Monday, October 13, 2014

དག་ཡིག་ངག་སྒྲོན་ལེའུ་གསུམ་པ། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བའི་ཐབས།

 དག་ཡིག་ངག་སྒྲོན་ལེའུ་གསུམ་པ།
རྩོམ་པ་པོ། དཔལ་ཁང་ཆོས་མཛད་ལོ་ཙ་བ།
ད་ནི་འཕུལ་དང་མཐའ་རྟེན་མགོ །མེད་ལ་སྦྱོར་དང་ཡོད་ལ་སྤོང་།།
གདམ་ང་ཅན་ལ་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད།།
ད་ནི་འཕུལ་སྔོན་འཇུག་དང་མཐའ་རྟེན་རྗེས་འཇུག་དང་ར་སའི་མགོ་འདི་དག མེད་དགོས་པ་ལ་སྦྱོར་བའི་འཁྲུལ་བ་དང་ཡོད་དགོས་པ་ལ་སྤོང་བའི་འཁྲུལ་བ་དང་། གང་ཡང་རུང་བའི་གདམ་ང་ཅན་ལ་ཡོད་མེད་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་བ་སྤོང་བའི་ཚུལ་ཅུང་ཟད་བཤད་པར་བྱའོ།།
རྔ་ཡབ་གེ་སར་སིལ་སྙན་དང་། །མངོན་སུམ་ཕུན་སུམ་ཚོགས་སོགས་ལ།།
གས་འཕུལ་ནོར་རོ་གཤའ་མ་དང་། །གཤགས་འབྱེད་སོགས་ལ་མེད་ན་ནོར།།
སར་པ་ལྟ་བུར་གང་ཡང་རུང་།།
འཕུལ་ལ་རྔ་ཡབ་དང་གེ་སར་ཀེ་སར་སིལ་སྙན་དང་། མངོན་སུམ་ཕུན་སུམ་ཚོགས་པ་དང་སིལ་སིལ་སུམ་ཅུ་སོགས་ལ་གས་འཕུལ་བྲིས་ན་ནོར་བ་ཡིན་ཏེ་མེད་པར་བཤད་པའི་ཕྱིར་རོ།།  གཤའ་མ་དང་། གཤགས་འབྱེད་དང་གཤམ་གསལ་སོགས་ལ་མེད་ན་ནོར་ཞིང་། སར་པ་ལྟ་བུར་ག་ཡོད་མེད་གང་ཡང་རུང་ངོ་།།


སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི།།
དམིགས་བུ་སོགས་ལ་མེད་ན་ནོར། །སྙན་དངགས་སོགས་ལ་གང་ཡང་རུང་།།
སྐྱིལ་ཀྲུང་དང་ཀར་ཀར་སོགས་ལ་དས་འཕུལ་མེད་ཅིང་། དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི་དམིགས་བུ་དང་དམིགས་པ་སོགས་ལ་མེད་ན་ནོར་ལ། སྙན་དངགས་སོགས་ལ་ད་ཡོད་མེད་གང་ཡང་རུང་སྟེ་སྙན་ངག་ཀྱང་འཐད་པའི་ཕྱིར་རོ།།

ཕྱག་དར་ལག་དར་གད་མོ་དང་། །སྐྲ་ཤད་སོགས་ལ་བས་འཕུལ་སྤང་།།
བསེར་བུ་སྐྱོ་བསངས་རྒྱ་བཟའ་མོ། །ཕྱི་བདར་སོགས་ལ་མེད་ན་ནོར།།
སྔོ་བངས་ལྟ་བུར་གང་ཡང་རུང་།།
ཕྱག་དར་ལག་དར་མ་གད་མོ་དང་། །སོ་མང་གི་སྐྲ་ཤད་དང་སེར་བ་སོགས་ལ་བས་འཕུལ་བ་སྤང་བར་བྱ་ཞིང་། བསེར་བུ་སྐྱོ་བསངས་རྒྱ་མོ་དང་བལ་མོ་བཟའ། ཕྱི་བདར་དང་མདུན་བདར་བདག་པོ་སོགས་ལ་བས་འཕུལ་མེད་ན་ནོར་བ་ཡིན་ལ། སྔོ་སངས་ལྟ་བུར་བ་ཡོད་མེད་གང་ཡང་རུང་ངོ་།།

ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་སོགས་ལ་མས་འཕུལ་སྤང་།།
མཐེ་བོ་མཚེ་མ་སྔོ་སྨན་མཚེ། །ཁྱིམ་མཚེས་སོགས་ལ་མེད་ན་ནོར།།
ཐུན་མོང་སོགས་ལ་གང་ཡང་རུང་།།
ཐ་གྲུ་ཡུལ་གྲུའམ་རྒྱ་ཁྱོན་ཐ་མ་ཚར་དུ་དངར། ཚོན་རྩི་དང་ནང་ཚན་སོགས་ལ་མས་འཕུལ་བ་སྤངས་དགོས་ཤིང་། མཐེ་བོ་མཐེ་བོང་མཚེ་མ་སྔོ་སྨན་གྱི་མཚེ། ཁྱིམ་མཚེས་དང་མཚན་མ་མཚེའུ་སོགས་ལ་མ་མེད་ན་ནོར་ལ། ཐུན་མོང་དང་སྨན་ཚན་སོགས་ལ་མ་སྔོན་དུ་འཇུག་མི་འཇུག་གང་ཡང་རུང་ངོ་།།

ཚོང་དུས་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས།།
རིམ་གྲོ་ཕྲ་མོ་ཕོངས་པ་དང་། །ཕྱུག་པོ་སོགས་ལ་འས་འཕུལ་སྤང་།།
མཐའ་འཁོབ་འཁྲི་ཤིང་འཁུར་བ་དང་། །ཚུལ་འཆོས་སོགས་ལ་མེད་ན་ནོར།།
ཕྲིན་ལས་ཕྲེང་སོགས་གང་ཡང་རུང་།།
ཚོང་གི་དུས་དང་ཁམས་དང་ཚོགས་པ་ཚོམས། ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། རིམ་གྲོ་ཕྲ་མོ་ཕྲ་བ་ཕོངས་པ་དང་། ཕྱུག་པོ་དང་ཕངས་པ་སོགས་ལ་འས་འཕུལ་བ་སྤང་ལ། མཐའ་འཁོབ་འཁྲི་ཤིང་སྣུམ་གྱི་འཁུར་བ་དང་། ཚུལ་འཆོས་དང་འཕོང་སྐྱེན་སོགས་ལ་འ་མེད་ན་ནོར་བ་ཡིན་ཞིང་། ཕྲིན་ལས་ཕྲེང་བ་སོགས་གདམ་ང་ཅན་ཡིན་པས་འ་ཡོད་མེད་གང་ཡང་རུང་བའི་ཚུལ་ཤེས་པར་བྱའོ།།

ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་སྤང་།།
ཕྲག་དོག་ཕྲུག་གུར་མེད་ན་ནོར།།
ཡི་གེ་མྱུ་གུ་ལུ་གུ་རྒྱུད། ཤཱཀྱ་དང་ཆོ་ག་སོགས་ལ་གའི་མཐའ་རྟེན་སྤང་བར་བྱ་ཞིང་། ཕྲག་དོག་ཕྲུག་གུ་ཤུག་པ་ལྟ་བུར་ག་མེད་ན་ནོར་བ་ཡིན་ནོ།།

པུས་མོའི་ལྷ་ང་སླ་ང་དང་། །སྒོ་ང་སོགས་ལ་ང་མཐའ་ནོར།།
པུས་མོའི་ལྷ་ང་སླ་ང་དང་། སྒོ་ང་སོགས་ལ་ང་མཐའ་རྟེན་བྲིས་ན་ནོར་བ་ཡིན་ལ་འོན་ཀྱང་བསྡུས་ན་པུས་ལྷང་ལྕགས་སླང་བྱ་སྒོང་ཞེས་འབྱུང་བ་འདི་ལྟ་བུ་ག་མཐའ་སོགས་རིགས་འགྲེ་བཏུབ་པ་གོང་འོག་ཀུན་ལ་སྦྱར།།
ཡི་དམ་ཡི་རངས་ཡི་དྭགས་དང་། །སྲི་ཞུ་སོགས་ལ་ད་མཐའ་ནོར།།
སྐ་ཅིག་ལྟ་བུར་གང་ཡང་རུང་།།
ཡི་དམ་ལྷ་དང་དམ་བཅའ་ཡི་རང་ཡི་དྭགས་དང་། སྲི་ཞུ་དང་ཡི་ཆད་སོགས་ལ་ད་མཐའ་རྟེན་ནོར་ལ། སྐ་ཅིག་ལྟ་བུར་ད་མཐའ་ཡོད་མེད་གང་ཡང་རུང་ངོ་།།

སེ་མོ་དོ་ལ་ན་མཐའ་སྤང་། །བྱན་མོ་ལྟ་བུར་མེད་ན་ནོར།།
སེ་མོ་དོ་ལ་ན་མཐའ་རྟེན་སྤང་བར་བྱ་ཞིང་། བྱན་མོ་དང་སེན་མོ་ལྟ་བུར་ན་མཐའ་མེད་ན་ནོར།

ལྷ་བཙུན་བཟའ་བཏུང་གདུ་བུ་དང་། །ལེ་བརྒན་སོགས་ལ་བ་མཐའ་ནོར།།
ལྷ་རིགས་ཀྱི་བཙུན་པ་བཟའ་བཏུང་ཟས་སྐོམ་གདུ་བུ་དང་། །ལེ་བརྒན་དང་སྡེ་བརྒྱད་སོགས་ལ་བ་མཐའ་རྟེན་ནོར།

རྒྱ་འདྲེ་ཁ་མཆུ་ར་མདའ་དང་། །ར་མཉེ་ན་བཟའ་རྩྭ་མཆོག་གྲོང་།།
རྒྱ་མཚོ་སོགས་ལ་མ་མཐའ་ནོར།།
རྒྱ་འདྲེ་འཁྲུག་པའམ་རྒྱའི་འདྲེ་ཁ་མཆུ་ར་མདའ་དང་། །ར་མཉེ་ན་བཟའ་རྩྭ་མཆོག་གྲོང་ཀུ་ཤའི་གྲོང་། །རྒྱ་མཚོ་དང་སྐྱེ་མཆེད་སོགས་ལ་མ་མཐའ་རྟེན་ནོར།།

ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་རྟེན་དང་།།
ལྷ་རྟེན་སོགས་ལ་ར་མཐའ་མེད། །དུར་ཁྲོད་མདོར་བསྡུས་ལ་མེད་ནོར།།
བདེར་གཤེགས་སོགས་ལ་གང་ཡང་རུང་།།
ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་རྟེན་རྗེས་འཇུག་སོགས་དང་། །ལྷ་རྟེན་སྐུ་རྟེན་སོགས་དང་བཀའ་རྟགས་སོགས་ལ་ར་མཐའ་རྟེན་མེད་ཅིང་། དུར་ཁྲོད་མདོར་བསྡུས་དང་གསར་པ་ལྟ་བུ་ལ་ར་མཐའ་མེད་ན་ནོར་ལ། །བདེར་གཤེགས་ཞེས་པ་ལྟར་ལ་དོན་དངོས་སུ་ཡོད་པའམ་ཡང་ན་སུ་ག་ཏའི་སྒྲ་ལྟར་བདེ་གཤེགས་ཞེས་རྣམ་དབྱེ་མེད་ཀྱང་རུང་ལ་དེ་བཞིན་དུ་བདེར་བཀོད་སོགས་ལ་ར་ཡོད་མེད་གང་ཡང་རུང་།།



སྙུན་གྱི་གསོས་སྨན་ཁ་དྲོ་དང་། །གྲྭ་ལྔ་སོགས་ལ་ལ་མཐའ་ནོར།།
སྙུན་གྱི་གཉེན་པོ་གསོས་སྨན་ཁ་དྲོ་ལེགས་པ་སོགས་དང་། གཟུངས་གྲྭ་ལྔ་དང་སཱ་ལ་སོགས་ལ་ལ་མཐའ་རྟེན་ཡོད་ན་ནོར།།

རིག་སྔགས་གསུང་རབ་མཁྱེན་རབ་དང་། །ནམ་མཁའ་གོ་འཕང་ཁྲི་འཕང་མཆོག།
བསྐྱེད་རིམ་རྫོགས་རིམ་འདུ་ཤེས་དང་། །མཁའ་སྤྱོད་ས་སྤྱོད་དོ་ཤལ་འཕྲེང་།།
ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་ཆོམ་རྐུན་དང་།།
ཆོ་ག་སོགས་ལ་ས་མཐའ་ནོར། །ལྷས་བྱིན་ཀླུས་བྱིན་གདམས་ངག་སོགས།།
མང་པོ་ཞིག་ལ་མེད་ན་ནོར། །དྲི་བཟངས་རྒྱུད་མངས་གོ་རིམས་དང་།།
འཁོར་ལོས་སྒྱུར་སོགས་གང་ཡང་རུང་།།
རིག་སྔགས་གསུང་རབ་མཁྱེན་རབ་དང་། ནམ་འཕང་གོ་འཕང་ཁྲི་འཕང་མཆོག སྔགས་ཀྱི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་འདུ་ཤེས་དང་། མཁའ་སྤྱོད་དག་ཞིང་སོགས་ས་སྤྱོད་རྒྱལ་པོ་སོགས་དོ་ཤལ་གྱི་འཕྲེང་བ། ཉམ་ཆུང་ཉམ་ཐག་ཉམ་ང་བ། ལོག་པར་རྟོག་པ་ལོག་པར་འཛིན་པ་སོམ་ཉི་ཐེ་ཚོམ་ཆོམ་རྐུན་དང་། ཆོ་ག་དང་སོ་ག་སོགས་ལ་ས་མཐའ་རྟེན་ཡོད་ན་ནོར་ཞིང་། ལྷས་བྱིན་ཀླུས་བྱིན་གདམས་ངག་དང་རྟོགས་པ་རྟགས་ལ་སོགས་པ། མང་པོ་ཞིག་ལ་ས་མཐའ་མེད་ན་ནོར་ལ།།  དྲི་བཟངས་རྒྱུད་མངས་གོ་རིམས་དང་། འཁོར་ལོས་སྒྱུར་བ་ཞེས་ཕུར་བུས་ཐོབ་ཀྱི་རིགས་པས་ས་མཐའ་ཡོད་པའམ་འཁོར་ལོ་སྐོར་བ་དང་སྐད་དོད་གཅིག་པས་མེད་ཀྱང་རུང་ལ་དེ་བཞིན་དུ་ལག་བཟངས་སོགས་ལ་ས་མཐའ་ཡོད་མེད་གང་ཡང་རུང་སྟེ་གདམ་ང་ཅན་ཡིན་པའི་ཕྱིར་རོ།།


ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང་། །པད་ཀོར་ཐན་ཀོར་འོད་ཀོར་ཕྲེང་།།
ཨ་མྲ་སོགས་ལ་ས་མགོ་མེད། །ངུར་སྨྲིག་སྨིག་རྒྱུར་མེད་ན་ནོར།།
མགོ་ལ་ཀླད་ཀོར་སྟོད་ཀོར་གདུབ་ཀོར་གདུ་བུ་གོར་གོར་དང་། པད་ཀོར་པདྨ་འཁོར་བ་སྟེ་ཕྱག་རྒྱའི་ཁྱད་པར་སོགས་ཐན་ཀོར་ཉེ་འཁོར་འོད་ཀོར་གྱི་ཕྲེང་བ། ཨ་མྲ་ཤིང་གི་ཁྱད་པར་དང་ཉེན་ཀོར་སོགས་ལ་ས་མགོ་སྦྱོར་བ་མེད་ཅིང་། དུར་སྨྲིག་སྨིག་རྒྱུ་དང་སྨྱུག་མ་ལྟ་བུར་ས་མགོ་མེད་ན་ནོར་བ་ཡིན་ལ་འདི་དག་ཕལ་ཆེར་གྱི་ཚིག་དོན་གོང་དུ་རྒྱས་པར་བཤད་པ་དང་སྦྱར་ནས་ཤེས་པར་བྱའོ།།

ཡི་གེ་ཞལ་ཏ་ད་ལྟ་དང་། །ལ་སོགས་ཐ་དད་ཅེས་རྣམས་ལ།།
བར་ཚེག་མི་བྱེད་བླུན་པོའི་ལུགས།།
ཡི་གེ་དང་ཞལ་ཏ་དང་ད་ལྟ་དང་། ལ་སོགས་པ་བསྡུ་འོས་མཐའ་དག་སྡུད་པ་ཐ་དད་ཅེས་པ་ལྟ་བུ་རྣམས་ལ། སྔ་ཕྱིའི་བར་དུ་ཚེག་མི་བྱེད་པ་ནི་བླུན་པོའི་ལུགས་སུ་ཟད་པས་ཚེག་བྱ་དགོས་སོ།།

དེ་ལྟར་མདོ་ཙམ་བཤད་པ་འདིས། །མཚོན་ནས་ཤིན་ཏུ་རྒྱ་ཆེའི་གནས།།
རང་རང་རྣམ་དཔྱོད་རིག་པས་དཔྱད། །མཐའ་དག་ཡི་གེར་བརྗོད་མི་ལང་།།
དེ་ལྟར་གོང་དུ་བརྡ་སྦྱོར་མདོ་རུ་བསྡུས་ཏེ་ཅུང་ཟད་ཙམ་བཤད་པ་འདིས། །མཚོན་པར་བྱས་ནས་ཡིག་སྦྱོར་ཤིན་ཏུ་རྒྱ་ཆེ་བའི་གནས་རྣམས་གཙུག་ལག་ལས་འབྱུང་བ་དག་ཀྱང་ཤེས་པར་བྱ་ཞིང་། རང་རང་སོ་སོའི་བརྡ་ལ་རྣམ་པར་དཔྱོད་པའི་རིག་པས་ཀྱང་དཔྱད་པར་བྱའོ། །སྡེབ་སྦྱོར་མཐའ་དག་པ་ནི་ཡི་གེར་བྲིས་ཏེ་བརྗོད་པས་མི་ལང་ངོ་།།
འདིར་ལེགས་སྦྱར་གྱི་མཆན་འགའ་སྣང་བ་དེ་ཙམ་གྱིས་དཔྱིས་ཕྱིན་དཀའ་ཞིང་ཡི་གེ་ཡང་མངས་ཀྱིས་དོགས་ནས་མ་བྲིས་མོད་གཞུང་དོན་སོགས་ལ་ཉེ་བར་མཁོ་བས་སྒྲ་གཞུང་ལས་ཤེས་པར་བྱའོ།།


བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། ཡི་གེའི་སྦྱོར་བ་ལ་འཁྲུལ་བ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའོ།།           །།
བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། །ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པ་སྟེ་ལེའུ་གསུམ་པའི་བཤད་པའོ།།            །།



No comments: