Friday, October 31, 2014

རྗེས་འཇུག་གི་དཀའ་གནད་དང་དོགས་དཔྱོད།

ཐུབ་བསྟན་དྲི་མ་མེད་པའི་བདུད་རྩིའི་ཆུས།།
འགྲོ་བའི་རྨོངས་པ་ཐ་དག་བཀྲུས་བྱས་ནས།།
བློ་གྲོས་རིན་ཆེན་རྒྱན་ཚོགས་སྦྱིན་མཛད་པའི།།
མི་ཕམ་པདྨ་དཁར་པོ་དེར་ཕྱག་འཚལ།།
སྐབས་འདིར་རྗེས་འཇུག་གི་ཇི་ལྟར་འཇུག་པའི་སྐོར་མདོར་བསྡུས་ཤིག་ཞུ་བ་ལ་། སྒྲའི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་གཉིས། དང་པོ་སྒྲའི་འཇུག་ཚུལ་ནི། ཕོ་གསུམ་རང་གི་འཇུག་ཡུལ་མིང་གཞི་སོགས་ལ་སྒྲ་དྲག་པའི་ཚུལ་གྱིས་འཇུག་ཅིང་ དེ་བཞིན་མོ་གཉིས་ཞན་པ་དང་། མ་ནིང་གསུམ་སྒྲ་རན་པའི་ཚུལ་གྱིས་འཇུག་པ་ནི་གཞུང་ནས་བཤད་པ་ལྟར་རོ།།

འོན་ཀྱང་གནད་ཀྱི་དོན་ནི། ཕོ་ཡིན་པའི་རྒྱུ་མཚན་གྱིས་སྒྲ་དྲག་པ་སོགས་མིན་པར། སྒྲ་དྲག་པར་འཇུག་པའི་རྒྱུ་མཚན་གྱིས་ཕོར་འཇོག་པ་དང་། དེ་བཞིན་མོ་དང་མ་ནིང་ཡང་སྒྲ་ཞན་པ་དང་རན་པར་འཇུག་པའི་རྒྱུ་མཚན་གྱིས་དེ་དང་དེར་བཞག་པ་ཡིན་ལ། སྒྲ་དྲག་ཞན་རན་བར་མ་དེ་དག་ལའང་ནང་གསེས་དྲག་ཞན་གྱི་དབང་གིས་ཕོ་གསུམ་དང་མོ་གཉིས་མ་ནིང་གསུམ་བཅས་ནང་གསེས་དབྱེ་བ་བརྒྱད་དུ་ཕྱེ་བ་ཡིན་ནོ།།
ནང་གསེས་དབྱེ་བ་བརྒྱད་ཀྱི་ངོས་འཛིན་ལ། བཞེད་པ་མི་མཐུན་པ་མང་པོ་ཞིག་ཡོད་ཀྱང་དེ་དག་ལ་དགག་སྒྲུབ་མཐར་ཕྱིན་པ་བྱེད་དཀའ། འོན་ཀྱང་ཁོ་བོའི་རྨོངས་འཆར་ཁ་ཤས་ཞུས་ན་འདི་ལྟར། རྣམ་གླིང་སོགས་ཀྱིས་སྐབས་འདིའི་དྲག་པ་གསུམ་ནི། སྔོན་འཇུག་མིང་གཞི་རྗེས་འཇུག་ལ་འདོད་པ་གཞུང་གི་བགྲོད་དང་མཐུན་ནའང་། ནང་གསེས་དབྱེ་བ་ཕྲ་ཞིབ་མང་པོ་ཕྱེ་བ་གཞུང་དང་མི་མཐུན།
སི་ཏུས་སྐབས་འདིའི་དྲག་པ་གསུམ་ནི་སྐྱེས་བུ་རབ་འབྲིང་མཐའ་གསུམ་ལ་འདོད་པ་ནི། གཞུང་གི་དགོངས་པར་སོང་སྙམ་པ་མིན་འདུག གང་ཡིན་ཞེ་ན། ཁོང་གི་བཞེད་པ་ལྟར་ན། དྲག་པ་གསུམ་ཉིད་ཞེས་པ་ཕོ་གསུམ་དང་། གལ་ཏེ་ཞེན་པ། ཞེས་པ་མོ་གཉིས་ ལ་གོ་དགོས་པས། ཕོ་གསུམ་དང་མོ་གཉིས་སུ་ཕྱེ་བ་གཉིས་ཀའི་རྒྱུ་མཚན་དུ། ནང་ཕྲད་ཅེས་པ་དེ་ཙམ་ལས་གཞན་རྗེས་འཇུག་གང་དང་གང་ནང་ཕྲད་ན་ཕོ་གསུམ་དང་མོ་གཉིས་སུ་འགྱུར་བའི་རྒྱུ་མཚན་རྩ་བས་མ་བསྟན་པར་ཐལ་བ་དང་། ག་བ་ཡང་འཇུག་མེད་པ་དང་། ད་སའི་མཐའ་ཅན་རྣམས་ལ་རྗེས་འཇུག་གཅིག་ལས་མེད་པས་དེ་དག་ནང་ཕྲད་ཇི་ལྟར་བཞག་པ་དང་། གཞན་ཡང་ཕོ་དང་མོའི་སྐབས་མིང་གཞི་ལ་བྱུས་གཏོགས་མེད་པར། མ་ནིང་གི་སྐབས་མིང་གཞི་ལ་བྱུས་གཏོགས་དགོས་པར་བཤད་པ་ནི་ཕྱོགས་སུ་ལྷུང་བའི་བཤད་པ་ཡིན་ཞིང་། མ་ཟད་ཁྱེད་ལྟར་ན་རྩ་བའི། དམ། ཞེས་དང་ གལ་ཏེ། ཞེས་པའི་ཚིག་གཉིས་ཀྱང་འབྲེལ་མེད་དུ་འགྱུར་རོ།།
དེས་ན་སྐབས་འདིའི་དྲག་པ་གསུམ་ནི། འཇུག་ཡང་འཇུག་གཅིག་ཏུ་བརྩིས་པའི་སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ་ལ་གོ་དགོས་ཏེ་ སྔོན་འཇུག་དང་མིང་གཞི་འཇུག་ཚུལ་དྲག་ཞན་བཤད་པའི་སྐབས་མིན་ཀྱང་རྗེས་འཇུག་རང་གར་བ་ལ་སྒྲ་མེད་ཅིང་། དེ་དག་གི་སྒྲ་ཐོན་པ་མིང་གཞི་སོགས་ལ་ལྟོས་དགོས་པའི་ཕྱིར་རོ།།
འོན་ཀྱང་མིང་གཞི་བ་ལ་སྔོན་འཇུག་ད་ཞུགས་པ་དཔེར་ན། དབྱངས་ལྟ་བུའི་སྐབས་ཙམ་མ་གཏོགས། སྔོན་འཇུག་གཞན་ལ་ཐུན་མིན་གྱི་སྒྲ་མདངས་གསལ་བ་མེད་པས་ན་ སྐབས་འདིའི་དྲག་པ་གསུམ་སོགས་ནང་ཕྲད་པ་ནི། མིང་གཞི་རྗེས་འཇུག་ཡང་འཇུག་གསུམ་ལ་སྦྱར་ན་ལེགས་པར་མངོན།།
དེའང་ཕོ་མོ་མ་ནིང་གསུམ་ལས་དང་པོ་ནི།
རྗེས་འཇུག་ཕོ་ཡིག་གཞིར་བཞག་ལ། ཡང་འཇུག་བཅས་པའམ་ཡང་འཇུག་མེད་ ཀྱང་མིང་གཞི་ཕོ། །གང་ཡིན་པ་དེ་ནི་མིང་གཞིའི་སྟོབས་ཀྱིས་དྲག་པར་འགྱུར་བས་སྐྱེས་བུ་རབ་ཅེས་བྱ། །ཡང་འཇུག་མེད་པའི་མིང་གཞི་མ་ནིང་ཡིན་པ་ནི་སྐྱེས་བུ་འབྲིང་དང་དེ་བཞིན་མིང་གཞི་མོ་ཡིན་པ་ནི་སྐྱེས་བུ་ཐ་མ་ཡིན་ནོ།།
གཉིས་པ་མོ་ནི། མོ་ལ་ཡང་འཇུག་བཅས་པའམ། ཡང་འཇུག་མེད་ཀྱང་མིང་གཞི་ཕོར་གྱུར་པ་ནི་མོ་ཙམ་དང་། །ཡང་འཇུག་མེད་པའི་མིང་གཞི་མོ་འམ་མ་ནིང་གྱུར། །མ་ནིང་སྒྲ་རན་པ་ཡིན་ཀྱང་རྗེས་འཇུག་ཞན་པའི་སྟོབས་ཀྱིས་ཞན་པར་འགྱུར་བས་ན་དེ་ནི་ཤིན་ཏུ་མོ་ཞེས་བྱ།།
གསུམ་པ་མ་ནིང་ནི། རྗེས་འཇུག་ཡི་གེ་མ་ནིང་ཡིན་པ་གཞིར་བཅས་པ་ལ། །ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞི་ ཕོར་གྱུར་ཚེ་མིང་གཞིའི་སྟོབས་ཀྱིས་སྒྲ་དྲག་པར་འགྱུར་བས་དྲག་ཕྲད་དྲག་གྱུར་དང་། །ཡང་འཇུག་མེད་པའི་མིང་གཞི་མོ་ནི་ཞན་ཕྲད་ཞན་འགྱུར་ཞེས་བྱ། །མིང་གཞི་མོའམ་མ་ནིང་ལ། །ཡང་འཇུག་དང་བཅས་པའི་ཚེ་མིང་གཞིའི་སྟོབས་ཞེན་པ་དང་ཡང་འཇུག་དྲག་པས་ན་མཚན་གཉིས་ཅན་དང་། །མིང་གཞི་མ་ནིང་ལ་ཡང་འཇུག་མེད་པ་ནི་དྲག་ཞན་གང་དུའང་མི་འགྱུར་བས་མཚན་མེད་མ་ནིང་ཞེས་བྱའོ།།
དེ་ལྟར་གོང་དུ་ཞུས་པ་དེ་དག་ནི་བདག་གི་བསམ་ཚུལ་ཙམ་ཡིན་གྱི་་གཞུང་གི་དགོངས་པ་དེ་ལྟར་ཡིན་ག་ལ་སྲིད། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའམ་དུས་གསུམ་མཁྱེན་པའི་གང་ཟག་རེ་བྱུང་ན་སྔོན་འཇུག་ལའང་ཐེལ་གཏོགས་ཡོད་པའི་རྣམ་བཞག་ཞིག་ཕྱེ་བར་མཛད་དུ་གསོལ་ཞེས་གསོལ་བར་འདེབས་པ་ལགས།

གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས་ཏེ་རྗེས་འཇུག་རང་གིས་འདྲེན་མི་དགོས་པའི་ སྔ་མ་སྔོན་འཇུག་གི་དོན་ཇི་ལྟར་སྟོན་པ་དེ་བཞིན་སྟོན་པར་འགྱུར་བ་དང་། རྗེས་འཇུག་རང་གིས་མིང་མཐའ་དང་རྣམ་དབྱེ་སོགས་ཕྱི་མ་ཇི་ལྟར་འདྲེན་པ་ལས་བྱུང་ བའི་དོན་གཉིས་སོ།།
དོན་དེ་གཉིས་པོ་ཅུང་ཟད་རྒྱས་བཤད་ཀྱི་ཚུལ་དུ་ཞུས་ན། འདི་ལྟར་ལེགས་སྦྱར་གྱི་སྐབས་སུ་མིང་དང་ཚིག་གྲུབ་ཚུལ་གཉིས་ཡོད། དེའང་རྩ་བའི་བྱིངས་ལ་ཉེ་འགྱུར། རྐྱེན། མཚམས་སྦྱོར། ཚིག་སྡུད་བཞི་པོ་ཇི་ལྟར་འོས་པ་སྦྱོར་བ་ལས་མིང་གྲུབ། གང་སྒྲུབ་ པའི་མིང་དེ་ལ། སུ་ཨཽ་ཇས་སོགས་རྣམ་དབྱེའི་རྐྱེན་སྦྱར་བས་རྣམ་དབྱེ་མཐའ་ཅན་གྱི་ཚིག་གྲུབ་པ་དང་། ཡང་རྩ་བའི་བྱིངས་ལ། ཏ་ཏི་ཨནྟི་སོགས་ཀྱི་རྐྱེན་སྦྱར་བས་བྱ་བའི་ཚིག་ཏུ་གྲུབ་པའི་རིམ་པ་མི་འདྲ་བ་གསུམ་ཡོད་པ་ལྟར། བོད་སྐད་ལའང་དེ་གསུམ་གྱི་ གྲུབ་ཚུལ་ལོགས་སུ་བཤད་དགོས།
དང་པོ་མིང་གྲུབ་པ་ལ་མིང་གཞི་ལ་རྗེས་འཇུག་སྦྱར་བ་ཙམ་གྱིས་མིང་དུ་གྲུབ་པ་དེ་དཔེར་ན། ནས། གྲོ། འབྲས། སའ། རླུང་སོགས་ནི་ཤེས་སླ་བར་བརྟེན་གཞུང་གིས་དངོས་སུ་བཤད་མེད། ཡང་དེ་ཙམ་གྱིས་མི་ཆོག་པར་དེ་ལ་མིང་མཐའ་གཞན་ནམ། ཡང་ན་མིང་ལ་མིང་གཞན་སྦྱར་བས་མིང་གཉིས་པ་ཞིག་གྲུབ་པ་དཔེར་ན། ཟས་གཙང་སྲས། ཤ་རའི་བུ། སངས་རྒྱས་པ། ཕྱི་རོལ་པ། ཞིང་པ། བདག་ཅག་སོགས་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། ཞེས་པ་ལ་སོགས་པའི་སྐབས་ནས་བསྟན།
ཚིག་གྲུབ་ཚུལ་ལ་བྱ་ཚིག་དང་། རྣམ་དབྱེ་དང་ཚིག་ཕྲད་མཐའ་ཅན་གཉིས་ལས། དང་པོ་བཤད་པ་ནི། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་སྔར་རྒྱས་པར་བཤད་པ་ལ་ཞལ་འཕངས་པར་མཛད།
སྔར་བཞིན་ཇི་ལྟར་སྦྱོར་ཞེ་ན། སྔོན་འཇུག་གི་སྐབས་ལྟར་རྗེས་འཇུག་ལའང་། ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།། ཞེས་སོགས་སྦྱོར་རྒྱུ་མིན་ལ། འོ་ན་ཇི་ལྟར་ཞེ་ན།  རྗེས་འཇུག་གང་ཡིན་ཡང་རུང་གཙོ་བོ་རང་སྟོབས་ཀྱིས་དོན་སྟོན་པ་མེད་པས་ན། དེ་དག་ ལ་མིང་གཞི་དང་སྔོན་འཇུག་ཕ་མོ་མ་ནིང་གང་ཞུགས་པ་དེས། དོན་འདས་པ་སོགས་ཅི་ཞིག་སྟོན་པ་ལྟར། རྗེས་འཇུག་གིས་ཀྱང་སྔོན་འཇུག་གི་རོགས་བྱེད་པའི་ཚུལ་དུ་ དོན་དེ་གསལ་བར་མཛད་པ་ལ་སྦྱར་དགོས་ཏེ། དཔེར་ན། མིང་གཞི་ཅ་ལ་ད་ཞུགས་པ་ ཅད་འདི་ལྟ་བུ་དེས་དོན་ཅི་ཞིག་སྟོན་ཅེ་ན། རང་དབང་དུ་དོན་མི་སྟོན་པར་སྔོན་འཇུག་མ་ནིང་ག་ཞུགས་ན་མ་འོངས་པ་དང་། ཕོ་བ་ཞུགས་ན་དོན་འདས་པ་སྟོན་པ་ལྟ་བུའོ།།
གཉིས་པ་རྣམ་དབྱེ་དང་ཕྲད་མཐའ་ཅན་ལའང་གཉིས་ལས་དང་པོ་རྣམ་དབྱེའི་མཐའ་ཅན་ནི། གང་གིས། གང་ལ། གང་ལས། གང་གི། གང་དུ། ལྟ་བུ་སྟེ། དེའང་། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་ པ་དང་།། ཞེས་པ་ནས།  གནས་དང་བོད་པའི་སྒྲ་ཡང་དྲངས།། ཞེས་པའི་བར་གྱིས་བསྟན།
གཉིས་པ་ཚིག་ཕྲད་མཐའ་ཅན་ནི། དཔེར་ན། ཁྱོད་ནི། ཁྱོད་དང་། དངོས་པོ་དེ། དེའམ། ཞིང་པ། མ་སོང། གང་ཞིག ལྟ་བུ་སྟེ། དེའང་། གཞན་ཡང་སླ་བསྡུ་ལྷག་བཅས་དང་། །འབྱེད་སྡུད་བསྣན་དང་བདག་པོ་དང་། །དགག་སྒྲུབ་རྒྱན་དང་དུས་ལའང་ འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང་།། ཞེས་པའི་གཞུང་གིས་བསྟན།
འོ་ན་རྗེས་འཇུག་དེ་དག་ལ་རྣམ་དབྱེ་དང་ཕྲད་དེ་དག་དུས་སྐབས་སམ་སྐབས་དོན་གང་གི་ཚེ་སྦྱོར་ཞེ་ན། དེ་ནི་ཚིག་དོན་འོག་མ་ལ་ལྟོས་དགོས་ཏེ། ཚིག་དོན་འོག་མ་དེ་སྤྱི་ལ་འཇུག་པའི་སྒྲ་ཡིན་ན་རྣམ་དབྱེ་དང་པོ་དང་། བྱེད་པའི་སྒྲ་སོགས་ཡིན་ན་རྣམ་དབྱེ་གསུམ་པ་སོགས་སྦྱོར་དགོས་ཞེས་པ་ནི། དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལ། །སྤྱི་འཇུག་ཡོད་དམ་བྱེད་པ་ཡོད།། ཞེས་པ་ནས། སྔོན་དུ་འོས་པ་གནས་པ་འམ།། ཞེས་པའི་བར་གྱིས་བསྟན།
དེ་བཞིན་དུ་ཚིག་ཕྲད་དག་ཀྱང་ཚིག་དོན་གོང་འོག་ལས་བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ་དང་། དོན་ལ་བསྙེགས་ལ་ཡོད་ན་ལྷག་བཅས་སོགས་སྦྱོར་དགོས་ཞེས་པ་ནི། གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་།། ཞེས་པ་ནས། དེ་དག་ནང་གསེས་རྣམ་པར་དབྱེ།། ཞེས་པའི་བར་གྱིས་བསྟན་པ་ཡིན་ནོ།།
དེས་ན། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། སོགས་ཀྱིས་ཡི་གེ་ལས་མིང་གྲུབ་ཚུལ་དང་། མིང་མཐའ་དེ་དག་ཉིད་ཀྱིས་ནི།། སོགས་ཀྱིས་མིང་ལས་ཕྲད་རྣམ་དབྱེ་མཐའ་ཅན་གྱི་ཚིག་གྲུབ་ཚུལ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།། ཞེས་པས་བྱ་བ་དང་བཅས་པའི་ཚིག་གྲུབ་ཚུལ་བཤད་ལ། མིང་ཚིག་དེ་དག་ལས་དོན་སྟོན་པའི་བརྗོད་པ་དང་བསྟན་བཅོས་སོགས་གྲུབ་ཅིང་། དེ་ཉིད་རྗེས་འཇུག་གི་ཅིའི་འཇུག་པའི་དགོས་པའང་ཡིན་པས་ན། ཅི་ཕྱིར་འཇུག་པ་བྱེད་ཅེ་ན། །ཡི་གེ་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གི་དོན་རྣམས་སྟོན་པར་བྱེད།། ཅེས་གསུངས་པ་ཡིན་ནོ།།
མདོར་ན་སུམ་ཅུ་པ་དང་སྔོན་འཇུག་གི་རྟགས་ཀྱི་འཇུག་པའི་སྐབས་སུ་མིང་གྲུབ་ཚུལ་བཤད་མེད་པས་རྗེས་འཇུག་གི་སྐབས་འདིར་བཤད་དགོས་ཤིང་། དེ་ལས་ཀྱང་། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། ཞེས་སོགས་ཀྱི་སྐབས་སུ་བཤད་དགོས་པ་ནི་གནད་ ཀྱི་དོན་ཡིན་པས་ན། མིང་མཐའ་འདྲེན་ཚུལ་ལ་བརྟེན་པའི་མིང་གྲུབ་ཚུལ་གྱི་རྣམ་བཞག་ཞིག་མཛད་ཐུབ་ན་ཀུན་ལ་སྨན་པའི་ གསོས་སུ་གྱུར་པ་ལགས།།   །།

ཞེས་པའི་གསོལ་འདེབས་དང་བཅས་རྗེས་འཇུག་གི་ཇི་ལྟར་འཇུག་པ་ལ་ཅིའི་འཇུག་པས་བརྒྱན་པའི་བཤད་པ་མདོར་བསྡུས་འདི་བསམ་གཏན་མིང་པས་ཟླ་༢པའི་ཚེས་༨ཉིན་སྦྱར་བའོ།།

No comments: