྱ་ཧིང་འདྲན་འདྲ་ཡོད་ས་བཅས་རུང་ ཆུ་ནང་བཀོ་དེ་བལྟ་བ་ཅིན་
ཤིང་ལྡུམ་ཁོ་རང་གི་ མགོ་དང་མཇུག་ ག་ཏེ་ཨིན་ན་ ཤེས་ཚུགས་དོ་བཟུམ་ཅིག་ཨིན།།
མཁས་པ་གཡུས་གཞན་ཁར་འགྱོ་རུང་ཞབས་ཏོག་ཐོབཔ།
མཁས་པའི་སྐྱེ་བོ་ཡུལ་གཞན་དུ། །བྲིན་ཞིང་ཀུན་གྱིས་བཀུར་བར་འགྱུར།།
ནགས་སུ་སྐྱེས་པའི་ཤིང་གིས་ནི།
།གཞན་དུ་ཤིང་གི་བྱ་བ་བྱེད།།༦༤།།
ཚིག་གནད་མཆན་འགྲེལ།
ཡུལ། གཡུས། བྲིན། རིན་ཐང་ཅན་ལུ་འགྱུར་ནི། གཞན་དུ། གཞན་ཁ་ལུ། བྱ་བ་བྱེད། ལཱ་འབད་ནི།
མཁས་པའི་མི་དེ་ཚུ་ གཡུས་གཞན་ཁ་ལུ་
རིན་ཐང་ཅན་ལུ་འགྱུརཝ་མ་ཚད་ ག་ར་གིས་གོང་ལུ་བཀུར་ཏེ་གུས་ཞབས་བསྐྱེདཔ་ཨིན།
དཔྱེ་འབད་བ་ཅིན། ནགས་ཚལ་ནང་སྐྱེས་པའི་ཤིང་དེ་ ནགས་ཚལ་ཁོ་རང་ནང་ ལཱ་མེད་རུང་
ས་ཆ་གཞན་ཁ་ལུ་ ཤིང་དེ་གི་ལཱ་འཐོན་དོ་བཟུམ་ཅིག་ཨིན།།
སེམས་ཆུང་
རྒྱལ་ཁམས་སྐོར་རུང་དོན་དག་མེདཔ།
ཤིང་བལ་རླུང་གིས་བདས་པ་དེ། །རི་རྩེར་མི་སྡོད་གཤོང་དུ་ཆགས།།
བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས། །མཐའ་མར་རྒུད་པའི་གནས་སུ་ལྷུང་།།༦༥།།
ཚིག་གནད་མཆན་འགྲེལ།
ཤིང་བལ། ཤིང་ལས་འཐོན་པའི་བལ། བདས་པ། འབག་ནི། ཕྱོགས་མཐར། ག་ཏེ་ལུ་ཡང་། འཁྱམས་འཁྱམས། གཤལ་ཡི་གཤལ་ཡི་རང་།
རྒུད་པ། ཉམ་ཆག ལྷུང་། བུལ་ནི།
ཤིང་གི་བལ་རླུང་གིས་འབག་སྟེ་འགྱོ་མི་དེ་
རི་གི་རྩེ་ལུ་སྡོད་མི་ཚུགས་པར་ རིའི་གཤོང་ལུ་ ཆགསཔ་ཨིན། དཔྱེ་དེ་བཟུམ་སྦེ།
བློ་རྒྱ་ཆུང་ཀུ་ ག་ཏེ་ལུ་ཡང་གཤལ་ཡི་གཤལ་ཡི་རང་འགྱོ་མི་དེ་
མཐའ་མ་ལུ་ཉམ་ཆག་བྱུང་སྟེ་ སྟབས་མ་བདེ་བའི་གནས་ལུ་ལྷོདཔ་ཨིན།།
ཉེས་སྐྱོན་གོས་ནི་འཇམ་ཏོང་ཏོ་ཨིན་རུང་
ཡོན་ཏན་ལྷཔ་ནི་དེ་བཟུམ་མེནམ།
སྐྱོན་གྱིས་གོས་པ་ཆེས་སླ་སྟེ། །ཡོན་ཏན་སློབ་པ་དེ་ལྟ་མིན།།
ཤིང་ལ་མེ་ལྕེ་མཆེད་སླ་ཡང་།
།ཆུ་བོ་སོ་སོར་གྱེས་པར་དཀའ།།༦༦།།
ཚིག་གནད་མཆན་འགྲེལ།
གོས་པ། སྐྱོན་ཞུགས་ནི། ཆེས་སླ། གནམ་མེད་ས་མེད་འཇམ་ཏོང་ཏོ། དེ་ལྟ་མིན། དེ་བཟུམ་སྦེ་མེནམ། མེ་ལྕེ། མེའི་ལྷབས། མཆེད། འཕེལ་ནི། གྱེས། ཐ་དད་འགྱོ་ནི།
གཞན་གྱི་ཉེས་སྐྱོན་རང་ལུ་གོས་ནི་འདི་ གནམ་མེད་ས་མེད་འཇམ་ཏོང་ཏོ་ཨིན།
དེ་འབདཝ་ད་ ཡོན་ཏན་ལྷཔ་ནི་འདི་ དེ་བཟུམ་རང་མེན། དཔྱེ་འབད་བ་ཅིན། ཤིང་སྐམ་ལུ་
མེའི་ལྷབས་འཕེལ་ནི་དེ་འཇམ་ཏོང་ཏོ་ཨིན་རུང་ ཆུ་ཆེན་དེ་ཚུ་ཁག་སོ་སོ་སྦེ་གྱེས་ནི་དེ་
ལཱ་ཁག་ཡོད་དོ་བཟུམ་ཅིག་ཨིན།།
མ་རབས་དང་ཅིག་ཁར་འབྲེལ་བ་འཐབ་པ་ཅིན་
ཕུང་གི་གཞི་ལུ་འགྱུར་ཚུལ།
མ་རབས་སྐྱེ་བོ་གཉིས་འགྲོགས་ན། །ཕུགས་སུ་རང་གཞན་གཉིས་ཀ་ཕུང་།།
གཙུབ་ཤིང་ཟུང་དུ་བརྡར་བ་ཡིས། །མཇུག་ཏུ་གཉིས་ཀ་སྲེག་པར་བྱེད།།༦༧།།
ཚིག་གནད་མཆན་འགྲེལ།
འགྲོགས། གཅིག་ཁར་འབྲེལ་བ་འཐབ་ནི། གཙུབ་ཤིང་། ཤིང་སྲ་ཀྲག ཟུང་། གཉིས། སྲེག ཚིག་ནི།
སྐྱེ་བོ་མ་རབས་གཉིས་གཅིག་ཁར་འབྲེལ་བ་འཐབ་སྟེ་འབད་བ་ཅིན་
ཕུགས་ལུ་རང་དང་གཉིས་ཆ་རང་ཕུང་ནི་གི་གཞི་ཅིག་ལུ་འགྱུརཝ་ཨིན། དཔྱེ་འབད་བ་ཅིན།
ཤིང་སྲ་ཀྲག་གཉིས་ཅིག་ཁར་བརྡར་བ་ཅིན་ ཐ་མཇུག་ལུ་ དེ་ལས་མེ་འབར་ཏེ་
ཤིང་གཉིས་ཆ་རང་ཚིག་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
ཆ་རོགས་ངནམ་གྱིས་ཆ་རོགས་ལེགས་ཤོམ་མེདཔ་གཏངམ།
ཕུན་སུམ་ཚོགས་པའི་ལྗོན་པ་ཡང་། །ཆུ་དང་འགྲོགས་ན་རྩ་བ་འབྱིན།།
ཡ་རབས་ཡོན་ཏན་ལྡན་པ་ཡང་།
།གྲོགས་པོ་ངན་པས་ཉམས་པར་བྱེད།།༦༨།།
ཚིག་གནད་མཆན་འགྲེལ།
འབྱིན། བཏོན་ཏེ་གཏང་ནི།
མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་ལྗོན་ཤིང་དེ་ཚུ་ཡང་
ཆུ་དང་ཅིག་ཁར་གབ་ཕྱད་འབྲེལ་བ་ཅིན་ ནམ་ཅིག་གི་ཚེ་ རྩ་བ་དེ་ས་ལས་བཏོན་ཏེ་གཏང་ཞིནམ་ལས་
ཤིང་ཁོ་རང་ ར་བོག་སྟེ་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ། མི་ཡ་རབས་
ཡོན་ཏན་ལེགས་ཤོམ་ཡོད་མི་དེ་ཚུ་ཡང་ ཆ་རོགས་ངནམ་དང་འབྲེལ་བ་འཐབ་པ་ཅིན་ ནམ་ཅིག་གི་ཚེ་
ཁོ་གི་བཟང་པོའི་ཡོན་ཏན་དེ་ཚུ་ཡང་ ཉམས་ཏེ་འགྱོཝ་ཨིན།།
རང་ལུ་རིག་པ་ཡོད་རུང་
ད་རུང་རིག་པ་ཅན་གཞན་དང་འབྲེལ་བ་འཐབ་དགོཔ།
འབྲས་ལྡན་ཤིང་གཉིས་སྦྱར་བ་ལས། །འབྲས་བུ་ཕུང་གསུམ་འབྱུང་བ་ལྟར།།
བློ་དང་ལྡན་པ་གཉིས་འགྲོགས་ན། །སྔོན་མེད་ལེགས་པའི་བློ་གྲོས་སྐྱེ།།༦༩།།
ཚིག་གནད་མཆན་འགྲེལ།
འབྲས་བུ་ཅན། རྡོག་མ་བཏགས་བཏུབ་པའི་ཤིང་། ཕུང་གསུམ། དེ་གཉིས་ག་ཡང་མིན་པའི་གཞན་ཅིག
སྔོན་མེད། ཧེ་མ་མེད་མི། ལེགས་བཤད། ཕན་པའི་བསླབ་བྱ།
འབྲས་བུ་ཅན་གྱི་ཤིང་ ཨེ་པཱལ་དང་ཁམ་བཟུམ་
ཡང་ཅིན་ཨེ་པཱལ་དང་གླི་བཟུམ་གཉིས་ཀྱི་ལྕུགས་གུ་ ཅིག་ཁར་སྦྱར་ཏེ་ བཞག་པ་ཅིན་
ཧེ་མ་གི་འབྲས་བུ་དེ་མིན་པའི་འབྲས་བུ་སོ་སོ་ཅིག་ འབྱུང་དོ་བཟུམ་སྦེ།
བློ་དང་རིག་པ་ཡོད་པའི་མི་གཉིས་ ཅིག་ཁར་གྲོས་བསྡུར་འབད་བ་ཅིན་
ཧེ་མ་མེད་པའི་ལེགས་བཤད་གསརཔ་ལེ་ཤ་འཐོན་ནི་ཡོད།།
གཡོག་འཁོར་ངན་པའི་སྐྱོན།
ལྗོན་པའི་གྲིབ་བསིལ་བསྟེན་པ་ཡི། །གླང་པོས་ཤིང་གི་རྩ་བ་འབྱིན།།
གཡོག་འཁོར་ངན་པ་བསྟེན་པ་ཡིས།
།ལེགས་བྱས་རྩ་བ་ཉམས་པར་བྱེད།།༧༠།།
ཚིག་གནད་མཆན་འགྲེལ།
གྲིབ་བསིལ། གྱིབ་མ་བསིལ་ཏོང་ཏོ། གླང་པོ། གླངམ་ཆེ། འབྱིན། བཏོན་ཏེ་གཏང་ནི། བསྟེན་པ།
བདག་འཛིན་འབད་དེ་བཞག་ནི། ལེགས་བྱས་རྩ་བ།
དགེ་བའི་སེམས་དང་དད་པ།
ཚདཔ་ཚ་བའི་སྐབས་ལུ་ ཤིང་གི་གྱིབ་མ་ལུ་ བསྟེན་ཏེ་སྡོད་མི་གླངམ་ཆེ་དེ་གིས་
ནམ་ཅིག་གི་ཚེ་ ལྗོན་ཤིང་དེ་ཡང་ ར་ལས་འབེལ་ཏེ་གཏངམ་ཨིན། དཔྱེ་དེ་བཟུམ་སྦེ། གཡོག་འཁོར་ངནམ་བདག་འཛིན་འབད་དེ་བཞག་པ་ཅིན་
ནམ་ཅིག་གི་ཚེ་ རང་རྒྱུད་ཀྱི་དགེ་སེམས་དད་པ་ལ་སོགས་པ་དེ་ཚུ་ ཉམས་བཅུགཔ་ཨིན།།
ཆ་རོགས་ངན་པ་བསྟེན་མ་བཏུབ་པའི་སྐོར།
ཤིང་སྡོང་གཙུག་གིས་བཀུར་བ་ཡི། །འདབ་ཆགས་འགྲོ་ཚེ་བྱ་ཐལ་གཏོང་།།
ཟླ་གྲོགས་ངན་པ་བསྟེན་ན་ཡང་། །ནམ་ཞིག་རྗེས་ངན་བཞག་ནས་འགྲོ།།༧༡།།
ཚིག་གནད་མཆན་འགྲེལ།
གཙུག སྤྱི་ཏོག འདབ་ཆགས། བྱ།
བྱ་ཐལ། བྱའི་ཨ་བ། ཟླ་གྲོགས།
ཆ་རོགས། རྗེས་ངན། བཤུལ་བཞག་ངན་པ།
ཤིང་གི་སྡོང་པོ་གི་མགུ་ཏོག་གིས་
གོང་ལུ་བཀུར་ཏེ་བཞག་མི་བྱ་དེ་ཚུ་གིས་ བཀའ་དྲིན་མི་ཤེས་པར་ རང་འགྱོ་བའི་ཚེ་
ཨ་བ་ཡང་ཤིང་དེ་གི་མགུ་ཏོག་ཁར་བཏང་སྟེ་བཞགཔ་ཨིན། དཔྱེ་དེ་བཟུམ་སྦེ།
ཆ་རོགས་ངནམ་དེ་ཚུ་བསྟེན་ཏེ་འབད་བ་ཅིན་ ནམ་ཅིག་གི་ཚེ་ བཤུལ་བཞག་ངན་པ་ཅིག་
རང་ལུ་བཞག་སྟེ་འགྱོ་འོང་།།
མི་ངན་ལུ་ཕན་བཏགས་རུང་ དོན་དག་མེདཔ།
ངན་པར་ཇི་ཙམ་ཕན་བཏགས་ཀྱང་། །ལན་དུ་ཕན་པའི་རེ་བ་མེད།།
ཤིང་གིས་རྟག་ཏུ་མེ་གསོས་ཀྱང་།
།མེ་ཡིས་དེ་ཉིད་ཐལ་བར་བྱེད།།༧༢།།
ཚིག་གནད་མཆན་འགྲེལ།
ཇི་ཙམ། ག་དེམ་ཅིག མེ་གསོས། མེ་ཤི་མ་བཅུག་པར་བཞག་ནི།
དེ་ཉིད། ཤིང་དེ། ཐལ་བར་བྱེད། ཐལ་བར་བརླགས་ནི།
སྐྱེ་བོ་ངན་པ་དེ་ཚུ་ལུ་ ག་དེམ་ཅིག་ཕན་བཏགས་རུང་ དེ་གི་ལན་སྦེ་
ཁོང་གི་རང་ལུ་ ཕན་འོང་མནོ་བའི་རེ་བ་རྩ་ལས་རང་བསྐྱེད་མི་དགོ། དཔྱེ་འབད་བ་ཅིན།
ཤིང་སྐམ་དེ་ཚུ་གིས་ དུས་ཨ་རྟག་རང་ མེ་ཤི་མ་བཅུག་པར་ཡར་གསོ་སྟེ་འབད་རུང་ མེ་དེ་གིས་
ཤིང་དེ་ཐལ་བར་བརླགས་ཏེ་བཏང་དོ་བཟུམ་ཅིག་ཨིན།།
རིག་རྩལ་ཅན་གྱི་མི་རེ་རེ་གིས་ཡང་
ཕན་པ་སྦོམ་སྦེ་བསྒྲུབ་ཚུགསཔ།
བློ་དང་མཐུ་ལྡན་རེ་རེས་ཀྱང་། །མཆོག་དམན་ཀུན་གྱི་དགོས་པ་བསྒྲུབ།།
འོད་མའི་གནམ་རུ་གཅིག་གིས་ཀྱང་།
།ཉག་ཕྲན་སྟོང་གི་བྱ་བ་བྱེད།།༧༣།།
ཚིག་གནད་མཆན་འགྲེལ།
མཐུ་ལྡན། ནུས་པ་ཡོད་མི། འོད་མ། སྨྱུག་མ། གཞུ་ཤིང་། གནམ་རུ། གཞུ། ཉག་ཕྲན། མདའ།
བློ་གྲོས་ཀྱི་རིག་རྩལ་ཡོད་པའི་ཁར་
ལཱ་འབད་ནི་གི་ནུས་པ་ཡོད་པའི་མི་རེ་རེ་གིས་ཡང་ ཡར་གོངམ་དང་ མར་ཉམ་ཆུང་ག་ར་གི་ དགོས་པ་བསྒྲུབ་ཚུགསཔ་ཨིན།
དཔྱེ་འབད་བ་ཅིན། གཞུ་ཤིང་ལས་གྲུབ་པའི་གཞུ་ཕུད་རྡོག་གཅིགཔ་དེ་གིས་
མདའ་མོ་སྟོང་ཕྲག་གཅིག་ཡོད་རུང་
དེ་ཚུ་ག་ར་རྐྱབ་ནི་གི་ལཱ་འབད་ཚུགས་དོ་བཟུམ་ཅིག་ཨིན།།
རྒྱུ་ནོར་མེདན་ རིགས་རུས་མཐོ་རུང་
དོན་དག་མེདཔ།
ལོངས་སྤྱོད་དཔལ་དང་མི་ལྡན་ན། །རིགས་རུས་མཐོ་ཡང་དགོས་པ་ཆུང་།།
དགོས་པའི་གྲིབ་བསིལ་མེད་གྱུར་ཚེ།
།རྩེ་མོ་མཐོ་བས་ཅི་ལ་ཕན།།༧༤།།
ཚིག་གནད་མཆན་འགྲེལ། དགོས་པ་ཆུང་།
དོན་དག་མེདཔ། མེད་གྱུར་ཚེ། མེད་པ་ཅིན།
ཅི་ལ་ཕན། ག་ལུ་ཕན་ནི་?
རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགསཔ་ཅིག་རང་ལུ་མེད་པ་ཅིན་
ཕ་མའི་རིགས་བརྒྱུད་དང་ གདུང་རུས་བཟངམ་ཨིན་རུང་ དོན་དག་མེད། དཔྱེ་འབད་བ་ཅིན།
དགོ་པའི་གྲིབ་བསིལ་དེ་རང་མེདཔ་བཟུམ་ཅིག་འབད་བ་ཅིན་ ཤིང་ཁོ་རང་
སྤྱི་ཏོག་ག་དེམ་ཅིག་མཐོ་དྲག་ཡོད་རུང་ ག་ལུ་ཕན་ནི་? ག་ལུ་ཡང་མི་ཕན་དོ་བཟུམ་ཅིག་ཨིན།།
རྒྱུ་ནོར་བཏགས་པ་ལུ་ཚེ་ཧེ་མའི་བསོད་ནམས་དགོཔ།
རྩ་བ་བསོད་ནམས་མེད་གྱུར་ན། །བསགས་པས་དབུལ་བ་མི་སེལ་ཏེ།།
སྡོང་པོ་རློན་དང་བྲལ་བ་ལ། །ཡལ་གར་ཆུ་བོས་བྱུགས་ཀྱང་ཅི།།༧༥།།
ཚིག་གནད་མཆན་འགྲེལ།
དབུལ་བ། རྒྱུ་ནོར་མེདཔ། བྱུགས། དབུར་ནི།
ཤིང་གི་རྩ་བ་དང་འདྲ་བའི་
ཚེ་ཧེ་མའི་བསོད་ནམས་དེ་རང་མེདཔ་བཟུམ་ཅིག་འབད་བ་ཅིན་
ཚེ་ད་རེས་རྒྱུ་ནོར་ག་དེམ་ཅིག་བསགས་རུང་ དབུལ་པོ་གི་གནས་སྟངས་དེ་ སེལ་མི་ཚུགས། དཔྱེ་འབད་བ་ཅིན། ཤིང་གི་སྡོང་པོ་ཁོ་རང་ལུ་
རློན་གི་ཆུ་དང་བྲལ་སོངམ་བཟུམ་ཅིག་འབད་བ་ཅིན་ ཡལ་ག་ལུ་ ཆུ་དབུར་ཏེ་འབད་རུང་
ག་ཅི་འབད་ནི་? ཕན་ཐོགས་ག་ནི་ཡང་མེད།
བུ་ལོན་དང་སྐྱེད་ཀྱིས་ ཡར་བསྐྱེད་བཏགས་པར་ལཱ་ཁག་ཡོདཔ།
བུན་དང་བསྐྱེད་ཀྱིས་ནོར་སྤེལ་བ།
།འདོད་ཀྱང་རྩ་བ་སྟོར་བ་མང་།།
ཤིང་སྐྱེས་བཅད་ནས་ས་གཞན་དུ། །བཙུགས་པ་ཕལ་ཆེར་བསྐམ་པར་འགྱུར།།༧༦།།
ཚིག་གནད་མཆན་འགྲེལ།
བུན། བུ་ལོན། བསྐྱེད། བུ་ལོན་གྱི་བསྐྱེད། འདོད། དགོ་མནོ་ནི། སྟོར་བ། བརླག་ནི། ཕལ་ཆེར། མང་ཤོས།
རྒྱུ་ནོར་གཞན་ལུ་བུ་ལོན་བཏང་པའི་བསྐྱེད་ཁ་གིས་
རྒྱུ་ནོར་སྤེལ་དགོ་མནོ་སྟེ་ གཞན་ལུ་བུ་ལོན་བཏང་རུང་ བསྐྱེད་འཐོབ་ནི་ཕར་རང་བཞག
རྩ་བ་ངོ་བོ་དེ་ཡང་བརླག་སྟོར་ཤོར་མི་ལེ་ཤ་ཡོད། དཔྱེ་འབད་བ་ཅིན། ཤིང་སྐྱེས་ཚར་མི་དེ་ཚུ་
བཅད་དེ་ས་ཆ་གཞན་ཁ་ལུ་ བཙུགས་མི་ལས་ མང་ཤོས་ཅིག་རང་བསྐམ་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
གཞན་ལུ་མ་ཕན་པའི་ནོར།
གཡང་ས་མཐོན་པོར་སྐྱེས་པ་ཡི། །ས་ཧ་ཀཱ་རའི་འབྲས་བུ་བཞིན།།
རང་གཞན་གང་ལའང་མི་ཕན་པའི།
།ལོངས་སྤྱོད་ཆེ་དེ་སྦ་བ་ཡིན།།༧༧།།
ཚིག་གནད་མཆན་འགྲེལ།
གཡང་ས་མཐོན་པོ།
བྱཱག་གཟར་དྲག ས་ཧ་ཀ་ར། ཨམ་ཅུ་ཀུ་ལི།
བྱཱག་གཟར་དྲག་གི་མགུ་ལུ་སྐྱེས་པའི་
ཨམ་ཅུ་ཀུ་ལི་གི་འབྲས་བུ་དེ་ ག་གིས་འཐུ་མ་ཚུགས་ནི་དེ་གིས་ ཕན་ཐོགས་མེད་དོ་བཟུམ་སྦེ།
མི་རང་དང་གཞན་ག་ལུ་ཡང་ ཕན་ཐོགས་མེད་པའི་ ལོངས་སྤྱོད་སྦོམ་སྦེ་ཡོད་མི་དེ་ཡང་ སྤྱ་བཟུམ་ཅིག་ཨིན།།
རྒྱུ་ནོར་སྤྱོད་ཤེས་དགོཔ།
ལོངས་སྤྱོད་སྤེལ་བར་འདོད་པ་ཡིས།
།ཆ་ཤས་གཏོང་བ་མན་ངག་སྟེ།།
ལྗོན་ཤིང་ཡལ་ག་རྒྱས་འདོད་ན། །རྩེ་མོ་འདྲེག་པ་ཐབས་སུ་བཟང་།།༧༨།།
ཚིག་གནད་མཆན་འགྲེལ།
ཆ་ཤས། ཟུར་ཙམ་རེ། གཏོང་བ། བྱིན་ནི། མན་ངག ཐབས་ཤེས། འདྲེག་པ། བཏོག་ནི།
ལོངས་སྤྱོད་གོང་ལས་གོང་དུ་
སྤེལ་དགོ་མནོ་བ་ཅིན་ ཟུར་ཙམ་རེ་ གཞན་ལུ་བྱིན་ནི་འདི་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན།
དཔྱེ་འབད་བ་ཅིན། ལྗོན་ཤིང་གི་ཡལ་ག་རྒྱས་ཏེ་སྦོམ་སྦེ་བཟོ་དགོ་མནོ་བ་ཅིན་
སྤྱི་ཏོག་ཨ་ཙི་རེ་ བཏོག་ནི་འདི་ ཐབས་ཤེས་ལེགས་ཤོམ་ཨིན་དོ་བཟུམ་ཅིག་ཨིན།།
བསོད་ནམས་ཡོདཔ་དང་ མེད་པའི་ཁྱད་པར།
དམན་པས་བསགས་ཀྱང་མི་འགྲུབ་ལ། །བསོད་ནམས་ལྡན་པས་བཏང་ཡང་འབྱོར།།
རླན་སར་བཅད་ཀྱང་སྐྱེ་བའི་ཤིང་།
།སྐམ་སར་བཙུགས་ཀྱང་ག་ལ་སྐྱེ།།༧༩།།
ཚིག་གནད་མཆན་འགྲེལ།
དམན་པ། བསོད་ནམས་དམན་པའི་མི། བཏང་ཡང་། གཞན་ལུ་བྱིན་ཏེ་འབད་རུང་། འབྱོར། འབྱོར་པ་ལྡནམ་སྦེ་འགྱོ་ནི།
བསོད་ནམས་དམན་པའི་མི་དེ་ཚུ་གིས་
རྒྱུ་ནོར་བསགས་ཏེ་འབད་རུང་ རང་གི་འདོད་པ་བསྐྱེད་དོ་བཟུམ་སྦེ་འགྲུབ་མི་ཚུགས་ནི་དང་།
བསོད་ནམས་དང་ལྡན་པའི་མི་དེ་ཚུ་གིས་ གཞན་ལུ་སྦྱིན་པ་བཏང་སྟེ་འབད་རུང་
ལོག་འདི་རང་འབྱོར་པ་ལྡནམ་སྦེ་འགྱོཝ་ཨིན། དཔྱེ་འབད་བ་ཅིན། ས་རློནམ་ཡོད་སར་
བཅད་དེ་བཀོ་རུང་སྐྱེ་བའི་ཤིང་དེ་ སྐམ་སར་ལཱ་ཁག་སྦེ་བཙུགས་རུང་ ག་ཏེ་སྐྱེ་ནི་? མི་སྐྱེ་དོ་བཟུམ་ཅིག་ཨིན།།
བདག་པོ་ངན་པའི་ལོངས་སྤྱོད་ལུ་བརྟན་བརྟན་མེདཔ།
ལམ་ཁའི་ཤིང་གི་འབྲས་བུ་དེ། །བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ།།
བདག་པོ་ངན་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་དགྲ་ཡི་གཡབ་མོ་ཡིན།།༨༠།།
ཚིག་གནད་མཆན་འགྲེལ།
བྱིས་པ། ཨ་ལོ། རྡོ་ཆར་འབེབས་པ། རྡོ་གི་ཆརཔ་རྐྱབ་ནི། གཡབ་མོ། ལག་པར་ཚུད་ནི།
ལམ་གྱི་གཡས་དང་གཡོན་ལུ་སྐྱེས་མི་ ཤིང་གི་འབྲས་བུ་དེ་
ཨ་ལོ་དེ་ཚུ་གི་ རྡོ་གི་ཆརཔ་འཕབ་ནི་གི་རྒྱུ་ཅིག་ལས་མེད། དཔྱེ་དེ་བཟུམ་སྦེ།
སྦྱིན་བདག་ངན་པའི་ལོངས་སྤྱོད་དེ་ཡང་ ཧ་ལམ་དགྲ་དེ་ཚུ་གི་ ལག་པར་ཚུད་ནི་ཅིག་རང་ཨིན།།
བསོད་ནམས་དམན་པའི་ལོངས་སྤྱོད་ཀྱིས་
རང་གི་སྲོག་ལུ་ཉེན་ཁ་ཡོདཔ།
བསོད་ནམས་དམན་པའི་སྐྱེས་བུ་དེར། །དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག།
སྨྱིག་མའི་ཤིང་གི་རྩེ་མོ་ལ། །འབྲས་བུ་ཆགས་པ་ཉམས་པའི་ལྟས།།༨༡།།
ཚིག་གནད་མཆན་འགྲེལ།
བརླག བྱང་སྟོང་ཤོར་ནི། སྨྱིག་མ། སྨྱུག་མ། ཧི་མ།
བསོད་ནམས་དམན་པའི་མི་དེ་ཚུ་ལུ་
དཔལ་འབྱོར་ལོངས་སྤྱོད་ཆུང་ཀུ་ ཐོབ་སྟེ་འབད་རུང་ དེ་གིས་ ཁོང་རང་སྲོག་ཡང་བྱང་ནི་གི་ཉེན་ཁ་ལུ་འགྱུརཝ་ཨིན།
དཔྱེ་འབད་བ་ཅིན། སྨྱུག་མའི་ཤིང་གུ་ལུ་ ག་དེམ་ཅིག་སྦེ་ འབྲས་བུ་ལྦཝ་བཏགས་པ་ཅིན་
སྨྱུག་མ་ཁོ་རང་ ཉམས་ཏེ་མེདཔ་འགྱོ་ནི་གི་ལྟས་ངན་ཨིན་དོ་བཟུམ་ཅིག་ཨིན།།
ལཱ་ག་ཅི་འབད་རུང་
ཁེ་བཟང་གི་དོན་ལུ་ཨིནམ།
བུར་ཤིང་གཅོད་པ་རོ་ཡི་ཕྱིར། །ཝ་སྐྱེས་གསོད་པ་པགས་པའི་སླད།།
དོན་མཐུན་འཇོམས་པ་ནོར་གྱི་དོན།
།རྒྱལ་པོར་རྒོལ་བ་འབངས་ཀྱི་ཆེད།།༨༢།།
ཚིག་གནད་མཆན་འགྲེལ།
བུར་ཤིང་། གུན་ཆ། རོ། བྲོཝ། ཝ་སྐྱེས། འ་དོམ། སླད།
དོན་ལུ། དོན་མཐུན། རང་དང་འདྲན་འདྲ་འབད་མི།
འཇོམས་པ། བཅོམ་ནི།
གུན་ཆ་གི་ཤིང་བཅད་མི་དེ་ བྲོཝ་ཞིམ་ཏོང་ཏོ་ཅིག་འོང་ནི་གི་དོན་ལུ་དང་།
འ་དོམ་བསད་མི་དེ་ པགས་རྐོ་གི་དོན་ལུ་ཨིན། དཔྱེ་དེ་བཟུམ་སྦེ། ཚོང་གི་ལཱ་ལ་སོགས་པ་
རང་དང་འདྲན་འདྲ་འབད་མི་ བཅོམ་མི་དེ་རྒྱུ་ནོར་ལོངས་སྤྱོད་ཀྱི་དོན་ལུ་དང་།
རྒྱལ་པོ་ལུ་རྒོལ་མི་དེ་ འབངས་མི་སེར་གྱི་ ཁ་རྒུད་མ་བཏུབ་ལས་
དེ་གི་དོན་ལུ་རྒོལཝ་ཨིན།།
མནོ་བསམ་ཧེ་མ་ལས་བཏང་དགོཔ།
ཤིང་ལ་ཐོག་མར་ཐིག་འདེབས་ཀྱིས། །དྲས་ཤིང་གཏུབས་ནས་བསྒྱུར་དུ་མེད།།
བྱ་བའི་ཐོག་མར་བསམ་དགོས་ཀྱི། །རྗེས་ནས་བྱེད་བརྡོལ་བླུན་པོའི་རྟགས།།༨༣།།
ཚིག་གནད་མཆན་འགྲེལ།
ཐོག་མར། ཧེ་མར། ཐིག་འདེབས། ཐིག་རྐྱབ་ནི། དྲས། དྲ་ནི། བྱ་བའི་ཐོག་མར། ལཱ་མ་འབད་བའི་ཧེ་མར། བསམ་དགོས། མནོ་བསམ་གཏང་དགོ། རྗེས་ནས། ཤུལ་ལས། བྱེད་བརྡོལ།
གང་བྱུང་མ་བྱུང་། ག་ཅི་དྲན་མི་དེ་འབད་ནི།
ཤིང་ལུ་ ཧེ་མར་ཐིག་རྐྱབ་ཞིནམ་ལས་ དྲ་སྟེ་གཏུབ་ཚར་མི་དེ་ལུ་
ཤུལ་ལས་བསྒྱུར་བ་གཏང་མི་ཚུགས། དཔྱེ་དེ་བཟུམ་སྦེ། ལཱ་མ་འབད་བའི་ཧེ་མ་ལས་
མནོ་བསམ་གཏང་དགོ་ ག་དེམ་ཅིག་སྦེ་མ་གཏངམ་བཟུམ་ཅིག་འབད་བ་ཅིན་ ཤུལ་ལས་ སྟབས་མ་བདེཝ་འཐོནམ་ད་ལུ་
ག་ཅི་དྲནམ་ཅིག་འབད་མི་དེ་ བླུན་པོ་རྩ་རྒྱས་ཀྱི་རྟགས་མཚན་ཅིག་ཨིན།།
སྟབས་ལེགས་ཙམ་གྱིས་འགྲུབ་པའི་དོན་ལུ་
ཧ་ལས་དགོཔ་མེདཔ།
སྟབས་ལེགས་ཙམ་གྱིས་དོན་གྲུབ་ཀྱང་། །བློ་དང་ལྡན་པ་སུ་ཞིག་རློམས།།
ལོ་མ་འཁུམས་ནས་ཉལ་བའི་ཤིང་། །སེམས་ལྡན་བསྒྲུབ་པ་མུ་སྟེགས་ལུགས།།༨༤།།
ཚིག་གནད་མཆན་འགྲེལ།
སྟབས་ལེགས། སྟབས་ལེགས་སྟེས་དབང་། ཞོར་ཁར་གྲུབ་སྟེ་འགྱོ་ནི། སུ་ཞིག ག་ཟེར་མི་འདི། རློམས། འབད་ཚུགས་ཅི་ཟེར་མནོ་ནི། སེམས་ལྡན་བསྒྲུབ་པ།
སེམས་ཡོད་ཟེར་ཁུངས་སྐྱེལ་ནི།
སྟབས་ལེགས་སྟེས་གིས་སྦེ་ དོན་དག་གྲུབ་སྟེ་འབད་རུང་
དེ་རང་གིས་འབད་ཚུགས་ཅི་ཟེར་ བློ་གྲོས་རྩལ་དང་ལྡན་མི་ག་ཟེར་མི་འདི་གིས་མནོ་ནི་? ག་གིས་ཡང་མི་མནོ། དཔྱེ་འབད་བ་ཅིན། ལོ་མ་ཅིག་ཁར་འཁུམས་ཏེ་
ཉལ་ཉལཝ་བཟུམ་གྱི་ཤིང་དེ་ལུ་ སེམས་ཡོད་ཟེར་བསྒྲུབ་ནི་དེ་
ཕྱི་རོལ་མུ་སྟེགས་པ་དེ་ཚུ་མ་གཏོགས་ གཞན་ག་གིས་ཡང་མི་བསྒྲུབ་དོ་བཟུམ་ཅིག་ཨིན།།
ཁ་མང་བའི་སྐྱོན།
སྲང་མདོར་ལོ་འདབ་ཉལ་ཉིལ་དུ། །གནས་པའི་ཤིང་དེ་ཀུན་གྱིས་བརྗི།།
དོན་མེད་འཆོལ་བའི་གཏམ་མང་བའི།
།མི་དེ་ཀུན་ལ་ངོ་ཐང་ཆུང་།།༨༥།།
ཚིག་གནད་མཆན་འགྲེལ།
སྲང་མདོ། ཁྱིམ་ལེ་ཤ་གི་སྦུག་ལས་ཡོད་པའི་
ལམ་དེ་ཚུ་འཛོམས་ས། བརྒྱ་ལམ་གྱི་སྦུག་ཁ། ཉལ་ཉིལ།
ཉར་རེ་ཉེ་རི། བརྫི། རྐངམ་གྱིས་བརྫི་ནི། ངོ་ཐང་ཆུང་། ངོ་མེདཔ།
རྩིས་ཁུངས་མེདཔ།
བརྒྱ་ལམ་སྦུག་ཁ་ལུ་ ཉར་རེ་ཉི་རེ་མཚམས་ཅིག་སྦེ་ཡོད་མི་ཤིང་དེ་
མི་ག་ར་གི་རྐངམ་གྱིས་བརྫི་ས་ཨིན།
དཔྱེ་དེ་བཟུམ་སྦེ། དོན་དག་ག་ནི་ཡང་མེད་པའི་ འཆོལ་འཆོལཝ་བཟུམ་གྱི་
གཏམ་ལེ་ཤ་སླབ་པའི་མི་དེ་ ག་གི་གདོང་ཁ་འབད་རུང་
ངོ་སྲུང་དང་རྩིས་ཁུངས་ག་ནི་མེདཔ་འགྱོཝ་ཨིན།།
མི་ངན་གྱི་དྲིན་ལུ་རྫོགས་ནི་མེདཔ།
མི་ངན་བྱས་པ་ཆུང་ན་ཡང་། །དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས།།
བུད་ཤིང་རློན་པ་མེ་ཆུང་ཡང་།
།དུད་པ་ནག་པོས་ཚང་མང་འགེངས།།༨༦།།
ཚིག་གནད་མཆན་འགྲེལ།
བྱས་པ་ཆུང་། འབད་བྱིན་བྱིནམ་ཆུང་ཀུ་ཅིག་ལས་མེདཔ། ཡུས། དྲིན་བཀལ་ནི། རྣ་བ་འགེངས། རྣམ་ཅོ་ཁར་རྫོགས་ནི་མེདཔ་སླབ་ནི། བུད་ཤིང་། མེ་འཕུ་ནི་གི་ཤིང་། ཚང་མང་། ཐབ་ཚང་། འགེངས།
བཀང་ནི། གང་སྟེ་འགྱོ་ནི།
མི་རང་བཞིན་ངན་དྲག་དེ་ཚུ་
འབད་བྱིན་བྱིནམ་ཆུང་ཀུ་ཅིག་ལས་མེད་རུང་ དྲིན་སྦོམ་རང་བཀལ་ཏེ་
རྣམ་ཅོ་ཁར་རྫོགས་ནི་མེདཔ་ཅིག་སླབ་ཨིན། དཔྱེ་འབད་བ་ཅིན། ཤིང་རློནམ་དེ་ལུ་
མེ་ཆུང་ཀུ་ཅིག་ལས་འབར་ནི་མེད་རུང་ དུ་པ་གནག་ཏང་ཏ་དེ་གིས་
ཐབ་ཚང་གང་སྟེ་འགྱོ་དོ་བཟུམ་ཅིག་ཨིན།།
ལཱ་ངནམ་ཚར་གཅིག་གིས་ཨ་རྟག་རང་དོགས་པ་ཟཝ།
ཤིང་ལ་ལན་གཅིག་སྦྲུལ་གནས་དེ། །ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར།།
རྐུ་དང་རྫུན་ལ་གཅིག་ཞུགས་པའི།
།མི་དེར་རྟག་ཏུ་དོགས་པ་སྐྱེ།།༨༧།།
ཚིག་གནད་མཆན་འགྲེལ།
ལན་གཅིག ཚར་གཅིག སྦྲུལ། སྦུལ། ཕྱིས་ཀྱང་། ཤུལ་ལས། འཇིགས་པ། འདྲོག་ནི། རྐུ། ཨརཝ་རྐུ་ནི། རྫུན། ཤོབ་རྐྱབ་ནི། གཅིག་ཞུགས། ཚར་ཅིག་འབད་ནི།
ཤིང་ལུ་ཚར་གཅིག་སྦུལ་
གནས་ཏེ་སྡོད་མི་དེ་ལུ་ ཤུལ་ལས་འབད་རུང་ ཤིང་དེ་མཐོངམ་ད་
མི་དེ་ཚུ་འདྲོག་སྟེ་བྱོག་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ། ཨརཝ་རྐུ་ནི་དང་ཤོབ་རྐྱབ་ནི་གི་གྱལ་ཁར་ཚར་གཅིག་འཛུལ་སོངམ་བཟུམ་ཅིག་འབད་བ་ཅིན་
དེ་ལུ་མི་གཞན་གྱིས་དུས་ཨ་རྟག་རང་ དོགས་པ་སྐྱེ་སྟེ་འདྲོགཔ་ཨིན།།
སྐྱེས་བུ་དམ་པ་ལུ་དམའ་འབེབས་རྐྱབ་པ་ཅིན་
རང་ལུ་གནོད་ནི་གི་གཞི་ཨིནམ།
ཚེར་མ་རྣོ་ཡང་བྲག་རི་ལ། །བསྣུན་ན་རྩེ་མོ་འཇིལ་བར་བྱེད།།
སྐྱེས་བུ་དམ་པར་ཕྲག་དོག་གིས།
།སྨོད་པ་རང་གིས་དམའ་འབེབས་ཡིན།།༨༨།།
ཚིག་གནད་མཆན་འགྲེལ།
བྲག་རི། བྱག བསྣུན། སོཔ་ནི། འཇིལ། ཆག་སྟེ་འགྱོ་ནི། སྨོད་པ། སྨདཔ་རྐྱབ་ནི། དམའ་འབེབས། དམའ་འཕབ་ནི།
ཚེར་མ་རྩང་གི་སྤྱི་ཏོག་ག་དེམ་ཅིག་རྣོ་ཁི་ཁི་ཡོད་རུང་
བྱག་ལུ་སོབ་པ་ཅིན་ རྩེམ་ཆག་ནི་ཅིག་ལས་མེད། དཔྱེ་དེ་བཟུམ་སྦེ།
སྐྱེས་བུ་དམ་པ་དེ་ཚུ་ལུ་ ཕྲག་དོག་གི་ཐོག་ལས་ སྨདཔ་རྐྱབ་པ་ཅིན་
ཁོང་ལུ་ག་ནི་ཡང་འབད་མི་ཚུགས་པར་ ལོག་འདི་ རང་གིས་རང་
དམའ་འཕབ་འགྱོ་ནི་གི་གཞི་ཅིག་ལས་མེདཔ་ཨིན།།
ཉམ་ཆུང་དྲག་རུང་སྐྱོན་ལུ་འགྱུར་བའི་གཞི།
གནས་མིན་ལ་ཡང་དུལ་ཆེས་ན། །སྙིགས་མའི་དུས་འདིར་ཀུན་གྱིས་བརྙས།།
ཤིང་བལ་འཇམ་མོ་འཇམ་མོ་ཞེས། །ཀུན་གྱིས་སྟན་དུ་མི་བྱེད་དམ།།༨༩།།
ཚིག་གནད་མཆན་འགྲེལ།
གནས་མིན། འོས་ཤིང་མཚམས་པའི་ས་གོ་མེནམ། དུལ་ཆེས། ཉམ་ཆུང་དྲག་ནི། སྙིགས་མའི་དུས། ད་རེས་ནངས་པ་གི་དུས། བརྙས། བརྙས་བཅོས་འབད་ནི། སྟན། གདན།
འོས་ཤིང་མཚམས་པ་མ་ཡིན་པའི་ས་གོ་ན་ལུ་ཡང་ དུལ་རང་དུལ་ཏེ་
ཉམ་ཆུང་དྲག་པ་ཅིན་ ད་རེས་ནངས་པ་གི་དུས་ཚོད་ལུ་ ག་གིས་ཡང་བརྙས་བཅོས་འབདཝ་ཨིན།
དཔྱེ་འབད་བ་ཅིན། ཤིང་གི་བལ་དེ་ འཇམ་ཏོང་ཏོ་འདུག་ འཇམ་ཏོང་ཏོ་འདུག་ཟེར་
ག་གིས་ཡང་གདན་སྦེ་ མི་ཐིང་མས་ག? ཐིང་མས་མེན་ན། འ་ནི་བཟུམ་ཅིག་ཨིན།།
གཡག་གཡོག་ཆུང་ཀུ་རེ་འབད་དགོཔ།
ཤིང་སྐྱེས་དྲང་པོ་མཛེས་ན་ཡང་། །སྒ་ཤིང་འཁྱོག་པོ་ཅི་ལས་བཟང་།།
རང་བཞིན་དྲང་ན་བཟང་མོད་ཀྱང་། །རེས་འགའ་ལྡེམ་པོ་རྒྱལ་བས་གསུངས།།༩༠།།
ཚིག་གནད་མཆན་འགྲེལ།
ཤིང་སྐྱེས། ཤིང་། དྲང་པོ། ཕྲང་ཏང་ཏ། མཛེས། འཇའ་ཆི་ཆི། སྒ་ཤིང་། སྒ་བཟོ་ནི་གི་ཤིང་། འཁྱོག་པོ། གཡག་གཡོག ཅི་ལས་བཟང་། ག་ཅི་བ་དྲགཔ། རེས་འགའ། རེས་ཚེ་སྐབས། ལྡེམ་པོ། གཡོ་གཡོཝ། མ་ཕྲངམ། རྒྱལ་བ། སངས་རྒྱས།
ཤིང་དེ་ཚུ་ཕྲང་ཏང་ཏ་ཡོད་པ་ཅིན་ འཇའ་ཆི་ཆི་འོངམ་ཨིན་རུང་།
སྒ་བཟོ་ནི་གི་ཤིང་དེ་ གཡོ་གཡོཝ་ཅིག་ཡོད་པ་ཅིན་ ག་ནི་བ་ལེགས་ཤོམ་འགྱོཝ་ཨིན།
དཔྱེ་དེ་བཟུམ་སྦེ། རང་བཞིན་ཕྲང་ཏང་ཏ་དེ་ བཟང་ཤོས་ཅིག་ཨིན་རུང་ རེས་ཚེ་སྐབས་གཡག་གཡོག་རེ་འབད་དགོཔ་སྦེ་
སངས་རྒྱས་ཀྱིས་གསུངས་ཏེ་འདུག།
མཐུ་དང་ནུས་པ་མེད་པ་ཅིན་
དཔའ་རྟགས་བསྒྱུར་ནི་མེདཔ།
མདེའུ་མེད་པའི་མདའ་འཕེན་པ། །དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན།།
དགྲ་བོ་འཇོམས་པའི་མཐུ་མེད་ན།
།དོན་མེད་དཔའ་སྐད་ཅི་ལ་སྨྲ།།༩༡།།
ཚིག་གནད་མཆན་འགྲེལ།
མདའ། དཀྲོགསཔ་མདའ། འཕེན། རྐྱབ་ནི། སྤྱན་འདྲེན་ཕོ་ཉ། ཤོག་ཟེར་བོ་ནི་གི་བང་ཆེན། མཐུ། སྟོབས་ཤུགས། དཔའ་སྐད། དཔའ་རྟགས་བསྒྱུར་བའི་སྐད།
ངར་སྐད་རྐྱབ་ནི། ཅི་ལ་སྨྲ། ག་ཅི་སྦེ་རྐྱབ་ནི།
ནང་ན་མདེའུ་མེད་པའི་ དཀྲོགསཔ་མདའ་རྐྱབ་པ་ཅིན་
དགྲ་བོ་དེ་ཚུ་ཤོག་ཟེར་བོ་ནི་གི་བང་ཆེན་བཟུམ་ཅིག་ཨིན། དཔྱེ་དེ་བཟུམ་སྦེ།
དགྲ་བོ་བཅོམ་ནི་གི་ སྟོབས་ཤུགས་རང་ལུ་མེདཔ་བཟུམ་ཅིག་འབད་བ་ཅིན་
དོན་དག་ག་ནི་ཡང་མེད་པའི་ ངར་སྐད་ག་ཅི་སྦེ་རྐྱབ་ནི་? རྐྱབ་སྟེ་དོན་དག་མེད།།
གཉེན་ཉེཝ་ལུ་ཡང་བྱམས་ཆེ་དྲག་ནི་མེདཔ།
གཉེན་ལ་ཧ་ཅང་བྱམས་པ་ཡང་། །འཁོན་གྱི་རྒྱུ་རུ་འགྲོ་བ་མང་།།
བུར་ཤིང་མངར་མོ་སྤྱོད་ཆེས་ན།
།མ་ཞུས་སྒྲེགས་པ་སྐྱུར་མོ་བྱུང་།།༩༢།།
ཚིག་གནད་མཆན་འགྲེལ།
ཧ་ཅང་། གནམ་མེད་ས་མེད། འཁོན། འཁོན་འཛིན། སྤྱོད་ཆེས་ན། ཟ་ནི་མང་དྲག་པ་ཅིན། མ་ཞུས།
ཞུར་མ་ཚུགསཔ། སྒྲེགས་པ། བགྲང་སྐད་ལོག་ནི།
གཉེན་ཉེཝ་དེ་ཚུ་དང་ཅིག་ཁར་
གནམ་མེད་ས་མེད་བྱམས་སྐྱོང་ཡང་འབད་ནི་མི་འོང་། ག་དེམ་ཅིག་སྦེ་ བྱམས་དྲག་པ་ཅིན་
འཁོན་འཛིན་གྱི་རྒྱུ་ལུ་འགྱོ་མི་ལེ་ཤ་ཡོད། དཔྱེ་འབད་བ་ཅིན། གུན་ཆ་གི་ཤིང་དེ་
མངརམ་ཨིན་རུང་ ཟ་ནི་མང་དྲག་པ་ཅིན་ ཞུ་མ་ཚུགས་པར་ བགྲང་སྐད་སྐྱུར་དྲི་ཧག་ཧ་སྦེ་འཐོན་དོ་བཟུམ་ཅིག་ཨིན།།
ཕུང་གི་རྩ་བ་གཉེན་ཉེཝ་ཨིནམ།
ཤིང་དགྲ་སྟ་རེ་ཡིན་མོད་ཀྱང་། །དེ་ཡི་ཡུ་བ་ཤིང་གིས་བྱེད།།
དགྲ་ཡིས་བརྩམས་པའི་ཕུང་ཀྲོལ་ཡང་།
།ཕལ་ཆེར་རྩ་བ་གཉེན་གྱིས་བྱེད།།༩༣།།
ཚིག་གནད་མཆན་འགྲེལ།
ཡིན་མོད། ཨིན་ས་བཅས་རུང་། ཡུ་བ། གཡུ་པ། ཕུང་ཀྲོལ། ཕུང་། ཕལ་ཆེར། མང་ཤོས།
ཤིང་གི་དགྲ་བོ་དེ་སྟ་རེ་ཨིན་ས་བཅས་རུང་
སྟ་རེ་དེ་གི་གཡུ་པ་དེ་ ཤིང་གིས་བཟོ་བཟོཝ་ཨིན། དཔྱེ་དེ་བཟུམ་སྦེ། དགྲ་དེ་ཚུ་གིས་
སློང་མི་ཕུང་དེ་ཡང་ མང་ཤོས་ཅིག་རང་ རྩ་བ་ངོ་མ་འདི་
རང་གི་གཉེན་ཉེཝ་དེ་ཚུ་གིས་བཟོ་བཟོཝ་ཨིན།།
དགྲ་ལུ་སྡང་ཟུག་གཔ་ཕྱད་བསྐྱེད་པ་ཅིན་
རང་གི་སྲོག་གཅད་པའི་དགྲ་ལུ་འགྱུར་ནི།
སྡོང་པོ་གཅོད་པའི་ཐབས་ཉེས་ན། །རང་གི་སྟེང་དུ་ལྷུང་བར་འགྱུར།།
དགྲ་ལ་ཧ་ཅང་སྡང་བ་ཡང་།
།རང་གི་གཤེད་དུ་འགྲོ་བ་མང་།།༩༤།།
ཚིག་གནད་མཆན་འགྲེལ།
ཐབས་ཉེས། ཐབས་ཤེས་ལེགས་ཤོམ་མེདཔ། ལྷུང་། འགྱེལ་ནི། གཤེད། དགྲ་བོ།
ཤིང་གི་སྡོང་པོ་ བཅད་ནི་གི་
ཐབས་ཤེས་ལེགས་ཤོམ་མེདཔ་བཟུམ་ཅིག་འབད་བ་ཅིན།
ཤིང་དེ་རང་གི་མགུ་ཏོག་ཁར་འགྱེལ་ཏེ་འོངམ་ཨིན། དཔྱེ་དེ་བཟུམ་སྦེ།
དགྲ་བོ་བཏུལ་ཐངས་མ་ཤེས་པར་ དེ་ལུ་སྡང་ཟུག་གཔ་ཕྱད་རང་བསྐྱེདཔ་བཟུམ་ཅིག་འབད་བ་ཅིན་ རང་གི་སྲོག་གཅད་པའི་དགྲ་སྦེ་འགྱོ་མི་ཡང་ལེ་ཤ་ཡོད།།
དགྲ་ཐབས་ཀྱིས་བཏུལ་དགོཔ།
ཤིང་སྐམ་འགུགས་པར་མི་ནུས་དེ། །རླན་གྱིས་བསྒོས་ན་ལས་སུ་རུང་།།
དགྲ་བོ་མི་བསྲུན་སེམས་ལྡན་ཡང་། །ཐབས་ལ་མཁས་ན་འདུལ་བར་ནུས།།༩༥།།
ཚིག་གནད་མཆན་འགྲེལ།
འགུགས་པ། བཀུག་ནི། བསྒོས། བང་བཏབ་ནི། བྱུགས་ནི། ལས་སུ་རུང་། ལཱ་འབད་བཏུབ། མི་བསྲུན། མ་རུངས་པ། འདུལ། བཏུལ་ནི།
ཤིང་སྐམ་བཀུག་རང་མ་ཚུགས་མི་དེ་ རློནམ་གྱིས་བང་བཏབ་པ་ཅིན་
ལཱ་འབད་བཏུབ་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ།
དགྲ་བོ་མ་རུངས་པའི་སེམས་དང་ལྡན་མི་དེ་ཡང་ ཐབས་ཤེས་མཁས་པའི་ཐོག་ལས་འབད་བ་ཅིན་
བཏུལ་ཚུགསཔ་ཨིན།།
ལ་ལོ་གཅིག་ལུ་
འཇམ་པའི་ཐོག་ལས་འབད་བ་ལས་ རྩུབ་པའི་ཐོག་ལས་འབདཝ་དྲགཔ།
ཉི་ཟླས་མི་ཕྱེད་མྱ་ངན་མེད། །ན་ཆུང་རྐང་གདུབ་རེག་པས་བྱེ།།
ལེགས་པར་བཤད་ཀྱང་མི་གོ་བའི།
།མ་རབས་ལ་ལ་སྨད་པས་ཐུལ།།༩༦།།
ཚིག་གནད་མཆན་འགྲེལ།
མི་ཕྱེད། ཁ་ཕྱེ་མ་ཚུགས་མི། མྱ་ངན་མེད། མེ་ཏོག་གཅིག་གི་མིང་། རྐང་གདུབ། རྒྱ་གར་བུམོའི་རྐངམ་ལུ་བཏགས་པའི་དྲིལ་བུ་གཡེར་ཁ།
བྱེ། ཁ་ཕྱེ་ནི། ལ་ལ། ལ་ལོ་ཅིག་ ཐུལ། དུལ་ཏེ་འགྱོ་ནི།
ཉི་མ་དང་ཟླ་བའི་ཟེར་གྱིས་ཡང་ ཁ་ཕྱེ་མ་ཚུགས་པའི་ མྱ་ངན་མེད་པའི་མེ་ཏོག་དེ།
བུམོ་ན་ཆུང་གཞོནམ་གྱི་རྐང་པའི་གདུབ་ཅུ་དེ་
རེགཔ་ཙམ་ཅིག་གིས་ཡང་ཁ་ཕྱེ་སྟེ་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ། ལེགས་ཤོམ་སྦེ་བཤད་པ་རྐྱབ་སྟེ་བྱིན་རུང་མི་གོ་བའི་
མ་རབས་ལ་ལོ་གཅིག་ལུ་ སྨདཔ་རྐྱབ་སྟེ་འབད་བ་ཅིན་ དུལ་ཚུགསཔ་ཨིན།།
མིའི་ཁྱད་པར་མ་འདྲཝ།
ནགས་ན་གནས་རྣམས་ཁང་བཟང་དང་། །དེར་གནས་སྐྱེད་མོས་ཚལ་ལ་དགའ།།
འཚོ་བས་དབུལ་བ་རབ་བྱུང་དང་། །རྒྱགས་པས་མྱོས་པས་ཁྱིམ་ལ་ཕྱོགས།།༩༧།།
ཚིག་གནད་མཆན་འགྲེལ།
ཁང་བཟང་། ཁྱིམ་སྦོམ་ལེགས་ཤོམ།
དེར་གནས། ཁྱིམ་ལེགས་ཤོམ་ནང་སྡོད་མི། སྐྱེད་མོས་ཚལ། ལྡུམ་ར།
འཚོ་བ། འཚོ་བའི་མཐུན་རྐྱེན། ཟ་ནི་འཐུང་ནི་གྱོན་ནི་ལ་སོགས་པ། རབ་བྱུང་། རང་ཁྱིམ་སྤངས་ཏེ་ཆོས་བསྒྲུབ་པ་མི། རྒྱགས་པ། ང་རྒྱལ། མྱོས་པ། གཟིར་ནི། ཕྱོགས། དེའི་ཕྱོགས་ལུ་འགྱོ་ནི།
ནགས་ཚལ་ནང་སྡོད་མི་ཚུ་ ཁྱིམ་ལེགས་ཤོམ་ནང་སྡོད་དགོ་མནོ་ནི་དང་།
ཁྱིམ་ལེགས་ཤོམ་དེ་ནང་སྡོད་མི་དེ་ཚུ་ དེ་ལས་ལྡོག་སྟེ་
ཤིང་ནགས་ཀྱི་ལྡུམ་ར་ནང་སྡོད་དགོ་མནོཝ་ཨིན། དཔྱེ་དེ་བཟུམ་སྦེ།
འཚོ་བ་མཐུན་རྐྱེན་གྱིས་མ་ལངས་མི་དེ་ཚུ་ ཁྱིམ་སྤངས་ཏེ་དབེན་པའི་རི་ཁྲོད་ལུ་ ཆོས་བསྒྲུབ་པར་འགྱོ་དགོ་མནོ་ནི་དང་།
རྒྱུ་ནོར་ལོངས་སྤྱོད་ཀྱི་ང་རྒྱལ་གྱིས་གཟིར་ཏེ་སྡོད་མི་ཚུ་ ཁྱིམ་གྱི་ཕྱོགས་ལུ་འགྱོ་དགོ་མནོཝ་ཨིན།།
སྡུགན་མཆན་གྱི་བུ་ཡང་སྤངས།
ནགས་དེར་སྐྱེས་པའི་སྤྲེ་འུ་ཡང་། །འབྲས་བུ་ཟད་ན་གཞན་དུ་འགྲོ།།
རྒུད་ཚེ་སྙིང་དུ་སྡུག་པ་ཡི།
།བུ་ཡང་གཞན་གྱི་ཕྱོགས་སུ་བྲོས།།༩༨།།
ཚིག་གནད་མཆན་འགྲེལ།
ཟད། རྫོགས་འགྱོ་ནི། རྒུད། ཉམ་ཆགས་བྱུང་ནི། སྡུག་པ། ཧིང་ཚ་བ།
གཅེས་གཅེས་ཕངས་ཕངས། བྲོས། བྱོ་འགྱོ་ནི།
ནགས་ཚལ་ནང་སྐྱེས་མི་ སྤྱ་དེ་ཚུ་ཡང་
འབྲས་བུ་ཤིང་འབྲས་རྫོགས་སོང་པ་ཅིན་ ས་གནས་གཞན་ཁར་འགྱོཝ་ཨིན། དཔྱེ་དེ་བཟུམ་སྦེ།
ཕམ་ལུ་ཉམ་ཆགས་བྱུང་པའི་སྐབས་ལུ་ ཧིང་ཚ་བའི་བུཚ་གིས་ ཕམ་སྤངས་ཏེ་ གཞན་ཁར་བྱོ་སྟེ་འགྱོཝ་ཨིན།།
སྐྱིདན་ནམ་མཁའི་བྱ་ཡང་འཁོར།
ནགས་ཚལ་ཕུན་སུམ་ཚོགས་པ་དེར། །དོན་མེད་ནམ་མཁའི་བྱ་ཡང་འཁོར།།
གང་ན་བདེ་སྐྱིད་འཛོམས་པ་དེར།
།མ་བསྡུས་པར་ཡང་སྐྱེ་བོ་འདུ།།༩༩།།
ཚིག་གནད་མཆན་འགྲེལ།
མ་བསྡུས། བརྡ་བཏང་སྟེ་མ་བཀུག་རུང་། འདུ། རང་བཞིན་གྱིས་འཛོམས་ནི།
ནགས་ཚལ་ཕུན་སུམ་ཚོགས་མི་དེ་ནང་ལུ་ དོན་དག་མེད་རུང་
ནམ་མཁའི་བྱ་ཡང་རང་བཞིན་གྱིས་འཁོརཝ་ཨིན། དཔྱེ་དེ་བཟུམ་སྦེ། ག་ཏེ་འབད་རུང་འདྲ་
བདེ་སྐྱིད་འཛོམས་པའི་ས་ཆ་དེ་ནང་ ལཱ་ཁག་སྦེ་ བརྡ་བཏང་སྟེ་མ་བཀུག་རུང་ མི་དེ་ཚུ་ག་ར་དེ་ནང་རང་བཞིན་གྱིས་འཛོམས་ཨིན།།
ཆོས་ལུ་བརྩོན་འགྲུས་བསྐྱེད་པ་ཅིན་ དཔལ་འབྱོར་ཡང་ཞོ་ཁར་འགྲུབ་ཚུགས་ནི།
ཤིང་གིས་འབྲས་བུ་ལེགས་བསྐྱངས་ན། །ལོ་འདབ་ལ་སོགས་ཞར་ལ་འབྱུང་།།
དམ་པའི་ཆོས་ལ་བརྩོན་བྱས་ན། །སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ།།༡༠༠།།
ཚིག་གནད་མཆན་འགྲེལ།
ལེགས་བསྐྱངས། ལེགས་ཤོམ་བྱིན་ནི། ཞར་ལ། ཞོ་ཁར།
ཤིང་དེ་གིས་ འབྲས་བུ་དེ་རང་ལེགས་ཤོམ་སྦེ་བྱིན་པ་ཅིན་
ལོ་འདབ་དང་ཞལ་ལག་དེ་ཚུ་ ཞོར་ཁར་འབྱུངམ་ཨིན། དཔྱེ་དེ་བཟུམ་སྦེ།
དམ་པའི་ཆོས་ལུ་བརྩོན་འགྲུས་བསྐྱེད་དེ་འབད་བ་ཅིན་
ཆབ་སྲིད་དང་འབྲེལ་བའི་དཔལ་འབྱོར་དེ་ཚུ་འདི་ དམ་པའི་ཆོས་དེ་གིས་རང་
འགྲུབ་སྟེ་འགྱོཝ་ཨིན།།
ལེགས་བཤད་དེའི་ཁྱད་ཆོས།
དེ་ལྟར་ལུགས་གཉིས་བླང་དོར་ཀུན། །ཤིང་གི་ཁྱད་པར་ཁོ་ན་ཡིས།།
མཚོན་བྱེད་གཏམ་གྱི་སྦྱོར་བ་འདི།
།སྔོན་མེད་མཁས་པའི་དགའ་སྟོན་ཡིན།།༡༠༡།།
ཚིག་གནད་མཆན་འགྲེལ།
དེ་ལྟར། གོང་ལུ་བཤད་མི། ལུགས་གཉིས། བླ་མའི་ཆོས་དང་རྒྱལ་པོའི་ཆབ་སྲིད། བླང་དོར། ཚུར་ཉམས་སུ་བླངས་ནི་དང་ཕར་སྤངས་ནི། ཁོ་ན། རྐྱངམ་ཅིག མཚོན་བྱེད། དོན་སྟོན་ནི་གི་དཔེ། གཏམ་གྱི་སྦྱོར་བ། གཏམ་བཤད་ཀྱི་ཚིག་སྦྱོར། སྔོན་མེད། ཧེ་མ་མེདཔ།
གོང་ལུ་བཤད་མི་ ཆོས་དང་ཆབ་སྲིད་ཀྱི་ བླང་བྱ་དང་དོར་བྱ་ག་ར་
ཤིང་གྱི་ཁྱད་པར་མ་འདྲཝ་རྐྱངམ་ཅིག་ལུ་ དཔེ་སྦྱར་ཏེ་བཤད་མི་ གཏམ་གྱི་ཚིག་སྦྱོར་འདི་
ཧེ་མ་མེད་པའི་ལེགས་བཤད་གསརཔ་ཅིག་ཨིནམ་ལས་བརྟེན་ཏེ་ མཁས་པ་དེ་ཚུ་ལུ་
དགའ་བའི་དགའ་སྟོན་ སྟོན་དོ་བཟུམ་ཅིག་ཨིན།།
ལེགས་བཤད་དེ་བཟུམ་འོང་དགོ་པའི་རྒྱུ་མཚན།
གང་མགྲིན་འོ་མའི་རྒྱ་མཚོ་རུ། །དབྱངས་ལྡན་ངང་མོ་རྣམ་རོལ་བ།།
དེ་ཡི་ཁ་ལས་ལེགས་བཤད་ཀྱི།
།རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ།།༡༠༢།།
ཚིག་གནད་མཆན་འགྲེལ།
གང་མགྲིན། བསྟན་བཅོས་རྩོམ་པ་པོའི་མགྲིན་པའམ་ལྐོདམ།
དབྱངས་ལྡན།
ཧེན་པའི་དབྱངས་དང་ལྡན་པའི་དབྱངས་ཅན་ལྷ་མོ། རྣམ་རོལ། རྩེདམ་རྩེད་ནི།
རྦ་རླབས་འཁྲི་ཤིང་། ཆུའི་རྦ་རླབས་ཀྱི་རིམ་པ། ཅི་ཡང་གཡོ། ག་ཅི་བཟུམ་ཡང་འཐོན་ནི།
བསྟན་བཅོས་རྩོམ་པ་པོ་ གུང་ཐང་བསྟན་པའི་སྒྲོན་མེ་ཁོ་གི་
ག་ནི་བ་ཡངས་ཤིང་རྒྱ་ཆེ་བའི་མགྲིན་པ་ འོ་མའི་རྒྱ་མཚོ་བཟུམ་དེ་ནང་ ལྷ་མོ་དབྱངས་ཅན་མ་
བྱ་ངངམ་བཟུམ་སྦེ་ རྩེདམ་རྩེད་དེ་བཞུགས་ནི་དེ་གིས་ ལྷ་མོ་དེ་གི་ཞལ་ལས་
བླང་དོར་གྱི་ལེགས་བཤད་དེ་ཚུ་ ཆུའི་རྦ་རླབས་ཀྱི་རིམ་པ་བཟུམ་སྦེ་
ག་ཅི་བཟུམ་ཡང་འཐོནམ་ཨིན་མས།།
སྙིང་དོན། ལྷ་མོ་དབྱངས་ཅན་གྲུབ་སོང་ནི་དེ་གིས་
ལེགས་བཤད་ག་ཅི་བཟུམ་ཡང་འཐོནམ་ཨིན་མས།
ལེགས་བཤད་དེ་གི་བཤད་ཐངས།
གྲགས་སྙན་ནོར་བུའི་ཞགས་པ་ཡིས། །རྒྱ་བོད་འཛིན་མའི་མཐའ་བཅིངས་པ།།
དཔལ་ལྡན་ས་སྐྱ་པཎྜི་ཏའི། །ལེགས་བཤད་ལམ་ལ་བརྟེན་པ་ཡིན།།༡༠༣།།
ཚིག་གནད་མཆན་འགྲེལ།
གྲགས་སྙན། གཏམ་སྙན་གྲགས། ཞགས་པ། ཐགཔ། འཛིན་མ། ས་གཞི། མཐའ་བཅིངས། ཐ་མ་ཚུན་ཚོད་ཁྱབ་ནི། ལམ་ལ་བརྟེན་པ། དེ་བཟུམ་སྦེ་བཤད་བཤདཔ།
མཁས་པའི་གཏམ་དང་སྙན་གྲགས་ཀྱིས་
རྒྱ་དང་བོད་ཀྱི་ས་ཆ་ག་ཏེ་ལུ་ཡང་ ཁྱབ་སྟེ་ཡོད་པའི་
དཔལ་ལྡན་ས་སྐྱ་པཎ་ཌི་ཏ་གིས་བརྩམས་པའི་ ས་སྐྱ་ལེགས་བཤད་དེ་གི་ལམ་སྲོལ་ལུ་བལྟ་ཞིནམ་ལས་
དེ་དང་བཟོ་ལྟ་འདྲ་བའི་ལེགས་བཤད་གཅིག་ ང་གིས་ཡང་བཤད་བཤདཔ་ཨིན།།
དཔེ་དོན་མ་མཐུན་པའི་བསྟན་བཅོས་ལུ་བལྟ་འདི་དོན་དག་མེདཔ།
དོན་གྱི་སྒོ་ལྕགས་མཁྱིད་གང་པ། །དཔེ་ཡི་ལྡེ་མིག་ཁྲུ་གང་པ།།
དེ་ལྟའི་གཞུང་ཡང་སྣང་མོད་ཀྱི།
།མཁས་བླུན་སུ་ཡི་དབང་དུ་བྱ།།༡༠༤།།
ཚིག་གནད་མཆན་འགྲེལ།
སྒོ་ལྕགས། ལྡེ་མིག མཁྱིད་གང་། ལག་པའི་མཛུམ་མོ་ལྔའི་ཚད།
སོར་ལྔ། ཁྲུ་གང་། ཁྱུ་གང་།
ལག་པའི་ཀི་ལི་ལས་མཛུབ་མོ་གི་རྩེམོ་ཚུད་ཚོད་ཀྱི་ཚད། ལྡེ་མིག ལྡེ་མིག་བུ། དེ་ལྟའི།
དེ་བཟུམ་གྱི། གཞུང་། དཔེ་ཆ། སྣང་མོད། མཐོང་ནི་འདུག དབང་དུ་བྱ། ག་གི་དབང་དུ་བཏང་སྟེ།
དོན་ངོ་མ་ལྡེ་མིག་བཟུམ་དེ་ མཁྱིད་གང་ལས་མེད་པར་ དེ་སྟོན་ནི་གི་དཔེ་
ལྡེ་མིག་བུ་བཟུམ་དེ་ ཁྱུ་གང་འབད་མི་གི་ དོན་ཆུང་ཀུ་ཅིག་ལུ་དཔེ་ལེ་ཤ་འབད་མི་
དཔེ་ཆ་ཡང་མཐོང་ནི་འདུག་ ཨིན་རུང་དེ་ཚུ་ མཁས་པ་དང་བླུན་པོ་ག་གི་དབང་དུ་བཏང་སྟེ་
གསུངས་གསུངསམ་ཨིན་ན་མ་ཤེས། ག་ལུ་ཡང་ཕན་ཐོགས་ཡོདཔ་བཟུམ་ཅིག་མི་མཐོང་མས།།
དཔེ་ལས་དོན་གཙོ་ཆེཝ་བཟུང་དགོཔ།
ལུགས་གཉིས་བླང་དོར་ཤེས་འདོད་རྣམས། །དཔེ་ཡི་སོར་མོ་ཙམ་མིན་པར།།
དོན་གྱི་ཟླ་ཤེལ་སོགས་ལྟོས་དང་། །ངོ་མཚར་རི་དྭགས་མཚན་མ་ཡོད།།༡༠༥།།
ཚིག་གནད་མཆན་འགྲེལ།
དཔེ་ཡི་སོར་མོ། ཟླ་བ་ལུ་མཛུབ་མོ་དཔག་སྟེ་སྟོནམ་ད་གི་མཛུབ་མོའི་རྩེ། ཟླ་ཤེལ། ཟླ་བ། ངོ་མཚར། ཡ་མཚན་ཆེ་ནི། རི་དྭགས་མཚན་མ། རི་བོང་ཅོག་རང་འཐད་པའི་གཟུགས་བརྙན།
ཆོས་སྲིད་ལུགས་གཉིས་ཀྱི་བླང་དོར་ཤེས་དགོ་མནོ་མི་དེ་ཚུ་
ཟླ་བ་ལུ་མཛུབ་མོ་དཔག་སྟེ་སྟོན་ད་གི་ མཛུབ་མོའི་རྩེ་ལུ་བལྟ་འདི་མ་སྡོད་པར་
དོན་ངོ་མ་གི་ ཟླ་བ་དེ་ལུ་ལྟ་ཤིག་ དེ་ལུ་ལྟ་བ་ཅིན་ ཡ་མཚན་ཆེ་བའི་
རི་བོང་གི་གཟུགས་བརྙན་ཡང་མཐོང་ནི་ཡོད།།
ལེགས་བཤད་དེའི་དགེ་རྩ་གཞན་དོན་དུ་བསྔོ་བ།
འདིར་འབད་ལེགས་བྱས་ནྱ་གྲོ་དྷའི། །ས་བོན་སྨིན་པའི་དགེ་མཚན་གྱི།།
ཡལ་ག་ཕྱོགས་བཅུར་རྒྱས་པ་ཡིས།
།འགྲོ་བ་ཀུན་གྱི་དོན་བྱེད་ཤོག།༡༠༦།།
ཚིག་གནད་མཆན་འགྲེལ།
འདིར་འབད། བསྟན་བཅོས་འདི་རྩོམ་ད་ལུ་འབད་བརྩོན་དང་སྙིང་རུས་བསྐྱེད་བསྐྱེདཔ། ལེགས་བྱས། དཀར་པོའི་དགེ་བའི་ལཱ། ནྱ་གྲོ་དྷ། ཡལ་ག་ལོ་འདབ་སྦོམ་སྦེ་ཡོད་པའི་རྒྱ་ཐང་ནང་གི་ཤིང་གཅིག ས་བོན། སོན། སྨིན། གོང་འཕེལ་འགྱོ་ནི། ཚོགས་ནི།
དུས་ལུ་བབས་ད་སྐྱེས་ཏེ་འོངས་པའི་མྱུ་གུ། དགེ་མཚན།
དེ་ལས་བྱུང་བའི་དགེ་བ། ཕྱོགས་བཅུ།
ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང་བཅས་པའི་ཕྱོགས་ལུ་ རྒྱ་སྦོམ་སྦེ་རྒྱས་ནི།
བསྟན་བཅོས་འདི་རྩོམ་ད་ལུ་
སྙིང་རུས་བསྐྱེད་དེ་འབད་བའི་དཀར་པོ་དགེ་བའི་ལཱ་ ཤིང་ནྱ་གྲོ་དྷའི་སོན་བཟུམ་དེ་ གོང་འཕེལ་འགྱོཝ་ལས་བརྟེན་ཏེ་བྱུང་པའི་དགེ་བ་
ཤིང་དེ་གི་ཡལ་ག་ཕྱོགས་བཅུ་ལུ་རྒྱས་དོ་བཟུམ་སྦེ་ཡོད་མི་ ལེགས་བཤད་འདི་གིས་
འགྲོ་བ་སེམས་ཅན་ག་ར་གི་ དོན་མཛད་པར་ཤོག་ཅིག། །།
ལེགས་བཤད་ཀྱི་མཛད་བྱང་།
།།༡༠༧།།
ཆོས་དང་འཇིག་རྟེན་གྱི་སྐོར་ལས་ སྤང་བླང་ག་ར་
དཔྱེ་ཤིང་དང་ཆུའི་ཐོག་ལུ་སྦྱར་ཏེ་ ལེགས་ཤོམ་འབད་བཤད་བཤད་པའི་བསྟན་བཅོས་འདི་ ཕྱི་རབས་ཀྱི་བསྟན་པའི་རྩ་བ་
རང་བྱུང་དགེ་སློང་གི་གཟུགས་ནང་མཁས་པ་དང་
གྲུབ་པའི་དབང་པོ་དཀོན་མཆོག་བསྟན་པའི་སྒྲོན་མེ་གིས། ཚྭ་རྒན་སྨན་ཆུ་ལུ་བྱོན་པའི་ལམ་ཁར་
དཔེ་མཐོང་སྣང་མ་འདྲཝ་ རྣམ་པ་སྣ་ཚོགས་ཀྱིས་རྒྱུད་བསྐུལ་ཏེ་ ཐུགས་ལུ་ག་ཅི་དྲནམ་ག་ར་ ཟིན་བྲིས་བཏབ་སྟེ་སྤང་བླང་གི་གནས་ལུ་རྨོངས་པའི་
སེམས་ཅན་ཚུའི་དོན་དུ་ བྲིས་གནང་གནངམ་ཨིན་ནོ།། སརྦ་མངྒ་ལམ། །
No comments:
Post a Comment