Sunday, May 3, 2015

བསངས་བསུར་མཐུན་མོང་གི་མཆོད་པ།



བསངས་བསུར་མཐུན་མོང་གི་མཆོད་པ་ཞེས་བྱ་བ་བཞུགས།།
རྣམ་སྣང་གངས་ཅན་མཚོ་རྒྱལ། རྣམ་པར་སྣང་མཛད་ཀྱི་བཀོད་པ་མི་འདྲ་བ་བཞུགས།
༄༅། །སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིས། །བདག་གིས་བསངས་མཆོད་དམ་བསུར་མཆོད་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། སེམས་ཅན་ཐམས་ཅད་བདེ་བ་དང་། བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་ཉིད་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།

སྤྱན་རས་གཟིགས་ཇོ་བོ་ཁ་སར་པ་ཎི་དང་། རྣམ་སྣང་གངས་ཅན་མཚོ་རྒྱལ།
 དངོས་གཞི། ཨོཾ་སྭ་བྷ་ཤུདྡྷ་སརྦ་དྷརྨ་སྭ་བ་བྷ་ཤུདྡྷོཧཾ།། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཇོ་བོ་ཁ་སར་པ་ནིའི་སྐུ། །བཞེངས་སྟབས་ཕྱག་གཡས་མཆོག་སྦྱིན་ཅན་གསལ་བའི། །མདུན་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོ། །སྐུ་ལ་ཞིང་ཁམས་རྫོགས་པའི་གཙུག་ཏོར་ནས། །མགྲིན་པ་ཡན་ཆད་དཀོན་མཆོག་སྲི་ཞུའི་མགྲོན། །དེ་ཡི་ཐུགས་ཀར་ལྟེ་བའི་བར་དག་ལ། །མགོན་པོ་ཡོན་ཏན་སྐུ་སྨད་སྙིང་རྗེའི་མགྲོན། །པད་གདན་བགེགས་རིགས་ལན་ཆགས་གསལ་བ་ལས། །ཐུགས་ཀར་ཡི་གེ་དྲུག་མའི་འོད་ཟེར་གྱིས། །མཆོད་ཡུལ་མཉེས་བྱས་སྦྱིན་ཡུལ་སྡིག་སྒྲིབ་སྦྱངས། །ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར།། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿ བརྒྱ་རྩ་བརྗོད།།
རང་ལུས་འཕགས་པར་གསལ་བའི་ཐུགས་ཀ་ནས། །གཉིས་འཛིན་འཁྲུལ་པའི་སྣང་བ་ཀུན་བསྲེགས་པའི། །རང་རིག་ཡེ་ཤེས་གསལ་བའི་མེད་དཔུང་འབར།། དྲི་བཟང་སྨན་སྤོས་། དཀར་གསུམ་མངར་གསུམ་རང་བྱུང་ལྷན་སྐྱེས་ཀྱི། བསངས། བསུར་དུད་ནམ་མཁའ་ས་གཞི་ཐམས་ཅད་གང། དུད་པའི་གསེབ་ནས་འདོད་ཡོན་ལྷ་མོ་སོགས། །རྣམ་བཞིའི་མགྲོན་ཀུན་ཐུགས་ལ་ཅི་མཉེས་པ། །ཀུན་བཟང་མཆོད་པའི་སྤྲིན་བཞིན་འཐིབས་པར་གྱུར།། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད།   
ཧོཿ མཆོག་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་དཔལ་མགོན་དམ་ཅན་ཚོགས། །ཡུལ་ལྷ་གཞི་བདག་སྙིང་རྗེ་ལན་ཆགས་མགྲོན། །ཐམས་ཅད་དེང་འདིར་སྤུངས་ཀྱིས་བྱོན་པར་གྱུར། བསངས། བསུར་མཆོད་བདུད་རྩིའི་མཆོད་པ་དམ་པ་འདི། །དགོངས་བརྡ་སྙན་བརྒྱུད་བཀའ་གཏེར་བཤད་སྒྲུབ་ཀྱི། །རྩ་བརྒྱུད་བླ་མ་མཆོག་གསུམ་རྣམས་ལ་འབུལ། །མི་འབྲལ་ཆོས་སྐུའི་ངང་དུ་རོ་གཅིག་པའི། །སྒོ་གསུམ་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། །ཐེག་པ་རིམ་དགུའི་གསང་སྔགས་གསར་རྙིང་གི། །ཡི་དམ་ཞི་ཁྲོ་རབ་འབྱམས་རྣམས་ལ་འབུལ། །ཁམས་གསུམ་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ཆེ། །ཚེ་འདིར་བསྒྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཆོས་བཞིན་སྤྱོད་པའི་ཕྲིན་ལས་གྲོགས་མཛད་མ། །ཡེ་ཤེས་ཌཀྐི་དམ་ཅན་རྒྱ་མཚོར་འབུལ། །ས་དང་ལམ་གྱི་བར་ཆད་ཀུན་སེལ་ནས། །བསྟན་འགྲོའི་ཕན་བདེ་ཕྲིན་ལས་བསྒྲུབ་པར་མཛོད། །ཁྱད་པར་ཁྲག་འཐུང་མཧཱ་ཀཱ་ལ་ཆེ། །དུད་སོལ་ལྷ་མོ་ལེགས་ལྡན་བྱ་རོག་གདོང་། །ཐུགས་གསུང་སྐུ་ཡི་ལྷ་ཚོགས་རྣམས་ལ་འབུལ། །རྒྱལ་བའི་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །དེ་འཛིན་སྐྱེས་བུའི་ཕྲིན་ལས་སྤེལ་བར་མཛོད། །ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །བུ་བཞིན་བརྩེ་བའི་མགོན་སྐྱབས་མི་གཡེལ་བར། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ། ན་ཚ་སྡུག་བསྔལ་ཐམས་ཅདན་ཞི་བར་མཛོད། །ཡིད་ལ་བསམ་པའི་དོན་རྣམས་འགྲུབ་པ་དང་། ཚེ་དང་ལོངས་སྤྱོད་དཔལ་འབྱོར་རྒྱས་པར་མཛོད། །ཕ་རོལ་བསམ་སྦྱོར་ངན་པའི་གནོད་པ་དང་། །དམ་སྲི་ཕུང་སྲི་རྒྱལ་པོའི་ཆོ་འཕྲུལ་དང་། ལྷ་སྲིན་གདུག་པའི་ཟ་ཁ་ཟུག་ཁ་ཟུག་པ་སོགས། །མི་མཐུན་ཚོགས་རྣམས་དགྲ་བོའི་སྟེང་དུ་བསྒྱུར། །གཞན་ཡང་སྟེང་འོག་ཕྱོགས་མཚམས་གནས་པ་ཡི། །འཇིག་རྟེན་སྐྱོང་བ་ལྷ་སྲིན་སྡེ་བརྒྱད་སོགས། །གནས་དང་ཡུལ་གྱི་བདག་པོ་རྣམས་ལ་འབུལ། །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། ཆར་ཆུ་དུས་འབེབས་སད་དང་སེར་བ་ཞི། །ལོ་ལེགས་ཆོས་འཕེལ་རྒྱལ་པོ་ཆོས་བཞིན་སྤྱོད། །ནད་མུག་འཁྲུགས་རྩོད་ཐམས་ཅདན་ཞི་བར་མཛོད། །རིགས་དྲུག་ཕ་མ་བར་དོའི་སེམས་ཅན་དང་། །ཡི་དྭགས་རིགས་སུ་གྱུར་པ་རྣམས་ལ་བསྔོ། །འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཀུན་ཞི་ཞིང་། །རང་སེམས་དབང་ཐོབ་འཁོར་བར་ངེས་འབྱུང་སྟེ། །བྱང་ཆུབ་ས་ལ་མྱུར་དུ་འཁོད་པར་ཤོག །དྲི་ཟ་ལ་སོགས་འདོན་གྱི་ཚོགས་རྣམས་དང་། སྲོག་གཅོད་དབུགས་ལེན་མདངས་འཕྲོག་འབྱུང་པོའི་ཚོགས། །ཐམས་ཅད་བསངས། བསུར་མཆོད་བདུད་རྩིའི་མཆོད་པ་འདིས། །རང་རང་འདོད་པའི་རེ་བ་ཡོངས་གང་ནས། །ཞེ་སྡང་གདུག་པའི་བསམ་སྦྱོར་ཉེར་ཞི་ཞིང་། །གཞན་ཕན་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོག།
དེ་བཞིན་གཤེགས་པ་བཞིའི་མཚན། བཅོམ་ལྡན་འདས་རིན་ཆེན་མ་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ།། སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ།། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།། ཁ་འབར་མའི་སྔགས། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་སྭཱ་ཧ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱནུཏྤན་ན་ཏྭཏ་ཨོཾ་ཨཱ་ཧཱུྃ་ཕཊ་སྭཱ་ཧ།
སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱས། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ཉིད་སངས་རྒྱས་བསྟན་པ་ཡིན།།
ཧོཿ བླ་མ་རྣམས་ལ་བསངས། བསུར་མཆོད་ཕུལ་བའི་མཐུས། །རང་བཞིན་གདོད་མའི་གནས་ལུགས་རྟོགས་པར་ཤོག །ཡི་དམ་རྣམས་ལ་བསངས། བསུར་མཆོད་ཕུལ་བའི་མཐུས། །དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ་པར་ཤོག །མཁའ་འགྲོ་རྣམས་ལ་་་། །འཕྲིན་ལས་རྣམ་བཞི་རྩོལ་མེད་འགྲུབ་པར་ཤོག །ཆོས་སྐྱོང་རྣམས་ལ་་་། །བྱང་ཆུབ་ལམ་ལ་བར་ཆད་མེད་པར་ཤོག  ཡོན་ཏན་མགྲོན་ལ་་་། །བསྟན་པ་བསྲུང་ཞིང་སྟོངས་གྲོགས་བྱེད་པར་ཤོག །དམ་ཅན་རྣམས་ལ་་་། །བསྟན་དྲག་དམ་ཉམས་མྱུར་དུ་བསྒྲལ་བར་ཤོག གཞི་བདག་མགྲོན་ལ་་་་། །བདག་ཅག་དཔོན་སློབ་འཁོན་འདྲིས་མེད་པར་ཤོག  །སྙིང་རྗེའི་མགྲོན་ལ་་་།  །སྡུག་བསྔལ་ཀུན་བྲལ་སངས་རྒྱས་འཐོབ་པར་ཤོག །ལན་ཆགས་མགྲོན་ལ་་་། །ཚེ་རབས་གྲངས་མེད་ལན་ཆགས་བྱང་བར་ཤོག།
བསངས། བསུར་མཆོད་ཕུལ་བའི་མཐུ་དང་བྱིན་རླབས་ཀྱིས། །ཚོགས་གཉིས་ཡོངས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག །མཆོད་ཡུལ་གོང་མ་ཡེ་ཤེས་པ་ཡི་མགྲོན། །བདག་ལ་ཐིམ་པས་འོད་གསལ་ངང་དུ་བཞག །དམིགས་ཡུལ་འོག་མ་འཇིག་རྟེན་པ་ཡི་མགྲོན། །ཞི་བའི་སེམས་ཀྱིས་རང་རང་གནས་སུ་གཤེགས། །མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་འདིར་འཁོད་པ་དང་། ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས།། སརྦ་བྷུ་ཏ་གཅྖ།།
སྨོན་ལམ། སྦྱིན་པ་རྒྱ་ཆེར་གྱུར་པ་འདི་ཡི་མཐུས། །འགྲོ་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་བྱོན་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པར་དགྲོལ་འགྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་མཆེད་འདུས་པའི་བྱིན་རླབས་ཀྱིས། །ཅི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག།།

No comments: