༄༅།
།སྐར་རྩིས་ཀྱི་སྔོན་འགྲོ་བསྒྱུར་བགོད་ལག་ལེན་དང་དགུ་མཐའ་
གྲངས་ཀྱི་མངོན་བརྗོད་བཅས་བཞུགས་སོ།།
༄༅།
།རྒྱལ་ཀུན་མཁྱེན་རབ་བསྡུས་པའི་གཟུགས། །འཇམ་དབྱངས་ལྷ་ལ་གུས་བཏུད་ནས།
།གྲངས་ཀྱི་བསྒྱུར་བགོད་ལག་ལེན་དང༌། །མངོན་བརྗོད་རྣམ་གྲངས་བཤད་པར་བྱ། །འབྲི་བགྲང་སྣོན་པ་གཡས་ནས་བྱ། །བགོད་བསྒྱུར་ཕྲི་བ་གཡོན་ནས་བྱེད།
།རྐྱང་བསྒྱུར་ཐད་ཀར་གང་ཡོད་བསྒྱུར། །སྦྲགས་བསྒྱུར་སྒྱུར་བྱེད་མཐའ་མ་ནི།
།བསྒྱུར་བྱའི་ཨང་གྲངས་དང་པོའི་འོག །བཞག་ནས་རིམ་བཞིན་བསྒྱུར་བའི་དོན།
།སྒྱུར་བྱེད་བསྒྱུར་བྱའི་གྲངས་སུ་སྤེལ། །གཅིག་བསྒྱུར་བ་ལ་མང་ཉུང་མེད།
།གཉིས་བསྒྱུར་ལ་སོགས་གོང་དུ་འཕེལ། །བགོད་པའི་དོན་ནི་བགོད་བྱེད་ཀྱི།
།གྲངས་སུ་སྡུད་པའི་ཆོ་ག་ཡིན།།
རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར།
།སྦྲགས་བགོད་འོག་མའི་ཚོད་དང་སྦྱར། །ལྡང་ན་རང་རང་ཐད་ནས་ཁྱེར།
།མ་ལྡང་གོང་ནས་བཅུ་ལ་སོགས། །ཇི་དགོས་ཕབ་པའི་ལྷག་མ་རྣམས།
།རང་རང་གནས་སུ་བཞག་གམ་བསྲེ། །མ་ཐོབ་ནོར་སྐལ་ཐིག་ལེ་བྱིན། །བགོད་བྱེད་མཐའ་ཡི་ཐིག་ལེས་ནི།
།མ་མཐའ་འགོག་ཅིང་བར་གྱི་ཐིག །རང་གནས་འཛིན་ལས་བགོད་ནུས་མེད།
།སྒྱུར་བྱེད་མཐའ་ཡི་ཐིག་ལེ་རྣམས། །བསྒྱུར་བྱའི་གྲལ་མཐར་འགོད་པ་ཡིན།
།བསྒྱུར་བྱ་སྟོང་པར་བསྒྱུར་རྒྱུ་མེད།། སྒྱུར་བྱེད་སྟོང་ན་བསྒྱུར་བྱ་དབྱི།
།བསྒྱུར་བགོད་བར་མཐའ་སྟོང་པའི་གནས། །ཐིག་ལེས་འཛིན་གྱི་གྲལ་འགོར་ཐིག
།ནམ་ཡང་འབྱུང་བར་མི་སྲིད་དོ།།
༈ དགུ་གཅིག་གཅིག་དགུ་དགུ་རང་ཡིན།
།དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན།
།དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ༌།
།དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ།
།དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན།
།བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་སྟེ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི།
།བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ།
།བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག
།བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན།
།བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག
།བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ༌། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས།
།བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན།
།དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ།
།དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ།
།དྲུག་དྲུག་སུམ་ཅུ་སོ་དྲུག་གོ །ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན།
།ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ།
།ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན།
།བཞི་གཉིས་གཉིས་བཞི་བརྒྱད་ཡིན་ནོ། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ།
།བཞི་བཞི་དག་ནི་བཅུ་དྲུག་གོ །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན།
།གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་ལ་ནི་དགུ་ཡིན་ནོ།
།གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་དག་ལ་བཞི་ཞེས་གྲགས།
།གཅིག་གཅིག་གཅིག་ཉིད་ཐིག་ལེ་སྟོང༌།།
༈ གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌།
།ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ།
།ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌།
།སྤང་རྟེན་དེང་འདྲེན་མཐའ་སྣང་དང༌། །རྒྱུགས་རིགས་འོད་མཛེས་དབང་པོ་དང༌། །ལེཊ་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང༌།
།རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང༌། །རྣམ་བྱུང་སྟོབས་མིག་ཁྱད་བྱུང་དང༌། །ཡས་ཡལ་བགྲང་ཡས་སྡུག་ཡས་དང༌།
།ཤང་ཤང་རྣམས་ནི་ཆེན་པོར་བཅས། །གྲངས་མེད་པ་ནི་མཐའ་མའོ། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ།།
༈ རང་བཞིན་གཟུགས་དང་བསེ་རུ་ཟླ།
།འོད་དཀར་རི་བོང་ཅན་རྣམས་གཅིག །ལག་མིག་ཟུང་ཕྱོགས་འཁྲིག་བགྲོད་སྦྱོར།
།ཐབས་ཤེས་གཤིན་རྗེ་མཚེ་མ་གཉིས། །འཇིག་རྟེན་ཡོན་ཏན་ཚ་བ་མེ།
།སྲིད་པ་རྩེ་མོ་ཅན་རྣམས་གསུམ། །མཚོ་ཆུ་དུས་དང་རིག་བྱེད་བདུད།
།ཆུ་གཏེར་སྡེ་པ་ཟུང་ལྡན་བཞི། །འབྱུང་བ་མདའ་དང་དབང་པོ་དང༌།
།འདོད་ཡོན་ཉེར་སྤྱོད་ཕུང་པོ་ལྔ། ། མཚམས་རོ་བྲོ་བ་དུས་རྣམས་དྲུག
།ཐུབ་རི་དྲང་སྲོང་རེས་གཟའ་གླིང༌། །རིན་ཆེན་ས་འཛིན་རྟ་རྣམས་བདུན། །ཀླུ་སྦྲུལ་གདེངས་ཅན་ལྟོ་འགྲོ་དང༌།
།ནོར་ལྷ་སྲེད་པ་བཀྲ་ཤིས་ལྷ། །ནོར་དང་དབྱིག་རྣམས་བརྒྱད་ཀྱི་མིང༌། །རྩ་གཏེར་གཟའ་བུག་སྲིན་པོ་དགུ།
།འཇུག་པ་ཁྲོ་བོ་སྒྲ་སྒྲོགས་ཕྱོགས། །འབྱོར་པ་སྟོབས་དང་སོར་མོ་བཅུ།
།འཕྲོག་བྱེད་དྲག་པོ་བདེ་བྱུང་དང༌། །བདེ་བྱེད་དབང་ཕྱུག་བཅུ་གཅིག་གོ །ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས།
།མྱོས་བྱེད་འདོད་པ་ལུས་མེད་དང༌།། གདུཊ་རིམ་སྣ་ཚོགས་བཅུ་གསུམ་མིང༌།
།ཤེད་བུ་མ་ནུ་ཡིད་སྲིད་པ།། སྲིད་པའི་གནས་རྣམས་བཅུ་བཞིའོ།
།ཚེས་དང་ཉིན་ཞག་བཅོ་ལྔའི་མིང༌། །ཆ་ཤས་དང་ནི་རྒྱལ་པོ་དང༌།
།མི་བདག་ཅེས་པ་བཅུ་དྲུག་གོ །ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ།
།རྒྱལ་བ་ཡུལ་ནི་ཉེར་བཞིའོ། །དེ་ཉིད་ཉེར་ལྔའོ་སྐར་མ་དང༌།
།འཁོར་ལོ་དང་ནི་ཉེར་བདུན་མིང༌། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས།
།སྟོང་པ་ནམ་མཁའ་ཐིག་ལེ་སྟེ། །འདི་དག་གྲངས་བརྡའི་རྣམ་གྲངས་སོ།།
༈ དེ་སྐད་ཀུན་གཟིགས་པད་དཀར་དང༌།
།མཁས་གྲུབ་ལྷ་དབང་བློ་གྲོས་ཀྱི།།
ལེགས་གསུང་གཞིར་བྱས་གཞན་ནས་ཀྱང༌།
།ཉེར་མཁོ་བསྣན་ནས་བསྒྲུབས་པ་འདི།།
དཔལ་ལྡན་འབྲུག་པ་ཡབ་སྲས་ལ།
།གུས་བློས་ཤར་ཕྱོགས་དགྲ་མེད་རྩེར།།
ཚང་ཁར་པདྨ་བི་ཛས་བྱས།
།དགེ་བས་བསྟན་འགྲོར་སྨན་པར་ཤོག།
དགེའོ།།
No comments:
Post a Comment