༄༅།
།གཤིན་རྩིས་སྙིང་པོར་དྲིལ་བ་ཀུན་ཕན་ཉི་ཟེར་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ། སློབ་དཔོན་སྦྱིན་པ་དབང་ཕྱུག
ཕྱོགས་བསྒྲིགས་པ། བསམ་གཏན་རང་།
འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།།
ཐོག་མར་རྡེའུ་འགྲེམ་ལུགས།
༈ དེ་ལ་རྡེའུ་འགྲེམ་ལུགས་ནི།
གཤིན་པོའི་སྲོག་ལུས་དབང་ཀླུང་བཞིས། ཤི་བའི་དུས་ཀྱི་གནམ་ལོ། ལོག་མེན། བབ་སྤར།
བབ་སྨེ། དར་རྒུད། ཟླ་བ། ཞག དུས་ཚོད། གཟའ། སྐར་མ་སྟེ་བཅུ་པོའི་སྲོག་ལུས་དབང་ཀླུང་བཞིར་འཐབ་པའི་རྡེའུ་བཞི་བཅུ་དང་།
དེ་སྟེང་གསོན་པོའི་སྲོག་ལུས་དབང་ཀླུང་བཞིར་འཐབ་པའི་རྡེའུ་བཞི་བསྣན་པས་རྡེའུ་དྲུག་ཅུ་ཐམ་པ་ལེགས་པར་འགྲེམས་དགོས་སོ།།
གཤིན་པོ།
|
གནམ་ལོ།
|
ལོག་མེན།
|
བབས་སྤར།
|
བབས་སྨེ།
|
དརུ་གུད།
|
ཟླ་བ།
|
ཞག
|
དུས་ཚོད།
|
གཟའ།
|
སྐར་མ།
|
གསོན་ལོ།
|
|||||||||||||||
སྲོག
|
ལོ
|
|||||||||||||||||||||||||
ལུས།
|
ཟླ
|
|||||||||||||||||||||||||
དབང་།
|
ཞག
|
|||||||||||||||||||||||||
ཀླུང་།
|
དུས
|
|||||||||||||||||||||||||
སྲོག་ལུས་དབང་ཀླུང་གི་རྡེལ་འབྲས། ༼གཤིན་པོའི་ཚེ་བསོད་དབང་ཐང་སོགས་ཟད་དང་མ་ཟད།༽
༈ དེ་ནས་ཁ་དམར་གྱི་རྡེལ་འབྲས་ནི། ༈ སྲོག་གི་ཁ་དམར་རྡེའུ་དཀར་ན། ཚེ་མ་ཟད་པར་གདོན་དྲག་པོས་ཁྱེར། །ལྟུང་བཤགས་འདོན། ༈ སྲོག་གི་ཁ་དམར་རྡེའུ་ནག་ན། ཚེ་ཟད་རྒྱགས་རྫོགས་པས་གསོན་རྣམས་སྡུག་བསྔལ་བྱ་དགོས་མེད། འོན་ཀྱང་ཤི་ཁ་བྱེ་བས་རིམ་གྲོ་བརྒྱ་བཞི། བཀྲ་ཤིས་བརྩེགས་པ་ཐོན།།
༈ ལུས་ཀྱི་རྡེའུ་དཀར་ན། གཤིན་ལུས་དུར་དུ་མི་ལྷུང་།
གཤིན་ཆགས་གསོན་ལ་མི་འབབ། དུར་གབ་ཆོད། གསོན་ལ་འགྲམ་ཆགས་མི་འོང་། ༈ ལུས་རྡེལ་ནག་ན།
གཤིན་ལུས་དུར་དུ་ལྷུང་། དུར་སྒོ་བྱེད། གཤིན་ཆགས་གསོན་ལ་བབས། གཤིན་མིག་གསོན་ལ་བལྟ།
དུར་ཁ་རྒྱས་འདེབས་བྱ། དུར་སྲི་མནན། ལྷ་གསོལ། ཤི་ཁ་བྱེ་བས་རྒྱས་པ་འབུམ་ཐང་ཀློག་བྱ།
རོ་ཁུར་ལ་ངན། བཀྲ་ཤིས་བརྩེགས་པ་གང་མང་འདོན།།
༈ དབང་ཐང་ཁ་དམར་རྡེའུ་དཀར་ན། གཤིན་པོ་ཟ་ཐང་དབང་ཐང་ཆེ།
དགེ་བ་ཅི་བྱས་ཐོབ། གནས་མཐོ་རིས་སུ་སྐྱེའོ།། ༈ དབང་ཐང་གི་ཁ་དམར་རྡེའུ་ནག་ན།
གཤིན་པོ་ཟ་ཐང་དབང་ཐང་ཆུང་། ངན་སོང་དུ་སྐྱེས་བས་བླ་མ་དགེ་འདུན་ལ་བསྙེན་བཀུར་བྱ།
རྟེན་གསུམ་ཉམས་པ་གསོས་ལ་གསར་པ་བཞེངས། གསུང་རབ་རྒྱ་ཆེར་སྒྲོག
དེ་ལྟར་བྱས་ན་མཐོ་རིས་ཐོབ།།
༈ ཀླུང་རྟའི་ཁ་དམར་རྡེའུ་དཀར་ན། གསོན་ལ་མི་ཁ་མི་ཕོག། ༈
ཀླུང་རྟ་ཁ་དམར་རྡེའུ་དཀར་ན། གསོན་ལ་མི་ཁ་ཕོག །མི་ཁ་དགྲ་བཟློག་དང་། དགྲ་སྲི་མནན།
འབུམ་སྡེ་ལྔ་ ཀློག་གོ།
སྟངས་གཅོད་ཀྱི་རྡེལ་འབྲས་ནི། ༼རྗེས་ལུས་གང་དང་གང་ལ་ངན་པ། ༽
༈ སྟངས་གཅོད་ཀྱི་རྡེལ་འབྲས་ནི།
དང་པོ་གནམ་ལོའི་སྟངས་གཅོད་རྡེའུ་ནག་ན། ཕ་ཚན་ལ་ངན། གསུང་རབ་སྒྲོག། བརྒྱ་བཞི་བྱ། ༈
བྱི་བའི་ལོ་པ་ཤི་ན། འབྲུག་ལོ་དང་རྟ་ལོ་འཁྲིད། རིམ་གྲོ་གླུད་བཏང་། འབུམ་ཀློག ༈ གླང་ལོ་པ་ཤི་ན། སྦྲུལ་དང་ལུག་ལོ་འཁྲིད།
ཀོང་རྩེ་ལྟོ་བསྒྱུར་བྱ། ༈ སྟག་ལོ་པ་ཤི་ན། སྲིང་མོ་དང་བུ་མོ་བག་མར་ངན། བརྒྱ་བཞི་བྱའོ།།
༈ ཡོས་ལོ་པ་ཤི་ན། སྟག་ལོར་ངན། གཏོར་བཟློག་བྱ། ༈ འབྲུག་ལོ་པ་ཤི་ན།
སྤྲེལ་ལོ་དང་བྱ་ལོར་ངན། །ཀླུ་འབུམ་དང་གཙུག་ཏོར་གང་མང་སྒྲོག། སྦྲུལ་ལོ་པ་ཤི་ན།
བྱ་དང་ཕག་ལོ་འཁྲིད། གཡང་འགུགས་བྱ། ༈ རྟ་ལོ་པ་ཤི་ན། བྱི་དང་ཡོས་ལོར་ངན།
མཆོད་རྟེན་བརྩིགས་ཤིང་མནན་པ་བྱེད། ༈ ལུག་ལོ་པ་ཤི་ན། གླང་ལུག་ལ་ངན། ཆོས་འདོན།
སཱཙྪ་གདབ། ༈ སྤྲེལ་ལོ་པ་ཤི་ན། སྟག་དང་ཕག་ལོར་ངན། མཆོད་རྟེན་གསོས་ལ་སྲི་མནན་བྱ། ༈
བྱ་ལོ་པ་ཤི་ན། ཡོས་དང་གླང་ལོར་ངན། གཏོར་བཟློག་དང་སྦྱིན་སྲེག་དྲག་ཏུ་བྱའོ། ༈
ཁྱི་ལོ་པ་ཤི་ན། འབྲུག་དང་གླང་ལུག་འཁྲིད། ཚེ་གཡང་ཁ་སྤྲོད་བྱ། ༈ ཕག་ལོ་པ་ཤི་ན།
ཕག་དང་ཡོས་ལོ་ཁྲིད། ཆུ་གཏོར་བཏང་ངོ་།།
གཉིས་པ་ལོག་མེན་སྟངས་གཅོད་རྡེལ་འབྲས།
༼གྲོང་པ་སྤྱི་ལ་གནོད་པ་ཡོད་མེད།༽
༈ ལོག་མེན་སྟངས་གཅོད་རྡེའུ་ནག་ན་གྲོང་པ་སྤྱི་ལ་ངན། ལྷ་བསངས་བཏང་།
མདོ་ཐིག་གང་མང་འདོན།།
གསུམ་པ་སྤར་ཁའི་སྟངས་གཅོད་རྡེལ་འབྲས། ༼སྲོག་གང་གིས་བཅད་པ་དང་གང་ལ་ངན་པ།༽
༈ སྤར་ཁའི་སྟངས་གཅོད་རྡེའུ་ནག་ན་རུས་གཅིག་པ་ལ་ངན།
མདོ་སྐལ་བཟང་གང་མང་འདོན། ༈ ལི་ཐོག་ཤི་ན། བུ་སྲིང་ལ་ངན། སྲོག་ཀླུ་བཙན་གྱིས་བཅད།
ཉི་ཁྲི་ཀློག ཚེ་གཟུངས་འདོན། ཕོ་ལྷ་གསོལ། དུར་ཁ་རྟ་ཡི་བཅག ༈ ཁོན་ཐོག་ཤི་ན།
ས་བདག་ཀླུ་བཙན་དང་ཕོ་ལྷས་སྲོག་བཅད། བུད་མེད་ལ་ངན། དགེ་སློང་བཞི་བཟློག་བཏང་།
འབུམ་ཀློག ཡོས་ཐོད་དང་ཤིང་སྣ་རོ་སྟེང་བཞག། དུར་ཁ་ལུག་གིས་བཅག ༈ དྭ་ལ་ཤི་ན། སྲོག་དཀོར་བདག་རྒྱལ་པོ་དང་བཙན་གྱིས་བཙན་གྱིས་བཅད།
སྙིང་དང་འདྲ་བ་ལ་ངན། ཕོ་ཤི་ན་ཕོ་ལ་ངན། བྱ་ཡོས་ཤི་ན་ཤི་ཁ་བྱེ། གླུད་བཏང་།
བཙན་ཆོག་བྱ། དུར་ཁ་ར་དང་བོང་བུས་བཅག། ༈
ཁེན་ཐོག་ཤི་ན། སྲོག་རྒྱལ་པོས་བཅད། རྒན་པོ་ཤི་ན་ཤི་མཇུག་ཆད། བུད་མེད་ཤི་ན་ཁྱོ་ལ་ངན།
བུ་ཤི་ན་བུ་མོ་ལ་ངན། ཁྱི་ཕག་ཤི་ན་ཤི་ཁ་བྱེ། སྣང་བརྒྱད་དང་རྨ་བྱ་ཆེན་མོ་འདོན།
ལྷ་གསོལ། བསངས་བཏང་། དུར་ཁ་རྟ་དང་ཁྱིས་བཅག།
༈ ཁམ་ཐོག་ཤི་ན། ཀླུ་བསེན་མཚོ་སྨན་གྱིས་སྲོག་བཅད། བྲན་ཕོ་ཤི་ན་མཇུག་ཆད།
ཕ་ཤི་ན་བུ་ཆུང་ལ་ངན། ནག་པོ་མགོ་གསུམ་བཏང་། དུར་ཁ་གླང་གིས་བཅག། ༈ གིན་ཐོག་ཤི་ན། པེ་ཧར་རྒྱལ་པོས་སྲོག་བཅད།
བུ་ཆེ་བ་ཤི་ན་ཤི་ཁ་ཆོད། བྱ་སྤྲེལ་ཤི་ན་དུར་སྒོ་རལ། ཕ་ཤི་ན་བུ་ཆེ་བ་ལ་ངན།
མིང་པོ་ཤི་ན་སྲིང་མོ་ལ་ངན། གླང་རུ་ལུང་བསྟན་དང་ཉེས་པ་ཀུན་སེལ་སྒྲོག །དུར་ཁ་གླང་གིས་བཅག།
༈ ཟིན་ལ་ཤི་ན། སྲོག་ཀླུ་སྲིན་དང་བཙན་གྱིས་བཅད། སྙིང་དང་འདྲ་བ་ལ་ངན།
ཕ་ཤི་ན་བུ་དང་བུ་མོ་ལ་ངན། ཡོས་ལོ་ཤི་ན་ཤི་ཁ་བྱེ། འབུམ་དང་གཟུངས་བསྡུས་ཀློག །ཆུ་གཏོར་བཏང་།
དུར་ཁ་ལུག་གིས་བཅག། ༈ ཟོན་ཐོག་ཤི་ན། སྲོག་མ་མོ་དང་རྒྱལ་པོས་བཅད། བུ་མོ་ཆེ་བ་ལ་ངན།
ཆུང་མ་ཤི་ན་ཁྱོ་ལ་ངན། སྲིང་མོ་ཤི་ན་མིང་པོ་ལ་ངན། འབྲུག་སྦྲུལ་ཤི་ན་ཤི་ཁ་བྱེ།
བུད་མེད་སྦྲུམ་མར་ངན། སྦྱིན་སྲེག་བཏང་། སྣང་བརྒྱད་འདོན། དུར་ཁ་མཛོ་དང་ལུག་གིས་བཅག།
བཞི་པ་སྨེ་བའི་སྟངས་གཅོད་རྡེལ་འབྲས། ༼ཤི་རྐྱེན་གང་དང་། སྐྱེས་རྟགས་བཞེངས་དགོས་ཚུལ།༽
༈ སྨེ་བའི་སྟངས་གཅོད་རྡེའུ་ནག་ན་ངན་འགྲོར་སྐྱེས་བས་དགེ་རྩར་བརྩོན།
༈ གཅིག་དཀར་ལ་ཤི་ན། བན་བོན་གསུམ་གྱིས་རིམ་གྲོ་བྱ་སར་འགྲོ་བས་ལན། བྱིས་ཆུང་ལ་ངན།
བན་བོན་གསུམ་གྱིས་རིམ་གྲོ་བྱ། མི་དམར་རྟ་དམར་རོ་སྟེང་འཇོག
སྤྱན་རས་གཟིགས་ཀྱི་སྐུ་བཞེངས། ཡིག་དྲུག་ལ་འབུངས་ན་ཕོ་ལུས་ཐོབ་ཅིང་ཆོས་ལ་བརྩོན།། ༈
གཉིས་ནག་ལ་ཤི་ན། ཆང་དང་ཆུས་བསྙད་བྱས་པས་ལན། བུད་མེད་ལ་ངན། ནག་པོ་མགོ་གསུམ་བཏང་།
དམྱལ་བར་སྐྱེ། ཕྱག་རྡོར་སྐུ་བཞེངས་པ་དང་དགེ་བར་འབད་ན་མཐོ་རིས་སུ་སྐྱེའོ།། ༈ གསུམ་མཐིང་ལ་ཤི་ན།
ཕ་མེས་བཀྲ་རོ་དུར་ནས་གནོད་པས་ལེན། ཕ་མེས་ཀྱི་བཀྲ་རོ་ལངས། ལུག་མགོ་དང་ཚ་ཚ་སེར་པོ་རོ་སྟེང་འཇོག
གླང་ལུས་ལེན། རྡོར་སེམས་སྐུ་བཞེངས། ཡིག་བརྒྱ་ལ་འབད། སྦྱིན་གཏོང་ལ་འབད་ན་ནུབ་ཕྱོགས་སུ་སྐད་རིགས་མི་འདྲ་བའི་བུ་མོར་སྐྱེའོ།།
༈ བཞི་ལྗང་ལ་ཤི་ན། ཆུ་ནད་ཀྱི་གནོད་པས་ལེན། ཟ་འདྲེ་ཆུང་རྒྱུད་ལ་འགྲོ།
ལྕགས་ནག་རོ་སྟེང་དུ་བཞག ཁུ་བྱུག་གི་ལུས་ལེན། ཕྱག་རྡོར་སྐུ་བཞེངས། སཱཙྪ་བཏབ།
ནུབ་ཕྱོགས་སུ་ཕྱུག་པོའི་བུ་མོར་སྐྱེའོ།། ༈ ལྔ་སེར་ལ་ཤི་ན། སྲིང་མོ་ལ་ཟློས།
བནྡེ་གསུམ་གྱི་སཱཙྪ་བཏབ། བསང་ཁྲུས་བྱ། སྤྲེའུའམ་བྱ་ཕོར་སྐྱེ། ཐུབ་པའི་སྐུ་བཞེངས།
རྡོར་གཅོད་ཀློག་ན་ལྷོ་ཕྱོགས་སུ་ཕོ་ལུས་ཐོབ།། ༈ དྲུག་དཀར་ལ་ཤི་ན། གྲིབ་སེལ་བྱ།
བུད་མེད་དུ་སྐྱེ། སྨན་བླའི་སྐུ་བཞེངས།
གཙུག་གཏོར་ཀློག་ན་ལྷོ་ཕྱོགས་སུ་ཡོན་ཏན་ཅན་དུ་སྐྱེ།། ༈ བདུན་དམར་ལ་ཤི་ན། ཁྱིམ་པར་ངན།
བཙན་ཆོག་དང་མི་ཁ་ལྟོ་བསྒྱུར་བྱ། འཕར་སྤྱང་དུ་སྐྱེ་བས།
སྒྲོལ་མའི་སྐུ་བཞེངས་ཤིང་གཟུངས་བཏོན་ན་དགེ་སློང་གི་ལུས་ལེན།། ༈ བརྒྱད་དཀར་ལ་ཤི་ན།
ཕ་སྤུན་སྙིང་དང་འདྲ་བ་ལ་ངན། ལྷ་ལ་གྲིབ་ཕོག་པས་ལེན། ལྷ་བསངས་ཐོངས། བུད་མེད་ལ་སྐྱེ།
སྟོན་པའི་སྐུ་བཞེངས་ན་ལྷ་བཟོ་བར་སྐྱེ།། ༈ དགུ་དམར་ལ་ཤི་ན། ཁྱི་དང་བོང་བུར་སྐྱེ།
འཇམ་དབྱངས་སྐུ་བཞེངས་ཤིང་གཟུངས་འབུངས་ན། ལྷོ་ཕྱོགས་མོན་ཡུལ་ཕྱུག་པོར་སྐྱེའོ།
ཕྱུགས་ལུག་ལ་གོད་ཁ་ལྡང་། གཡང་ཁུག་བྱའོ།།
ལྔ་པ་དར་རྒུད་ཀྱི་སྟངས་གཅོད་རྡེལ་འབྲས། ༼སྐྱེ་བ་གང་དུ་ལེན་ཚུལ།༽
༈ དར་རྒུད་ཀྱི་སྟངས་གཅོད་རྡེའུ་ནག་ན།
ཁྱིམ་ནང་དར་རྒུད་བྱུང་། ནོར་རྒྱུན་མ་སྒྲོག། ལུས་རྫོགས་གོས་གྱོན་ལྷ་རུ་སྐྱེ།
བཙས་པ་ལས་བྱེད་ལྷ་མིན་སྐྱེ། ཁྲུས་བྱེད་དར་བ་མི་རུ་སྐྱེ། དབུགས་ལེན་བཙས་པ་བྱོལ་སོང་སྐྱེ།
།མངལ་གནས་ཤི་བ་ཡི་དྭགས་སྐྱེ། །རྒུད་པ་དུར་ཞུགས་དམྱལ་བར་སྐྱེའོ།། དེ་ལ་བཟློག་ཐབས་འདི་ལྟར་བྱ། །ལྷ་རུ་སྐྱེ་ན་ལྷ་ཞུས་འདོན།
།ལྷ་མིན་སྐྱེ་ན་བརྒྱད་སྟོང་ཀློག །མི་རུ་སྐྱེ་ན་སྡིག་བཤགས་སྟོང་། །དུད་འགྲོར་སྐྱེ་ན་མར་མེ་ཕུལ།
།ཡི་དྭགས་སྐྱེ་ན་སྦྱིན་གཏོང་འབད། །དམྱལ་བར་སྐྱེ་ན་མཚན་འབུམ་བཀླག།
དྲུག་པ་ཟླ་བའི་སྟེངས་གཅོད་རྡེལ་འབྲས། ༼དམིགས་བསལ་གྱི་ལོ་རྟགས་གང་ལ་ངན་པ།༽
༈ ཟླ་བའི་སྟེངས་གཅོད་རྡེའུ་ནག་ན། བུད་མེད་ལ་ངན།
གཟུངས་བསྡུས་བཀླག ཆུ་གཏོར་བཏང་། དེ་ཡང་འབྲུག་ཟླར་ཤི་ན་གླང་ལོར་ངན། ༈
སྦྲུལ་ཟླར་སྤྲེལ་ལ་ངན། ༈ རྟ་ཟླར་ཡོས་ལོར་ངན། ༈ ལུག་ཟླར་ཁྱི་ལོར། ༈ སྤྲེལ་ཟླར་ཕག་ལོར།
༈ བྱ་ཟླར་ཁྱི་ལོར། ༈ ཁྱི་ཟླར་གླང་ལོར། ༈ ཕག་ཟླར་སྟག་ལོར། ༈ བྱི་ཟླ་བྱི་ལོར། ༈
གླང་ཟླར་འབྲུག་ལོར། ༈ སྟག་ཟླར་ལུག་ལོར། ༈ ཡོས་ཟླར་ཤི་བ་རྟ་ལོར་ངན།
དེ་རྣམས་ཀྱི་བཅོས་ཐབས་མདོ་ཐིག་གང་མང་འདོན་ནོ།།
བདུན་པ་ཞག་གི་སྟངས་གཅོད་རྡེལ་འབྲས། ༼ཟ་འདྲེ་གང་དུ་སོང་མིན་དང་རིམ་གྲོ།༽
༈ ཞག་གི་སྟངས་གཅོད་རྡེའུ་ནག་ན། སྟག་ཤར་རྣམས་ལ་ངན།
ཆོས་གཙུག་ཏོར་རྣམ་རྒྱལ་བཀླག། ༈ བྱི་བའི་ཉི་མར་ཤི་ན། ཟ་འདྲེ་ནང་དུ་ལུས།
བགེགས་བསྐྲད་དང་བཟློག་པ་དྲག་པོ་བྱ། གཤེད་མ་ནུབ་བྱང་ནས་འོང་།
དབྱར་ཟླ་ཐ་ཆུང་ལ་སྲོག་བཅད། སྦྲུལ་གྱི་ལུས་ལེན།། ༈ གླང་ཉིར་ཤི་ན།
ཟ་འདྲེ་ཤར་དུ་གོམ་པ་བཅུ་བཞིའི་སར་སོང་།
འབྲུག་ལོ་རྟ་ཕྱུགས་དཀར་པོ་ཡོད་པའི་ནང་ཁྱིམ་ནང་གི་སྟག་ལོ་པ་ལ་ངན།
ཞག་བཞིའམ་བརྒྱད་ལ་རྟགས་འོང་། བཟློག་པ་བྱ། གཤེད་མ་ཤར་ནས་འོང་། དབྱར་ཟླ་ར་བ་ལ་སྲོག་བཅད།
ཕག་གི་ལུས་ལེན། མདོ་སྡེ་བཀླག་ན་ལྷ་ལུས་ཐོབ། སྤུན་དང་ལུག་ལོར་ངན།། ༈
སྟག་གི་ཉི་མར་ཤི་ན། ཟ་འདྲེ་ཤར་དུ་གོམ་པ་གསུམ་ལ་སོང་། བཟའ་མི་བདུན་ནམ་བརྒྱད་ཡོད།
ཞག་གསུམ་ལ་རྟགས་འོང་། གཤེད་མ་ནུབ་ནས་འོང་། དབྱར་ཟླ་ཐ་ཆུང་ལ་སྲོག་བཅད།
རྟའི་ལུས་ལེན། སངས་རྒྱས་མཚན་འབུམ་ཀློག་ཅིང་དགེ་བར་འབད་ན། བུད་མེད་བཟང་པོར་སྐྱེའོ།།
༈ ཡོས་ཀྱི་ཉི་མར་ཤི་ན། ཟ་འདྲེ་ལྷོ་ནུབ་མཚམས་སུ་གོམ་པ་གཉིས་ལ་སོང་། གླང་ལུག་ལ་ངན།
དྲག་པོའི་རིམ་གྲོ་བྱ། གཤེད་མ་ནུབ་ནས་འོང་། དབྱར་ཟླ་ཐ་ཆུང་ལ་སྲོག་བཅད།
གླང་གི་ལུས་ལེན། དཀར་ཆོས་མང་དུ་བྱས་ན་མཐོ་རིས་ཀྱི་གནས་ཐོབ།། ༈ འབྲུག་གི་ཉི་མར་ཤི་ན།
ཟ་འདྲེ་ནུབ་ཏུ་གོམ་བ་བཞི་ལ་སོང་། ཁྱིམ་མི་ལྔ་ཡོད། བཟའ་མི་ཕོ་ལ་ངན།
གཤེད་མ་བྱང་ནས་འོང་། སྟོན་ཟླ་ཐ་ཆུང་ལ་སྲོག་བཅད། སྦྲུལ་གྱི་ལུས་ལེན།
སྡིག་བཤགས་སྟོང་ཐོན་ན་ཕོ་ལུས་ཐོབ། ཁྱི་ལོར་ངན་ནོ།། ༈ སྦྲུལ་གྱི་ཉི་མར་ཤི་ན།
ཟ་འདྲེ་བྱང་དུ་གོམ་པ་དྲུག་ལ་སོང་། ཁྱིམ་ནང་མི་དགུ་ཡོད། སྦྲུལ་ལོ་མ་ལ་ངན།
གཤེད་མ་བྱང་ནས་འོང་། སྟོན་ཟླ་འབྲིང་པོ་ལ་སྲོག་བཅད། སྟག་ཡོས་ལོ་པར་ངན།
ལྷ་བྱའི་ལུས་ལེན། དགེ་འདུན་བསྙེན་བཀུར།
ཆོས་འབྲི་ཀློག་བྱས་ན་ཤར་ཕྱོགས་སུ་མི་ལུས་ཐོབ། ཕག་ལོར་ངན་ནོ།། ༈ རྟའི་ཉི་མར་ཤི་ན།
ཟ་འདྲེ་ནུབ་བྱང་མཚམས་སུ་གོམ་པ་བཅོ་ལྔའི་སར་སོང་། ཁྱིམ་མི་བརྒྱད་ཡོད། བུད་མེད་ལ་ངན།
གཤེད་མ་བྱང་ནས་འོང་། སྟོན་ཟླ་འབྲིང་པོ་ལ་སྲོག་བཅད། སྲིན་པོའི་ལུས་ལེན།
ཐར་མདོ་སྒྲོག་ཅིང་དགེ་བར་འབད་ན་མཐོ་རིས་ཐོབ། བྱི་ལོར་ངན་ནོ།། ༈ ལུག་གི་ཉི་མར་ཤི་ན།
ཟ་འདྲེ་བྱང་དུ་གོམ་པ་བཅུ་གཅིག་ལ་སོང་། བྱི་གླང་འབྲུག་ལོར་ངན། རིམ་གྲོ་ཚེ་མདོ་བཀླག།
གཤེད་མ་ཤར་ནས་འོང་། ལུག་གི་ལུས་ལེན། གསུང་རབ་སྒྲོག་ན་ཁྱེ་འུར་སྐྱེ།
དགུན་ཟླ་ཐ་ཆུང་ལ་སྲོག་བཅད། གླང་ལོ་པར་ངན་ནོ།། ༈ སྤྲེལ་གྱི་ཉི་མར་ཤི་ན།
ཟ་འདྲེ་བྱང་དུ་གོམ་པ་བཅུ་གཉིས་ལ་སོང་། བྱ་ལོར་ངན། བཟློག་པ་བྱ། གཤེད་མ་ལྷོ་ནས་འོང་།
སྟོན་ཟླ་ཐ་ཆུང་ལ་སྲོག་བཅད། བུད་མེད་དུ་སྐྱེ།
རྡོར་གཅོད་སྟོང་ཐོན་ན་བྱང་ཕྱོགས་སུ་བློན་པོའི་ལུས་ལེན། སྟག་ལོ་པར་ངན་ནོ།། ༈
བྱའི་ཉི་མར་ཤི་ན། ཟ་འདྲེ་བྱང་ཤར་མཚམས་སུ་གོམ་པ་བདུན་ལ་སོང་།
ཁྱི་རྟ་དམར་པོ་ཡོད་པའི་སར། ཞག་བཞི་ལ་རྟགས་འོང་། གཤེད་མ་ལྷོ་ནས་འོང་།
དགུན་ཟླ་འབྲིང་པོ་ལ་སྲོག་བཅད། བྱོལ་སྲོང་དུ་སྐྱེ། དགེ་འདུན་ལ་བསྙེན་བཀུར་ཞུས་ཤིང་།
མར་མེ་བརྒྱ་ཕུལ་ན་མི་ལུས་ཐོབ། ཡོས་ལོར་ངན་ནོ།། ༈ ཁྱིའི་ཉི་མར་ཤི་ན།
ཟ་འདྲེ་ཤར་ཕྱོགས་སུ་གོམ་པ་བརྒྱད་ལ་རྟགས་འོང་། གཤེད་མ་ནུབ་ནས་འོང་།
ཡི་དྭགས་སུ་སྐྱེ། ལྟུང་བཤགས་འདོན་ཞིང་མཆོད་སྦྱིན་ལ་འབདན་ན་ཕྱུག་པོའི་ལུས་ཐོབ།
འབྲུག་ལོར་ངན་ནོ།། ༈ ཕག་གི་ཉི་མར་ཤི་ན། ཟ་འདྲེ་ཤར་དུ་གོམ་པ་བཅོ་ལྔའི་སར་སོང་།
ཕག་སྦྲུལ་ལོར་ངན། ཟ་འདྲེ་ཁ་བསྒྱུར་བྱ། ངན་སོང་དུ་སྐྱེ།
ཉི་ཁྲི་ཀློག་མི་ལུས་གཙང་མ་ཐོབ། སྦྲུལ་ལོ་པར་ངན་ནོ།།
བརྒྱད་པ་དུས་ཚོད་ཀྱི་སྟངས་གཅོད་རྡེལ་འབྲས། ༼ངན་ཕྱོགས་གང་དུ་འབབ་པ་དང་དེའི་རིམ་གྲོ།
༽
༈ དུས་ཚོད་ཀྱི་སྟངས་གཅོད་རྡེའུ་ནག་ན་ཉེ་བ་ལ་ངན།
བརྒྱད་སྟོང་པ་ཀློག། ༈ ནམ་ལངས་ཡོས་དུས་སུ་ཤི་ན། སྤྲེལ་ཟླར་བླ་བཅད།
བྱང་དུ་བཟའ་མི་ལྔ་ལ་ངན། རྡོར་གཅོད་དང་སཱཙྪ་བཏབ་ན་ལྷ་ལུས་ཐོབ།། ༈ འབྲུག་དུས་ཤི་ན།
ཞག་བཅུ་གཅིག་ལ་གླང་གི་ལུས་ལེན། མདོ་སྡེ་མཛངས་བླུན་སྒྲོག། ༈ སྤྲུལ་དུས་སུ་ཤི་ན།
བྱིས་པ་ལ་ཆགས་ཆེ། མཚན་འབུམ་ཀློག་ཅིང་མཆོད་རྟེན་གསོ། ༈ རྟ་དུས་སུ་ཤི་ན།
སྦྲུམ་མ་རྣམས་ལ་གཤེད་གབ། བྱི་ལོར་ངན། སྲིན་པོའི་གཟུགས་བཅོས་ལ་གྲིས་གཏུབ་མནན་པ་བྱ།
མཚན་འབུམ་དང་རྡོར་གཅོད་ཀློག། ལུག་དུས་སུ་ཤི་ན། གཡོག་འཁོར་ཕོ་མོ་ལ་ངན།
ལུག་གི་གཟུགས་བཅོས་ལ་མནན། བརྒྱད་སྟོང་པ། འབུམ། གསེར་འོད། བཟང་སྤྱོད་ཀློག། ༈
སྤྲེལ་དུས་སུ་ཤི་ན། སྟག་དངཡོས་ལོར་ངན། སྤང་སྐོང་བཟང་སྤྱོད་ཀློག མཆོད་རྟེན་གསོ།
དར་ཤིང་འཛུགས། ཆུ་གཏོར་བཏང་། ༈ བྱ་དུས་སུ་ཤི་ན།
སྦྲུམ་མ་དང་བྱིས་པ་གཅིག་ལ་ཟ་འདྲེ་འགྲོ། ལྟུང་བཤགས་དང་སྦྱིན་སྲེག་བྱ།། ༈
ཁྱི་དུས་སུ་ཤི་ན། སྐྱེས་པ་གཅིག་ལ་གཤེད་གབ།
མདོ་བསྐལ་བཟང་དང་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་ཐོན།། ༈ ཕག་དུས་སུ་ཤི་ན། རོ་བདག་དང་ལུག་ལོར་ངན།
གཏོར་ཟློག་བཏང་། སཱཙྪ་བཏབ། རྣམ་འཇོམས་ཀློག། ༈ བྱི་བའི་དུས་སུ་ཤི་ན། རྟ་སྦྲུལ་ལ་ངན།
དོན་ཞགས་ཀྱི་གཟུངས་འདོན། མ་ཎི་བཞེངས།། ༈ གླང་དུས་སུ་ཤི་ན། ཉི་ཁྲི་ཀློག།
ཏོག་གཟུངས་འདོན།། ༈ སྟག་དུས་སུ་ཤི་ན་རྡོར་གཅོད་དང་མི་འཁྲུགས་སཱཙྪ་སྣ་ལྔ་བཏབ་དགོས་སོ།།
དེ་ལྟར་བྱས་པས་གནས་མཐོ་རིས་སུ་སྐྱེའོ།།
དགུ་པ་གཟའི་སྟངས་གཅོད་རྡེལ་འབྲས། ༼རྒན་གཞོན་བྱིས་པ་སོགས་གང་ལ་ངན་པ་དང་རིམ་གྲོ།༽
༈ གཟའི་སྟངས་གཅོད་རྡེའུ་ནག་ན་བཟའ་ཚང་ནང་དུ་ངན་པ་ཡིན།
གཟའ་ཆོག་དང་གཏོར་ཟློག་དྲག་ཏུ་བྱ། ༈ གཟའ་ཉི་མ་ལ་ཤི་ན། རུས་སྤྱི་ལ་ངན།
ཁྱི་ཐོད་རོ་སྟེང་འཇོག་ཅིང་སྲི་མནན་བྱ།། ༈ གཟའ་ཟླ་བར་ཤི་ན། བུད་མེད་དང་བྱིས་པར་ངན།
ལུག་ཐོད་དང་སཱཙྪ་སེར་པོ་རོ་སྟེང་བཞག སྲི་མནན་བྱ། གཟུངས་གྲྭ་ལྔ་འདོན།། ༈
མིག་དམར་ལ་ཤི་ན། བྱིས་པ་དང་སྟག་ཤར་ལ་ངན། ལུག་ཐོད་དང་གླང་ཐོད་རོ་སྟེང་འཇོག
ལྷ་གསོལ་བྱ།། ༈ ལྷག་པར་ཤི་ན། མི་མང་པོ་ཤི། རོ་སྟེང་ལུག་ཐོད་གླང་ཐོད་མནན།
ལྷ་གསོལ་འབད།། ༈ ཕུར་བུར་ཤི་ན། ཕ་ཁུ་རྒན་རིགས་ལ་ངན། རོ་སྟེང་བྱ་ཕོ་དཀར་པོ་བཞག
གཟའ་ཡུམ་ཀློག། ༈ པ་སངས་ལ་ཤི་ན། རྒན་རྒོན་རྣམས་ལ་ངན།
རོ་སྟེང་རྟ་ཐོད་དང་སྦྲུལ་ཐོད་འཇོག། ༈ སྤེན་པར་ཤི་ན། ཡུལ་མི་ཁྱིམ་མཚེས་ལ་ངན།
རོ་སྟེང་བོང་བུའི་ཐོད་པ་དང་ཤིང་སྣ་འཇོག གཟའ་ཡུམ་ཀློག སྤྲང་པོ་ལ་ལྟོ་སྦྱིན།
གཡང་ལེན་བྱའོ།།
བཅུ་པ་སྐར་མའི་སྟངས་གཅོད་རྡེལ་འབྲས། ༼གནོད་པ་སྤྱི་དང་དེའི་བཟློག་ཐབས།༽
༈ བཅུ་པ་སྐར་མའི་སྟངས་གཅོད་རྡེའུ་ནག་ན་ཁྱིམ་མཚེས་ལ་ངན།
བརྒྱ་བཞི་བྱའོ།། ༈ ༼༢ སྨིན་དྲུག༽ སྨིན་དྲུག་ལ་ཤི་ན། ཡུལ་དྲུག་ལ་ངན།
སྐར་མ་ཡུམ་ཚང་མང་དུ་སྒྲོག། རོ་ཁུར་དུ་མི་རུང་།
རོ་ལ་ཐིག་དྲུག་ཏུ་བཏབ་ལ་དུམ་བུ་དྲུག་ཏུ་བཅོས་ན་ཐུབ། བྱི་ཕག་ཐོད་པ་རོ་སྟེང་བཞག། ༈ ༼༣ སྣར་མ༽ བི་རྫི་ལ་ཤི་ན།
ནོར་གཡང་ཉམས། རོ་སྟེང་འབྲུ་བྲེ་གང་བཞག་ལ་ཚུར་བླང་། གཡང་ཁུག་ལན་དྲུག་བྱ།། ༈ ༼༤ མགོ༽༽མགོ་ལ་ཤི་ན།
ས་མཁར་རྩེ་ནས་གཞིག ལྟོ་ནག་མགོ་གསུམ་བྱ། སྐར་མ་ཡུམ་མང་དུ་སྒྲོག མདོ་སྡེ་རྒྱན་ཀློག།
ཞག་ལྔའི་བར་དུ་རོ་མི་བསྒུལ།། ༈ ༼༥ ལག༽ ལག་ལ་ཤི་ན། རོ་ལྔ་གྲོང་དུ་འོང་། འབྲུ་སྣ་བླུགས།
སཱཙྪ་དཀར་པོ་གཅིག་རོ་སྟེང་བཞག གཟར་བུའི་ནང་དུ་ཕོར་པ་བཅུག་ལ་ཤར་དུ་བསྟན་པས་ཐུབ་བོ།།
༈ ༼༦ ནབས་སོ༽ རྒྱལ་སྟོད་ལ་ཤི་ན། མི་གཡང་ཉམས། རོ་སྟེང་འབྲུ་འབྲེ་གང་བཞག
ཚུར་བླང་ནས་གཡང་ཁུག་ལན་གསུམ་བྱའོ།། ༈ ༼༧ རྒྱལ།༽ རྒྱལ་སྨད་ལ་ཤི་ན། སྐྱེས་པ་དར་མ་ལ་ངན།
གཡག་དང་ལུག་གི་ཐོད་པས་མནན། ལྕགས་སྣ་ཤར་ཕྱོགས་སུ་བསྟན་པས་ཐུབ།། ༈ ༼༨ སྐག༽ ཝ་ལ་ཤི་ན།
ཤི་ཁ་བྱེ། དུར་སྲི་མནན། བྱིས་པ་ཆུང་ངུ་ལ་ངན།། ༈ ༼༩ མཆུ།༽ རྟ་ཆེན་ལ་ཤི་ན། སྟྭ་རེ་རོ་སྟེང་འཇོག། ༼༡༠
གྲེ།༽ ༈
རྟ་ཆུང་ལ་ཤི་ན། སྐར་ཡུམ་ འདོན། ཕུང་སྲི་མནན། དེ་མ་བྱས་ན་བུ་ལ་ངན།། ༈ ༼༡༡
དབོ།༽ ཁྲ་ལ་ཤི་ན། དགྲ་སྲི་མནན།
དགྲ་བཟློག་བྱ།། ༈ ༼༡༢ མེ་བཞི།༽ བྱ་མ་ལ་ཤི་ན། བྱ་ཕོ་རོ་ཡི་སྟེང་དུ་བཞག
ཤི་ཁ་དེ་ཡིས་ཆོད་པ་འོང་།། ༈ ༼༡༣ ནག་པ།༽ བྱའུ་ལ་ཤི་ན། མི་ཕྱུགས་ཁྲག་སྣ་རོ་སྟེང་བཞག
ངར་མི་རོ་ཁུང་དུ་སྦས། བཤགས་པ་ལ་སོགས་འབད་པར་བྱ།། ༈ ༼༡༤ ས་རིས།༽ ས་རི་ལ་ཤི་ན། གནམ་སྒོ་གཅོད། གཡང་འགུགས་བྱ། ངར་མི་དགུ་མགལ་པ་དགུ་རོ་ཁུང་དུ་སྦས།
སྐར་ཡུམ་བཀླག། ༈ ༼༡༥ ས་ག༽ ས་ག་ལ་ཤི་ན། ས་སྒོ་རལ་སྦྱིན་སྲེག་བཏང་། མི་དྲག་ཅིག་དང་།
སྐྱེས་པ་དར་མར་ངན། རྒན་མོ་ཤི་ན་རྩུབ། མདོ་སྡེ་དང་གཙུག་ཏོར་འདོན།། ༈ ༼༡༦
ལྷ་མཚམས།༽ ལག་སོར་ལ་ཤི་ན།
ཕྱུག་ལ་གོད་ཁ་འོང་། ནོར་གཟུངས་གཡང་ལེན་དྲག་ཏུ་བྱ།། ༈ ༼༡༧ སྣྲོན།༽ ལྡེ༌གུར༌ཤི༌ན། བརྒྱད་སྟོང་པ་འདོན།
ར་ཁྱི་ཕག་གསུམ་གྱི་ཐོད་པ་རོ་སྟེང་བཞག ༈ ༼༡༨ སྣུབས༽ གྲུ་སོག་ལ་ཤི། མི་གཅིག་ཡོད་པར་ངན། སྲི་མནན་བྱ། ༈ ༼༡༩
ཆུ་སྟོད།༽ བྲེ་ལ་ཤི་ན།
ཕྱུག་པོ་གསུམ་ནས་འབྲུ་བླང་གཡང་ལེན་བྱ། གྲིབ་བསངས་བཏང་། ༈ ༼༢༠
ཆུ་སྨད།༽ ཕུལ་ལ་ཤི་ན།
ཕོ་མོ་གང་ཡིན་ཤི་མཇུག་ཆད། སྡོང་རྒྱན་ཀློག ༈ ༼༢༡ གྲོ་བཞིན། བྱ་ཟེར་བྱ་ཞུག་གཉིས་ཀ་ཅོད། ༈ ༼༢༢ མོན་གྲེ།༽ བྱ་ཞུག་གཉིས་ལ་ཤི་ཀ་གཅོད། ༈ ༼༢༣ མོན་གྲུ།༽ སྒྲོག་ལ་ཤི་ན། མི་ནོར་ལ་ངན། གཡང་ལེན་བྱ། ནོར་རྒྱུན་སྒྲོན
བརྒྱ་བཞི་ཆུ་གཏོར་བཏང་། སཱཙྪ་སེར་པོས་མནན། ༈ ༼༢༤ ཁྲུམས་སྟོད།༽ ཁྲུམས་སྟོད་ལ་ཤི་ན། བུད་མེད་ལ་ངན། ཁྱེ་འུས་ཞུས་མདོ་ཀློག ༈ ༼༢༥
ཁྲུམས་སྨད།༽ ཁྲུམས་སྨད་ལ་ཤི་ན། ཆུ་གཏོར་གང་མང་བཏང་།
༈ ༼༢༦
ནམ་གྲུ།༽ཤེ་ས་ལ་ཤི་ན། རྩིས་མཁན་ལ་ངན།
ལྟོ་ནག་སྒོ་གསུམ་དང་ཟ་འདྲེ་ཁ་བསྒྱུར་བྱའོ། ༈ ༼༠ ཐ་སྐར།༽ དབྱུག་པ་ལ་ཤི་ན། ཡུལ་མི་གསུམ་ལ་ངན།
ཁུང་བུ་བདུན་དུ་ཤིང་སྣ་བདུན། དུམ་བུར་གཏུབ་ལ་སྦ་བར་བྱ།
དབྱུག་པ་བཅུ་གསུམ་ཀླད་ལ་བསྐོར། དེ་ཡང་བཅག་ལ་ཁུང་བུར་སྦའོ། ༈ ༼༡
བྲ་ཉེ།༽ བྲ་ཉེ་ལ་ཤི་ན། མི་ཆེན་གསུམ་བསྟུད་མར་འཆི།
གླང་མའི་བྱང་བུ་གསུམ་ལ་ནི། མི་ཡི་གཟུགས་བྲིས་རོ་ཁུང་མནན། སྐར་ཡུམ་ཀློག
མི་གཟུགས་དཀར་པོ་རོ་སྟེང་འཇོག་པ་གལ་ཆེའོ།།
བཅུ་གཅིག་པ་གསོན་པོའི་སྟངས་གཅོད་རྡེལ་འབྲས། ༼རྗེས་ལུས་གསོན་པོའི་རིམ་གྲོ་ཡོད་མེད།༽
༈ གསོན་པའོ་སྟངས་གཅོད་རྡེའུ་དཀར་ན་ལེགས། རྡེའུ་ནག་ན།
རྗེས་འཇུག་སྙིང་དང་འདྲ་བ་ཁྲིད་ཅེས་ངན། བགེགས་བསྐྲད། སྦྱིན་སྲེད། བཀྲིས་བརྩེགས་པ་སོགས་འདོན་པར་བྱའོ།།
རོ་ལ་རེག་ཏུ་མི་རུང་བའི་གང་ཟག
༈ བྱི་ལོ་པ་ཤི་ན། བྱ་གླང་སྦྲུལ་གསུམ་གྱིས་མི་རེག། ༈
གླང་ལོ་པ་ཤི་ན། ལུག་སྦྲུལ་ཁྱི་གསུམ་གྱིས་མི་རེག། ༈ སྟག་ལོ་པ་ཤི་ན།
སྤྲེལ་བྱ་ཕག་གསུམ་གྱི་མི་རེག། ༈
ཡོས་ལོ་པ་ཤི་ན། བྱ་ལུག་བྱི་གསུམ་གྱི་མི་རེག།
༈ འབྲུག་ལོ་པ་ཤི་ན། བྱི་ཕག་རྟ་གསུམ་གྱི་མི་རེག། ༈ སྦྲུལ་ལོ་པ་ཤི་ན།
བྱ་ཕག་རྟ་གསུམ་གྱི་མི་རེག། ༈
རྟ་ལོ་པ་ཤི་ན། བྱི་ཡོས་འབྲུག་གསུམ་གྱི་མི་རེག།
༈ ལུག་ལོ་པ་ཤི་ན། གླང་ལུག་ཕག་གསུམ་གྱི་མི་རེག། ༈ སྤྲེལ་ལོ་པ་ཤི་ན།
བྱི་ཕག་སྦྲུལ་གསུམ་གྱི་མི་རེག། ༈ བྱ་ལོ་པ་ཤི་ན། ཡོས་གླང་སྦྲུལ་གསུམ་གྱི་མི་རེག། ༈
ཁྱི་ལོ་པ་ཤི་ན། འབྲུག་ལུག་སྟག་གསུམ་གྱི་མི་རེག། ༈ ཕག་ལོ་པ་ཤི་ན།
བྱ་སྤྲེལ་སྦྲུལ་གསུམ་གྱི་རེག་ཏུ་མི་རུང་བ་ཡིན་ནོ།།
ཁུར་དུ་མི་བཏུབ་པའི་གང་ཟག
༈ ལོ་གཅིག་པས་མི་ཁུར། ཀེག་ཆེན་གྱིས་མི་ཁུར།
བདུན་ཟུར་གྱིས་མི་ཁུར། མཐུན་གསུམ་གྱིས་མི་ཁུར།
སྤར་ཁ་གདན་ཐོག་གཅིག་པ་དང་འཐབ་དགྲ་གཤིན་དང་རོ་ཁུར་ཐུག་པས་མི་ཁུར།
དཀར་གསུམ་ལ་བབས་ན་མི་ཁུར། ཟླ་ཞག་དུས་ཚོད་རོ་ཁུར་གྱི་བདུན་ཟུར་ཀེག་གཤེད་ཀྱང་ངན་ནོ།།
ཁུར་དུ་བཏུབ་པའི་གང་ཟག
༈ སྟག་ཡོས་ཀྱི་རོ་རྟ་སྦྲུལ་གྱིས་འཁུར་ན་བཟང་།
རྟ་སྦྲུལ་གྱི་རོ་གླང་ལུག་ཁྱི་འབྲུག་བཞིས་འཁུར་ན་བཟང་།
གླང་ལུག་ཁྱི་འབྲུག་བཞིའི་རོ་བྱ་སྤྲེལ་གྱིས་འཁུར་ན་བཟང་།
བྱ་སྤྲེལ་གྱི་རོ་བྱི་ཕག་གི་ཁུར་ན་བཟང་། བྱི་ཕག་གི་རོ་སྟག་ཡོས་ཀྱིས་འཁུར་ན་བཟང་།།
དབང་མེད་དུ་ཁུར་དགོས་པའི་སྐབས་ཀྱི་བཟློག་ཐབས།
༈ སྤར་སྨེ་ལོ་ཡི་མི་བཏུབ་ཀྱང་དབང་མེད་ཁུར་དགོས་ན།
རོ་དེ་ཐོག་མར་བྱོལ་སོང་བཀལ། ལོ་རྟ་གཅིག་པས་འཁུར་དགོས་ན། མ་ལོ་རང་གི་ཨམ་ཕྲར་བཅུག
རོ་ལ་གཅོད་པའི་སྟྭ་རེ་བཏགས། བདུན་ཟུར་རྣམས་ཀྱིས་འཁུར་དགོས་ན།
ཐུབ་པའི་ལོ་དང་འབྱུང་བ་བསྟན། མཐུན་གསུམ་ཡིན་ཀྱང་འཁུར་དགོས་ན། རང་ཀླུང་སྲོག་བསྐྱེད་རང་མགོར་བཏགས།
ཀེག་ཆེན་རྣམས་ཀྱིས་འཁུར་དགོས་ན། ལོ་རྒན་བཅུ་གཉིས་གླུད་དུ་བཏང་།
རང་ལོ་ཁྱིམ་དུ་རྟག་ཏུ་བཟུང་།།
༈ དེ་ནས་ས་བདག་ཁང་བུ་ལེགས་པར་བསྐོར་ཏེ་རོ་ཡི་འདོན་ཕྱོགས་ས་བདག་མེད་སར་བཏོན་ཚུལ།
ལོ་ལ་འཁོར་བའི་ས་བདག་མེད་ས་ནི།
༈ ཐོག་མར་བྱི་ལོ་ཤར་ཚེ་རོ་ལམ་བྱང་ཤར་མཚམས་སུ་ཡོད།
ཤར་སྨད་དང་ལྷོ་སྨད་དུའང་བཏུབ་ཙམ་ཡོད། ༈ གླང་ལོ་ཤར་ཚེ་རོ་ལམ་ལྷོ་སྟོད་དང་ནུབ་སྟོད་གཉིས་ལ་ཡོད།
སྟག་ལོར་ལྷོ་སྟོད་དང་ནུབ་སྨད་ལ་ཡོད། ༈
ཡོས་ལོར། ཤར་ལྷོ་མཚམས་སུ་ཡོད། ཤར་སྟོད་དང་ལྷོ་སྟོད་ལྷོ་སྨད་ལའང་བཏུབ་ཙམ་ཡོད། ༈
འབྲུག་ལོར། ལྷོ་སྨད་དང་ནུབ་སྟོད་ལ་ཡོད། ཤར་སྨད་ལའང་བཏུབ་ཙམ་ཡོད། ༈ སྦྲུལ་ལོར།
ལྷོ་སྨད་དང་བྱང་སྨད་ལ་ཡོད། ནུབ་སྟོད་དང་ནུབ་སྨད་ལ་བཏུབ་ཙམ་ཡོད། ༈ རྟ་ལོར།
ལྷོ་ནུབ་མཚམས་སུ་ཡོད། ལྷོད་སྟོད་དང་ནུབ་་སྨད་དུའང་བཏུབ་ཙམ་ཡོད། ༈ ལུག་ལོར།
ནུབ་སྨད་དང་བྱང་སྟོད་ལ་ཡོད། ཤར་སྟོད་ལའང་བཏུབ་ཙམ་ཡོད། ༈ སྤྲེལ་ལོར།
ཤར་སྨད་དང་ནུབ་སྨད་བྱང་སྨད་དུ་ཡོད། བྱང་སྟོད་ལའང་བཏུབ་ཙམ་ཡོད། ༈ བྱ་ལོར།
ནུབ་བྱང་མཚམས་སུ་ཡོད། ནུབ་སྟོད་བྱང་སྨད་ལའང་བཏུབ་ཙམ་ཡོད། ༈ ཁྱི་ལོར།
ཤར་སྟོད་དང་ལྷོ་སྟོད་བྱང་སྨད་ལ་ཡོད། ནུབ་སྨད་ལའང་བཏུབ་ཙམ་ཡོད། ༈ ཕག་ལོར།
ཤར་སྨད་དང་ལྷོ་སྟོད་ལ་ཡོད། ཤར་སྟོད་ལའང་བཏུབ་ཙམ་ཡོད།།
ཟླ་བ་ལ་འཁོར་བའི་ས་བདག་མེད་ས་བཏོན་པ་ནི།
༈ སྟག་གི་ཟླ་བར། རོ་ལམ་ལྷོ་དང་།
ནུབ་སྨད་ལྷོ་ནུབ་མཚམས་སུ་ཡོད། ཤར་སྨད་དང་ཤར་ལྷོ་བྱང་ཤར་མཚམས་སུའང་བཏུབ་ཙམ་ཡོད། ༈
ཡོས་ཟླར་ནཤར་སྟོད་དང་ནུབ་བྱང་དུ་ཡོད། ལྷོ་ནུབ་དང་བྱང་སྟོད་དུའང་བཏུབ་ཙམ་ཡོད། ༈
འབྲུག་ཟླར། ནུབ་སྨད་དང་བྱང་སྟོད་དུ་ཡོད། ཤར་སྨད་དང་བྱང་སྨད་དུའང་བཏུབ་ཙམ་ཡོད། ༈
སྦྲུལ་ཟླར། བྱང་སྟོད་དུ་ཡོད། ཤར་སྨད།
ནུབ་སྟོད། བྱང་ཤར་མཚམས་སུའང་བཏུབ་ཙམ་ཡོད། ༈ རྟ་ཟླར། ལྷོ་ནུབ་མཚམས་དང་།
ནུབ་བྱང་མཚམས་སུའང་བཏུབ་ཙམ་ཡོད། ༈ ལུག་ཟླར། ལྷོ་སྨད་དང་ནུབ་སྨད་བྱང་སྨད་དུ་ཡོད།
ཤར་སྨད་དང་ཤར་ལྷོ་ཤར་སྟོད་ལའང་ཡོད། ལྷོ་སྟོད་དང་བྱང་དྲང་པོར་བཏུབ་ཙམ་ཡོད། ༈ སྤྲེལ་ཟླར།
ལྷོ་ནུབ་མཚམས་དང་ནུབ་སྨད་དུ་ཡོད། ལྷོ་སྨད་དང་ནུབ་བྱང་མཚམས་བྱང་སྟོད་དུའང་བཏུབ་ཙམ་ཡོད།
༈ བྱ་ཟླར། ཤར་ལྷོ་མཚམས་དང་ལྷོ་སྟོད་དུ་ཡོད། ཤར་སྨད་དང་བྱང་སྨད་དུ་བཏུབ་ཙམ་ཡོད། ༈
ཁྱི་ཟླར། ཤར་སྟོད་དང་ཤར་སྨད་ལྷོ་སྟོད་ནུབ་སྨད་དུ་ཡོད། ལྷོ་སྨད་དུའང་བཏུབ་ཙམ་ཡོད། ༈
ཕག་ཟླར་ཤར་སྨད་དང་། ནུབ་བྱང་མཚམས། བྱང་སྨད་དུ་ཡོད། ལྷོ་སྨད་ལའང་ཡོད།
ཤར་སྟོད་ཤར་ལྷོ་མཚམས་དང་ནུབ་སྨད་དུའང་བཏུབ་ཙམ་མོ། ༈
བྱི་ཟླར་བྱང་སྟོད་དང་བྱང་ཤར་མཚམས་སུ་ཡོད། ལྷོ་དྲང་པོ་དང་བྱང་དྲང་པོར་བཏུབ་ཙམ་མོ། ༈
གླང་གི་ཟླ་བར་ལྷོ་སྟོད་ལྷོ་སྨད་ནུབ་སྟོད་བྱང་སྨད་དུ་ཡོད།
ཤར་སྨད་དང་བྱང་སྟོད་ལའང་བཏུབ་ཙམ་ཡོད། ས་བདག་ཁང་བུ་འགྲིགས་དགོས་པ་ལྟ་ཅི།
གོང་གི་ལོ་འཁོར་ས་བདག་དང་། ཟླ་འཁོར་ས་བདག་ཀྱང་འགྲིག་སྟེ་བཏང་དགོས་པ་ཡིན་ནོ།།
ཞག་དང་དུས་ཚོད་ཀྱི་ས་བདག་གནས་ཚུལ་ལ།
པི་ལིང་ཉི་ནག་དབུལ་ཉི། ཧལ་ཁྱི་སོགས་ལ་རོ་མི་གཏོང་ངོ།། ༈
དུས་ཚོད་ཀྱི་ས་བདག་ཟིན་ཕུང་རྒྱུ་དུས་དང་།
ཧལ་ཁྱི་སོགས་ལའང་བཏོན་མི་རུང་བས་ལེགས་པར་བལྟ་དགོས་སོ།།
གཤིན་པའི་ལོ་དང་བསྟུན་པའི་རོ་བཏོན་དུ་མི་བཏུབ་པའི་ཕྱོགས།
༈ གཤིན་པོའི་ལོའི་སྟེང་དུ་མི་བཏུབ།
དེ་བཞིན་དུ་བདུན་བཟུར་དང། གསོན་པོ་གཙོ་ཆེ་བའི་ལོ་དང་།
ལོག་མེན་སོགས་ཀྱི་སྟེང་དུ་རོ་མི་བཏང་། ཟླ་བ་ཞག་དུས་ཚོད་ཀྱི་སྟེང་དུའང་མི་བཏུབ།
རོ་ལམ་དགྲ་ཐོག་ཏུ་མི་བཏུབ། དཔེར་ན་སྟག་ཡོས་ནུབ་ཏུ་མི་བཏུབ། དེས་བསྒྲེ།།
བཅོས་ཐབས།
༈ བཅོས་ཐབས་ནི། སྣང་བརྒྱད་གཟའ་ཡུམ་སྐར་ཡུམ་དང་།
མཚན་བརྗོད་བཀྲིས་བརྩེགས་པ་དང་། མདོ་ཐིག་ཉེས་པ་ཀུན་སེལ་དང་།
ཁྱད་པར་ལྷ་བསང་དག་ལ་འབུངས། དེ་ཡིས་ཉེས་པ་ཐམས་ཅད་སེལ། རོ་ལམ་དྲང་ས་མ་རྙེད་ན།
ལྷོ་དང་བྱང་གཉིས་དྲང་པོ་ནི། རྟ་སྦྲུལ་བྱི་ཕག་མཇུག་སྤྲོད་བར།
རྟ་གཞུར་གང་ཙམ་ཡོད་པས་ན། རོ་ལམ་དཀར་ཏེ་དྲང་བར་བྱ། རོ་ལམ་མཚོན་གྱིས་བརྡེག་ཚུར་བྱ། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱིས།
།རོ་སྣ་དྲངས་ཤིང་མཇུག་ཀྱང་བཏུལ། རྩིས་མཁན་བསྐྱེད་རྫོགས་ཏིང་འཛིན་སྤར།
སྣང་སྲིད་ལྷ་འདྲེར་གསེར་སྐྱེམས་འབུལ། རང་སྲུང་ཀུན་ཐུབ་འཁོར་ལོ་འདོགས།
རུས་སྦལ་ཁོག་པ་ལུས་ལ་བཅངས།། གཟུགས་མོ་བྱི་ཐུར་མགོ་ལ་གཟེར།
།དགུ་ཐུབ་རྩོད་རྭ་ཐོགས་ཏེ་འགྲོ།།
དུར་ཁྲོད་ལོགས་སུ་མེད་ན་ དུར་སའི་ཆེད་དུ་ས་བླང་བའི་ཆོ་ག
༈ གཤིན་པོའི་ས་བླང་བའི་ཆོ་ག་ནི།
གཏོར་མ་ཟླུམ་པོ་མཐེབ་ཀྱུ་གཅིག་མ་གཅིག་བཤམ་ལ། ཐོག་མར་གསེར་སྐྱེམས་རྒྱས་པར་བཏང་།
གཏོར་མ་རཾ་ཡཾ་ཁཾ་གྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས།
བྷཱུ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར།
ཨོ་ཨཱཿཧཱུ་ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཞེས་པས་ས་ཡི་བདག་པོ་རྣམས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པཱ་རི་ཨ་ཀཱ་རོ་མུ་ཁམ་སརྦ་དྷརྨཱ་ཎཱམ་ཨཱདྱ་ནུཏྤནྣ་ཏྭཱོ་ཏ་ཨོ་ཨཱཿཧཱུ་ཕཊ་སྭཱཧཱ།
ལན་གསུམ་གྱིས་གཏོར་མ་བསྔོ། གང་དག་འདིར་ནི་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ།
།གཤིན་དུར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་སྩལ་དུ་གསོལ།། ཞེས་ལན་གསུམ་གསོལ་བས། ས་ཡི་བདག་པོ་རྣམས་ཀྱིས་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ་ལ།
གཏོར་མ་ཕྱི་རོལ་དུ་དོར།། །།
ས་བདག་ལྟོ་འཕྱེ་གནས་ལུགས།
༈ དཔྱིད་གསུམ་མགོ་བྱང་མཇུག་མ་ལྷོ། ལྟོ་བ་ཤར་ལ་རྒྱབ་ནི་ནུབ།
།དབྱར་གསུམ་མགོ་ནུབ་མཇུག་མ་ཤར། ལྟོ་བྱང་ཤར་ལ་རྒྱབ་ནི་ལྷོ་ལ་བསྟན།
།སྟོན་གསུམ་མགོ་ལྷོ་མཇུག་མ་བྱང་། །ལྟོ་བ་ནུབ་ལ་རྒྱབ་ནི་ཤར།
།དགུན་གསུམ་མགོ་ཤར་མཇུགམ་ནུབ། །རྒྱབ་བྱང་ལྟོ་བ་ལྷོ་ལ་བསྟན།
།ས་ནི་རྒྱབ་རྒྱབ་ངོས་ཁ་བསྟན་བརྐོ།།
མཇུག་བྱང།
དེ་ལྟར་གཤིན་རྩིས་ཀུན་ཕན་ཉི་ཟེར་འདི།
།རྩིས་གཞུང་ཆེན་པོ་བཻ་ཌཱུར་དཀར་པོ་དང་།།
མཁས་པ་ཁྱུང་ནག་མཛད་པའི་གཤིན་རྩིས་ལས།
།ཉེར་ཁོའི་བཅུད་རྣམས་བསྡུས་ཏེ་བཀོད་པ་ཡིན།།
དེང་སང་རྩིས་མཁན་རྣམས་ཀྱང་ཁུངས་དག་དཀོན།
།ཆང་གིས་བཟི་བའི་གཏམ་ལ་ངེས་པ་མེད།།
ཀུན་ཕན་ཉི་ཟེར་བཀླག་པས་ཆོག་པ་དེ།
།འདི་ཡོན་རྩིས་མཁན་གང་ལའང་རེ་དགོས་མེད།།
སྤྲང་པོ་བདག་དང་བདག་འདྲའི་བློ་དམན་ལ།
།ཉེ་བར་མཁོ་ཕྱིར་རྩིས་དཔེ་འདི་བྲིས་སོ།།
འདི་ནི་སྤྲང་པོ་བདག་གི་མཆོད་སྦྱིན་ཡིན།
།འདི་བྲིས་དགེ་བས་བླང་དོར་ལེགས་མཐོང་སྟེ།།
འགྲོ་ལ་ཕན་བདེ་རྒྱ་ཆེར་འབྱུང་བ་དང་།
།འཇིག་རྟེན་ཁམས་སུ་བཀྲིས་བདེ་ལེགས་ཀྱི།།
ཉི་འོད་རྒྱལ་ཁམས་ཡོངས་ལ་གསལ་བར་ཤོག
།ཅེས་པའང་སྦྱིན་པ་དབང་ཕྱུག་དེས་པའི་སུག་བྲིས་སོ།།
དེ་ལྟར་སློབ་དཔོན་སྦྱིན་པ་དབང་ཕྱུག་གང་གིས་མཛད་པའི་གཤིན་རྩིས་འདི་ཉིད་འབྲུག་ཡུལ་འདིར་འགྲོ་དོན་ཆེ་བར་མཐོང་ནས། དུས་རབས་ཉེར་གཅིག་པའི་རྩིས་པ་བསམ་གཏན་རང་གིས་ ས་བདག་དང་རོ་འདོན་སོགས་ཀྱི་དོན་ཚན་འདི་ གོ་རིམ་དང། གཞན་ཡང་བལྟ་བདེ་བའི་ས་བཅད་དང་བཅས་ཏེ་བསྒྲིགས་ནས་བཀོད་པ་འདིས་ཀྱང་རྩིས་པ་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག། །།
No comments:
Post a Comment