Sunday, October 5, 2014

ལྷོ་ཛམྦུའི་གླིང་གི་ངོ་སྤྲོད་དང་འབྲུག་གི་ཆགས་རབས།

ལྷོ་ཛམྦུའི་གླིང་གི་ངོ་སྤྲོད་དང་འབྲུག་གི་ཆགས་རབས།
ད་ལྟོ་ང་བཅས་ཀྱི་སེམས་ཁ་ལུ་ སའི་གོ་ལ་གོང་ཏོག་རིལ་རིལ་འདི་ ག་ར་ལྷོ་འཛམ་བུའི་གླིང་༼ཛམྦུའི་གླིང༽ཨིནམ་སྦེ་མནོ་བསམ་བཏང་ཞིནམ་ལས་ ཤར་ལུས་འཕགས་པ་ལ་སོགས་པའི་གླིང་གཞན་མི་གསུམ་འདི་ གཞན་ཅིག་ཁར་ཡོད་པའི་མནོ་བསམ་བཏངམ་ཨིན་མས། དེ་འབདཝ་ད་གླིང་བཞི་གི་ནང་གསེས་ཨིན་མི་འཛམ་བུའི་གླིང་ཟེར་མི་འདི་ ཧིན་དུའི་སྔོན་རབས་དང་། གྲུབ་རྩིས་ཀྱི་གཞུང་ལྟར་དུ་འབད་བ་ཅིན། ཤྲི་ལངྐ་ཡན་ཆད། སི་བི་རི་ཡ་མན་ཆད། རྒྱ་ནག་ཚུར་བཅད། ཡུ་རོབ་དང་ཨེ་ཤི་ཡ་གི་ས་མཚམས་ཨུ་རལ་གངས་རི་ཕར་བཅད་ཀྱི་ ཨི་ཤ་ཡ་རྒྱལ་ཁབ་འདི་ཚུ་ལུ་གོ་ནི་ཨིན་མས།[1]
དུས་འཁོར་ནང་ལས་ གླིང་བཞིའམ་དུམ་བུ་བཅུ་གཉིས་ག་ར་ལུ་འཛམ་གླིང་ཆེན་པོ་ཟེར་གསུངས་ཏེ་ཡོད་ནི་འདི་གིས་ སའི་གོ་ལ་ཆ་ཚང་ལུ་འཛམ་བུའི་གླིང་ཟེར་སླབ་རུང་ཁྱད་པར་སྦོམ་ཅིག་རང་མེད།


ཧི་མ་ལཱ་ཡ་དང་འབྲུག་གི་ཆགས་རབས།
སར་ཝེ་ཇེན་ནར་གྱི་ལྟ་གྲུབ་ལྟར་དུ་འབད་བ་ཅིན། ལོ་ངོ་ས་ཡ་བཞི་དེ་ཅིག་གི་ཧེ་མར་ རྒྱ་གར་གི་ས་གནས་འདི་ སའི་གོ་ལའི་ལྷོའི་རྩེ་ལུ་ཡོད་ཟེར་ཨིན་མས། དེ་ལས་ས་གཞི་གཡེང་བསྐྱོད་འབད་དེ་ བྱང་ཕྱོགས་ལུ་འོང་ཞིནམ་ལས་ བོད་ཀྱི་ས་གནས་འདི་དང་བརྡུང་ཁ་རྐྱབ་པའི་སྐབས་ལུ་ བར་ན་སྐོར་ལས་ཧི་མ་ལ་ཡ་གི་རི་བོ་དེ་ཚུ་འཐོན་ཡི་ཟེར་ཨིན་མས། དེ་སྦེ་ཨིན་པ་ཅིན་འབྲུག་རྒྱལ་ཁབ་ཀྱི་ས་གནས་འདི་ཡང་ཧི་མ་ལ་ཡ་གི་ལྟེ་བ་བཟུམ་ཅིག་སྦེ་ཡོད་ནི་འདི་གིས་ དུས་དེ་སྒང་ལས་ཆགས་ཏེ་ཡོདཔ་འོང་།
དེ་འབད་ནི་འདི་གིས་ ཧི་མ་ལ་ཡ་གི་རི་བརྒྱུད་འདི་ ཨཕ་རི་ཀ་དང་། ཨ་མི་རི་ཀའི་རི་བརྒྱུད་དེ་ཚུ་དང་ཕྱདཔ་ད་ལོ་ན་གཞོན་ཤོས་ཅིག་ཨིན་ཟེར་བཤདཔ་ཨིན་མས།

སྤྱིར་སྟངས་མི་རིགས་ཆགས་ཚུལ།
འཛམ་གླིང་དྲྭ་རྒྱ་ཝི་ཀི་པི་ཌི་ཡ་ནང་ལས་བཤད་དོ་བཟུམ་འབད་བ་ཅིན། མི་རིགས་དང་པ་ཨཕ་རི་ཀ་ལུ་བྱུང་ཡོདཔ་དང་(150000 BCE) ། དེ་ལས་སྡེ་ཚན་གཅིག་ཡུ་རོབ་ཕྱོགས་ལུ་གྱེས་ཏེ་ཡུ་རོབ་ཀྱི་མི་རིགས་ཆགས། ཡང་ཨཕ་རི་ཀ་ལས་སྡེ་ཚན་གཅིག་ཨེ་ཤི་ཡ་ཕྱོགས་ལུ་འོང་ཏེ་ ཏ་ཇ་ཀིས་ཐན་ལུ་ལྷོདཔ་ད་སྡེ་ཚན་གཉིས་སྦེ་གྱེས་ཏེ། སྡེ་ཚན་གཅིག་རྒྱ་གར་ཕྱོགས་ལུ་འོང་ཡོདཔ་ད(60000 BCE)། སྡེ་ཚན་གཅིག་དབུས་ཨེ་ཤི་ཡ་བརྒྱུད་དེ་བོད་ཀྱི་ཤར་ལྷོའི་མཚམས་ལུ་ལྷོདཔ་ད། འདི་ལས་སྡེ་ཚན་གཉིས་གྱེས་ཏེ་ གཅིག་གིས་ཤར་ལྷོ་ཨེ་ཤི་ཡའི་མི་རྒྱུད་ཆགས།སྡེ་ཚན་གཅིག་གིས་རྒྱ་ནག་གི་བྱང་ཕྱོགས་ལུ་ལྷོད། འདི་ལས་ཡང་ཡན་ལག་སྡེ་ཚན་གཅིག་ཀོ་རི་ཡ་དང་། རྒྱ་པཱན་ཕྱོགས་ལུ་སོང་ཡོདཔ་ད(40000 BCE)། རྩ་བའི་སྡེ་ཚན་དེ་གིས་ཨ་ལསི་ཀ་བརྒྱུད་དེ་ ཨ་མི་རི་ཀ་དང་། ལྷོ་ཨ་མི་རི་ཀའི་མི་རིགས་ཆགས་ཡོད་(11000 BCE)ཟེར་ཨིན་མས།[2]

དེ་ལུ་དྲི་བ་གཅིག་ཞུ་བ་ཅིན། ཨཕ་རི་ཀའི་སྤྱ་དེ་ཚུ་མི་ལུ་འགྱུར་ཆོགཔ་དང་། གླིང་གཞན་གྱི་སྤྱ་དེ་ཚུ་མི་ལུ་ག་ཅི་སྦེ་འགྱུར་མ་ཆོགཔ་ཨིན་ན་ཟེར་ཞུ་ནི་ཨིན།
ག་ཅི་སྦེ་ཟེར་བ་ཅིན། སྤྱིར་ཨེ་ཤི་ཡ་དང་། ནང་གསེས་བོད་དང་ཧི་མ་ལ་ཡའི་མི་རིགས་དེ་ཚུ་ གླིང་གཞན་ཁ་ལས་འོང་འོངམ་མེན་པར་ གླིང་འདི་ནང་ལས་རང་བྱུང་བྱུངམ་མེན་ན་མནོཝ་ཅིག་འདུག
དེ་མ་ཟད་ཉང་རལ་ཆོས་འབྱུང་ནང་ལས་ བོད་ཀྱི་མི་རིགས་འདི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་ལས་སྐྱེས་སྐྱེཝ་ཨིན་ཟེར་བཤད་དེ་འདུག། དེ་ལུ་བལྟ་བ་ཅིན། བོད་དང་ཧི་མ་ལ་ཡའི་མི་རིགས་འདི་ གཞན་ཁ་ལས་འོང་འོངམ་མེན་པར་ འདི་ནང་གི་སྤྱའི་རིགས་༼༽ལས་མི་ལུ་འགྱུར་འགྱུརཝ་བཟུམ་ཅིག་འདུག
ག་ལས་སྒོར་རུང་བོད་ཀྱི་སྟོད་མངའ་རིས་ས་ཆ་ལས་རྡོ་ཆས་སྔོན་མའི་དུས་སྐབས་(70000-10000 BCE) ཀྱི་ལག་ཆ་ཐོན་ཡོདཔ་དང་། ཆབ་མདོ་གི་ས་ཆ་ལས་རྡོ་ཆས་བར་མའི་དུས་སྐབས་(10000-7000 BCE)ཀྱི་ལག་ཆ་ཐོན་ཡོདཔ་ལས་བརྟེན་ སྤྱི་ལོ་གོང་ལོ་ཧ་ལམ་སྟོང་ཕྲག་བཅུ་ཐམ་ཡན་མན་གཅིག་ལས་འགྲོ་བ་མི་རིགས་ཆགས་ཡོདཔ་བཟུམ་ཅིག་འདུག

འབྲུག་གི་མི་རིགས་ཆགས་ཚུལ།
འབྲུག་གི་མི་རིགས་བྱུང་ཚུལ་འདི་གསལ་ཏོག་ཏོ་ཅིག་ཧ་གོ་མ་ཚུགས། ལ་ལོ་གཅིག་གིས་འབད་བ་ཅིན་ འབྲུག་དང་ཧི་མ་ལ་ཡའི་མི་རིགས་འདི་ མོང་ག་ལི་ཡན་གྱི་མི་རིགས་ཨིནམ་ལས་ ཡ་ལས་མར་འཕེལ་ཏེ་འོང་འོངམ་ཨིནམ་སྦེ་བཤད་ནི་འདུག དེ་ལས་ལ་ལོ་གཅིག་གིས་འབད་བ་ཅིན་ ཧི་མ་ལ་ཡའི་མི་རིགས་དེ་ཚུ་འབར་མ་ལས་ ཡར་འཕེལ་ཏེ་འོང་འོངམ་ཨིནམ་སྦེ་བཤད་ནི་འདུག།  འགྲོ་བ་མི་རིགས་ཀྱི་འཕེལ་རིམ་ལྟར་དུ་འབད་བ་ཅིན་ མི་རིགས་དེ་ཚུ་ དང་པ་ཆུ་དང་ཐང་ལུ་ཆགས་ཞིནམ་ལས་ དེ་ལས་རིའི་ཕྱོགས་ལུ་འཕེལ་ཏེ་འགྱོ་དགོ་ནི་དེ་གིས་ འབར་མ་ལས་ཧི་མ་ལ་ཡ་ཕྱོགས་ལུ་འཕེལཝ་ཨིན་ཟེར་མི་འདི་ཡང་བདེན་ཚིག་གཅིག་འོང་ནི་མས།
ད་རེས་ནངས་པའི་འབྲུག་གི་མི་རིགས།
ད་རེས་ནངས་པའི་འབྲུག་གི་མི་རིགས་འདི་ཚུ་ལུ་མང་ཤོས་རང་ འབྲུག་གི་གདོད་མའི་མི་རིགས་ཨིནམ་དང་། ལ་ལོ་གཅིག་ཁྱིམ་ཚང་རྒྱ་དང་བོད། དེ་ལས་ནེ་པལ་ཚུ་ལས་འོང་ཏེ་གཞི་ཆགས་འབད་མི་ཡང་ཡོད། ག་དེ་སྦེ་ཡོད་དེ་འབད་རུང་ ནང་པའི་ཆོས་ལུགས་ནང་ལས་རིགས་ལུ་དབྱེ་བ་ཕྱེ་ནི་མེདཔ་སྦེ་གསུངས་ཡོདཔ་མ་ཚད། ཞིང་གཤེགས་དམ་པ་འཇིགས་མེད་རྡོ་རྗེ་མཆོག་གིས་ཡང་ དེ་དང་འདྲཝ་སྦེ་གསུངས་ཡོདཔ་ལས་ ཚར་གཅིག་འབྲུག་པའི་མི་ཁུངས་སྦེ་ཆགས་ཚར་བའི་ཤུལ་ལུ་ འབྲུག་མི་ངོ་མའི་གྲངས་སུ་ཚུདཔ་ལས་ དེ་ཚུ་དབྱེ་བ་ཕྱེ་ནི་མེན་པར་ འགྲོ་བ་མི་རིགས་གཅིག་དང་། འབྲུག་མི་གཅིག་ཨིན་པའི་རྩི་མཐོང་དང་དག་སྣང་བསྐྱེད་དགོཔ་འདི་ག་ནི་བ་ཁག་ཆེཝ་ཨིན།





[1]ཁྱབ་འཇུག་གི་སྔོན་རབས། ཆ་ཤས་གཉིས་པའི་ལེའུ་གཉིས་པ།
[2]བོད་བཙན་པོའི་རྒྱལ་རབས། ཤོག་གྲངས་༢༠ སྲོང་བཙན་དཔེ་མཛོད། དེ་ར་དུན། ༢༠༡༠

No comments: