ཞག་གསུམ་གྱི་རྣམ་གཞག།
ཉིན་ཞག་རྟག་ལོངས།
ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །དུས་དང་མཁའ་རོས་དབུགས་སར་སྒྲིལ། །ཉིན་ཞག་དུས་ཀྱི་རྟག་ལོངས་ཡིན། །ཆུ་ཚོད་དྲུག་ཅུ་ཁོ་ན་ཡིན། །
ཉིན་ལོངས་ལས་ཚེ་ལོངས།
དབུགས་དེ་རི་མཁའ་རིའི་བར་བསིལ། །གནས་གསུམ་འོག་ནས་རི་མཁའ་རི། །ཆུ་རོའི་ནོར་གྱིས་སྟེང་སྦྱངས་ལྷག །རི་མཁའ་རི་དང་དུས་མཁའ་རོས། །སྒྲིལ་ལྷག་ཚེས་ཞག་རྟག་ལོངས་ཡིན། །ང་དགུ་གསུམ་དང་བཞི་བཅུ་དྲུག །༼༥༩ཿ ༣ཿ ༤ཿ ༡༦༽
ཚེས་ལོངས་ལས་ཁྱིམ་ལོངས། ཚེ་ལོངས་རི་མཁའ་རིའི་བར་བསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །མདའ་རོའི་ཐོབ་ནོར་སྟེང་དུ་བསྲེས། །རི་མཁའ་རི་རོ་མཁའ་རོས་སྒྲིལ། །ལྷག་མ་ཁྱིམ་ཞག་རྟག་ལོངས་ཡིན། །མཁའ་རོ་ང་གཉིས་བཞི་ཀླུ་རྒྱལ། ༼༦༠ཿ ༥༢ཿ ༤ཿ ༡༦༨༽
རི་མོའི་རྣམ་གྲངས་གཞན་ཉིན་ལོངས་ལས་ཚེས་ལོངས།
ཉི་ལོངས་འབྱུང་འདོད་དྲག་པོས་བསྒྱུར། །ཉི་མ་འདོད་ཟླས་བགོས་ལྷག་དེ། །མཁའ་རོ་དུས་སོགས་བསྒྱུར་ནས་བགོས། །ཚེས་ཞག་དུས་ཀྱི་ལོངས་སྤྱོད་ཡིན། །ཚེས་ལོངས་ཉི་མ་འདོད་ཟླས་བསྒྱུར། །རི་མཁའ་རི་སོགས་རང་འཁོར་བསྒྲིལ། །འབྱུང་འདོད་དྲག་བགོས་ཉིན་ལོངས་འཆར། །
ཉིན་ལོངས་ལས་ཁྱིམ་ལོངས། ཉིན་ལོངས་བུག་མཁའ་མིག་སོགས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོས། །མཁའ་རོ་དུས་དང་རི་མཁའ་རི། །མདའ་རོའི་བར་བསྒྱུར་རིམ་བགོས་པའི། །ཐོབ་ནོར་ཁྱིམ་ཞག་རྟག་ལོངས་ཡིན། །
ཁྱིམ་ལོངས་ལས་ཉིན་ལོངས། ཁྱིམ་ཞག་རྟག་ལོངས་གནས་ཐམས་ཅད། །དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །རང་རང་འཁོར་ལོས་དབྱུག་སར་བསྒྲིལ༼༦༥ཿ ༧༠༧ཿ ༦ཿ ༦༠༽། །བུག་མཁའ་སོགས་བགོས་ཉིན་ལོངས་འཆར། །
ཚེས་ཞག་ལས་ཁྱིམ་ཞག ཚེས་ལོངས་གནས་ཀུན་རི་རོས་བསྒྱུར། །རི་མཁའ་རི་སོགས་རང་འཁོར་སྒྲིལ། །མདའ་རོའི་བགོས་ལྷག་མཁའ་རོ་སོགས། །བསྒྱུར་བཅུག་ཐོབ་པ་ཁྱིམ་ལོངས་ཡིན། །འདི་ཡི་རི་མཁའ་རིའི་ཆ་ཤས། །འདོད་བསྒྱུར་འོག་གི་རེ་ལྔ་ཆ། །ལྔ་བགོས་ཐོབ་ནོར་བསྲེས་པ་ཡིས། །གཟུགས་བུག་གཟུགས་བུག་ཆ་རུ་བསྒྱུར། །
ཁྱིམ་ཞག་ལས་ཚེས་ཞག ཁྱིམ་ལོངས་གནས་ཀུན་མདའ་རོས་བསྒྱུར། །གཟུགས་བུག་གཟུགས་བུག་སོགས་འཁོར་སྒྲིལ། །རི་རོའི་བགོས་ལྷག་མས་རིམ་དུ། །བསྒྱུར་བཅུག་ཐོབ་པ་ཚེས་ལོངས་ཡིན། །འདི་ཡི་གཟུགས་བུག་གཟུགས་བུག་ཆ། །འདོད་བགོས་རི་མཁའ་རིའི་ཆར་འགྱུར། །
ཉིན་ཚེས་བར་ཁྱད། ཉིན་ལོངས་ཐུབ་རི་ཟླ་བས་བསྒྱུར། །ཉི་མ་འདོད་ཟླས་མས་རིམ་བགོས། །ཐོབ་པ་ཉིན་ཚེས་བར་ཁྱད་དེ། །ང་དྲུག་གཅིག་དང་གཟུགས་བུག་རོ༼༠ཿ ༥༦ཿ ༡ཿ ༦༩༡༽། །ྋཚེས་ལོངས་ཐུབ་རི་ཟླ་བས་བསྒྱུར། །རང་འཁོར་བསྒྲིལ་ཞིང་འབྱུང་འདོད་དྲག །བགོས་ལྷག་བསྒྱུར་བཅུག་བགོས་ཐོབ་པ། །དེ་ཡང་ཉིན་ཚེས་བར་ཁྱད་ཡིན། །
ཉིན་ཁྱིམ་བར་ཁྱད། ཉིན་ལོངས་མེ་ཚེས་ལག་པས་བསྒྱུར། །དུས་ཟླ་མཁའ་རིས་མས་༼༦༠ཿ ༦ཿ ༧༠༧ཿ ༦༥༽རིམ་བགོས། །ཆ་ཤས་གཟུགས་བུག་གཟུགས་བུག་གམ། །རི་མཁའ་རི་དང་མདའ་རོས་བགོས། །ཐོབ་པ་ཉིན་ཁྱིམ་བར་ཁྱད་དེ། །ཐིག་དང་ང་གཉིས་བཞི་དང་ནི། བརྒྱ་དང་རེ་བརྒྱད་ལྔ་བཅུ་འཆར། །ྋཁྱིམ་ལོངས་མེ་ཚེས་ལག་པས་བསྒྱུར། །གཟུགས་བུ་གཟུགས་བུག་སོགས་འཁོར་བསྒྲིལ། །བུག་མཁའ་མིག་བུག་ཡིད་བགོས་ལྷག །བསྒྱུར་བཅུག་ཐོབ་པའང་ཉིན་ཁྱིམ་ཁྱད། །
ཚེས་ཁྱིམ་བར་ཁྱད༌། ཚེ་ལོངས་ལག་པས་བསྒྱུར་བ་ལ། །རི་མཁའ་རི་སོགས་རང་འཁོར་བསྒྲིལ། །མདའ་རོས་བགོས་ལྷག་བསྒྱུར་བཅུག་ཐོབ། །ཚེས་དང་ཁྱིམ་ཞག་བར་ཁྱད་ཡིན། །དེ་ཡང་གཅིག་དང་ཞེ་དགུ་ཐིག །བརྒྱ་དང་གཉིས་དང་ལྔ་བཅུ་ཡིན། །ྋ ཁྱིམ་ལོངས་མིག་གིས་བསྒྱུར་བ་ལ། །གཟུགས་བུག་གཟུགས་བུག་སོགས་འཁོར་བསྒྲིལ། །རི་རོའི་བགོས་ལྷག་བསྒྱུར་བཅུག་ཐོབ། །ཚེས་ཁྱིམ་ཁྱད་ཡིན་ཁྱིམ་ལོངས་ལས། །ཕྲི་ཆ་འདོད་པས་བགོས་པ་ན། །ཚེས་ཞག་དུས་ལོངས་འཆར་བ་ཡིན། །
ཉི་མའི་ཚེས་ཞག་དཀྱིལ་འཁོར།
ལོ་གཅིག་སུམ་བརྒྱ་དྲུག་ཅུའི་ཞག །གནས་གཉིས་འོག་མ་མིག་གིས་བསྒྱུར། །མདའ་རོས་ཐོབ་པ་སྟེང་བསྲེས་ཞག། །ལྷག་མ་མཁའ་རོ་གཉིས་དང་དུས། །འདོད་དང་མདའ་རོའི་བསྒྱུར་ཐོབ་བརྩེགས། །སུམ་བརྒྱ་དོན་གཅིག་བཞི་སོ་དྲུག །ལྔ་བདུན་ཉི་མའི་ཚེས་དཀྱིལ་ཡིན། །༼༣༧༡ཿ ༤ཿ ༣༦ཿ ༥ཿ ༧༽
ཉིན་མའི་ཉིན་ཞག་དཀྱིལ་འཁོར།
ཚེས་དཀྱིལ་མཁའ་རོ་གཉིས་དང་དུས། །འདོད་དང་རི་མཁའ་རིའི་བར་བསིལ། །གནས་གསུམ་འོག་མ་རི་མཁའ་རིས། །བགོས་ནོར་བར་བྱིན་ཆུ་རོས་བགོས། །ནོར་གྱིས་སྟེང་སྦྱངས་ལྷག་མ་ནི། །རི་མཁའ་རི་དང་འདོད་རོ་དང༌། །ཐིག་མཚམས་མཁའ་རོས་ཞག་སར་བསྒྲིལ། །ཉིན་མའི་ཉིན་ཞག་དཀྱིལ་འཁོར་ཡིན། །སུམ་བརྒྱ་རེ་ལྔ་རྒྱལ་པོ་ཡིད། །ཟླ་ཉི་བརྒྱ་དང་ཉེར་གཅིག་ཡིན། །༼༣༦༥ཿ ༡༦ཿ ༡༤ཿ ༡ཿ ༡༢ཿ ༡༢༡༽
ཟླ་བའི་ཚེས་ཞག་རྟག་ལོངས་དང་དཀྱིལ་འཁོར།
རྒྱུ་སྐར་ཆུ་ཚོད་མཁའ་མེས་བགོས། །ཟླ་བའི་ཐུན་མིན་རྟག་ལོངས་ཡིན། །ཉི་དང་ཐུན་མོངས་ཚེས་ལོངས་བསྣན༌། །ཟླ་བའི་ཚེས་ཞག་རྟག་ལོངས་འཆར། །ྋདེ་ཡི་གནས་ཀུན་ཆུ་འདོད་བསྒྱུར། །རི་རོས་སོགས་ཀྱིས་དབྱུག་སར་འདྲིལ། །ཤེད་མཚུངས་ཆུ་ཚོད་བྱིན་པའི་ལྷག། །བུ་གས་བགོས་པ་ཚེས་དཀྱིལ་ཡིན། །
ཟླ་བའི་ཉིན་ཞག་དཀྱིལ་འཁོར་དང་རྟག་ལོངས།
ཚེས་དཀྱིལ་འབྱུང་འདོད་དྲག་བསྒྱུར་འོག །བུག་རོ་ཀླུས་ཐོབ་སྟེང་མར་བསྲེས། །ཉི་མ་འདོད་ཟླས་བགོས་པའི་ལྷག །བུག་རོ་ཀླུས་བསྒྱུར་ཆ་འོག་བཅུག །ལྷས་ཐོབ་ཉིན་ཞག་དཀྱིལ་འཁོར་འོག །དུས་དུས་རི་ཀླུ་མིག་ཉིའི་ཆ། །ྋཉི་དཀྱིལ་དུས་དུས་སོགས་ཀྱིས་བསྒྱུར། །ཆ་བསྲེས་བགོད་བྱེད་དེ་མཚུངས་ཕྱིར། ། ཆུ་ཚོད་བསྒྱུར་ཞིང་དེར་བྱིན་ལྷག །མཁའ་རོ་དུས་བར་བསྒྱུར་ནས་ཐོབ། །ལྷག་མ་འབྱུང་མིག་ལག་པས་བགོས། །རྟག་ལོངས་འོག་མ་བུག་སོགས་ཆ། །
ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་དང་རྟག་ལོངས།
ཚེས་དཀྱིལ་བུ་རོ་ཀླུ་ཆར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །རི་རོས་ཐོབ་པས་སྟེང་སྦྱངས་ལྷག །བུག་རོ་ཀླུས་ཐོབ་ཁྱིམ་དཀྱིལ་ཡིན། །ྋཁྱིམ་དཀྱིལ་བུག་རོ་ཀླུར་གསིལ་དེར། །ཆུ་ཚོད་ཤེད་མཚུངས་བགོས་ལྷག་མ། །མདའ་རོའི་བར་བསྒྱུར་རིམ་བགོས་བརྩེགས། །ཟླ་བའི་ཁྱིམ་ཞག་རྟག་ལོངས་ཡིན། །
སྒྲ་གཅན་ཞག་གསུམ་དཀྱིལ་འཁོར།
སྒྲ་གཅན་ཞག་གསུམ་ལོངས་སྤྱོད་ལས། །མཁའ་མཁའ་བུག་རོ་ཚེས་དཀྱིལ་ཡིན། །ྋམདའ་རོས་བསྒྱུར་ཞིང་རི་རོས་ཐོབ༌། །ཁྱིམ་དཀྱིལ་ཡིན་ནོ་ྋསླར་ཡང་ཚེས། །འབྱུང་འདོད་དྲག་བསྒྱུར་ཉི་འདོད་ཟླས། །བགོས་ལྷག་བཞིས་ཐོབ་ཉིན་ཞག་སྟེ། །འོག་མ་ཀླུ་ལག་ཀླུ་ལག་ཆ། །
སྒྲ་གཅན་ཞག་གསུམ་རྟག་ལོངས།
རྒྱུ་སྐར་ཆུ་ཚོད་ཚེས་དཀྱིལ་གྱིས། །བགོས་ལྷག་མཁའ་རོ་དུས་ཉེར་གསུམ། །རིམ་བསྒྱུར་ཐོབ་པ་ཚེས་རྟག་ལོངས། །ཟླ་ཕྱེད་ཟླ་བའང་དེས་རིགས་བསྒྲེས། །ྋཉི་དཀྱིལ་ཀླུ་ལག་ཀླུ་ལག་གིས། །བསྒྱུར་དེར་ཆུ་ཚོད་ཤེད་མཚུངས་ཐོབ། །ལྷག་མ་མཁའ་རོ་དུས་ཉེར་གསུམ། །འབྱུང་འདོད་དྲག་པོས་རིམ་བསྒྱུར་ལ། །བགོད་བྱེད་ཀྱིས་ཐོབ་རིམ་བརྩེགས་པ། །སྒྲ་གཅན་ཉིན་ཞག་རྟག་ལོངས་ཡིན། །ྋཁྱིམ་དཀྱིལ་རི་རོས་བསྒྱུར་བ་ལ། །ཆུ་ཚོད་ཤེད་མཚུངས་བྱིན་པའི་ལྷག །མཁའ་རོ་དུས་དང་མེ་མིག་དང༌། །མདའ་རོའི་བར་བསྒྱུར་རིམ་བགོས་ནོར། །སྒྲ་གཅན་ཁྱིམ་ཞག་རྟག་ལོངས་ཡིན། །
སྦྱོར་བའི་ཚེས་ཞག་རྟག་ལོངས་དང་དཀྱིལ་འཁོར།
ཟླ་བའི་ཚེས་ཞག་ལོངས་སྤྱོད་ལ། །ཉི་མའི་དེ་བྱིན་སྦྱོར་ཚེས་ལོངས།།ྋགནས་ཀུན་རི་རོས་བསྒྱུར་བ་ལ། །རི་རོ་སོགས་ཀྱིས་དབྱུག་སར་འདྲིལ། །ཤེད་མཚུངས་ཆུ་ཚོད་བྱིན་པའི་ལྷག །མཁའ་རོ་གཉིས་དང་དུས་དང་ནི། །དབང་མཁའ་ཐིག་རིའི་བརབསྒྱུར་ཐོབ། །སྦྱོར་བའི་ཚེས་ཞག་དཀྱིལ་འཁོར་ཡིན། །
བྱེད་པའི་ཚེས་ཞག་རྟག་ལོངས་དང་དཀྱིལ་འཁོར།
ཚེས་ཞག་དུས་ལོངས་ཆུ་ཚོད་གནས། །མིག་བགོས་ལྷག་ལ་བསྒྱུར་བསྲེས་བགོས། །ཆ་ཤས་བར་དུ་བྱས་ཐོབ་པ། །བྱེད་པའི་ཚེས་ཞག་རྟག་ལོངས་ཡིན། །ྋགནས་ཀུན་མཚམས་དབང་མཚམས་དབང་བསྒྱུར། །རི་མཁའ་རི་སོགས་དབྱུག་སར་འདྲིལ། །ཆུ་ཚོད་ཤེད་མཚུངས་རིམ་ཐོབ་ནོར། །བྱེད་པའི་ཚེས་ཞག་དཀྱིལ་འཁོར་ཡིན། །
གཟའ་ལྔའི་ཉིན་ཞག་དཀྱིལ་འཁོར།
གཟའ་ལྔའི་ཉིན་ཞག་དཀྱིལ་འཁོར་ནི། །ལྷག་པའི་རི་བུག་རི་ཀླུ་དང༌། །པ་བ་སངས་ཀྱི་རི་རྒྱལ་མིག །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུ་སོ་ཡོན་རིག་བྱེད་དེ། །སྤེན་པའི་རོ་དུས་ཐུབ་ཕྱོགས་སོ། །
དམར་པོའི་ཉིན་ཞག་རྟག་ལོངས།
དམར་པོའི་ཉིན་ཞག་དཀྱིལ་འཁོར་གྱིས། །རྒྱུ་སྐར་ཆུ་ཚོད་བགོས་ཐོབ་དབྱུག །ལྷག་མ་བུག་མིག་ལག་པའི་བར། །བསྒྱུར་ཐོབ་ཉིན་ཞག་རྟག་ལོངས་ཡིན། །
དམར་པོའི་ཁྱིམ་ཞག་དཀྱིལ་འཁོར་དང་རྟག་ལོངས།
བཀྲ་ཤིས་ཉིན་ཞག་གནས་གཉིས་བཀོད། །འོག་མ་མེས་ཚེས་ལག་པས་བསྒྱུར།།བུག་སོགས་ཐོབ་ནོར་སྟེང་ཕྲི་ཡང༌། །གཅིག་ཕབ་ལྷག་སྦྱངས་ཁྱིམ་དཀྱིལ་ཡིན། །ྋཁྱིམ་ཞག་བུག་སོགས་ཆ་རུ་གསིལ། །ཤེད་མཚུངས་ཆུ་ཚོད་བགོས་ཐོབ་དབྱུག །མཁའ་རོ་དུས་བར་རིམ་བསྒྱུར་ཐོབ། །ལྷག་བཅས་བརྩེགས་པ་རྟག་ལོངས་ཡིན།།
དམར་པོའི་ཚེས་ཞག་དཀྱིལ་འཁོར་དང་རྟག་ལོངས།
ཉིན་ཞག་དཀྱིལ་འཁོར་གནས་གཉིས་བཞག །འོག་མ་ཐུབ་རི་ཟླ་བས་བསྒྱུར། །འབྱུང་འདོད་དྲག་པོས་བགོས་ཐོབ་པ། །སྟེང་མ་ལྡན་པ་ཚེས་དཀྱིལ་ཡིན། །ྋཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཤེད་མཚུངས་ཆུ་ཚོད་བྱིན་པའི་ལྷག །བུག་མིག་ལག་དང་རི་མཁའ་རིའི། །བར་བསྒྱུར་ཐོབ་པ་ཚེས་ལོངས་ཡིན།
ལྷག་པའྀ་ཉིན་ཞག་རྟག་ལོངས།
རྒྱུ་སྐར་ཆུ་ཚོད་བརྒྱས་བསྒྱུར་ལ། །རི་བུག་རི་ཀླུ་བགོས་ཐོབ་དབྱུག །ཆ་ཤས་རི་བུག་རི་ཀླུའི་བར། །བསྒྱུར་བགོད་ཉིན་ཞག་རྟག་ལོངས་ཡིན། །
ལྷག་པའྀ་ཁྱིམ་ཞག་དཀྱིལ་འཁོར་དང་རྟག་ལོངས།
རི་བུག་རི་ཀླུ་གནས་གཉིས་འོག །བུག་སོགས་བགོས་ནོར་སྟེང་ནས་ཕྲི། །ཡང་གཅིག་ཕབ་སྦྱངས་སྟེང་བརྒྱས་ཐོབ། །གནས་གསུམ་རིམ་བརྩེགས་ཁྱིམ་དཀྱིལ་ཡིན། །ྋཁྱིམ་དཀྱིལ་ཞག་གནས་བརྒྱ་ཡིས་བསྒྱུར། །ཆ་བཅུག་བུག་སོགས་བསྒྱུར་ཆ་བསྲེས། །རྒྱུ་སྐར་ཆུ་ཚོད་བརྒྱ་དང་ནི། །བུག་སོགས་ཀྱིས་བསྒྱུར་ཤེད་མཚུངས་དེ། །གོང་དེར་དབུགས་བར་བགོས་པའི་ནོར། །ལྷག་པའི་ཁྱིམ་ཞག་རྟག་ལོངས་ཡིན། །
ལྷག་པའྀ་ཚེས་ཞག་དཀྱིལ་འཁོར་དང་རྟག་ལོངས།
ཚེས་ཞག་དམར་པོས་རིགས་བསྒྲེས་ཏེ། །གོང་མ་བརྒྱ་ཡིས་བཅད་པར་བྱ།།ྋཚེས་དཀྱིལ་ཞག་གནས་བརྒྱ་ཡིས་བསྒྱུར། །ཆ་བཅུག་འབྱུང་འདོད་དྲ་པོས་བསྒྱུར། །ཆ་བསྲེས་ཆུ་ཚོད་ཤེད་མཚུངས་དེ། །གོང་དེར་བགོས་པའི་ལྷག་མ་རྣམས། །རི་བུག་རི་ཀླུ་རི་མཁའ་རིའི། །བར་བསྒྱུར་ཚེས་ཞག་རྟག་ལོངས་ཡིན། །
ཁྱིམ་ཚེས་བར་ཁྱད།
ཁྱིམ་དཀྱིལ་གནས་ཀུན་མིག་བསྒྱུར་འདྲིལ། །རི་རོས་ཐོབ་ཅིང་ལྷག་མ་རྣམས། །ཆ་འོག་གཟུགས་བུག་གཟུགས་བུའི་བར། །བསྒྱུར་བགོས་ཐོབ་དེ་ཁྱིམ་ཚེས་ཁྱད། །ྋཚེས་ལས་ཁྱིམ་འཚོལ་ཚེས་དཀྱིལ་བསྒྱུར། །མདའ་རོས་བགོས་པ་ཁྱད་པར་ཡིན། །
ཉིན་ཚེས་བར་ཁྱད།
ཚེས་དཀྱིལ་ཐུབ་རི་ཟླ་བས་སྤེལ། །འབྱུང་འདོད་དྲག་བགོས་ཉིན་ཚེས་ཁྱད། །
ྋཉིན་དཀྱིལ་ཐུབ་རི་ཟླ་བས་སྤེལ། །ཉི་མ་འདོད་ཟླས་བགོས་པ་ཁྱད། །
ཉི་ཁྱིམ་བར་ཁྱད།
ཁྱིམ་དཀྱིལ་མེ་ཚེས་ལག་པས་བསྒྱུར། །བུག་སོགས་བགོས་པ་ཁྱིམ་ཉིའི་ཁྱད། །
ྋཉིན་ལས་ཁྱིམ་ཞག་འཚོལ་བ་ན། །དུས་མདའ་མཁའ་རི་ཡིད་ཀྱིས་བགོའོ།།
No comments:
Post a Comment