Tuesday, August 12, 2014

དབུ་མའི་དྲི་བ་དྲི་ལན།

༼དྲི་བ།༽  གང་ཟག་གི་བདག་བཀག་ནས་བདག་མེད་སྒྲུབ་དགོས་པའི་རྒྱུ་མཚན་བྲིས།

༼ལན༽   དེའི་ལན་ལ་གཉིས་ལས་དང་པོ་གང་ཟག་གི་བདག་བཀག་དགོས་པའི་རྒྱུ་མཚན་ནི། བདག་ཡོད་པའི་བསམ་ཚུལ་དེ་ལ་བརྟེན་ནས་བདག་འཛིན་འབྱུང་ཞིང༌། དེ་ལ་བརྟེན་ནས་ཉོན་མོངས་པ་དང༌། སྡུག་བསྔལ་ལ་སོགས་པའི་འཁོར་བའི་སྐྱོན་སྣ་ཚོགས་པ་འདི་དག་བྱུང་བ་ཡིན། དེས་ན་ཉོན་མོངས་དང་སྐྱོན་དེ་དག་གི་འབྱུང་སྒོ་གཙོ་བོ་ནི་བདག་དེ་ཡིན་པར་མཐོང་ནས་ཕྱིན་ཆད་འདི་འདྲ་མི་འབྱུང་བའི་ཆེད་དུ་བདག་དེ་བཀག་དགོས་པ་ཡིན།
  གཉིས་པ་བདག་མེད་སྒྲུབ་དགོས་པའི་རྒྱུ་མཚན་ནི། བདག་མེད་རྟོགས་ན་བདག་འཛིན་མི་འབྱུང་ཞིང༌། བདག་འཛིན་མེད་ན་ལས་དང་ཉོན་མོངས་གསར་པ་མི་བསགས། རྙིང་པ་ཟད་པའི་སྒོ་ནས་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་པར་འགྱུར་བའི་དགོས་པ་ཡོད་པའི་དབང་གིས་བདག་མེད་སྒྲུབ་པ་ཡིན།  མདོར་དོན་ཡང་སྙིང་འཁོར་བ་སྤང་ནས་ཐར་པ་འཐོབ་པའི་ཆེད་དུ་བདག་དེ་བཀག་ནས་བདག་མེད་སྒྲུབ་པ་ནོ།།

༼དྲི་བ༽    གང་ཟག་གི་མཚན་གཞི་ངོས་འཛིན་བྱེད་ཚུལ་ཕྱི་ནང་སོ་སོའི་ལུགས་བྲིས།
༼ལན༽       ཕྱི་རོལ་གྲངས་ཅན་པས། ཟ་པོ་རྟག་དངོས་བྱེད་པོ་མིན་པ་ལ་སོགས་པའི་ཁྱད་ཆོས་ལྔ་དང་ལྡན་པ་ཞིག་བདག་གི་མཚན་གཞིར་འདོད་པ་ཡིན། དེ་བཞིན་དུ་ཕྱི་རོལ་བྱེ་བྲག་པས། བདེ་སྡུག་ཆགས་སྡང༌། ཆོས་དང་ཆོས་མིན། འབད་བརྩོན་དང༌། བྱ་བའི་ཤུགས་བཅས་ཀྱི་ཁྱད་ཆོས་དགུ་དང་ལྡན་པའི་དངོས་པོ་ཞིག་བདག་གི་མཚན་གཞིར་འདོད། རིག་བྱེད་མཐའ་པས། སྣོད་ཀྱི་ཁྱད་པར་སོགས་མེད་པར་སྤྱི་ལ་ཁྱབ་པའི་བདག་ཞིག་དེའི་མཚན་གཞིར་འདོད་དོ།།
  ནང་པའི་ནང་ནས་མང་བཀུར་སྡེ་པ་ཁ་ཅིག་གིས་ཕུང་པོ་ལྔ་ཆར་བདག་གི་མཚན་གཞིར་འདོད་པ་དང༌། ཁ་ཅིག་གིས་སེམས་གཅིག་པུ་གང་ཟག་གི་མཚན་གཞིར་འདོད། དེ་བཞིན་དུ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས། སེམས་ཙམ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཀུན་གཞི། ཐལ་འགྱུར་བས་བརྟེན་ནས་བཏགས་པའི་བཏགས་ཡོད་ཙམ་ཞིག་དེའི་མཚན་གཞིར་འདོད་པ་ཡིན་ནོ།།

༼དྲི་བ།༽  ཕུང་པོ་བདག་ཏུ་འདོད་ན། བཅོམ་ལྡན་འདས་ཀྱིས་ལྟ་བ་བཅུ་བཞི་པོ་ལུང་དུ་མ་བསྟན་པར་བཞག་པའི་ལུང་དེ་དང་འགལ་བར་འགྲོ་ཚུལ་དང༌། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ངོས་འཛིན་གྱིས།
༼ལན།༽   ཕུང་པོ་བདག་ཏུ་འདོད་ན་ལུང་དང་འགལ་བར་འགྲོ་ཚུལ་ནི། གལ་སྲིད་ཕུང་པོ་བདག་ཡིན་པའི་དབང་དུ་བཏང་ན། སྔོན་མ་ཕྱི་རོལ་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ། ཕུང་པོ་བདག་ཡིན་ནམ། ཞེས་དྲི་བ་དྲི་བའི་ཚེ། བཅོམ་ལྡན་འདས་ཀྱིས། ཡིན་ནོ། ཞེས་གསུངས་དགོས་པ་ཡིན་ནའང་དེ་ལྟར་གསུངས་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཕུང་པོ་བདག་ཏུ་འདོད་པ་དེ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་བ་ཡིན་ནོ།།

ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ནི།
༡༽ བདག་དང་འཇིག་རྟེན་ལ་མཐའ་ཡོད་པ། ༢༽ མཐའ་མེད་པ། ༣༽ མཐའ་ཡོད་མེད་གཉིས་ཀ ༤༽ མཐའ་ཡོད་མེད་གཉིས་ཀ་མ་ཡིན་པ།
༥༽ བདག་དང་འཇིག་རྟེན་རྟག་པ།         ༦༽ མི་རྟག་པ།   ༧༽ རྟག་མི་རྟག་གཉིས་ཀ   ༨༽ རྟག་མི་རྟག་གཉིས་ཀ་མ་ཡིན་པ།
༩༽ དེ་བཞིན་བཤེགས་པ་གྲོང་ཟིན་ནས་ཡོད་པ། ༡༠༽ མེད་པ།   ༡༡༽ ཡོད་མེད་གཉིས་ཀ     ༡༢༽ གང་ཡང་མ་ཡིན་པ།
༡༣༽ ལུས་དང་སྲོག་གཉིས་ ༼ཕུང་པོ་་དང་བདག་གཉིས༽ གཅིག་ཡིན་པ།     ༡༤༽ དེ་གཉིས་ཐ་དད་ཡིན་པ།

༼དྲི་བ།༽     མདོ་ལས་ཕུང་པོ་བདག་ཏུ་གསུངས་པའི་དགོངས་པ་གཞན་དུ་དྲངས་ཚུལ་བྲིས།

༼ལན།༽      བཅོམ་ལྡན་འདས་ཀྱིས། ཕུང་པོ་བདག་གོ།  ཞེས་གསུངས་ཀྱང་ཚིག་དེ་སྒྲ་དོན་ཇི་མ་ཇི་བཞིན་ཁས་ལེན་དུ་མི་རུང་བས་ལུང་དེའི་དགོངས་པ་གཞན་དུ་དྲངས་དགོས་པ་ཡིན།། འོ་ན་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། ཕུང་པོ་ལས་གཞན་པའི་བདག་འདོད་པ་དེ་དག་འགོག་པའི་ཆེད་དུ་ཕུང་པོ་བདག་གོ་ཞེས་གསུངས་པ་ཡིན་ནོ།།  གལ་སྲིད་ཚིག་དེ་སྒྲ་དོན་ཇི་མ་ཇི་བཞིན་ཁས་ལེན་བྱས་ན་སྐྱོན་ཅི་ཡོད་ཅེས་དྲི་ན། སྐྱོན་ཡོད་དེ། བཅོམ་ལྡན་འདས་ཀྱིས་མདོ་གཞན་དུ། གཟུགས་བདག་མ་ཡིན། ཞེས་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ།།

༼དྲི་བ༽   ཕུང་པོ་བདག་ཏུ་འདོད་ན་བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་ཕུང་པོ་མེད་པར་ཐལ་བ་དང༌།
             དེའི་སྐྱོན་སྤོང་གི་ལན། དེ་རང་ལུགས་ཀྱིས་ཇི་ལྟར་འགོག་ཚུལ་བཅས་བྲིས།

༼ལན་ལ་དང་པོ་རང་ལུགས་ཀྱི་ཐལ་བ།༽ ཕུང་པོ་བདག་ཏུ་འདོད་པ་ཡིན་ན། བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་ཕུང་པོ་མེད་པར་འགྱུར་ཏེ། བདག་དེ་ཕུང་པོ་ལ་ངོས་འཛིན་བྱེད་པ་གང་ཞིག བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་དེ་མེད་པར་མངོན་སུམ་དུ་མཐོང་དགོས་པའི་ཕྱིར་རོ།
༼གཉིས་པ་ཁ་ཅིག་གི་ལན།༽   བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་ཕུང་པོ་མེད་པར་མི་འགྱུར་ཏེ། དེའི་ཚེ་མེད་པར་མཐུང་རྒྱུའི་བདག་དེ་རྟག་གཅིག་རང་དབང་ཅན་གྱི་བདག་དེ་ཡིན་པའི་ཕྱིེར་རོ། ཞེ་ན།
༼གསུམ་པ་རང་ལུགས་ཀྱིས་དེ་ཇི་ལྟར་འགོག་པའི་ཚུལ༽   འོ་ན་བདག་མེད་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་པ་དེས། གཟུགས་ཀྱི་གནས་ལུགས་མ་རྟོགས་པ་དང༌། གཟུགས་ཕུང་ལ་དམིགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། བདག་མེད་མངོན་སུམ་དུ་མཐོང་ནའང་དེ་དང་གཟུགས་ཕུང་གཉིས་ལ་འབྲེལ་བ་ཅི་ཡང་མེད་པའི་ཕྱིར། ཞེས་དགག་པ་མཛད་པ་ཡིན་ནོ།།

༼དྲི་བ༽   ཕུང་པོའི་ཚོགས་ཙམ་བདག་མིན་པར་སྒྲུབ་ཚུལ་བྲིས།
༼ལན།༽   ཕུང་པོའི་ཚོགས་ཙམ་བདག་མིན་ཏེ། བཅོམ་ལྡན་འདས་ཀྱིས། བདག་ནི་བདག་གི་མགོན་ཡིན། ཞེས་གསུངས་པ་གང་ཞིག  ཕུང་པོའི་ཚོགས་ཙམ་དེ་ཉིད་མགོན་དང་དཔུང་གཉེན་སོགས་གང་ཡང་མིན་པའི་ཕྱིེར་དང༌།  གཞན་ཡང༌། ཤིང་རྟའི་ཡན་ལག་བསིལ་བུར་ཚོགས་ནས་གནས་པ་ལ་ཤིང་རྟ་མེད་པའི་དཔེ་ལྟར། ཕུང་པོའི་ཚོགས་པ་ཙམ་ནི་བདག་ཏུ་རིགས་པ་མིན་ནོ།།

༼དྲི་བ༽   ཕུང་པོའི་ཚོགས་ཙམ་བདག་ཏུ་འདོད་ན། བྱ་བྱེད་ལས་གསུམ་གཅིག་ཏུ་ཐལ་བ་དང༌།

བྱེད་པ་པོ་མེད་ན་བྱ་བའི་ལས་མི་འཐད་པར་སྒྲུབ་ཚུལ་བཅས་བྲིས།
༼ལན།༽   ཕུང་པོའི་ཚོགས་ཙམ་བདག་ཏུ་འདོད་ན། བྱ་བྱེད་ལས་གསུམ་གཅིག་ཏུ་འགྱུར་ཏེ། བྱེད་པ་པོ་བདག་དང༌། བྱ་བའི་ལས་ཕུང་པོ་གཉིས་པོ་ཐ་དད་དུ་དགོས་པ་ཡིན་ན་ཡང༌། དེ་གཉིས་གཅིག་ཡིན་པར་ཁྱོད་ཀྱི་ཁས་ལེན་ཡིན་པའི་ཕྱིར།    དེ་བཞིན་དུ་བྱེད་པ་པོ་མེད་ན་བྱ་བའི་ལས་ཀྱང་མི་འཐད་དེ། བྱེད་པ་པོ་ལ་བརྟེན་ནས་བྱ་བའི་ལས་སུ་བཞག་པ་དང༌། བྱ་བའི་ལས་ལ་བརྟེན་ནས་བྱེད་པོ་རུ་བཞག་དགོས་པ་གང་ཞིག དེ་གཉིས་གཅིག་མེད་ན་གཅིག་ཤོས་གཞན་པ་དེ་ཉིད་མི་འགྲུབ་པའི་ཕྱིར་རོ།།

༼དྲི་བ༽ རྣམ་བདུན་གྱི་རིགས་པ་ལ་བརྟེན་ནས་བདག་དང་ཤིང་རྟ་མ་བརྟག་གྲགས་པ་ཙམ་དུ་བཤད་པ་འདིས།
ངར་འཛིན་གྱི་ལྟ་བ་སྤངས་ནས་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་༼ལས་སླ་པོ།༽འཇུག་ཚུལ་བྲིས།

༼ལན།   རྣམ་བདུན་གྱི་རིགས་པ་ལ་བརྟེན་ནས་དཔེ་ཤིང་རྟ་དང༌། དངོས་དོན་བདག་གཉིས་པོ་བརྟག་དཔྱད་མ་བྱས་པའི་འཇིག་རྟེན་པའི་ངོར་ཡོད་ཀྱང་རིགས་པས་དཔྱད་ནས་མ་གྲུབ་པར་རྟོགས་པ་ན། ངར་འཛིན་གྱི་ཞེན་ཡུལ་མེད་པར་སོང་བའི་དབང་གིས་ངར་འཛིན་དེ་ཡང་རིམ་གྱིས་ཆུང་དུ་འགྲོ་བ་དང༌།  དེ་ལྟར་རྟོགས་པའི་ལྟ་བ་དེ་ཉིད་ཡང་ནས་ཡང་དུ་གོམས་པ་ན། ནམ་ཞིག་བདག་མེད་པའི་དོན་མངོན་སུམ་དུ་མཐོང་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལའང་བདེ་བླག་ཏུ་འཇུག་ནུས་པ་ཡིན་ནོ།།

༼དྲི་བ༽      རྟག་གཅིག་རང་དབང་ཅན་གྱི་བདག་དེ་ངར་འཛིན་གྱི་རྟེན་དུ་མི་འཐད་པར་སྒྲུབ་ཚུལ་བྲིས།

༼ལན༽    རྟག་གཅིག་རང་དབང་ཅན་གྱི་བདག་དེ་ངར་འཛིན་གྱི་རྟེན་དུ་མི་འཐད་དེ། འཇིག་རྟེན་པ་ཞིག་ལ་དཔེར་མཚོན་ན། ཁོང་ཚོ་ལ་རྟག་གཅིག་རང་དབང་ཅན་གྱི་བདག་དེ་མེད་ཀྱང་ངར་འཛིན་ཡོད་པར་མཐོང་བའི་ཕྱིར་དང༌།   མ་གཞི་ནས་རང་འཛིན་གྱིས་ངར་འཛིན་པ་དེའི་ཚེ་ཕུང་པོ་ལ་དམིགས་ནས་འཛིན་པ་རེད་མ་གཏོགས། ཕུང་པོ་ལ་མ་ལྟོས་པའི་རྟག་གཅིག་རང་དབང་ཅན་ཞིག་བློ་ཡུལ་དུ་བཟུང་ནས་དེ་ལ་ངར་འཛིན་པ་མེད་པའི་ཕྱིར་རོ།

༼དྲི་བ༽  སྐྱེས་བུ་དེ་ནི་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པ་དེ་མདོ་ཡི་ལུང་འདྲེན་དང་
བཅས་ཏེ་གསུངས་ཚུལ་བྲིས།
༼ལན༽   སྐྱེས་བུའམ་བདག་ཅེས་བྱ་བ་དེ་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་དང༌། མིག་སོགས་རེག་པའི་སྐྱེ་མཆེད་དྲུག དེ་བཞིན་སེམས་དང་སེམས་བྱུང་གི་ཆོས་རྣམས་ལ་བརྟེན་ནས་བཏགས་པ་ཙམ་ཞིག་ཡིན་གྱི། དེ་ལས་གཞན་དུ་ཕུང་པོའི་ཚོགས་པ་དང་ཕུང་པོ་རང་ཉིད་བདག་ཏུ་འདོད་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ༑ སྐྱེས་བུ་གང་ཟག་དེ་ནི་ཁམས་དྲུག་དང༌། རེག་པའི་སྐྱེ་མཆེད་དྲུག་དང༌། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ། ཞེས་གསུངས་པའི་ཕྱིར་རོ།

༼དྲི་བ༽   ཕུང་པོ་བདག་ཏུ་འདོད་པའི་གྲུབ་མཐའ་འོག་མའི་ལུགས་ལ། བདག་མེད་རྟོགས་ཀྱང་བདག་ལྟའམ་
འཇིག་ལྟ་མི་སྤོང་བར་ཐལ་ཚུལ་དཔེ་དང་བཅས་ཏེ་བྲིས།
༼ལན༽  ཕུང་པོ་བདག་ཏུ་འདོད་པ་ཁྱེད་ཀྱི་ལུགས་ལྟར་ན། བདག་མེད་རྟོགས་ཀྱང་བདག་འཛིན་འཇིག་ལྟ་སྤོང་མི་ནུས་པར་འགྱུར་ཏེ།  བདག་མེད་རྟོགས་ནས་སྤོང་རྒྱུའི་བདག་དེ་ངར་འཛིན་གྱི་རྟེན་མ་ཡིན་པའི་རྟག་བདག་དེ་ཡིན་པའི་ཕྱིར།  དེས་ན་ཁྱེད་ཀྱི་འདོད་པ་དེ་ནི་དཔེར་ན། རང་གི་ཁྱིམ་དུ་སྦྲུལ་གྱི་འཇིགས་པ་ཡོད་ཀྱང༌། ཁྱིམ་འདིར་གླང་ཆེན་གྱི་འཇིགས་པ་ནི་མེད། ཅེས་གློ་ལྷོད་ཡངས་སུ་སྡོད་པ་དང་ཁྱད་པར་མེད་པ་ཡིན་ནོ།།



༼དྲི་བ༽  ཤིང་རྟ་རྣམ་བདུན་གྱི་རིགས་པ་དང༌། ཤིང་རྟ་རྣམ་ལྔའི་རིགས་པའི་གྲངས་འདྲེན་བྲིས།

༼ལན༽   དང་པོ་ཤིང་རྟ་རྣམ་ལྔའི་རིགས་པ་ནི། ༡༽ ཤིང་རྟའི་ཡན་ལག་དང་ཤིང་རྟ་གཉིས་གཅིག་ཡིན་པ། ༢༽ དེ་གཉིས་ཐ་དད་ཡིན་པ། ༣༽ ཤིང་རྟ་ལ་ཡན་ལག་དང་ལྡན་པ། ༤༽ ཤིང་རྟ་ལ་ཡན་ལག་ཚུར་བརྟེན་པ། ༥༽ ཡན་ལག་ལ་ཤིང་རྟ་ཕར་བརྟེན་པ་བཅས་ལྔའོ།  གཉིས་པ་ཤིང་རྟ་རྣམ་བདུན་གྱི་རིགས་པ་ནི། དང་པོ་ལྔའི་སྟེང་དུ་ཤིང་རྟའི་དབྱིབས་ཤིང་རྟ་ཡིན་པ་དང༌།  ཤིང་རྟའི་ཚོགས་པ་ཤིང་རྟ་ཡིན་པ་བཅས་བདུན་ནོ།    མདོར་ན། གཅིག་དང་ཐ་དད། ལྡན་པ། ཕན་ཚུན་བརྟེན་པ། དབྱིབས་དང་ཚོགས་པ་བཅས་བདུན་གྱི་རིགས་པ་དེ་ལ་ཤིང་རྟ་རྣམ་བདུན་གྱི་རིགས་པ་ཞེས་བྱ་བ་ཡིན་ནོ།།

འཇིག་ལྟ་ཉི་ཤུའི་གྲངས་འདྲེན་ནི།
གཟུགས་བདག་ཏུ་ལྟ་བ།  བདག་གཟུགས་དང་ལྡན་པར་ལྟ་བ།   གཟུགས་ལ་བདག་ཡོད་པར་ལྟ་བ།  བདག་ལ་གཟུགས་ཡོད་པར་ལྟ་བ།
ཚོར་བ་བདག་ཏུ་ལྟ་བ།   བདག་ཚོར་བ་དང་ལྡན་པར་ལྟ་བ།   ཚོར་བ་ལ་བདག་ཡོད་པར་ལྟ་བ།  བདག་ལ་ཚོར་བ་ཡོད་པར་ལྟ་བ།
འདུ་ཤེས་བདག་ཏུ་ལྟ་བ།  བདག་འདུ་ཤེས་དང་ལྡན་པར་ལྟ་བ།  འདུ་ཤེས་ལ་བདག་ཡོད་པར་ལྟ་བ།  བདག་ལ་འདུ་ཤེས་ཡོད་པར་ལྟ་བ།
འདུ་བྱེད་བདག་ཏུ་ལྟ་བ།  བདག་འདུ་བྱེད་དང་ལྡན་པར་ལྟ་བ།  འདུ་བྱེད་ལ་བདག་ཡོད་པར་ལྟ་བ།  བདག་ལ་འདུ་བྱེད་ཡོད་པར་ལྟ་བ།
རྣམ་ཤེས་བདག་ཏུ་ལྟ་བ།  བདག་རྣམ་ཤེས་དང་ལྡན་པར་ལྟ་བ།  རྣམ་ཤེས་ལ་བདག་ཡོད་པར་ལྟ་བ།  བདག་ལ་རྣམ་ཤེས་ཡོད་པར་ལྟ་བ།
བཅས་ཉི་ཤུའོ།།

༼དྲི་བ༽  ཐལ་འགྱུར་བས་དངོས་སྨྲ་བ་ལ། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་དགག་པ་དེའི་ཚེ། དངོས་སྨྲ་བས། སྐྱོན་དེ་ལྟག་ཆོད་ཀྱི་རིགས་པ་ཡིན་པས་ཐལ་འགྱུར་བ་ཁྱོད་རང་ལའང་འཇུག་ཅེས་བརྗོད་ཚུལ་དང༌།  དེ་ལ་རང་ལུགས་ཀྱིས་ལན་འདེབས་ཚུལ་བཅས་བྲིས།

༼ཐོག་མར་ཐལ་འགྱུར་བས་དགག་པ་རྒྱབ་ཚུལ།༽ དངོས་སྨྲ་བ་ཁྱོད་ཀྱི་ལུགས་ལ་རང་བཞིན་གྱིས་གྲུབ་པའི་རྒྱུ་ཡིས་རང་བཞིན་གྱིས་གྲུབ་པའི་འབྲས་པ་སྐྱེས་པ་དེའི་ཚེ། རྒྱུ་དང་འབྲས་བུ་གཉིས་ཕྲད་ནས་འབྲས་བུ་སྐྱེས་པ་ཡིན་ནམ། ཡང་ན་མ་ཕྲད་ནས་འབྲས་བུ་སྐྱེས་པ་ཡིན། ཕྲད་ནས་སྐྱེས་ན་རྒྱུ་འབྲས་དུས་མཉམ་དུ་ཡོད་པས་འབྲས་བུ་སྐྱེས་པའི་དགོས་པ་མེད་ལ། གལ་ཏེ་མ་ཕྲད་པར་སྐྱེས་ན་འབྲེལ་བ་མེད་པའི་རྒྱུ་གཞན་གྱིས་ཀྱང་འབྲས་བུ་འབྲེལ་མེད་གཞན་སྐྱེ་བར་འགྱུར་བས་ན་འདོད་པ་དེ་ནི་མི་འཐད། ཅེས་བཀག་གོ། 
༼དངོས་སྨྲ་བས་རིགས་པ་དེ་ལྟག་ཆོད་ཙམ་ཡིན་པའི་སྐྱོན་བརྗོད་བྱེད་ཚུལ།༽  ཐལ་འགྱུར་བ་ཁྱོད་ཀྱི་སུན་འབྱིན་བྱེད་ཀྱི་ཚིག་དང༌། བདག་ཅག་གི་སུན་དབྱུང་བྱའི་དམ་བཅའ་གཉིས་པོ་ཕྲད་ནས་སུན་འབྱིན་པར་བྱེད་པ་ཡིན་ནམ། ཡང་ན་མ་ཕྲད་པར་སུན་འབྱིན་པ་ཡིན། ཞེས་ཁྱེད་ལ་དྲི་ན་གནོད་པ་དེ་ནི་ཁྱོད་ལའང་བབ་པར་འགྱུར་བས་རིགས་པ་འདི་ནི་ལྟག་ཆོད་ཀྱི་རིགས་པ་་ ༼རིགས་པ་དེ་ཡིས་གཞན་ལ་གནོད་པ་དེ་བཞིན་རང་ལའང་གནོད་པ་བབས་པ༽ ཁོ་ན་ཡིན་ནོ།། ཞེས་སོ།
༼ཐལ་འགྱུར་བས་དེ་ལ་ལན་འདེབས་ཇི་ལྟར་བྱེད་ཚུལ།༽   ཕྲད་དང་མ་ཕྲད་སོགས་ཀྱི་སྐྱོན་དེ་རང་བཞིན་གྱིས་གྲུབ་པར་འདོད་པ་ཁྱོད་ལ་འཇུག་ཀྱང་ང་ལ་འཇུག་པར་མི་འགྱུར་ཏེ། ང་ལ་རང་བཞིན་གྱིས་གྲུབ་པའི་ཁས་ལེན་དམ་བཅའ་སོགས་གང་ཡང་མེད་པའི་ཕྱིར། ཞེས་པའོ།


བསམ་གཏན།

No comments: