༄༅། །འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བཞུགས་སོ།།
༄༅། །བླ་མ་དང་འཇམ་དབྱངས་དཀར་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ།།
དེ་ལ་འདིར་འཇམ་པའི་དབྱངས་དཀར་པོའི་སྒྲུབ་པའི་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས།
དང་པོ་ནི།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་ཐུགས་རྗེས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།།
བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།། རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི།
ཐར་འདོད་རྣམས་ལ་རྒྱལ་བའི་གཞི་གཅིག་པུ། །འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་བགྱི་འོ།
།བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས། །བཀའ་དྲིན་རྨད་བྱུང་དྲིན་ཅན་བླ་མའི་བར།
།དབང་ལུང་མན་ངག་གདམས་པས་རྗེས་བཟུང་བའི། །རྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས།
།ཟག་མེད་ཁྱབ་བདག་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས།
།གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་བླ་མར་གསོལ་བ་འདེབས།།
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།
།ཕྲིན་ལས་དར་ཞིང་རྒྱས་པར་གསོལལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།
།ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་།
།བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།
།སྡུག་བསྔལ་སེམས་ཅན་ཐར་གྱིས་ཤོག བསྐལ་བ་བྱེ་བ་བསམ་ཡས་་སུ།
།ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།
།རྗེས་སུ་ཡིད་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།
།ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།།
ཇི་ལྟར་བལྟམས་པ་ཙམ་གྱིས།
།ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས།
།དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། སོགས་ཀྱི་ཁྲུས་བྱས། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོད་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ།
ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས་། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག
རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།། སངས་རྒྱས་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།།
བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སྐྱབས་སུ་མཆིའོ།། ཞེས་པ་ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིས།
།བདག་གིས་བསྙེན་བསྒྲུབ་བགྱིས་པའི་བསོད་ནམས་ཀྱིས།
།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ས་བོན་གྱིས་སྙིང་ཁར་མཚན་པ་ཞིག་ཏུ་གྱུར།
།དེའི་འོད་ཟེར་གྱིས་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་སྐོར་བ་བཛྲ་ས་མཱ་ཛཿ
ཞེས་ཚོགས་ཞིང་སྤྱན་དྲངས། དེ་ལ་དམིགས་ཏེ། ཨོྃ་ཨརྒྷཾ་པྲ་ཏཱིཙྖ་ཧཱུྃཿ
སྔགས་ཐོག་མཐའ་གོང་བཞིན་སྦྱར་ཏེ། པཱ་དྱཾ།
པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།
།སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས།
།སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ།
།བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར།
།བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།
།སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།
།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་འདུན་པ་རྣམ་དག་ལན་གསུམ་བྱས་ནས།
བཛྲ་མུཾཿ
ཚོགས་ཞིང་རང་ལ་ཐིམ་པར་གྱུར། ཅེས་བརྗོད།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག
སེམས་ཅན་ཐམས་ཅད་ཉེ་རིང་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།
ཅེས་བསྒོམ་མོ།
གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷ་བ་ཤུདྡྷཿ སརྦ་དྷརྨཿ
སྭ་བ་བྷཱ་བ་ཤུདྡྷོ྅ཧཾཿ
བདག་མེད་པའི་རང་བཞིན་གྱིས་སྟོང་པར་ཉིད་དུ་གྱུར། སྟོང་པའི་ངང་ལས།
གླང་པོ་ཆེའི་ཁྱུས་མཛེས་ཤིང་། མེ་ཏོག་དང་རིན་པོ་ཆེའི་ཤིང་དང་། མྱུ་གུའི་མཆོག་ཐམས་ཅད་ཀྱིས་བརྟེན་པའི་ནེའུ་གསིང་མཐོན་ཁའི་དབུས་སུ།
པཾ་ལས་བདུད་རྩིའི་རྒྱ་མཚོར་སྐད་སྙན་པའི་ཆུ་བྱ་དང་པདྨ་འཁྲིགས་པའི་དབུས་ཀྱི་སྡོང་པོའི་ཟེའུ་འབྲུར་ཟླ་བ་ལ་ཨ་ལས་འཇམ་པའི་དབྱངས་མཛེས་པ་སྟོན་ཀའི་ཟླ་བའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ་ཕྱག་གཡས་མཆོག་སྦྱིན་དང་།
གཡོན་ཨུཏྤ་ལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་བརྒྱན་པ་བསྣམས་པ། བརྒྱད་གཉིས་ལང་ཚོའི་དཔྱིད་ཀྱིས་འགྱིང་ཞིང་རྒྱན་གིས་བརྒྱན་པ།
རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ
སྙིང་གར་ཧཱུྃ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཡེ་ཤེས་པ་ཛཿ ཧཱུྃ་བཾ་ཧོཿ
གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པས་དབང་བསྐུར།
ལུས་གང་། དྲི་མ་དག
ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ལ་དམིགས་ཏེ་ཉེར་སྤྱོད་འབུལ་བ་ནི། ཨོཾ་ཨརྱ་མཉྫུ་ཤྲཱི་ཨརྒཾ་པྲ་ཏིཙྪ་སྭཱ་ཧཱ།
པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད། རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་།
།མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། །ཐར་འདོད་རྣམས་ལ་དགེ་བའི་གཞི་གཅིག་པུ།
།འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ།། ཞེས་པས་བསྟོད།
བདག་གི་ཐུགས་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་ནང་དུ།
ཟླ་བའི་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཨ་དཀར་པོ་དང་།
རྩིབས་རྣམས་ལ་འབྲུ་དྲུག་མ་རེག་ཙམ་དུ།
འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་གྱུར།
ཕྲེང་བ་བྱིན་རླབས་བྱ། ཨོཾ་ཝཀྐེ་དེ་ན་མཿ
ཞེས་པ་ཅི་ནུས་བཟླ། མཐར་དབྱངས་གསལ་དང་ཡེ་དྷརྨ་བརྗོད།
བྱུང་ན་འཇམ་དཔལ་མཚན་བརྗོད་དང་། དེ་མ་བྱུང་ན། རྒྱ་གར་སྐད་དུ།
ཨརྱཱ་མཉྫུ་ཤྲཱི་ཏནྟྲ་རཱ་ཛ་ཙིཏྟཿ བོད་སྐད་དུ།
འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་།
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།
།ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ།
།ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།
།རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།
།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱ་ཀྱ་ཐུབ་པས་གསུངས་པ་ལ་མངོན་པར་བསྟོད་དོ།། ཡང་བསྟོད་པ་གང་བློ་མ་འདོན་མཐར། གང་ཚེ་བལྟ་བར་འདོད་པ་འམ།
།ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི།
།གེགས་མེད་པར་ནི་མཐོང་བར་ཤོག །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས།
།བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།
།བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོ། །ཤེས་པས་སྲིད་ལ་མི་གནས་ཤིང་།
།སྙིང་རྗེས་ཞི་ལ་མི་གནས་པར། །མྱ་ངན་འདས་དང་འཁོར་མི་གནས།
།འཇམ་དབྱངས་ཐུགས་ཀྱི་དངོས་གྲུབ་སྩོལ།།
གསུམ་པ་རྗེས་ཆོག་ནི།
ཨོྃ་ཨརྒྷཾ་པྲ་ཏཱིཙྖ་ཧཱུྃཿ པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ།
ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། སྲིད་པའི་འཇིག་ལས་སྐྱོབ་པ་དང་།
།ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི།
།བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད།། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་།། མ་འབྱོར་བ་དང་ཉམས་པ་དང་།
།གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ།
།དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། བདག་གིས་བརྗེད་ངེས་ཅི་བགྱིས་པ།
།དེ་ཡང་བཟོད་པར་མཛད་དུ་གསོལ།། ཞེས་བཟོད་པར་གསོལ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ནས་སྟོང་པ་ཉིད་ལ་བཞུགས་པར་གྱུར།།
དགེ་བ་འདི་ཡིས་མྱུར་དུ་བདག
།རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ།
།དེ་ཡི་ས་ལ་འགོད་པར་ཤོག །ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་།
།དྲིན་ཅན་རྩ་བརྒྱུད་བླ་མ་སྲས་བཅས་ཀྱིས། །བསྟན་འགྲོའི་དོན་དུ་སྨོན་ལམ་གང་བཏབ་པ།
།དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག
།ཡིད་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག
།ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག། ཞེས་སོགས་ཀྱིས་བརྒྱན་པར་བྱའོ།།
No comments:
Post a Comment