Friday, January 23, 2015

རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས།



༄༅།།རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས་
དགོས་་་འདོད་་་ཀུན་་་འབྱུང་
ཞེས་བྱ་བ་བཞུགས།།

  
བརྗོད་བྱ། སྙན་རྩོམ་གྱི་ལམ་སྟོན།
རྩོམ་པ་པོ། སློབ་དཔོན་བསམ་གཏན།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ།
སྤྱི་ལོ་༢༠༡༤།






སྔོན་འགྲོའི་གསལ་བཤད།

༄༅།   །ནང་སྲོལ་རྩོམ་གཞུང་ཟེར་མི་འདི་གི་དམིགས་ཡུལ་ངོ་མ་རང་། རྩོམ་རིགས་མ་འདྲཝ་དཔེར་ན་ རྒྱལ་བའི་བཀའ། མཁས་པའི་བསྟན་བཅོས། གྲུབ་ཐོབ་རྣམས་ཀྱི་མགུར་མ། དེ་ལས་གཞན་སྤྱི་ཚོགས་མི་དམངས་ཀྱི་རྩོམ་རིགས་མ་འདྲཝ་ག་དེ་སྦེ་ཡོད་ག་བལྟ་ཞིནམ་ལས་རང་གིས་ཡང་དེ་བཟུམ་གྱི་རྩོམ་རིག་གི་ལཱ་འབད་ཚུགས་ནི་གི་དོན་ལུ་ཨིན།
ཨིན་རུང་རྩོམ་གཞུང་ངོ་མ་དེ་ཤེས་ནི་གི་དོན་ལུ་དང་། སྙན་རྩོམ་རྐྱབ་ནི་ལུ་དཀའ་ངལ་མེད་པར་འཇམ་ཏོང་ཏོ་སྦེ་རྐྱབ་ཚུགས་ནི་གི་དོན་ལུ། རྩོམ་གྱི་གཞི་མ་ཚིགས་བཅད་སྒྲིག་ཐངས་ཀྱི་སྡེབ་སྦྱོར་ཆུང་ཀུ་གཅིག་ཤེས་དགོཔ་ཁག་ཆེཝ་ཨིནམ་ལས། རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས་གཅིག་ཡང་སྔོན་འགྲོ་བཟུམ་ཅིག་སྦེ་བཀོད་དེ་བཞག་ཡོད།
སྡེབ་སྦྱོར་གྱི་བསྟན་བཅོས་འདི་གིས་ ནང་སྲོལ་རྩོམ་གཞུང་ལྷབ་མི་རྐྱངམ་གཅིག་མེན་པར་ རྩོམ་རིག་ལུ་དང་འདོད་ཡོད་པའི་ཕོ་མོ་ག་ར་ལུ་ཕན་ཐོགས་སྦོམ་སྦེ་རང་ འབྱུང་ཚུགས་པའི་རེ་བ་དང་སྨོན་ལམ་ཡོད།།


བསམ་གཏན།



༄༅།  །རྫོང་ཁའི་སྡེབ་སྦྱོར་གྱི་བསྟན་བཅོས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།

༄༅།  །ཟླ་བའི་ཞལ་རས་ཆ་ཤས་རྫོགས་ཤིང་ཟུར་མིག་སྤྱན་གྱིས་གཡས་ཕྱོགས་གཟིགས།།
ཚངས་པའི་གསུངས་དབྱངས་འགྱུར་ཁུག་ལྡན་པ་ཕྱག་གི་རྒྱུད་མངས་དབྱངས་དང་འདྲེས།།
ཐུགས་ཀྱི་མཁྱེན་རབ་དྭངས་ཤིང་གསལ་བས་འགྲོ་བའི་རྨོངས་པའི་མུན་སེལ་བ།།
སྒྲ་དབྱངས་ལྷ་མོས་བདག་བློའི་སྐྱེད་ཚལ་དུས་དང་རྣམ་ཀུན་རྒྱས་པར་མཛོད།།
རང་བཞིན་ལྷུན་གྲུབ་སྤོབས་པ་མི་ལྡན་ཡང་།།
བློ་གསར་རྣམས་ལ་ཅུང་ཟད་ཕན་པའི་བློས།།
སྙན་ངག་གཞུང་ལུགས་ཡོངས་ལ་ལྟ་བའི་མིག།
སྡེབ་སྦྱོར་དགོས་འདོད་ཀུན་འབྱུང་སྦྱིན་པར་བྱ།།

  དེ་ཡང་ལེགས་སྦྱར་སཾསྐྲི་ཏའི་སྐད་ཡིག་ནང་ལུ་སྡེབ་སྦྱོར་གྱི་བསྟན་བཅོས་ལོགས་སུ་ཡོདཔ་ཨིན་རུང་། ང་བཅས་རའི་ཆོས་སྐད་དང་རྫོང་ཁའི་སྐད་ཡིག་ནང་ལུ་སྡེབ་སྦྱོར་གྱི་བསྟན་བཅོས་ལོགས་སུ་འབྲི་བྲིཝ་ཅིག་མིན་འདུག དེ་འབདཝ་ད་སྙན་རྩོམ་འབྲི་ནི་ལུནི་ སྡེབ་སྦྱོར་འདི་མེད་ཐབས་མེདཔ་ཅིག་ཨིནམ་ལས་ ང་གིས་ཆོས་སྐད་ཀྱི་སྡེབ་སྦྱོར་རྒྱསཔ་ཅིག་དང་། རྫོང་ཁའི་སྡེབ་སྦྱོར་མདོར་བསྡུས་ཅིག་དང་ཁག་གཉིས་བྲིས་ཏེ་ཡོད་པའི་ནང་ལས་ ད་རེས་རྒྱང་འབྲེལ་ཤེས་ཡོན་ལོ་ངོ་གསུམ་པ་ཚུ་གི་དོན་ལུ་རྫོང་ཁའི་སྡེབ་སྦྱོར་འདི་སྤྱན་འབུལ་དང་འབྲེལ་ཏེ་སློབ་སྟོན་ཕུལ་ནི་ཨིན།།

སྡེབ་སྦྱོར་གྱི་ངོ་སྤྲོད།
  དེ་ཡང་སྙན་ངག་དང་རྩོམ་རིག་ག་ཅི་བཟུམ་ཅིག་འབྲི་རུང་ དེ་གི་འབྲི་ཐངས་དེ་ཚིགས་བཅད། ཚིག་ལྷུག སྤེལ་མ་ཟེར་རྣམ་པ་མ་འདྲཝ་གསུམ་སྦེ་འབྲི་ནི་ཡོད། ཚིགས་ལྷུག་ནང་འབྲི་བའི་སྐབས་ལུ་བརྗོད་དོན་གྱི་མང་ཉུང་དང་བསྟུན་ཏེ་འབྲི་ནི་མ་གཏོགས་འདི་ལུ་ཚིག་སྦྱོར་སྒྲིག་སྟངས་ལོགས་སུ་ཅིག་མེད། ཚིགས་བཅད་ནང་འབྲི་བའི་སྐབས་ལུ་སྡེབ་སྦྱོར་གྱི་སྒྲིགས་ཁྲིམས་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དེ་ཡང་བརྗོད་དོན་སྟོན་ཐངས་ཀྱི་ཆ་ལས་འབད་བ་ཅིན། གྲོལ་བ། རིགས། མཛོད་དང་། འདུས་པ་ཟེར་མ་འདྲཝ་བཞི་སྦེ་ཡོད་ནི་དང་། རྗོད་ཚིག་གི་ཚིགས་བཅད་སྒྲིག་ཐངས་ཀྱི་ཆ་ལས་འབད་བ་ཅིན། རྩོམ་པ་པོའི་བློ་སྟོབས་དང་བསྟུན་ཞིནམ་ལས་ ཚེག་བར་བཞི་མ་ལས་འགོ་བཙུགས་ཏེ་ ཚེག་བར་སུམ་ཅུ་སོ་གྲངས་ཀྱི་བར་ན་སྡེབ་སྦྱོར་སྒྲིག་ཐངས་མ་འདྲཝ་ལེ་ཤ་ཡོདཔ་ཨིན།།

དང་པ་དོན་གྱི་ཆ་ལས་ཚིགས་བཅད་རྩོམ་སྟངས་མ་འདྲཝ་བཞི།
༈ ༡གྲོལ་བ།༽ གྲོལ་བ་ཟེར་མི་འདི་ ཚིགས་བཅད་གཅིག་གི་ནང་ལུ་ བརྗོད་དོན་གཅིག་ཆ་ཚང་རྫོགསཔ་སྦེ་ཡོད་མི་ཅིག་ལུ་གོ་ནི་ཨིན། དཔེ་འབད་བ་ཅིན། ཡིད་འོང་ཆུ་དཀར་མེ་ཏོག །བྱག་གི་ལོགས་ལུ་ཤར་རུང་། །མིག་གིས་བལྟ་ནི་ཙམ་ལས། །ལགཔ་གིས་བསྙོབ་སར་མི་འདུག། ཟེར་ཚིགས་བཅད་གཅིག་གི་ནང་ལུ་དོན་ཚན་རྫོགསཔ་སྦེ་སྟོན་དོ་བཟུམ་ཅིག་ཨིན།།

༢རིགས།༽ རིགས་ཟེར་མི་འདི་ བརྗོད་དོན་འདི་ཚིགས་བཅད་གཅིག་ནང་རྫོགས་མ་ཚུགས་པར་ ཚིགས་བཅད་གཉིས་དང་གསུམ་ལ་སོགས་པའི་ནང་ལུ་འབྲི་མི་ཅིག་ལུ་ཅིག་ལུ་གོ་ནི་ཨིན། དཔེ་འབད་བ་ཅིན། བུམོ་ཁྱེད་ལུ་ཡིད་ཆེས་བསྐྱེད་དེ། །བུ་ང་ཡི་སྙིང་གཏམ་ཡོད་ཚད། །ཚིག་གཅིག་ཀྱང་སྦ་གསང་མེད་པར། །དོན་ཇི་མ་ཇི་བཞིན་བཤད་ཡོད། །ལུས་ལྷ་མོ་བཟུམ་སྦེ་མཛེས་ལ། །སེམས་གངས་ལས་དཀར་བ་ཁྱོད་ཀྱིས། །ཡིད་ཆེས་པའི་གནས་ཅིག་ཡོད་ན། །ལན་ཨིནམ་དང་མེནམ་ཅིག་གསུངས་གནང་།། ཟེར་ཚིགས་བཅད་གཉིས་ཀྱི་ནང་ལུ་དོན་ཚན་གཅིག་རྫོགསཔ་སྦེ་སྟོན་དོ་བཟུམ་ཅིག་ཨིན།།

༣མཛོད།༽ མཛོད་ཟེར་མི་འདི་ ཚིག་བཅད་གཅིག་གི་ནང་ལུ་རང་ བརྗོད་དོན་གཉིས་དང་གསུམ་ལ་སོགས་པ་སྟོན་མི་གཅིག་ལུ་གོ་ནི་ཨིན། དཔེ་འབད་བ་ཅིན། དམར་པོའི་མེ་ལྕེ་གྱེན་དུ་འབར། །སྔོན་པོའི་ཆུ་བོ་ཐུར་དུ་འབབ། །ཡིད་འོང་མེ་ཏོག་དུས་ཀྱིས་སྐམ། །ཁྱེད་ཀྱི་བརྩེ་དུང་རིམ་གྱིས་ཡལ།། ཟེར་ཚིགས་བཅད་གཅིག་གི་ནང་ལུ་ དོན་ཚན་ལེ་ཤ་ཅིག་སྟོན་དོ་བཟུམ་ཅིག་ཨིན།།

༤འདུས་པ།༽ འདུས་པ་ཟེར་མི་འདི་ དོན་ཚན་རིངམ་གི་རིགས་རྣམ་ཐར་དང་རྟོགས་བརྗོད་བཟུམ་གྱི་ནང་ལུ་ གྲོལ་བ་རིགས་དང་མཛོད་ཀྱི་ཚིགས་བཅད་གསུམ་ཀ་སླ་བསྲེས་སྟེ་ཡོད་མི་ཅིག་ལུ་གོ་ནི་ཨིན། དེ་ཡང་ཚིགས་བཅད་འབྲིཝ་ད་ སྐབས་རེ་གྲོལ་བ། སྐབས་རེ་རིགས། སྐབས་རེ་མཛོད་སྦེ་སྤེལ་ཏེ་ཡོད་མི་སྙན་ངག་རིངམ་ཀྱི་རིགས། དཔེར་ན་རྗེ་རིན་པོ་ཆེ་བློ་བཟང་གྲགས་པས་བརྩམས་པའི་འཕགས་པ་རྟག་ཏུ་ངུའི་རྟོགས་བརྗོད་བཟུམ་དེ་ཚུ་ཨིན། འདི་ལུ་དཔེ་མཚོན་ལོགས་སུ་བཤད་དགོཔ་མེད།།
དོན་གྱི་བཅད་མཚམས་ཉམས་པའི་སྐྱོན།
གྲོལ་བ་རིགས་དང་མཛོད་ཀྱི་ཚིགས་བཅད་ག་ཅི་བཟུམ་ཨིན་རུང་། རང་རང་སོ་སོའི་དོན་ཚན་གྱི་བཅད་མཚན་ལོགས་སུ་ཡོདཔ་ཨིན། བཅད་མཚམས་དེ་ཚུ་ལེགས་ཤོམ་སྦེ་བཟོ་མ་ཚུགས་པ་ཅིན། དོན་དག་གོ་ཧོང་མ་བདེ་བའི་སྐྱོན་སྦོམ་ར་ཐོནམ་ཨིན།
སྐྱོན་འདི་ག་དེ་སྦེ་འོངམ་ཨིན་ན་ཟེར་བ་ཅིན་ ༡༽ ཚིག་རྐང་ཕྱེད་ཀའི་ནང་ལུ་དོན་ཚན་རྫོགས་ཏེ་གསརཔ་ཅིག་འགོ་བཙུགས་ནི་དང་། ༢༽ དོན་ཚན་ཕྱེད་ཀ་ཚིག་རྐང་གོང་མའི་ནང་ལུ་དང་། ཕྱེད་ཀ་ཚིག་རྐང་འོག་མའི་ནང་ལུ་འགྱོ་ནི་ལ་སོགས་ལུ་བརྟེན་ཏེ་ཚིག་དོན་དེ་ཚུ་གོ་ཧོང་མ་བདེཝ་འགྱོཝ་ཨིན། དཔེར་ན། མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པཎ་དང་།། ཟེར་མི་དེ་ལུ་གནས་པ་ཟེར་བའི་ཚིག་འདི་ ཚིག་རྐང་གོང་མ་དེ་ནང་དགོཔ་ཨིན་རུང་ གནས་པ་ཟླ་བའི་ཅོད་པཎ་དང་། ཟེར་གནས་པ་འདི་འོག་ལུ་སྦྱརཝ་ད་ལུ་ག་ཅི་བཟུམ་ཅིག་འོངམ་མས་གོ། དེ་བཟུམ་སྦེ། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་པ་ཆོས་དཔེ་དངོས་སུ་ནི། །མཚུངས་པའི་ཆོས་དག་བསྟན་ཕྱིར་རོ།། ཟེར་མི་འདི་ལུ་བལྟ་བ་ཅིན། ཞེས་པ་ཆོས་དཔེ། ཟེར་མི་འདི་གིས་དོན་ཚན་གཅིག་རྫོགས། དངོས་སུ་ནི། ཟེར་མི་འདི་གིས་དོན་ཚན་གཞན་ཅིག་འགོ་བཙུགས་ཞིནམ་ལས་འདི་གི་དོན་ཚན་ལྷག་མ་དེ་ཚིག་རྐང་འོག་མའི་ནང་ལུ་བཞག་ནུག དེ་བཟུམ་སྦེ། མཛོད་ཀྱི་རྩ་བ་ནང་། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད།། ཟེར་མི་འདི་ལུ་ཡང་ ཚིག་རྐང་གོང་མའི་དོན་ཟེར་མི་དེ་དང་། འོག་མའི་ལྔ་ཟེར་མི་འདི་གཅིག་ཁར་སྦྱར་དགོཔ་ཨིན་རུང་སོ་སོར་འཕྱལ་ཏེ་ཡར་སོངམ་ད་ གོ་བ་ལེན་ནི་ལུ་དཀའ་ངལ་ག་དེམ་ཅིག་འདུག་གོ་ཚར་ཅིག་བལྟ་ཤིག།
དེ་བཟུམ་གྱི་སྐྱོན་དེ་ཚུ་སྤངས་ཞིནམ་ལས་ ཚིགས་བཅད་འདི་ཚུ་གོ་ཧོང་བདེ་ཏོག་ཏོ་བཟོ་དགོཔ་ཨིན། དེ་ག་དེ་སྦེ་བཟོ་ནི་སྨོ་ཟེར་བ་ཅིན། དོན་ཚན་དེ་ཚུ་ཚིག་རྐང་གཅིག་ནང་གཤོང་པ་ཅིན་ གཅིག་གི་ནང་ལུ་རྫོགསཔ་སྦེ་འབྲི་ནི་དང་། གཅིག་ནང་མ་གཤོང་པ་ཅིན་ གཅིག་དང་ཕྱེད་ཀ་སྦེ་མ་བཞག་པར་ཚིག་རྐང་གཉིས་ཆ་ཚང་ལངམ་སྦེ་འབྲི་ནི་དང་། དེ་ནང་མ་གཤོང་པ་ཅིན་ ཚིག་རྐང་གསུམ་སྦེ་བཞག་མ་གཏང་པར་ཚིགས་བཅད་གཅིག་གི་ནང་རྫོགསཔ་སྦེ་འབྲི་ནི་དང་། དེ་ནང་ཡང་མ་གཤོང་པ་ཅིན་ དེ་ལས་ཚིགས་བཅད་གཉིས་དང་གསུམ་ལ་སོགས་པ་ག་དེམ་ཅིག་ཨིན་རུང་ ཚིགས་བཅད་ཆ་ཚང་ཡོངས་སུ་རྫོགས་པའི་ནང་ལུ་འབྲི་དགོཔ་ཨིན། གནད་དོན་འདི་སེམས་ལུ་ངེས་ཞིནམ་ལས་ གོང་ལུ་ཞུ་མི་གོ་ཧོང་མི་བདེ་བའི་ཚིགས་བཅད་དེ་ཚུ་ཚར་གཅིག་བཅོ་ཁ་རྐྱབ་སྟེ་བལྟ་གེ། དང་པ་དེ། མགྲིན་སྔོན་ལག་ན་ཐོད་པ་གནས། །ཟླ་བའིཅོད་པཎ་དབུ་ལ་བརྒྱན།། ཟེར་བཟོ་ནི་དང། གཉིས་པམ་དེ། ཞེས་པ་འདི་ནི་ཆོས་དཔེ་སྟེ། །མཚུངས་ཆོས་དངོས་སུ་བསྟན་ཕྱིར་རོ།། ཟེར་བཟོ་ནི། གསུམ་པམ་དེ། གཟུགས་ནི་དབང་པོ་ལྔ་དང་ནི། །དོན་ལྔ་རྣམ་རིག་བྱེད་མིན་ཉིད།། ཟེར་འབྲི་བ་ཅིན་ག་དེ་སྦེ་འདུག་གོ།

ཁྱད་ཚིག་དང་བྱ་ཚིག་ལེ་ཤ་གཅིག་ཁར་སྦྱར་ཐངས།
དོན་དང་བསྟུན་པའི་བཅད་མཚམས་སོ་སོར་བཟོ་བའི་སྐབས་ལུ་དཀའ་ངལ་ཡོད་མི་གཅིག་འདི་ ཁྱད་ཆོས་ལེ་ཤ་གཅིག་སྦྱར་དགོ་པའི་སྐབས་ལུ་ཐོནམ་ཨིན། དེ་འབདཝ་ལས་ཁྱད་ཚིག་དང་བྱ་ཚིག་སྦྱར་ཚུལ་སྐོར་ལས་མདོར་བསྡུས་ཅིག་ཞུ་གེ།
ཁྱད་ཚིག་གཉིས་དང་གསུམ་ལ་སོགས་པ་སྦྱར་དགོ་པའི་སྐབས་ལུ། དཔེར་ན་བུམོ་ཞལ་རས་སྐྱ་སྒོང་སྒོ་དྭང་འཕྲོས་འཕྲོས་ཡོད་མི་དེ་ལུ་དམར་པོའི་མདངས་ཅིག་ཡང་ཆགས་ཏེ་ཡོད་པའི་ཁྱད་ཆོས་གསུམ་པོ་གཅིག་ཁར་སྦྱར་དགོ་པ་ཅིན། དཀར་ཞིང་དྭང་ལ་དམར་བའི་མདངས་དང་ལྡན། གསུང་སྐད་སྙན་ཞིང་བྱམས་པའི་སེམས་དང་ལྡན། ཟེར་ཁྱད་ཆོས་དེ་ཚུ་གི་སྦུག་ཁར་མཚམས་སྦྱོར་ལྷག་བཅས་ཀྱི་ཚིག་ཕྲད། སྟེ་ཏེ་དེ་གསུམ་དང་། ལ། ཅིང་ཞིང་ཤིང་ལ་སོགས་པ་དེ་ཚུ་བཙུགས་ཏེ་གཅིག་ཁར་སྦྱར་དགོཔ་ཨིན། དེ་བཟུམ་སྦེ་ བྱ་ཚིག་ཕལ་པ་གཉིས་གསུམ་ལ་སོགས་པ་ཅིག་ཁར་སྦྱར་དགོ་རུང་ མཚམས་སྦྱོར་ལྷག་བཅས་ཀྱི་ཚིག་ཕྲད་དེ་ཚུ་བཙུགས་དགོ། དཔེ་འབད་བ་ཅིན། སྐེད་པ་ཕྲང་སྟེ་ལག་པའི་ཕྱག་བརྒྱ་བསྒྱུར། །ཏིང་འཛིན་བསྒོམ་ཞིང་སྤྱན་གྱིས་འབུར་ཚུགས་གཟིགས།། ཟེར་དོ་བཟུམ་ཅིག་ཨིན།།

གཉིས་པ་རྗོད་ཚིག་ཚིགས་བཅད་སྒྲིག་ཐངས་ཀྱི་སྐོར།

༈ གཉིས་པ་རྗོད་ཚིག་ཚིགས་བཅད་སྒྲིག་ཐངས་ཀྱི་སྐོར་ལས་ཞུ་ནི་ཨིན། དེ་ལུ་མེད་ཐབས་མེད་པའི་སྒྲིག་གཞི་དྲུག་དང་། སྡེབ་སྦྱོར་དངོས་གཞི་ཁག་གཉིས་སྦེ་ཞུ་གེ།


མེད་ཐབས་མེད་པའི་སྒྲིག་གཞི་དྲུག་ལས། དང་པ་ཚིག་འབྲུ་མང་ཉུང་འདྲ་མཉམ།

ཚིགས་བཅད་འབྲིཝ་ད་ ཚིགས་བཅད་གཅིག་ནང་ཚིག་རྐང་བཞི་རེ་ཡོད་མི་དེ་ཚུ་གི་ ཚིག་འབྲུ་མང་ཉུང་འདྲན་འདྲ་དགོཔ་ཨིན། ཚིག་འབྲུ་འདྲ་མཉམ་མེད་པ་ཅིན་ཧན་ཏོང་ཏོ་མེདཔ་དེ་ཕར་རང་བཞག་ ཐ་ན་ལྷག་ངོ་ཡང་མི་བདེ་བའི་སྐྱོན་སྦོམ་རང་ཐོནམ་ཨིན། དཔེར་ན་དམག་མི་རུ་བསྒྲིག་གི་བསྟི་བསོ་ཞུ་བའི་སྐབས་ལུ་ རོགས་གཞན་གྱི་རྐངམ་གཡསཔ་འཐུ་སར་རང་གིས་གཡོནམ་འཐུ་བ་ཅིན་ ག་དེ་སྦེ་འོང་། འ་ནི་བཟུམ་ཅིག་ཨིན། དེ་འབདཝ་ལས་ཚིགས་བཅད་གཅིག་མ་རྫོགས་ཚུན་ཚོད་ རྐང་པ་བཞི་གི་ཚེག་བར་ཆ་ཚང་འདྲ་མཉམ་དགོཔ་ཨིན།།

གཉིས་པ། ཚིག་གི་བཅད་མཚམས་འདྲ་མཉམ།
དེ་མ་ཚད་ ཚིགས་བཅད་ནང་གི་ཚིག་འབྲུ་དེ་ཚུ་གི་སྒྲ་མདངས་གཅོད་མཚམས་སོ་སོ་སྦེ་ཡོད། ལ་ལོ་ཅིག་གཅིག་སྦེ་བཅད་དགོ་མི། ལ་ལོ་ཅིག་གཉིས་སྦེ་བཅད་དགོ་མི་ཡོདཔ་ལས་དེ་ཚུ་སེམས་ལུ་ངེས་དགོ།

གསུམ་པ། ཚིག་འབྲུ་ཆ་དང་ཡ་གི་རྣམ་གཞག
ཚིག་འབྲུ་ཡ་ཟེར་མི་འདི། དཔེར་ན། ས། ཆུ། མེ། རླུང་། གནམ། རི། ཁྱིམ། སྒོ། ལྕམ། གདུང་། རྟ། ནོར། ར། ལུག ལ་སོགས་པའི་མིང་རྐྱང་དེ་ཚུ་དང་།  རྣམ་དབྱེ་དང་ཚིག་ཕྲད། ང་དང་ཁོ་ལ་སོགས་པའི་མིང་ཚབ། འགྲོ་དང་སྡོད་ལ་སོགས་པའི་བྱ་ཚིག་གི་རིགས་ཚིག་འབྲུ་ཆ་མེད་ཡ་རྐྱང་དེ་ཚུ་དང་། བཞིན། ལྟར། འདྲ། མཚུངས་ལ་སོགས་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡ་གཅིག་འབད་མི། དེ་ལས་རྫོང་ཁའི་ཁྱད་ཚིག་མིང་མཐའ་ཡར་འདྲེན་ཅན་དཔེར་ན། ལེགསཔ། ཉེསཔ། མཐོཝ། དམའཝ། བཟངམ། ངནམ་ལ་སོགས་པ་དེ་ཚུ་དང་། འབོ་པའི་ཚིག་དཔེར་ན། དབའེ། ཀྱེ། སྙིང་རྗེའི་ཚིག་དཔེར་ན། ཨའེ། གྱངས་ཁ་གི་ཚིག གཅིག གཉིས། གསུམ་ལ་སོགས་པ་དེ་ཚུ་ཨིན།།
ཚིག་འབྲུ་ཆ་ཟེར་མི་འདི། དཔེར་ན། ཀ་བ། བུམ་པ། ནམ་ཁའ། ས་གཞི། རྩྭ་ཐང་། སྤང་ཐང་། འབྲོག་པ། རྡོ་རྗེ། བཀྲ་ཤིས། སངས་རྒྱས། ལ་སོགས་པ་ཧེ་མ་ལས་ཚིག་འབྲུ་ཆ་རེ་ཡོད་མི་དེ་ཚུ་ཨིན།།
དེ་ལས་ཚིགས་བཅད་ཚིག་ལྷུག་ག་ཅི་གི་སྐབས་ལུ་འབད་རུང་ ཚིག་འབྲུ་ཧེ་མ་ལས་ཆ་སྦེ་ཡོད་མི་དེ་ཚུ་སོ་སོ་སྦེ་ཁ་ཕྱལ་ནི་མི་འོང་། ཨིན་རུང་ཚིག་འབྲུ་ཡ་གཅིག་འབད་མི་དེ་ཚུ་གཅིག་ཁར་བསྡོམས་ཞིནམ་ལས་ཆ་གཅིག་བཟོ་བཏུབ། དེ་ཡང་མིང་རྐྱང་ཡ་གཉིས་བསྡོམས་ཞིནམ་ལས་ཆ་གཅིག་བཟོ་བ་ཅིན། དཔེར་ན། ས་ཆུ། མེ་རླུང་། རྟ་ནོར། ར་ལུག ཟེར་བཟོ་བཏུབ་ནི་དང་། མིང་ཚབ་ཀྱི་མཐའ་མར་ཕྲད་དང་རྣམ་དབྱེ་སྦྱར་ཏེ་བཟོ་བ་ཅིན། དཔེར་ན། ང་དང་། ཁྱོད་ཀྱི། ཁོ་ལས། དེ་ནི། ལ་སོགས་པ་བཟོ་བཏུབ། དེ་ལས་བྱ་ཚིག་གཉིས་གཅིག་ཁར་བསྡོམས་ཞིནམ་བཟོ་ནི་འབད་བ་ཅིན། གོ་དོན་ལྡོག་ཕྱོགས་ཨིན་པའི་བྱ་ཚིག་གཉིས་བསྡོམས་ཏེ་བཟོ་ནི། དཔེར་ན། འགྲོ་འོང་། གཏང་བཞག སྐྱེ་ཤི། འཕེལ་འགྲིབ། ལ་སོགས་པ་ལྟ་བུ་དང་། དོན་གཅིག་ཨིན་མི་བྱ་ཚིག་གཉིས་བསྡོམས་ཏེ་བཟོ་ནི། དཔེར་ན། བརྟག་དཔྱད། འཕྲོག་བཅོམ། བརླག་སྟོར། ཨར་རྐུན། ཁྱབ་སྤེལ། དར་ཁྱབ་ལ་སོགས་པ་ལྟ་བུ་དང་དེ་བཟུམ་སྦེ་གོ་དོན་ལྡོག་ཕྱོགས་ཨིན་མི་ཁྱད་ཚིག་གཉིས་བསྡོམས་ཏེ་བཟོ་བ་ཅིན། རྒྱལ་ཕམ། མཐོ་དམའ། ལེགས་ཉེས། དཀར་ནག སྐྱོན་ཡོན་ལ་སོགས་པ་ལྟ་བུ་དང་། བྱ་ཚིག་ལུ་ཕྲད་དང་རྣམ་དབྱེ་སྦྱར་ཏེ་བཟོ་བ་ཅིན། དཔེར་ན། སོང་ངོ། བཅད་ཀྱང་། ཆད་ནས། འོངས་ཏེ། བསྐོར་ཞིང་། ལ་སོགས་པ་ལྟ་བུ་དང།  ཁྱད་ཚིག་ལུ་ཕྲད་དང་རྣམ་དབྱེ་སྦྱར་ཏེ་བཟོ་བ་ཅིན། འཇམ་ཤིང་། ལེགས་ཀྱང་། བཟང་ངོ་ལ་སོགས་པ་ལྟ་བུ། བྱ་ཚིག་གི་མཐའ་མར་པ་དང་བ་སྦྱར་ཏེ་བཟོ་བ་ཅིན། དཔེར་ན། སྐྱེ་བ། ཤི་བ། འགྲོ་བ། འོང་བ། གཅད་པ། བཏུབ་པ། གྱོན་པ། ལ་སོགས་པ་བཟུམ་སྦེ་ རང་གིས་གང་ལ་གང་འདོད་སྦེ་བཟོ་བཏུབ།།

བཞི་པ། ཚིགས་བཅད་ནང་ལུ་བཙུགས་དགོ་པའི་ཚིག་འབྲུ་ཡ་གཅིག་འབད་མི།
ཚིགས་བཅད་ནང་ལུ་ཚིག་འབྲུ་ཡ་གཅིག་འབད་མི་ཅིག་བཙུགས་དགོ་པ་ཅིན་ཚིག་རྐང་གི་ཐོག་མཐའ་བར་གསུམ་གྱི་བཙུགས་ཐངས་མ་འདྲཝ་ཁག་གསུམ་སྦེ་ཡོད།
༡༽ ཚིག་རྐང་གི་མགུ་ཏོ་ཁ་ཨིན་པ་ཅིན། ལྷག་བཅས་ཀྱི་དེ་སྒྲ་མ་གཏོགས་པའི་ཕྲད་དང་རྣམ་དབྱེ་གཅིག་ཡང་འགྱོ་མི་བཏུབ་པའི་ཁར། མཚུངས་གསལ་གྱི་སྒྲ་དེ་ཚུ་ཡང་འགྱོ་མི་བཏུབ། འགྱོ་བཏུབ་མི་འདི་མིང་རྐྱང་དང་མིང་ཚབ། རྫོང་ཁའི་ཁྱད་ཚིག་དང་བྱ་ཚིག་མིང་མཐའ་ཡར་འདྲེན་ཅན། འབོ་པའི་ཚིག་དང་། སྙིང་རྗེའི་ཚིག་དེ་ཚུ་ཨིན། དཔེར་ན། ས་འབྲུག་གི་རྒྱལ་ས་ལྟེ་བ་གི། །ཁོང་ཁྲོམ་གྱི་སྨན་ཆུང་བུ་མོ་ཚུ། །ལེགསཔ་རང་གི་གདོང་ལུ་མེད་རུང་རང་། །ད་དཀར་ཕྱེ་བཏབ་སྟེ་བཟོཝ་མས་ས། །འགྱོནི་འགྱོ་བའི་ལམ་བཀག་ཁོང་གིས་རྐྱབ། །སྡོདནི་སྡོད་པའི་དབང་ཚད་འཕྱོགཔ་མས་ས། །དབའེ་སྤགས་ཤིང་རྟས་ཐག་འབག་སྟེ་གིས། །མགུ་རྒྱ་རྫི་དཀྲུམ་དེ་དཀྲུམ་ད་ག།  ཟེར་མི་འདི་ལུ་ཚིག་རྐང་གི་མགུ་ཏོག་ཁར་རེ་རེ་སྦེ་བཅད་དགོ་མི། ས། ཁོང་། ལེགསཔ། ད། འགྱོནི། སྡོདནི། དབའེ། མགུ་ཟེར་མི་བརྒྱད་ལས། དང་པ་དང་བརྒྱད་པ་མིང་རྐྱང་། གཉིས་པ་མིང་ཚབ། གསུམ་པ་ཁྱད་ཚིག བཞི་པ་དུས་སྟོན་པའི་ཚིག  ལྔ་པ་དང་དྲུག་པ་བྱ་ཚིག བདུན་པ་འབོ་པའི་ཚིག་ཨིན།།
༢༽ ཚིག་རྐང་གི་བར་ན་བཙུགས་དགོ་པ་ཅིན། མིང་རྐྱང་དང་ཁྱད་ཚིག་དེ་ཚུ་འགྱོ་མི་བཏུབ། ཕྲད་དང་རྣམ་དབྱེ། མིང་ཚབ། མཚུངས་པ་གསལ་བྱེད་ཀྱི་སྒྲ། བྱ་ཚིག་མིང་མཐའ་ཡར་འདྲེན་ཅན་དེ་ཚུ་ཡང་འགྱོ་བཏུབ་ཨིན། དཔེར་ན། ལྷ་ཡུལ་ལས་བྱོན་པའི་སྲས་མོ་འདི། །གནམ་བཀོད་ཅིག་ག་དང་ཨིན་ན་སྨོ། །ཉན་ནི་འདི་ཉན་བཏུབ་མ་བཏུབ་རུང་། །ཧེ་མ་བཟུམ་ཚར་ཅིག་སླབ་བལྟ་གེ། ཟེར་བའི་བར་ན་གི་ཚིག་འབྲུ། ལས། ཅིག འདི། བཟུམ་ཟེར་མི་བཞི་ལས་དང་པ་རྣམ་དབྱེ། གཉིས་པ་ཚིག་ཕྲད། གསུམ་པ་མིང་ཚབ། བཞི་པ་མཚུངས་གསལ་གྱི་སྒྲ་ཨིན།
༣༽ དེ་ལས་ཚིག་རྐང་གི་མཇུག་ལུ་བཙུགས་ནི་འབད་བ་ཅིན། ཡར་གོང་ལུ་ཞུ་མི་ཚིག་འབྲུ་ཡ་གཅིག་འབད་མི་ཆ་ཚང་འགྱོ་བཏུབ་ཨིན།།

ལྔ་པ། སྒྲ་མདངས་ཆ་སྦེ་ཡོད་དགོ་པའི་རྒྱུ་མཚན།
ངག་གི་བརྗོད་པའི་སྒྲ་མདངས་ག་ཅི་ཨིན་རུང་སྒྲ་མདངས་ཆ་གཅིག་དགོཔ་ཨིན། དེ་སྦེ་དགོ་པའི་རྒྱུ་མཚན་གཙོ་བོ་རང་ སྒྲ་མདངས་དོ་མཉམ་(sound balance)འོང་ནི་གི་དོན་ལུ་ཨིན་མས། ཕོ་མོ་ཆ་སྦེ་དགོཔ་མ་ཚད་ འཇིག་རྟེན་གྱི་དངོས་པོ་ག་ཅི་ཨིན་རུང་ ཆ་སྦེ་དགོ་མི་དེ་རྟེན་འབྱུང་རྒྱལ་པོའི་ཁྲིམས་ལུགས་ཧ་ལས་སི་སི་ཅིག་ཨིན་མས། དང་པ་རང་ ཟ་ཟེར་བའི་ཚིག་དེ་ལུ་ནི་ཟེར་མི་ཅིག་བཙུགས་ཏེ་ ཟ་ནི་ཟེར་ཆ་གཅིག་བཟོ་དགོཔ་དང་། ད་རུང་ཟ་ནི་ཟེར་མི་རྐྱངམ་ཅིག་སླབ་པ་ཅིན་མ་བདེཝ་ཆུང་ཀུ་ཅིག་འོངམ་ཨིན། དེ་ལུ་ཆ་རོགས་ཅིག་འཚོལ་ཏེ་ ཟ་ནི་འཐུང་ནི། འབད་ནི་བཅའ་ནི། ཕ་ལས་ཚུ་ལས། སླབ་ནི་བཞག་ནི་ལ་སོགས་པ་ཚིག་འབྲུ་བཞི་རེ་སྦེ་བཟོ་དགོཔ་མ་ཚད།  ད་རུང་ཚེག་བར་རིངམ་དེ་ཚུ་ཨིན་པ་ཅིན་བཞི་གཉིས་བསྡོམས་ཏེ་བརྒྱད་སྦེ་བཟོ་དགོཔ་ལ་སོགས་པ་ལེ་ཤ་ཡོད།།


དྲུག་པ། ཡ་གཅིག་འབད་མི་དེ་ཚུ་སྒྲ་མདངས་ཆ་གཅིག་ག་དེ་སྦེ་འོང་ནི་ཨིན་ན།
མ་པ་ལས་ཆ་མ་ཚང་པ་ཅིན་ ཡ་གཅིགཔ་དེ་ ལྷགཔ་ད་སྐད་ཀྱི་སྒྲ་མདངས་མནར་ཏེ་དུས་ཡུན་རིངམ་སྦེ་ལྷག་ཞིནམ་ལས་ ཚིག་འབྲུ་གཅིག་གི་སྒྲ་མདངས་དེ་ ཚིག་འབྲུ་གཉིས་དང་འདྲན་འདྲ་བཟོ་སྟེ་ སྒྲ་མདངས་དོ་མཉམ་འཐོན་དགོཔ་ཨིན། ག་དེམ་ཅིག་སྦེ་ སྙན་ངག་རྩོམ་པ་པོ་དེ་གིས་ ཚིག་འབྲུ་ཆ་དང་ཡ་ཏག་ཏ་སྒྲིག་སྟེ་མ་བཞག་པ་ཅིན་ ལྷག་མི་གིས་ སྒྲ་མདངས་དོ་མཉམ་བཟོ་མི་ཚུགས་པའི་དཀའ་ངལ་ལུ་བརྟེན་ཏེ་ ལྷག་ངོ་མི་བདེ་བ་དང་བརྗོད་དོན་གོ་དཀའ་བའི་དཀའ་ངལ་ཐོནམ་ཨིན།།



རྫོང་ཁའི་སྡེབ་སྦྱོར་ངོ་མ།
  གོང་ལུ་ཞུ་མི་སྒྲིག་གཞི་སེམས་ལུ་ངེས་ཞིནམ་ལས་ ཚིགས་བཅད་རྩོམ་ཐངས་དངོས་གཞི་དེ་ལུ་སྦྱོང་བརྡར་ཚར་ཅིག་འབད་དེ་བལྟ་གེ།

ཚིགས་བཅད་ཚེག་བར་དྲུག་མ།
ཚེག་བར་གྱི་སྒོ་ལས་ཚིགས་བཅད་སྒྲིག་ཐངས་དེ་ལུ་ ཚེག་བར་བཞི་ལས་ཉི་ཤུ་སུམ་ཅུ་ཚུན་ཚོད་ཀྱི་ སྒྲིག་ཐངས་མ་འདྲཝ་ལེ་ཤ་ཡོདཔ་ཨིན་རུང་ སྟབས་བདེ་ཤོས་དང་འཇམ་ཤོས་དག་པ་ཅིག་ཧེ་མར་ཞུ་གེ། དེ་གི་གྲལ་ལས་དང་པ་རང་ ཚེག་བར་དྲུག་མ་ཆ་སྦེ་ཡོད་མི། ༼༢་༢་༢༽
ཆོས་ཀྱི་གནས་སྟངས་དང་སྦྱར་ཏེ་ཞུ་བ་ཅིན། བརྒྱ་ཕྲག་ཉེར་ལྔའི་གོང་ལུ། །གྲོང་ཁྱེར་སེར་སྐྱ་ཟེར་སར། །ཡ་མཚན་རྟགས་དང་བཅས་ཏེ། །འགྲོ་མགོན་སངས་རྒྱས་འཁྲུངས་ནུག །དགུང་ལོ་བཅུ་དྲུག་བཞེས་ཚེ། །བཙུན་མོ་ཁྲི་མངའ་གསོལ་ཏེ། །རྒྱལ་སྲིད་བདེ་ལ་སྤྱོད་རུང་། །དེ་ལུ་ཞེན་ཆགས་མིན་འདུག །དགུང་ལོ་ཉེར་དགུ་བཞེས་ཚེ། །ཆོས་ཀྱི་ལུང་བསྟན་བབ་ལས། །བཙུན་མོ་སྲས་བཅས་བཞག་སྟེ། །དམ་ཆོས་སྒྲུབ་པར་བྱོན་ནུག །ལོ་དྲུག་འདས་པའི་ཤུལ་ལུ། །བྱང་ཆུབ་ཤིང་གི་རྩ་བར། །ས་ག་ཟླ་བའི་ཉ་ལ། །ཆོས་ཀྱི་བདུད་རྩི་ཐོབ་ནུག། ཟེར་དོ་བཟུམ་དང་།།
འཇིག་རྟེན་པའི་གནས་སྟངས་གི་ཐོག་ལས་ཞུ་བ་ཅིན། མི་གནགཔ་ཨ་རྒས་གཅིག་གིས་སླབ་པའི་སྙིང་གཏམ། ནམ་ཟླ་དབྱར་དགུན་མེད་པར། །ལཱ་ལུ་རྫོགས་ནི་མིན་འདུག །དགའ་བ་སྐྱིད་པ་ཟེར་རུང་། །ཕྱི་རུ་ཡུདཔ་ཐེངས་གཅིག་རང་། །ལཱ་ཁག་བཅུ་གསུམ་རྐྱབ་རུང་། །གྲུབ་འབྲས་གང་ཡང་མིན་འདུག །འདི་བཟུམ་གནས་སྟངས་འོག་ལུ། །མི་ཚེ་ཆ་ཚང་རྫོགས་དོ།།
བུཚ་གཅིག་དང་བུམ་གཅིག་གི་ཁ་བཤད། བུ། ངོ་རིས་གཟུགས་ཤེད་མེད་པར། །ཨ་བུག་དེ་རང་མ་གཡུག །ནང་གཟུངས་གསརཔ་ཅིག་ཐོནམ་ད། །གཏན་གྲོགས་འབད་མི་མི་འོང་།། བུམོ། འབད་བཞག་རང་ལུ་མེད་པར། །ཁ་བཀོད་རོགས་ལུ་མ་རྐྱབ། །ཨམ་སྲུ་འཇའ་རིསམ་འཚོལ་ཏེ། །མགུ་ཏོག་དཀརཔ་ལུ་འགྱུར་འོང་།། བུ། འཛམ་གླིང་ཕོ་ཕྱེད་མོ་ཕྱེད། །ཕོ་ལས་མོ་རང་མང་པས། །ཕོ་ལུ་ཨམ་སྲུ་མ་ཐོབ། །དཔེ་དང་སྲོལ་རང་མིན་འདུག། བུམོ། ཨ་ཡོང་མགོ་དཀར་ཟེར་མི། །ཁྱོད་ཀྱིས་མ་གོཝ་མེན་ན། །དཔེ་སྲོལ་ཡོད་རུང་མེད་རུང་། །རི་ཀོཌ་ཁྱོད་ཀྱིས་བཞག་འོང་།། བུ། ཨའེ་སྨོ། འཇའ་ནི་ཀོང་ཙ་འཇའ་རུང་། །ཞིམ་ནི་མོ་ཙ་ཞིམ་པས། །ངོ་རིས་མཚོ་མོ་ལེགས་རུང་། །སེམས་བསྐོ་ཁྱོད་རང་ཆེ་བས།། བུམོ། ཨིན་པ་སྟེ། ཁྱོད་ལུ་བརྩེ་དུང་བསྐྱེད་མི། །ང་ལས་ལྷགཔ་ཅིག་མི་འོང་། །མནོ་བསམ་ལེགས་ཤོམ་བཏང་སྟེ། །ང་དང་གཅིག་ཁར་ལོག་ཤོག།
ཟེར་མི་འདི་བཟུམ་ཅིག་འབད་བ་ཅིན་ ཚིག་རྐང་རེ་རེ་ལུ་ཚེག་བར་དྲུག་དྲུག་ཡོདཔ་མ་ཚད་ དེ་ཚུ་ག་ར་ཆ་སྦེ་ལྷག་དགོཔ་ཙང་ཙང་ཨིན།།
སྦྱོང་བརྡར། བུཚ་དེ་ཁྱེད་རང་ཨིནམ་སྦེ་མནོ་བསམ་བཏང་ཞིནམ་ལས་ མོ་ལུ་ལན་གསལ་ཚིགས་བཅད་དེ་གི་ཐོག་ལུ་རང་འབད།།

ཚེག་བར་བདུན་མ།
དང་པ། ༡་༢་༢་༢
ཡུལ་
གངས་ཅན་
བོད་ཀྱི་
ཞབས་དྲུང་།།
ལྷོ་
མོན་པའི་
གཡུས་ལུ་
བྱོན་ཚེ།།
ཆོས་
སངས་རྒྱས་
བསྟན་པ་
སྤེལ་ཏེ།།
འབངས་
མི་སེར་
བདེ་བར་
བཀོད་ནུག།
  བུ། ཁྱེད་ཁྲོམ་གྱི་སྨན་ཆུང་བུམ་ཚུ། །བྱད་ངོ་རིས་ལེགསཔ་ཅིག་མེད་རུང་། །སེམས་གཞུང་གི་དྲག་ཤོ་འགྱིམ་སྟེ། །་མི་ཚེ་སྟོང་ལོག་འགྱོ་དོ།། བུམོ། དུས་ད་རེས་ནངས་པའི་སྟག་ཤར། །སེམས་བརྟེན་ས་གཅིག་ཡང་མེདཔ་ལས། །མིག་སྨན་ཆུང་དམངས་ལུ་བལྟ་རུང་། །ཕྱག་གཡས་པའི་མཛུབ་མོ་གར་དོ།། བུ། ཕར་སྤང་རི་མཚམས་ཀྱི་ཁེན་པ། །ནང་བ་དང་གླང་གི་བཞུགས་གདན། །ཁྱེད་སྨན་ཆུ་ཨ་བུག་སྦོམ་ཚུ། །རོགས་སྟག་ཤར་དམངས་ཀྱི་བཞུགས་གདན།།  བུམོ། ང་བྱ་ཡི་རྒྱལ་པོ་རྨ་བྱ། །རྩེདམ་རྩེ་ས་རྒྱལ་པོའི་ལྡུམ་ར། །སྒྲོ་ཕུད་རྡོག་གཅིག་ལས་མེད་རུང་། །ཡར་མཆོད་གཤམ་ཁྲ་མོའི་རྒྱན་ཆ།།
སྦྱོང་བརྡར། བུམ་དེ་ལུ་དགྲ་ལན་སྦེ་སྨད་པ་རྐྱབ་པའི་ཚིགས་བཅད་འདི་བཟུམ་ཅིག་བྲིས།།

གཉིས་པ། ༢་༡་༢་༢
ཡ་ལས་
རང་
གནང་ནི་
མེདཔ་ལས།།
ང་གིས་
འདི་
ག་དེ་
འབད་བ།།
ང་ལུ་
རང་
སླབ་ནི་
མེན་པར།།
དྲག་ཤོ་
ལུ་
ཚར་ཅིག་
ཞུ་ད།།
བུ་ཚུ་གཉིས་ཀྱི་སྤྲོད་ལེན། རྡོ་རྗེ། གངས་ཅན་གྱི་ཆུ་བོ་དྭངས་མ། །རྒྱ་གར་གྱི་གཡུས་ལུ་ལྷོད་ཚེ། །ག་གིས་ཡང་ལོངས་སུ་སྤྱོད་དེ། །མི་གཙང་བའི་གཞི་ལུ་འགྱུར་དོ། །མཛེས་ལྡན་གྱི་ཡིད་འོང་ལྷ་མོ། །ངོ་རིས་འདི་འགྲན་ཟླ་མེད་རུང་། །ག་གིས་ཡང་སླབ་མི་ཉནམ་ལས། །ཁྱེད་རང་ལ་དགོ་ན་དགར་འཇུག། བཀྲ་ཤིས། ཁྱོད་ཀྱིས་རང་ང་ལུ་གནང་ན། །ང་གིས་ཡང་གསོལ་རས་ཞུ་གེ། །ཤུལ་ལས་འབདན་སླབ་ནི་མེདཔ་ཅིག །ད་ལྟོ་ལས་ཁ་ཚིག་བཟོ་དགོ། ལྷ་ཡུལ་ལས་བྱོནམ་དང་འདྲ་བའི། །མཛེས་ལྡན་གྱི་ཡིད་འཕྲོག་ལྷ་མོ། །ཁྱོད་དང་འདི་ལས་འཕྲོ་མེདཔ་ལས། །གནམ་བསྐོས་འདི་ང་དང་ཨིན་མས།།
རྡོ་རྗེ་གིས་ཁོ་རའི་ཨམ་སྲུ་བུ་འཁྲིད་ལུ། ཁྱོད་ཀྱིས་རང་ང་ལུ་མ་དགའན། །ང་ལུ་ཡང་ཐབས་ཤེས་མིན་འདུག །ང་གཉིས་ཀྱི་ལས་འཕྲོ་ཟདཔ་ལས། །སོ་སོ་སྦེ་གྱེས་ན་དྲག་འོང་།། བུ་འཁྲིད། ཉིན་མ་ཡང་ལཱ་གཅིག་མེད་ཟེརན། །ཕྱི་རུ་ཡང་ཀྲིག་ཀྲི་མིན་འདུག །བུ་འཁྲིད་ང་འགྱོ་རུང་འགྱོ་ཆོག །ཤུལ་ལས་འབདན་རྟིང་ཤུལ་མ་བདའ།། རྡོ་རྗེ། བཏང་བཏང་པའི་ཕྱེན་དང་འདྲ་བ། །བཟུང་པ་འདི་ག་གིས་འགྱོ་ནི། །གཙང་ཆབ་ཀྱི་ཆུ་དང་འདྲཝ་སྦེ། །ལོག་ནི་རང་མེདཔ་སྦེ་ཡར་སོང་།།
སྦྱོང་བརྡར། བུ་འཁྲིད་ཀྱིས་རྡོ་རྗེ་ལུ་ ག་ཅི་སླབ་འོང་ག་ཁྱོད་ཀྱི་ཚོད་དཔག་འབད་དེ་ ཚིགས་བཅད་འདི་བཟུམ་ཅིག་བྲིས།།

གསུམ་པ། ༢་༢་༢་༡
ཕྱི་ཁའི་
ངོ་རིས་
ལེགས་པའི་
ཁར།།
ནང་གི་
ཐུགས་སེམས་
བལ་ལས་
འཇམ།།
མཐོང་བ་
ཙམ་གྱིས་
གཞན་གྱི་
སེམས།།
རང་དབང་
མེད་པར་
ཁྱོད་ཀྱིས་
འཕྱོག།

བུ་འཁྲིད་དང་བཀྲ་ཤིས་ཕྱད་པའི་གཏམ།བུ་འཁྲིད། འགྱུར་མེད་རྡོ་རྗེ་འགྱུར་ཏེ་གིས། །བུ་འཁྲིད་ཁ་བྱལ་བཏང་ད་ཡི། །ཧིང་དང་འདྲ་བའི་བཀྲ་ཤིས་ཤོག །བརྩེ་བའི་ཆ་རོགས་བཀྲ་ཤིས་ཤོག།བཀྲ་ཤིས། ཁྱོད་ལུ་བུ་འཁྲིད་ཟེར་རུང་ར། །བུ་གཅིག་ཡོདཔ་དེ་ང་མ་ཤེས། །བུ་མོ་ཁྱོད་ཀྱིས་འཁྱིད་མི་གི། །བུ་དེ་ང་འབདན་མི་དགོ་སྨད།། བུ་འཁྲིད། བཀྲ་ཤིས་བཀྲ་ཤིས་ཨིན་མནོ་བ། །བཀྲ་ཤིས་བཀྲ་མི་ཤེས་པ་མས། །བླ་མའི་རོ་ཁྱི་བརྡུང་ནི་འབདན། །བླམ་ཡང་བཞུགས་ཏེ་དོན་དག་མེད།།
བུ་འཁྲིད་སྤྲུལ་སྐུ་བྱ་བྲལ་རིན་པོ་ཆེ་དང་མཇལ་བ། བུ་འཁྲིད། མུན་སེལ་ཉིན་བྱེད་ནུབ་ལུ་ཐལ། །དཀར་གསལ་ཟླ་བ་སྤྲིན་གྱིས་སྒྲིབ། །ལམ་དུ་འཁྱམ་པའི་བུ་མོ་ལ། །འགྱོ་བའི་ལམ་ཅིག་བསྟན་དུ་གསོལ།། རིན་པོ་ཆེ། འགྱུར་བ་མེད་པའི་དཔེ་མཚོན་དེ། །རྡོ་རྗེ་ཨིན་རུང་ད་རེས་འགྱུར། །ཕུན་སུམ་ཚོགས་པའི་བཀྲ་ཤིས་དེ། །ད་རེས་བཀྲ་མི་ཤིས་པར་གྱུར། །བུ་འཁྲིད་བུ་གཅིག་འཁྱིད་དེ་གིས། །དོན་དག་མེད་པར་འཁོར་བར་འཁྱམས། །མི་གཤིས་དེ་གསུམ་འཛོམས་པའི་མཐུས། །ཉེས་མེད་བུ་ཆུང་འོ་རེ་བརྒྱལ།། ཨ་ཁ་ཁ༑ ཨིན་རུང་ཁྱད་མིན་འདུག མི་གཅིག་དགའ་བའི་བསོད་ནམས་དེ། །རྟ་གིས་མི་ཐེག་ཟེར་སྲོལ་འདུག །ཁྱོད་རང་ཐུགས་ལུ་བབས་པ་ཅིན། །ང་དང་གཅིག་ཁར་བཞུགས་རོགས་གནང་།། བུ་འཁྲིད། དམ་པའི་ཆོས་ཀྱི་ཉམས་ལེན་པ། །གཞན་དང་འདྲ་ས་མི་འདུག་གོ། །འབྲུག་པའི་ཕོ་མོ་ཆ་མཉམ་རང་། །ཁྱོད་དང་འདྲ་ན་དགའ་བ་ལ།། རིན་པོ་ཆེ། ང་བཟུམ་གཞན་ཡང་ཡོད་པ་ཅིན། །དེ་དང་གཅིག་ཁར་འགྱོ་ནི་ན།།
བུ་འཁྲིད། བླ་མའི་ཕང་མར་མ་སྡོདཔ་ལས། །བླ་མ་མིག་སེར་ཚ་དོ་གོ།
སྦྱོང་བརྡར། བླ་མ་གིས་ ལན་ག་ཅི་གསུང་འོང་ག་ ཚོད་དཔག་འབད་དེ་ གསུང་ལན་ཚིགས་བཅད་འདི་བཟུམ་ཅིག་བྲིས།།

བཞི་པ། ༢་༢་༡་༢
འཕགས་པའི་
གནས་བརྟན་
དེ་
བཅུ་དྲུག།
བུ་མོའི་
གཡོ་སྒྱུ་
དེ་
བཅོ་བརྒྱད།།
སངས་རྒྱས་
བསྟན་པ་
འདི་
འཛིན་པར།།
འགལ་རྐྱེན་
མཐུན་རྐྱེན་
ལས་
མང་པས།།
བཀྲ་ཤིས་དང་ཐུགས་རྒྱ་ཡངས་པའི་ཆ་རོགས་བྱང་སེམས་གཉིས་ཀྱི་བཤད་ཐོ།བཀྲ་ཤིས་མིག་ཏོ་ཚ་སྟེ། ད་རེས་ནང་པ་གི་ཆོས་པ། །ཆོས་མིན་བོན་མིན་རང་ཨིན་པས། །བྱ་བྲལ་བྱ་བ་དང་བྲལ་རུང་། །བྱ་བ་གསར་པ་ཅིག་ཐོན་དོ།། བྱང་སེམས། ཆོས་པ་སྐུ་ཡོན་ཚུ་སྦྱངས་དུས། །རྒྱུ་དངུལ་ཤི་ཀི་གཅིག་མ་ཕུལ། །ཁོ་རང་ག་ཅི་རང་འབད་རུང་། །ང་བཅས་སླབ་དགོཔ་རང་མིན་འདུག། དོན་མེད་ཁ་དེ་རང་མ་གཏང་། །ནམ་ཅིག་རེ་དགོཔ་ཡང་ཐོན་འོང་། །སྐྱེ་རྒ་ན་འཆི་དང་ཕྱདཔ་དང་། །ཞུ་ས་ཁོང་ཚུ་ལས་མིན་འདུག།  བཀྲ་ཤིས། མིང་ཡང་བྱང་སེམས་ཟེར་ཨིནམ་ལས། །ཐུགས་རྒྱུད་བྱང་སེམས་རང་ཨིན་མས། །ཁྱོད་ཀྱི་བསླབ་བྱ་དང་མ་མཇལན། །སྡིག་པ་ལེ་ཤ་རང་བསགས་དོ།།  བྱང་སེམས། གཞུང་གི་ཁྲིམས་ལུགས་དང་མ་འགལན། །རང་གི་རང་དབང་རང་ཨིན་མས། །ཕར་ལུ་ཕན་ཐོགས་ཅིག་མེད་པར། །སླབ་ནི་དབང་ཚད་དེ་མི་འོང་།།
སྦྱོང་བརྡར། བུ་འཁྲིད་དང་སྤྲུལ་སྐུ་བྱ་བྲལ་རིན་པོ་ཆེ་གི་གནས་སྟངས་ག་ཅི་བཟུམ་ཅི་འོང་ག་ཚོད་དཔག་འབད་དེ་ཚིགས་བཅད་འདི་བཟུམ་ཅིག་བྲིས།།

སྐྱོན་སེལ།
   ཚིགས་བཅད་བཟོ་ནི་ལུ་སྦྱང་བ་ཆུང་ཀུ་ཅིག་ཐོབ་ཡོདཔ་ལས་ ད་ན་ལས་མར་སྐྱོན་སེལ་གྱི་སྐོར་ལས་ཆུང་ཀུ་ཅིག་ཞུ་གེ།
ཚིགས་བཅད་སྒྲིག་པའི་སྐབས་ཀྱི་སྐྱོན་གྱི་གཙོ་བོ་གཉིས་དེ་ཅིག་ཡོད། དེ་ཡང་སྡེབ་སྦྱོར་ཉམས་པ་དང་། གཅོད་མཚམས་ཉམས་པའི་སྐྱོན་དེ་གཉིས་ཡིན།
སྡེབ་སྦྱོར་ཉམས་པ་ཟེར་མི་འདི་ཚིགས་བཅད་གཅིག་གི་ནང་ལུ་ ཚིག་རྐང་བཞི་དང་དྲུག་ལ་སོགས་པ་ག་དེམ་ཅིག་ཡོད་རུང་ ཚིག་རྐང་དེ་ཚུ་ཁྱབ་མཉམ་རང་ཚིག་འབྲུ་མང་ཉུང་འདྲ་མཉམ་དགོཔ་ཨིན། ཚིག་རྐང་ནང་གི་ཚིག་འབྲུ་མང་ཉུང་ཤོར་ཏེ་འདྲ་མཉམ་མེད་པ་ཅིན་ འ་ནི་ལུ་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར་སླབ་ཨིན། དཔེ་འབད་བ་ཅིན།

སླབ་ནི་དབང་ཚད་མེད་རུང། །ཁ་གིས་རྩ་ལས་མི་ཆགས་པས།། 
ཁ་ཤུབས་སོར་དོ་འདི་གིས། །དོན་མེད་སྡིག་པ་བསགས་དོ་གོ།

ཟེར་མི་འདི་གི་ཚིག་རྐང་དང་པ་དང་གསུམ་པ་གཉིས་ཚིག་འབྲུ་དྲུག་མ་དང་། གསུམ་པ་དང་བཞི་པ་གཉིས་ལུ་ཚིག་འབྲུ་བདུན་རེ་སྦེ་ཚིག་འབྲུ་མང་ཉུང་འདྲ་མཉམ་མེད་དོ་བཟུམ་ཅིག་ཨིན།།
སྡེབ་སྦྱོར་ཉམས་སོང་རུང་སྐྱོན་མེད་པའི་རིགས་ཅིག་ཡང་ཡོད། དེ་ག་དེ་སྦེ་འོངམ་ཨིན་ན་ཟེར་བ་ཅིན། ཚིགས་བཅད་གཅིག་ནང་ཨིན་རུང་། དོན་ཚན་མ་འདྲཝ་སྦེ་ཡོད་པ་ཅིན་ཚིག་འབྲུ་མང་ཉུང་འདྲ་མཉམ་མེད་རུང་ཁྱད་མེདཔ་ཨིན། དཔེ་འབད་བ་ཅིན།

ཕར་ནགས་ཚལ་ནང་ལུ་བཞུགས་མི། །ཁྱོད་ནགས་ཀྱི་ལེ་ཀོ་མིག་དམར།།
མགོ་ལུ་ཟེག་མ་བཀལ། །མཇུག་མ་ནགས་ཀྱི་འཁྱགམ།།
བྱ་དེ་ཚུ་བྱ་གྲལ་མི་ཚུད། །ཁྱོད་བྱ་བྲལ་གན་སྦེ་འཛུལ་བ།།

ཟེར་མི་འདི་ནང་ལུ་ཚིག་རྐང་དྲུག་ཡོད་ས་ལས། དང་པ་དང་གཉིས་པ་གཉིས་ཀྱི་སྡེབ་སྦྱོར་འདི་༼༡་༢་༢་༢༽ ཨིནམ་དང་། གསུམ་པ་དང་བཞི་པ་གཉིསཔ་འདི་ ༼༢་༢་༡༽ དེ་ལས་ལྔ་པ་དང་དྲུག་པ་གཉིསཔ་འདི་༼༡་༢་༢་༢༽ ཨིན་རུང་ ཚིག་རྐང་དང་པ་གཉིསཔ་འདི་ངོ་སྤྲོད། བར་པ་གཉིསཔ་འདི་ཁྱད་ཆོས། ཐ་མ་གཉིསཔ་འདི་སྐྱོན་བརྗོད་ཀྱི་དོན་ཚན་སོ་སོར་ཡོདཔ་ལས་སྡེབ་སྦྱོར་ཉམས་སོང་རུང་སྐྱོན་མེདཔ་བཟུམ་ཅིག་མཐོངམ་ཨིན་མས།།
སྡེབ་སྦྱོར་ཉམས་རུང་སྐྱོན་མེདཔ་འདི་གི་སྐབས་ལུ་ ཚིགས་བཅད་གཅིག་གི་ཚིག་རྐང་ཆ་ཚང་ཚིག་འབྲུ་མ་མཉམ་རུང་ ཚིག་རྐང་གཉིས་དང་ ཡང་ན་བཞི་དེ་ཅིག་གི་ཚིག་འབྲུ་དང་བཅད་མཚམས་འདྲ་མཉམ་དགོཔ་ཨིན། ཚིག་རྐང་རེ་རེ་ལུ་ཚིག་འབྲུ་མ་མཉམ་ཡར་སོང་པ་ཅིན་ལྷག་ངོ་མ་བདེཝ་བྱུངམ་མ་ཚད། ཚིགས་བཅད་ཀྱི་གྲལ་ཁར་ཡང་མ་ཚུདཔ་ཨིན།།
དེ་ལས་བཅད་མཚམས་ཉམས་པའི་སྐྱོན་ཟེར་མི་འདི། ཚིགས་བཅད་གཅིག་གི་ཚིག་རྐང་ཆ་ཚང་ཚིག་འབྲུ་མང་ཉུང་འདྲ་མཉམ་ཡོད་རུང་། ཚིག་འབྲུ་དེ་ཚུ་གི་ཆ་དང་ཡ་གི་བཅད་མཚམས་འདྲ་མཉམ་མེད་མི་དེ་ལུ་སླབ་ཨིན། དཔེ་འབད་བ་ཅིན།

ཆོས་དང་འཇིག་རྟེན་གཉིས་ཀ་ཡང་།བུ་ཁྱོད་ཀྱིས་འཇོནམ་ཅིག་མེད་རུང་།།
སྡོད་ཉམས་དེ་སེང་གེ་བཟུམ་སྦེ། །ཚ་གྱང་མེད་པ་རང་བཞུགས་ཅིག།

ཚིགས་བཅད་འདི་གི་ཚིག་རྐང་ཆ་ཚང་ཚིག་འབྲུ་བདུན་མ་ཨིན་རུང་། བཅད་མཚམས་ག་ར་སོ་སོར་ཨིན་མས།༼༢་༢་༢་༡། ༡་༢་༢་༢། ༢་༡་༢་༢། ༢་༢་༡་༢།༽ ཚིགས་བཅད་འབྲི་བའི་སྐབས་ལུ་བཅད་མཚམས་ཉམས་པའི་སྐྱོན་དེ་སེམས་ཁར་བཀལ་ཏེ་སྤང་དགོ།
དེ་ལས་བཅད་མཚམས་ཉམས་རུང་སྐྱོན་མེད་མི་གཅིག་ཡང་ཡོད། དེ་ཡང་ཚིག་རྐང་གཅིག་གི་ཚིག་འབྲུ་ཐོག་མ་གསུམ་གྱི་བཅད་མཚམས་ཡར་མར་ཤོར་རུང་སྐྱོན་སྦོམ་ཅིག་མེད་ནི་དང་། དེ་བཟུམ་སྦེ་ཚིག་འབྲུ་ཐ་མ་གསུམ་གྱི་ཚིག་འབྲུ་ཡར་མར་ཤོར་རུང་སྐྱོན་སྦོམ་རང་མེདཔ་ཨིན། དཔེ་འབད་བ་ཅིན།
མནོ་བསམ་ཅིག་མི་གཏོང་དགུ་གཏོང་གཏོང་།།       ༼༢་༡་༢་༢་༡༽
དགུ་གཉིས་ཀུ་བསྡོམས་པའི་བཅོ་བརྒྱད་གཏོང།།      ༼༡་༢་༢་༢་༡༽
བཅོ་བརྒྱད་ལས་ལྷག་སྟེ་བཏང་རུང་རང།།          ༼༢་༡་༢་༢་༡༽
སྙིང་པོ་ཅིག་མི་འདུག་ངའི་ཆ་རོགས།།           ༼༢་༡་༢་༡་༢༽
ཟེར་མི་འདི་ནང་ ཚིག་རྐང་དང་པའི་ཚིག་འབྲུ་ཐོག་མ་གསུམ་འདི་ཚིག་འབྲུ་ཆ་གཅིག་དང་ཡ་གཅིག་དང། གཉིས་པ་དེ་གི་ཐོག་མ་གསུམ་འདི་ཡ་གཅིག་དང་ཆ་གཅིག་ཨིན་རུང་སྐྱོན་སྦོམ་ཅིག་མི་ཚོར་ནི་དང་། ཚིག་རྐང་གསུམ་པའི་ཐ་མ་གསུམ་འདི་ཆ་གཅིག་ཡ་གཅིག་དང་། ཚིག་རྐང་བཞི་པའི་ཐ་མ་གསུམ་འདི་ཡ་གཅིག་ཆ་གཅིག་ཡོད་རུང་སྐྱོན་མི་ཚོར་དོ་བཟུམ་ཅིག་ཨིན།།
ཚིག་གི་བཅད་མཚམས་འཛོལ་རུང་སྐྱོན་མེད་མི་འདི་ ད་ལྟོ་གོང་ལུ་ཞུ་མི་འདི་ཚུ་རྐྱངམ་ཅིག་ཨིན། དེ་མེན་པར་ཚིག་རྐང་གི་བར་ན་ལུ་ཆ་དང་ཡ་གི་བཅད་མཚམས་འཛོལ་བ་ཅིན། ཐད་རེག་སྦ་རེག་སྐྱོན་ལུ་འགྱོཝ་ཨིན།།
ཡར་གོང་ལུ་ཞུ་མི་སྐྱོན་སེལ་གཉིསཔ་དེ་སེམས་ལུ་ངེས་ཞིནམ་ལས་ ད་ན་ལས་མར་འོག་ལུ་བཤད་ནི་ཨིན་པའི་སྡེབ་སྦྱོར་ཚུ་ལུ་སྐྱོན་དེ་གཉིས་མེདཔ་སྦེ་སྦྱོང་བརྡར་འབད་ནི་ཨིན།།
ཚེག་བར་བརྒྱད་མ།
དང་པ། ༡་༢་༢་༢་༡
  མི་གཞན་ལུ་ཆོས་བཤད་གནང་མི་ཚུ། །རྒྱུ་དགེ་བ་སྦྱིན་པ་བཏང་དགོ་ལོ། །དངུལ་ཌོ་ལར་ཧོནམ་དང་ཕྱད་པའི་ཚེ། །ཁོ་སྦྱིན་པ་བཏང་ནི་བརྗེད་སོང་ནུག །ཕར་ཤར་ཕྱོགས་གཡུས་བཟང་ཕྲ་མོ་གི །མི་དེ་ཚུ་སྣང་བ་སྐྱིད་པས་སྨོ། །གསེར་དངུལ་གྱི་མ་ཐང་ཡོད་ཚད་ཅིགཔ། །ཚབོ་ཁོ་གི་གང་ལ་གང་འདོད་མས། །འབྲུག་རྒྱལ་ཁབ་ཡར་རྒྱས་སོང་སྟེ་གིས། །མི་དེ་ཚུ་འབྱོར་པ་ལྡན་པས་ལོ། །མར་ལྷོ་མཚམས་གཡུས་ཚན་ཚུ་གི་ནང་། །ལྟོ་ཟ་སའི་ཐ་ལི་མེད་མི་འདུག །ཕར་ཤར་ཕྱོགས་རྫོང་ཁ་ཚུ་གི་ནང་། །མི་མང་ཤོས་ཉམ་ཐག་ཨིན་པས་ལོ། །འབྱུ་ཡོད་ཚེ་ཆང་སྦེ་བཙོ་བ་ཅིན། །ཁོང་ཡར་རྒྱས་འགྱོ་བ་གན་འགྱོ་བ།། ཡང་ན། འབྱོརཔ་ལ་ཡ་གླིང་བཞི་མར་གྱི་མཛོད། །གཏོརམ་དཀར་རྒྱན་མེད་པར་ཧའོ་རིལ་རིལ། །མཐའ་རྒྱ་མཚོ་ཆེན་པོ་ཆུ་ཡི་མཛོད། །ཆུ་མཐུང་ཆུ་མེད་པ་ཧམ་ཐལ་ཐལ།།
སྦྱོང་བརྡར་དང་པ།
ཁྱོད་ལེགས་པའི་སྨན་ཆུང་བུ་མོ་གིས། །མིག་ཟུར་མིག་མདའ་མོ་འཕངས་ཏེ་གིས། །བུ་རང་གི་ཧིང་ལུ་འཕོག་མཆིཝ་ལས། །དྲནམ་གར་སོང་མེད་པར་གཏོར་བཏང་ནུག། ཁྱོད་བསམ་ཤེས་ཅན་གྱི་བུ་མོ་གིས། །མདའ་དམིགས་པ་བསྐྱེད་དེ་བཏང་བཏངམ་འབདན། །སེམས་གཙང་མའི་བསིལ་ཆབ་གཏོར་དེ་གིས། །ང་དྲན་མེད་ངང་ལས་ལྷོང་གནང་མས།།
ཁྱེད་རང་ཟུར་མིག་ལྟ་མི་གི་བུམ་འདི་ཨིནམ་བཟོ་ཞིནམ་ལས་ བུ་དེ་ལུ་ལན་ཅིག་སླབ།།

སྦྱོང་བརྡར་གཉིས་པ།
ཤར་བསམ་གཏན་སྒང་གི་ར་པོད་འདི། །ཤ་གི་ཤ་ཁུར་མ་ལངམ་ལས། །ལྷིག་པ་དོ་ཚད་ལང་སོང་ནུག།
ཟེར་མི་བློ་ཟེར་འདི་ ཚིག་རྐང་བཞི་ཚངམ་སྦེ་མེདཔ་མ་ཚད་ ཚིག་རྐང་གི་ཚེག་བར་ཡང་འདྲ་མཉམ་མེད་མི་འདི་ ཁྱོད་ཀྱིས་ཆ་ཚང་བཟོ།།


གཉིས་པ། ༢་༢་༢་༢
སྤང་གཤོང་ཁྱེད་ལ་རྩ་ཆུ་འཛོམས་ན། །ཤ་བ་ཕོ་མོ་ལས་ཀྱིས་འཁོར་ཡོང་། །སྨན་ཆུང་བུ་མོར་དམ་ཚིག་ཡོད་ན། །མི་ཚེའི་གཏན་གྲོགས་ལས་ཀྱིས་འཁོར་ཡོང་།། ནང་གི་སེམས་ལ་བལྟ་བཏུབ་མེད་ན། །ཕྱི་གི་ངོ་རིས་མི་རྟག་སྒྱུ་མ། །མེ་ཏོག་ལེགས་རུང་ཞག་གསུམ་ཙམ་ཅིག །དེ་གི་ཤུལ་ལས་ཕྱག་རྙིགས་རག་རོག། བལྟ་ན་འཇའ་བའི་ཨེ་ཏོག་མེ་ཏོག །ལེགས་རུང་མིག་གི་བརྒྱན་ཆ་ཙམ་ཅིག །ནང་གི་རོ་བཅུད་དུག་གི་རང་བཞིན། །མིག་གི་མཐོང་རུང་བཅག་དགོཔ་མིན་འདུག། ཡིད་འོང་འཕྲོག་པའི་ཚུལ་ཁྲིམས་མེ་ཏོག །འཛེག་པར་དཀའ་བའི་བྱཱག་ལུ་ཤར་རུང་། །འཇའ་བ་མ་ཚད་དྲི་བསུང་ཞིམ་པས། །ག་ཏེ་ཡོད་རུང་བཅག་དགོ་མནོཝ་མས།། ངོ་རིས་ལྷ་ལས་ལྷག་པའི་བུ་མོ། །ནང་གཟུངས་འདྲེ་གི་སེམས་དེ་བཞག་སྟེ། །གཞན་ཕན་བྱང་སེམས་སྙིང་རྗེ་ལྡན་ན། །མཁའ་འགྲོམ་ཟེར་རུང་དེམ་ཅིག་ཨིན་པས།། ཁྱོད་ལུ་དགའ་མི་ལེ་ཤ་ཡོད་རུང་། །མི་ཚེའི་གཏན་གྲོགས་འབད་མི་མིན་འདུག །ལྡུམ་ར་ནང་གི་གསེར་ཤོག་མེ་ཏོག །ལྡུམ་ར་ནང་ལུ་རྒས་པར་འཕངས་མས།།
སྦྱོང་བརྡར། འཁོར་བའི་ཆོས་ལུ་སྙིང་པོ་མེད་པའི་སྐོར་ལས་ སེམས་འཁྲུལ་བའི་འཁྲུལ་གླུ་ཅིག་བྲིས།།

གསུམ་པ། ༢་༡་༢་༢་༡
མཚན་ལྡན་གྱི་བླ་མའི་རྩ་བ་ལུ། །གཉིས་ཕན་གྱི་ཆོས་ཅིག་སྒྲུབ་སོང་པ། །སྔོན་བསགས་ཀྱི་བག་ཆགས་ངན་སྟོབས་ཀྱིས། །སྨན་ཆུང་གི་བུ་མོས་བཞག་མ་བཏུབ། །གཉེན་སྦྱོར་གྱི་བརྟེན་འབྲེལ་རྩིས་དེ་གིས། །འཇིག་རྟེན་གྱི་བདེ་བར་སྤྱོད་སོང་པ། །བདེ་སྐྱིད་ལས་ལྷག་པའི་སྡུག་བསྔལ་ཅིག །སྙིང་སྡུག་གི་བུ་མོས་བཟོ་བཏང་ནུག །ཁ་ཉིནམ་དེ་མ་གོཝ་ཨིན་སྦེ་བཞག །ཁ་ཙང་དེ་མ་མཐོངམ་བཟོ་རུ་རང་། །ད་རེས་འདི་མིག་མཐོང་ལག་པས་ཟིན། །མཐའ་འཇུག་དེ་གང་འབད་མི་ཤེས་པས། །སོ་སོ་སྦེ་ཁ་བྱལ་སོང་ཟེར་བ། །གཅེས་ཕྲུག་གཅིག་སྦུག་ལུ་ཚུད་སོང་ནུག །གཅིག་ཁ་རང་སྡོད་གེ་ཟེར་བ་ལུ། །འབད་བཞག་དེ་ཁམས་པགས་རྐྱབ་མས་གོ། །མནོ་བསམ་ཅིག་མི་གཏོང་དགུ་གཏོང་གཏོང་། །དགུ་གཉིས་ཀུ་བསྡོམས་པའི་བཅོ་བརྒྱད་གཏོང་། །བཅོ་བརྒྱད་ལས་ལྷག་སྟེ་བཏང་རུང་རང་། །སྙིང་པོ་ཅིག་ཡོད་ཚོད་མི་འདུག་གོ།།
སྦྱོང་བརྡར། ཁོང་གཉིས་ཀྱི་གནས་སྟངས་དེ་ ག་ཅི་བཟུམ་ཅིག་ལུ་ཐུག་འོང་ག་ འཕྲོ་མཐུད་ཚིགས་བཅད་གཉིས་བྲིས།།


བཞི་པ། ༡་༢་༢་༡་༢
སྟེང་ལྷ་ཡུལ་རྒྱལ་ཁམས་ཀྱི་དམག་དཔོན། །འབྲུག་སྨན་ལྗོངས་རྒྱལ་ཁབ་ཀྱི་བསྲུང་མ། །མཚན་ཇག་པ་མེ་ལེན་ཟེར་ཞུ་མི། །གནས་བདེ་ཆེན་ཕུག་ལུ་རང་བཞུགས་ཡོད། །རང་དད་པ་མོས་གུས་རང་ཡོད་ན། །སྐྱབས་ཁོ་ལུ་ཉེ་རིང་དེ་མིན་འདུག །སེམས་ཧིང་ལས་གསོལ་བ་ཞིག་བཏབ་ད། །དུས་ནམ་ཡང་ཁྱོད་ལུ་རང་གཟིགས་འོང་། །གཞན་སྒང་བཙན་གཤོང་བཙན་ལ་སོགས་པ། །ཁོང་འཇིག་རྟེན་ལྷ་འདྲེ་ཅིག་ཨིནམ་ལས། །དུས་ནམ་ཞིག་མཆོད་པ་དེ་ཆད་ན། །སྲོག་བཅད་པའི་ཟ་འདྲེ་རང་འབད་འོང་།།

ཚེག་བར་དགུ་མ།
  ཚེག་བར་དགུ་མ་རིགས་མི་འདྲ་བ་ལྔ་ཡོད་མི་དེ་བུ་དང་བུ་མོའི་ཁ་བཤད་ཀྱི་ཐོག་ལས་ཞུ་གེ།

དང་པ་༢་༢་༢་༢་༡ འབད་མི་འདི་དཔེར་ན། བུ་གཅིག་གིས་བུམོ་གཅིག་ལུ།
དགའ་བའི་འཛུམ་ཅིག་ཁྱོད་ལུ་བསྟན་རུ་རང་། །ངན་པའི་ཚོད་ཅིག་ང་ལུ་བལྟ་དེ་གིས། །ཧིང་ལས་དགའ་བའི་ཡིད་འོང་བུམོ་ཁྱོད་ཀྱིས། །ང་ལུ་ཡ་གཅིག་འབད་རང་མ་བཏུབ་ས། །རྒྱ་མཚོའི་ནོར་བུ་བཏོན་ཏེ་བྱིན་གེ་ཟེར། །རྫུན་པའི་ཤོབ་དེནི་ང་གིས་རྐྱབ་ནི་མེད། །རང་དབང་ཡོད་པའི་ལུས་ངག་ཡིད་གསུམ་དེ། །ཕངས་སེམས་མེད་པར་ཁྱོད་ལུ་བྱིན་དོ་སྨས།།


གཉིས་པ་ཚེག་བར་དགུ་མ་ ༡་༢་༢་༢་༢ སྦེ་མི་འདི་དཔེར་ན། བུམོ་དེ་གིས།
རང་ཧིང་ལས་དགའ་བའི་སྟག་ཤར་ཁྱོད་ལུ། །སེམས་གདིང་ལས་དགའ་ཟེར་སླབ་དགོ་མནོཝ་ཅིག །དུས་ཧེ་མ་ལས་རང་སེམས་ལུ་ཡོད་རུང་། །ཁྱོད་དངོས་སུ་མཇལ་ཚེ་སླབ་རང་མ་ཚུགས། །མར་རྒྱ་མཚོའི་ནོར་བུ་བཏོན་ཏེ་བྱིན་ནི། །ཁོང་སྟག་ཤར་གཞོན་པའི་སླབ་ཐངས་ཨིན་པས། །ཁྱོད་ལུས་ངག་ཡིད་གསུམ་ང་ལུ་གནང་བ། །ད་བདག་འཛིན་ང་གིས་ལེགས་ཤོམ་འབད་གེ།

གསུམ་པ་༢་༡་༢་༢་༢ སྦེ་མི་འདི་དཔེར་ན། བུ།
ད་རེས་འདི་བཞི་པའི་ཚེས་གཅིག་(April Fool)ཨིནམ་ལས། །བགོད་བྲོ་སྦེ་ཚར་གཅིག་སླབ་སྟེ་བལྟ་བ། །ཁྱོད་ཀྱིས་འདི་བདེན་འཛིན་རེ་ར་རེ་ནུག །ང་ལུ་འབདནི་དེ་བཟུམ་མནོ་བསམ་མེད་གོ། །ཧེ་མ་ལུ་ཁྱོད་ཀྱིས་ཨིན་ཨིན་འདྲཝ་སྦེ། །ང་ལུ་འདི་མིག་སྒོརམ་ཚར་གསུམ་བལྟ་སྟེ། །མགུ་ཏོ་ར་གཡུག་སྟེ་ཡར་སོངམ་མེན་སྦོ། །ད་རེས་འདི་མནོ་བསམ་ག་ཅི་བཏང་ཡི།།

བཞི་པ་ ༢་༢་༡་༢་༢་སྦེ་མི་འདི་དཔེར་ན། བུམོ།
ང་ལུ་དགྲ་ལེན་ཅིག་འབད་དགོ་མནོ་བའི། །ངན་པའི་མནོ་བསམ་ཅིག་ཁྱོད་ལུ་ཡོད་རུང་། །གྱང་བར་བཤལ་ཏེ་ར་ཨ་དུམ་འཚོལ་མི། །སྤྱང་ཁྱི་ཁྱོད་བཟུམ་ཅིག་དགོཔ་རང་མིན་འདུག །དྲག་ཤོ་དབང་ཕྱུག་གི་ལྷ་སྲས་དཔལ་ལྡན། །ཁ་ལས་འཇིབ་བཟུམ་གྱི་གཱ་རི་བདའ་སྟེ། །ད་རེས་ནངས་པ་ར་ལེན་པར་འོང་དོ། །རོ་ཁ་བྱག་བཟུམ་སྦེ་རྒྱང་སྟེ་བཞུགས་ཤིག།

ལྔ་པ་  ༢་༢་༢་༡་༢ སྦེ་མི་འདི་དཔེར་ན། བུ།
མཛེས་པའི་རང་གཟུགས་ཚོང་དཔོན་ལུ་བཙོང་པ། །ཡ་མཚན་ཆེ་དགོཔ་རྩ་ལས་ར་མིན་འདུག །ཁ་བདེ་ལྕེ་བདེའི་ནེ་ཙོ་ཅིག་བཟུམ་སྦེ། །གཟེབ་ནང་ཚུད་ཚེ་བལྟ་སྟེ་་སྡོད་གེ། །ཕྱུག་པོའི་གནམ་དེ་ཕྱི་ཁ་ལས་བལྟ་ཚེ། །དགའ་དགའ་འདྲཝ་ཅིག་ཡོདཔ་བཟུམ་ར་འདུག་པ། །ནང་ན་སོང་ཚེ་གཡོག་མོ་དང་འདྲ་བའི། །ལཱ་གཡོག་བཀོལ་ཚེ་འཁྲུལ་སྣང་ར་ལང་འོང་།།

ཚེག་བར་བཅུ་མ།
  ཚེག་བར་བཅུ་མ་རིགས་མི་འདྲ་བ་དྲུགཔ་དེ་ བུ་གཅིག་གིས་བུམོ་གཅིག་ལུ་བཏང་པའི་ཁ་འཐེན་ལུ་སྦྱར་ཏེ་ཞུ་ནི་ཨིན།
དང་པ། ༡་༢་༢་༢་༡་༢
ཕྱི་སྐུ་ཤ་དུང་དཀར་གཡས་འཁྱིལ་ལས་དཀར་ཞིང་། །ནང་སེམས་རྒྱུད་སྤྲིན་བལ་དཀར་པོ་ལས་འཇམ་པ། །ཕར་ཁྲོམ་ཁར་བཞུགས་པའི་སྙིང་མཐུན་གྱི་བུ་མོ། །ས་སྟག་རྩེ་ཕྱོགས་ཀྱི་ཁ་འཐེན་གཅིག་གསན་གནང་། །ལུས་འགྱུར་བ་མེད་པར་བརྟན་བརྟན་སྦེ་ཡོད་རུང་། །སེམས་གཞན་ལུ་ཤོར་བའི་གནས་ཚུལ་རེ་མེད་ག །ལུས་སེམས་ཀྱིས་འཁྱིད་པ་ཡུདཔ་ཐེངས་ཅིག་ཨིནམ་ལས། །སེམས་དམ་ཚིག་མདུད་ཕོད་ལྷོད་ཡང་་མ་གཏང་།།
གཉིས་པ། ༢་༡་༢་༢་༡་༢
སྨན་ཆུང་གི་བུ་མོ་ཡང་ཡང་ར་དྲན་ཚེ། །འབད་དགོ་པའི་ལཱ་ལུ་ཚ་གྱང་ར་མིན་འདུག །ཚར་གཅིག་འདི་འཕྱད་དགོ་མནོ་དེ་ར་འབད་རུང་། །ལ་ལུང་གིས་བཅད་དེ་འཕྱད་དབང་ར་མིན་འདུག །པད་གླིང་གི་ལ་དང་རྡོ་ཅོག་གི་ལ་མོ། །བྱ་དགུན་ཟེར་མེད་པར་ཁ་ཆར་གི་མཛོད་མས། །འདབ་ཆགས་ཀྱི་བྱ་སྦེ་གཤོག་སྒྲོ་ཅིག་མེད་པར། །ལ་ལུང་ཚུ་བརྒལ་ཏེ་འགྱོ་ཐབས་ཅིག་མིན་འདུག།

གསུམ་པ། ༢་༢་༡་༢་༡་༢
ལྷ་ས་ཇོ་བོ་དེ་བྱིན་རླབས་ཅིག་ཆེ་རུང་། །ཀུན་གྱིས་མཇལ་བ་ལུ་བསོད་ནམས་་མིན་འདུག །བུ་ངའི་སེམས་ཁ་ལུ་ཁྱེད་རང་ལས་མེད་རུང་། །འཕྱད་ནིའི་དུས་ཚོད་འདི་ཉིན་སྐར་ལས་དཀོན་པས། །དཀོན་མཆོག་གསུམ་གྱིས་འདི་ང་ལུ་ར་གནང་རུང་། །ད་ལྟོའི་ལཱ་གཡོག་གིས་ཕར་ཕར་ར་འཕུལ་དོ། །ལུས་ཀྱི་བར་ཐག་དེ་རྒྱང་ལུ་ར་འགྱོ་རུང་། །སེམས་ཀྱི་རེ་ཐག་དེ་ཁྱོད་ལུ་ར་བཅོལ་ཡོད།།

བཞི་པ། ༡་༢་༢་༡་༢་༢་
ཟླཝ་ཤར་རེ་ཤར་ཚེ་ར་ཁྱོད་ཞལ་དྲན་ཏེ། །ཆུ་དྲོན་མོའི་མིག་ཆུ་དེ་ཤར་ཤར་འབབ་ཚེ། །ནང་ཁོག་པའི་ཧིང་ལུ་་ན་ཚ་ཕོག་སྟེ། །ལུས་གར་འགྱོ་སེམས་ཀྱིས་ཡང་ཤེས་ས་མིན་འདུག །ཡར་བཅོ་ལྔའི་ཟླ་བ་དེ་དཀར་མདངས་ཆེ་རུང་། །ཁྱོད་བྱོན་པའི་དུས་ཚེ་དེ་གསེར་ལས་དཀོན་པས། །ངའི་སེམས་ཀྱི་མུན་པ་དེ་བསལ་བའི་དུས་གཅིག །དུས་ནམ་ར་འོང་ག་སྨོ་མཛེས་ལྡན་ལྷ་མོ།།

ལྔ་པ། ༢་༢་༢་༢་༢་
ཐག་རིང་རྒྱང་ལུ་བཞུགས་པའི་ངེད་ཀྱི་གཅེས་གཅེས། །མ་མཇལ་ཡུན་རིང་སོང་སྟེ་ཁྱོད་རང་དྲན་དོ། །ནུབ་གཅིག་ནུབ་གཉིས་མེན་པར་རྟག་བུ་རྒྱུན་དུ། །ཉལ་བའི་གཉིད་ལམ་ནང་ཡང་ཁྱོད་ར་མཐོང་དོ།། བལྟ་བའི་དཔེ་དེབ་ནང་ཡང་ཁྱོད་རང་བྱོན་རུང་། །སྙིང་གཏམ་ཚིག་གཅིག་མེད་པར་ཡལ་ཏེ་འགྱོ་ཚེ། །ལྷ་ཡི་སྲས་མོ་འདྲ་བའི་ཡིད་འོང་ཁྱོད་ནི། །བུ་ངའི་དོན་ལུ་བྱོན་པའི་དྲི་ཟ་མེན་ན།།

དྲུག་པ། ༡་༢་༢་༢་༢་༡
ས་རྒྱ་ཡུལ་པདྨའི་ཐང་གི་ནང་ན་གི། །འཕྲུལ་རླངས་འཁོར་རེ་ལིའི་ལྕགས་ལམ་ཆ་གཅིག་དེ། །ས་ག་ཏེ་འདྲན་འདྲ་འགྱོ་སྟེ་འབད་རུང་རང་། །མཇུག་མཉམ་གཅིག་འཛོམས་པའི་དུས་ཅིག་ནམ་ཡང་མེད། །ཁྱོད་དྲི་ཟའི་ཡུལ་ལས་བྱོན་པའི་སྨན་ཆུང་མ། །ལས་གནམ་བསྐོས་སྟག་ཤར་ང་དང་ཨིན་ཟེར་རུང་། །དགའཝ་གདོང་སྐོར་རྐྱབ་པའི་དུས་ཅིག་མེདཔ་ལས་བརྟེན། །ལས་གནམ་བསྐོས་ལུ་ཡང་ཡིད་ཆེས་རྫོགས་དོ་གོ།

ཚེག་བར་བཅུ་གཅིག་མ།
དང་པ། ༢་༢་༢་༢་༢་༡ བུ།
  རྒྱང་ལས་བྱོན་ཚེ་ཙ་རི་སྨྱུག་མ་འདྲ་བས་ས། །མཛེས་པའི་ཞལ་རས་བཅོ་ལྔའི་ཟླཝ་ལས་ལྷག་པས་སྨོ། །ཞལ་འཛུམ་སྟོན་ཚེ་པདྨའི་མེ་ཏོག་ཁ་ཕྱེཝ་བཟུམ། །ག་གིས་མཐོང་རུང་མིག་རྫིམ་ཆབ་ནི་མེད་པར་ལུས། །སྦོ་ལོགས་ལྷོདཔ་ད་གདོང་ལུ་དཀར་ཕྱེ་བཏབ་ནུག་སནི། །སྤོ་རོ་གང་སྟེ་གདོང་ཡང་སོ་ཏོག་ཁོག་ཁོ་མས། །གསུང་ཅིག་བྱོན་ཚེ་ཁ་ལས་ཨ་དྲི་བསྣམས་མས་ས། །མགོ་གི་སྐྱ་ཡང་ཨ་བ་དབུར་ཏེ་སེརཔ་མས་གོ།

གཉིས་པ། ༢་༢་༢་༢་༡་༢ བུ་མོ།
ཁ་གིས་དེ་སྦེ་སླབ་རུང་ནང་ན་གི་སེམས་ཀྱིས། །ང་ལས་ལན་གཅིག་བསྒུག་སྟེ་ལོ་གཅིག་ཡང་ལང་དོ། །ལོ་གཅིག་ལོ་གཉིས་བསྒུག་རུང་ཁྱོད་བཟུམ་གྱི་མི་ལུ། །ལན་གསལ་འཐོབ་པའི་རེ་བ་རྩ་ལས་རང་མ་བསྐྱེད། །བྱད་དང་ངོ་རིས་མེད་རུང་ནང་ན་གི་སེམས་དེ། །མདའ་བཟུམ་ཕྲང་སྟེ་སྡོད་ན་དཀོན་མཆོག་གིས་གཟིགས་འོང་། །ཁ་སྐོམ་ཤི་ནི་འབད་རུང་ལམ་འོག་གི་ཨོམ་ཆུ། །འཐུང་ནི་མནོ་བསམ་མེད་གོ་སྟག་ཤར་གྱི་གཞོན་པ།།
ཚེག་བར་བཅུ་གཅིག་མ་ལུ་རིགས་མ་འདྲཝ་གཞན་ཡང་ ༢་༢་༢་༡་༢་༢། ༢་༢་༡་༢་༢་༢། ༢་༡་༢་༢་༢་༢། ༡་༢་༢་༢་༢་༢། ལ་སོགས་པའི་དབྱེ་བ་ལེ་ཤ་ཕྱེ་བཏུབ་ནི་ཨིན་རུང་། ཚིག་འབྲུ་ལེ་ཤ་ཡོད་པའི་དབང་གིས་འཇམ་ཏོང་ཏོ་དང་གོ་བདེ་ཏོག་ཏོ་ཅིག་མེད་ནི་བཟུམ་འདུག དེ་འབདཝ་ལས་ད་རེས་དེམ་ཅིག་སྦེ་བར་མཚམས་བཞག་ཞིནམ་ལས་ ཚེག་བར་བཅུ་གཅིག་ལས་ལྷག་མི་དེ་ཚུ་ལུ་ཚར་གཅིག་བལྟ་གེ།

ཚེག་བར་བཅུ་གཅིག་ལས་ལྷག་པའི་རིགས།
  ཚེག་བར་བཅུ་གཅིག་གི་བར་དུ་ ཆ་དང་ཡའི་བཅད་མཚམས་རང་གི་གང་འདོད་ལྟར་དུ་བཟོ་ཆོགཔ་ཨིན་རུང་ དེ་ལས་བརྒལ་བ་ཅིན་ ཚེག་བར་བཞི་བཞིའི་སྡེ་ཚན་རེ་བཟོ་སྟེ་སྒྲ་མདངས་ཀྱི་བཅད་མཚམས་དགོ་ནི་དང་། དེ་བཟུམ་གྱི་སྡེ་ཚན་གཉིས་སྟེ་ ཚེག་བར་བརྒྱད་ཀྱི་མཐའ་ལ་དོན་གྱི་བཅད་མཚམས་དགོ་པ་མ་ཚད་སྒྲ་མདངས་ཀྱི་ངལ་འཚོའི་གཅོད་མཚམས་ཡང་དགོཔ་ཨིན། སྡེ་ཚན་བཞི་ཡོད་པ་ཅིན་ངལ་འཚོའི་གཅོད་མཚམས་གཉིས། དྲུག་ཡོད་པ་ཅིན་གཅོད་མཚམས་གསུམ་འོང་དགོཔ་ཨིན། དེ་བཟུམ་གྱི་སྡེ་ཚན་ག་དེམ་ཅིག་ཡོདཔ་ཨིན་རུང་ སྡེ་ཚན་མཐའ་མ་དེ་གི་ཤུལ་མར་མཇུག་སྡུད་ཀྱི་ཚེག་བར་གསུམ་ཅན་ཅིག་འོང་དགོ་ནི་དང་། ལྷག་པའི་ཚེ་ཡང་སྡེ་ཚན་མཐའ་མ་དེ་དང་མཇུག་སྡུད་གསུམ་པོ་གཅིག་ཁར་ལྷག་དགོཔ་ཨིན། དེ་ཚུ་གི་དཔེར་བརྗོད་འདི་རྫོང་ཁ་ནང་ལཱ་ཁག་སོ་ཅིག་ཡོདཔ་ལས་ཆོས་སྐད་ནང་སྦེ་ཞུ་གེ།

དཔེར་ན།
སྡེ་ཚན་དང་པ།
སྡེ་ཚན་གཉིས་པ།
སྡེ་ཚན་གསུམ་པ།
སྡེ་ཚན་བཞི་པ།
སྡེ་ཚན་ལྔ་པ།
སྡེ་ཚན་དྲུག་པ།
སྡེ་ཚན་མཐའ་མ།
མཇུག་སྡུད།
དང་པོར་མཐོང་ཚེ་
འཛུམ་གྱིས་བསུ་ཞིང་
ཟུར་མིག་སྤྱན་གྱིས་
ཡང་ཡང་གཟིགས་ལ་
དོན་དག་མེད་ཀྱང་
དོན་གཅིག་བརྩལ་ནས་
འཇམ་པའི་ངག་གིས་
ཚིག་འཇམ་སྨྲ།།
ངལ་འཚོའི་གཅོད་མཚམས་དང་པ།
ངལ་འཚོའི་གཅོད་མཚམས་གཉིས་པ།
ངལ་འཚོའི་གཅོད་མཚམས་གསུམ་པ།
ངལ་འཚོའི་གཅོད་མཚམས་བཞི་པ།

དང་པོར་མཐོང་ཚེ་འཛུམ་གྱིས་བསུ་ཞིང་ ཟུར་མིག་སྤྱན་གྱིས་ཡང་ཡང་གཟིགས་ལ་ དོན་དག་མེད་ཀྱང་དོན་གཅིག་བཙལ་ནས་ འཇམ་པའི་ངག་གིས་ཚིག་འཇམ་སྨྲ། །ཞག་གཅིག་ཉལ་ཚེ་ཡིད་འོང་ལྷ་མོས་ འཇམ་པའི་ཕྱག་གིས་མགུལ་ནས་སྐྱོར་ཞིང་ ཆུ་སྒྲོས་འཛུམ་པས་འོ་ཡང་བྱས་ནས་ ཟག་མེད་བདེ་བ་སྦྱིན་བཞིན་དུ། །དགའ་སྐྱོ་ཟུང་དུ་འབྲེལ་བའི་ངག་གིས་ ཁྱེད་ཉིད་མེད་ན་སྡོད་ཐབས་མེད་པས་ མི་ཚེའི་གཏན་གྲོགས་ཁྱེད་རང་མཛད་ཟེར་ སྤྱན་ཆབ་དྲོད་མོ་ཉིལ་བྱུང་བས། །རྣོ་ངར་ལྡན་པའི་རལ་གྲི་མ་ཡིན་ སྟོབས་ཤུགས་ལྡན་པའི་མེ་སྒྱོགས་མིན་ཀྱང་ བུ་མོའི་མཚོན་ཆ་མིག་ཆུ་འདི་ལ་ བཟློག་པའི་ཐབས་ནི་ཅི་ཞིག་ཡོད།། ཟེར་བ་ལྟ་བུའོ།།

  དེ་ལས་སྡེ་ཚན་དྲུག་མ་ལངས་པ་ཅིན་ སྡེ་ཚན་མཐའ་མ་དང་མཇུག་སྡུད་གཉིས་པོ་ཅིག་ཁར་འགྱོ་དགོ་ནི་དེ་གིས་ སྡེ་ཚན་བར་པ་དེ་ལུ་ལོགས་སུ་སྦེ་གཅོད་མཚམས་འོངམ་ཨིན།།



སྡེ་ཚན་དང་པ།
སྡེ་ཚན་གཉིས་པ།
སྡེ་ཚན་གསུམ་པ།
སྡེ་ཚན་མཐའ་མ།
མཇུག་སྡུད།
ཀ་མ་ལ་འདྲའི་
ཁ་དོག་མཛེས་ལ་
ག་དུས་ཡིན་ནའང་
ང་ལ་བརྩེ་བའི་
ཐུགས་ཀྱིས་སྐྱོངས།།
ངལ་འཚོའི་གཅོད་མཚམས་དང་པ།
གཅོད་མཚམས་གཉིས་པ།
ངལ་འཚོའི་གཅོད་མཚམས་གསུམ་པ།

ཀ་མ་ལ་འདྲའི་ཁ་དོག་མཛེས་ལ་ ག་དུས་ཡིན་ནའང་ ང་ལ་བརྩེ་བའི་ཐུགས་ཀྱིས་སྐྱོངས།།
ཅ་ཅོ་བྲལ་ཞིང་ཆ་ལུགས་མཛེས་ལ་ ཇ་མངར་མི་འཐུང་ ཉ་མོ་འཁྱུག་འདྲ་ཡིད་འོང་ཁྱོད།།
ཏཱ་ར་ཡུམ་ལས་ཐ་དད་མེད་ཅེས་ ད་ལྟ་ཙམ་མིན་ ན་ནིང་གཞེས་ནིང་ནས་བསམ་ཡང་།།
པ་པའི་ཞལ་ལས་ཕ་རོལ་བུ་མོར་ བ་གླང་མྱོས་ལྟར་ མ་བལྟ་རང་ཚོད་བཟུང་གསུངས་དྲན།
ཙ་རིའི་བུ་མོར་ཚ་ཡུལ་བསླེབས་ཀྱང་ ཛ་ལང་སྤྱོད་བྲལ་ ཝ་ལེར་བསམ་ནས་ཡིད་སྨོན་ཀྱང་།།
ཞྭ་གོས་བརྗེས་པའི་ཟ་མ་ཟོས་པས་ འ་ཅག་འདི་འདྲའི་ ཡ་མཚན་སྤྱོད་པ་ཇི་ལྟར་བྱེད།།
རྭ་ལྟར་གྱོང་བའི་ལ་རྒྱ་བསྒྲུབ་ལ་ ཤ་ཚའི་བསླབ་བྱ་ ས་སྟེང་རིན་ཆེན་ལས་ལྷག་པ།།
ཧ་ཅང་རྩ་ཆེའི་ཨ་མས་གནང་སོང་ ཧ་ལོ་བུ་མོའི་ ཨ་ལན་ཁོ་བོས་་མི་སྟེར་ལགས།།

  དེ་བཟུམ་སྦེ་ སྡེ་ཚན་བཞི་མ་ལོངས་པ་ཅིན་ སྡེ་ཚན་དང་པོ་གཉིས་ཀྱི་གཅོད་མཚམས་གཅིག་སྦེ་བཟོ་ཞིནམ་ལས་ ལྷག་མ་དེ་ཚུ་གཅོད་མཚམས་གཅིག་སྦེ་བཟོ་དགོཔ་ཨིན། དེ་ཡང་དཔེ་འབད་བ་ཅིན།

དུང་གྱི་སྐུ་ཤ་རྒྱས་པའི་རྩེ་ལ་ པདྨ་གསར་འཁྲུངས་ཞལ་རས་མཚར།།
སྐད་ཅིག་གཡོ་བའི་རི་དྭགས་མིག་ལ་ ཕྲ་ཞིང་རིང་བའི་སྨིན་མ་འཁྱུག།
ཤིན་ཏུ་འཇམ་པའི་བྲང་གི་ངོས་ལ་ ཨིན་ཌི་ཀེ་ཊོར་ཟུང་འབར་བས།།
མདུན་ནས་ཕྱོགས་པའི་འདོད་ལྡན་སྣུམ་འཁོར་ སྐད་ཅིག་ཡུན་ལ་མགོ་བོ་རྨོངས།། དངོས་གཟུགས་མེད་པའི་ཟུར་མིག་མདའ་ལ་འཛུམ་པའི་མདངས་ཀྱི་དུག་སྦྱར་ཞིང་།།
སྨིན་མའི་གཞུ་ཡིས་དལ་གིས་འཕངས་པས་ སུ་ལ་འཕོག་པ་དེ་ཡིད་བཅོམ།།
འཇིགས་དང་བག་ཚ་བྲལ་བའི་ངང་ནས་ བྱི་ལའི་བགྲོད་ཀྱིས་འགྲོ་བའི་ཚེ།།
སྐྲ་ཡི་ལན་བུ་མཚང་ལ་རེག་པས་ འདི་ན་ཅི་ཞིག་ཡོད་ཅེས་སྟོན།།
ཕོ་བརྒྱའི་མིག་གིས་རིང་ནས་བསུ་ཞིང་ ཁ་མདངས་དབྱུགས་ཀྱང་རིང་དུ་འཐེན།།
མདུན་ཕྲད་བྱུང་ན་མགོ་བོ་སྒུར་ཞིང་ སླར་ཡང་རྒྱབ་ནས་སྐྱེལ་མ་ཞུས།།
གང་དུ་བཞུགས་པའི་བརྩད་དཔྱོད་བྱེད་ཅིང་ བརྒྱུད་ཕྲིན་ཨང་ཡང་འཐོབ་ན་ཡང་།།
ཨང་གྲངས་བསྣོན་ཚེ་ལག་པ་བརྡར་ཞིང་ ཚིག་གཅིག་བཤད་པའི་སྤོབས་པ་བྲལ།།
ཕོ་བརྒྱའི་ཡིད་དབང་སྐད་ཅིག་འཕྲོག་ཅིང་ མོ་བརྒྱ་སྙིང་རླུང་ལང་པའི་གཞི།།
ཁྱེད་ལ་འགྲན་ནུས་སུ་ཡང་མེད་པས་ ལྷ་དང་བྱེད་པོ་སུ་ཡིས་བཟོས།།
མི་ཡི་བུ་མོ་ཡིན་བསམ་མི་འདུག་ ལྷ་ཡུལ་གང་ནས་བྱོན་གྱུར་ཀྱང་།།
འཇིག་རྟེན་མི་ཡུལ་ཡངས་པའི་ཁྱོན་འདིར་ གནམ་བསྐོས་སུ་དང་ཡིན་ནམ་སྙམ།།
ཞེས་པ་ལྟ་བུའོ།།
ཞར་བྱུང་མཚུངས་པ་གསལ་བྱེད་ཀྱི་སྒྲ།
  དཔེ་རྒྱན་གྱི་སྐབས་ལུ་གལ་ཆེ་ཤོས་ཅིག་མཚུངས་པ་གསལ་བྱེད་ཀྱི་སྒྲ་དེ་ཚུ་ཨིན། མ་གཞི་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རེ་ལྔ་བཤད་དེ་འདུག་ ཨིན་རུང་དེ་ཚུ་ཆ་ཚང་དགོས་མཁོ་སྦོམ་ཅིག་རང་མེདཔ་ལས་ ང་བཅས་ལུ་དགོས་མཁོ་ཆེ་བའི་སྒྲ་དག་པ་ཅིག་ཞུ་གེ། དེ་ཡང་། བཞིན། ཇི་བཞིན། ལྟ་བུ། ལྟར། ཇི་ལྟར། མཐུན། མཚན་ཉིད་མཐུན། འདྲ། མཚན་ཉིད་འདྲ། མཚུངས། མཚན་ཉིད་མཚུངས། མཉམ། འགྲན། དེ་ལས་ཁྱད་པར་འཕགས། ཟེར་མི་ཚུ་ཨིན།
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཆ་ཚང་དོན་དག་གཅིག་ཨིནམ་ལས་ ཚིག་དེ་ཚུ་ལག་ལེན་འཐབ་ད་ལུ་ རྐང་པ་ཁ་སྐོང་དགོཔ་དང་མ་དགོ་པའི་སྐབས་ཐོབ་དང་བསྟུན་ཏེ་ ག་བདེཝ་སྦེ་སྦྱར་ཆོགཔ་ཨིན། དཔེར་ན་ཚེག་བར་བདུན་པ་ཨིན་པ་ཅིན་ ཚེག་བར་དྲུག་ལང་སོང་སྟེ་ ཁ་སྐོང་གཅིག་ལས་མ་དགོ་པ་ཅིན་ མཉམ་དང་འགྲན་ལྟར་ལ་སོགས་པའི་ཚིག་འབྲུ་གཅིག་འབད་མི་དེ་ཚུ་བཙུགས་ནི་དང་། གཉིས་དགོ་པ་ཅིན་ཇི་བཞིན་དང་ལྟ་བུ་ཟེར་མི་དེ་ཚུ་བཙུགས་ནི། གསུམ་དགོ་པ་ཅིན་མཚན་ཉིད་མཐུན་དང་དེ་ལས་ལྷག་ཟེར་མི་དེ་ཚུ་བཙུགས་ནི་ཨིན།།
དེ་ཚུ་གི་གྲལ་ལས་ བཞིན། ཇི་བཞིན། ལྟ་བུ། ལྟར། ཟེར་མི་ཚུ་ ལྷག་བཅས་བཟུམ་སྦེ་ཚིག་ལྷག་མ་འདྲེན་དགོ་ནི་དེ་གིས་འདྲ་བའི་ཁྱད་ཆོས་དེ་ཤུལ་ལས་བཙུགས་པ་ཅིན་ལེགས་ཤོམ་འགྱོཝ་ཨིན། དཔེ་འབད་བ་ཅིན།

སྟག་ཤར་ཁྱོད་ནི་ལྷ་བྱ་གོང་མོ་བཞིན།
འཕུར་ཡི་འཕུར་ཡི་གཞན་ཁར་འགྱོ་བ་ཅིན།།
སྨན་ཆུང་ང་ཡང་གྱིབ་མ་ཇི་བཞིན་དུ།།
ཁྱོད་དང་བྲལ་མེད་གཅིག་ཁར་འགྱོ་ནི་ཨིན།།
མར་མར་འགྱོ་བའི་གཙང་ཆབ་ལྟ་བུ་སྦེ།།
ལོག་ནི་མེད་ཚེ་མནོ་རང་མི་ཚུགས་པས།།
ཡང་ཅིན་ཁྱོད་ཀྱི་ཉིན་མོ་ནུབ་ཚརཝ་ད།།
བརྩེ་གྲོགས་ཟླ་ལྟར་གསརཔ་ཅིག་འོང་ནི་མས།།
ཟེར་དོ་བཟུམ་ཅིག་ཨིན།།

དེ་ལས་གཞན་མཐུན་དང་འདྲ་ལ་སོགས་པ་དེ་ཚུ་ མཚུངས་གསལ་གྱི་སྒྲ་ཁོ་རང་གིས་མཇུག་བསྡུ་སྟེ་བཞག་རུང་བཏུབ།
དེ་ཡང་དཔེ་འབད་བ་ཅིན།

ཡིད་འོང་ཞལ་རས་པདྨ་ཉིད་དང་མཐུན།
མཛེས་པའི་སྤྱན་ཟུང་བུང་བ་འཁོར་དང་འདྲ།།
འཛུམ་པའི་མཆུ་སྒྲོས་བྱུ་རུའི་མདངས་དང་མཚུངས།
གཞོན་པའི་ལང་ཚོ་བཅུ་དྲུག་ལོན་དང་མཉམ།།
སྐེད་པའི་མཉེན་ཆ་གསེར་མིག་ཉ་མོར་འགྲན།
གསུངས་སྐད་ཚངས་པའི་དབྱངས་ལས་ཁྱད་པར་འཕགས།།
རྣམ་འགྱུར་གར་མཁན་མོ་དང་མཚན་ཉིད་མཐུན།
འདི་འདྲ་ལྷ་མོ་ཡིན་གྱི་གཞན་མ་ཡིན།།
ཟེར་རང་གིས་གང་ལ་གང་འདོད་སྦྱར་ཆོགཔ་ཨིན།།
མཚུངས་གསལ་གྱི་སྒྲ་དེ་ཚུ་སྦྱར་ཏེ་དཔེ་བརྗོད་རེ་རྐྱབ།།


རྫོང་ཁའི་མཚུངས་གསལ་གྱི་སྒྲ།
  རྫོང་ཁ་ནང་ལུ་ཡང་མཚུངས་གསལ་གྱི་སྒྲ་དག་པ་ཅིག་ཡོད་མི་འདི། ཅོག་རང་འཐད། འདྲ་རང་འདྲ། བཟུམ་སྦེ། ཁྱད་པར་མིན་འདུག འདི་བཟུམ་ཟེར་མི་དེ་ཚུ་ཨིན། འདི་ཡང་དཔེར་ན།
ཕར་སྤུངས་ཐང་གཞུང་གི་བྱི་ལི་སྒང་།།ཁོ་གླང་ཆེན་ཉལཝ་དང་ཅོག་རང་འཐད།
རི་དེ་གི་རྩེ་མོའི་རྫོང་ཆེན་དེ།།ཡར་རྣམ་རྒྱལ་ཁང་བཟང་འདྲ་རང་འདྲ།
རྫོང་དེ་གི་བླ་མ་ཞབས་དྲུང་མཆོག།ལྷ་དབང་པོ་བཟུམ་སྦེ་གཟི་བརྗིད་ཆེ།།
བླམ་འདི་གི་མཐུ་དང་ནུས་པ་དེ།།མགོན་བཅོམ་ལྡན་འདས་དང་ཁྱད་མིན་འདུག
འདི་བཟུམ་གྱི་བླ་མ་རིན་པོ་ཆེ། །ལྷོ་མོན་པའི་གཡུས་ལུ་བྱོན་པ་ལེགས།།
ཟེར་དོ་བཟུམ་ཅིག་ཨིན།།
རྫོང་ཁའི་མཚུངས་གསལ་གྱི་སྒྲ་དེ་ཚུ་ གཞི་བུམོ་ཅིག་ལུ་བཞག་སྟེ་དཔེར་བརྗོད་རྐྱབ།།

རབ་རྟོག་གི་བཞིན་སྒྲ།
  མཚུངས་གསལ་གྱི་སྒྲ་བཞིན་དང་བཟུམ་ཟེར་མི་དག་པ་ཅིག་ རབ་རྟོག་གི་སྐབས་ལུ་ཡང་ལག་ལེན་འཐབ་བཏུབ་ཨིན། ཨིན་རུང་དོན་དག་འདི་དཔེ་རྒྱན་དང་ཨ་ཙི་ཅིག་མ་འདྲཝ་སྦེ་ཡོད། དེ་ཡང་རབ་རྟོག་གི་བཞིན་སྒྲ་དེ་བྱ་ཚིག་ལུ་སྦྱར་ཞིནམ་ལས་ བརྗོད་དོན་གྱི་དངོས་པོ་འདི་ བྱ་བའི་འབྲས་བུ་དེ་དང་འདྲ་བས་ཟེར་གོ་ནི་ཨིན། དེ་གི་རྩ་བ་ནང་ལུ། མུན་པ་ལུས་ལ་བྱུག་པ་བཞིན། །མཁའ་ནི་མིག་སྨན་ཆར་འབེབས་བཞིན།། ཟེར་ སྐུ་གཟུགས་གནག་ཏང་ཏ་འདི་ མུན་པ་བྱུག་བཞག་བཞགཔ་བཟུམ་སྦེ་ཨིན་མས་ཟེར་གོ་ནི་དང་། ནམ་མཁའ་གནག་དུང་དུང་འདི་ མིག་སྨན་གནག་པའི་ཆརཔ་བབ་དོ་བཟུམ་སྦེ་ཨིན་མས་ཟེར་གོ་ནི་ཨིན། དེ་ཡང་རྫོང་ཁ་ནང་འབད་བ་ཅིན།

ཁོང་འབྱོར་པ་ལྡན་པའི་མི་ཚུ་གི།།ཆིབས་གཞན་དང་མི་འདྲའི་པ་ར་ཌོ།།
ལོ་བཅུ་དྲུག་ལོན་པའི་བུམ་ཅིག་གིས།།དེ་ཁ་ལས་འཇིབ་སྟེ་བཞག་བཞགཔ་བཟུམ།།

དེ་གི་དོན་འདི་ག་རི་ཁོ་རང་དང་ དཔེ་དེ་ཁ་གིས་ལྗིབ་པའི་བྱ་བ་དེ་གི་འབྲས་བུ་ཧུམ་ཅུག་ཅུ་དང་ཀྱུ་ཀྱུ་ནར་ནར་སྦེ་ཡོད་མི་ཅིག་ལུ་གོ་ནི་ཨིན།།

ད་རུང་གཞན་ཡང་།

ངའི་ཡིད་འོང་སྨན་ཆུང་བུ་མོ་འདི།།
མར་པདྨའི་སྦུག་ལས་འཁྲུངས་འཁྲུངསམ་བཟུམ།།
ལུས་འཇམ་ཞིང་གཞོན་ཤ་ཆགས་པ་འདི།།
བལ་དཀར་པོའི་སྤུ་ལས་གྲུབ་གྲུབ་བཟུམ།།
ཞེས་དང་།

ངའི་མཚན་ལྡན་བླ་མའི་མཁྱེན་རབ་འདི།།
ལྷ་འཇམ་དཔལ་དབྱངས་ཀྱིས་གནང་གནངམ་བཟུམ།།
ཐུགས་གཞན་ལ་བརྩེ་བའི་བསམ་པ་འདི།།
འཕགསཔ་སྤྱན་རས་གཟིགས་ཀྱིས་གནང་གནངམ་བཟུམ།།
ཟེར་སྦྱར་ནི་ཨིན་ནོ།།
  འདི་ན་བྲིས་པ་ས་བོན་ཙམ་ཞིག །ཡོད་ཚེ་བཤད་པའི་ཁོམ་ལོང་མིན་འདུག།
བུ་ཆུང་རང་ལ་བློ་སྟོབས་ཡོད་ན། །འདི་ཡིས་མཚོན་ཏེ་ཤེས་པར་ནུས་སོ།།

༈ རང་གིས་མིག་གིས་མངོན་སུམ་མ་མཐོང་ནའང་།།
དོན་ལྔ་སྣོད་དྲུག་ནང་ན་གནས་པ་ལྟར།།
སྡེབ་སྦྱོར་བསྟན་བཅོས་ལོགས་སུ་མེད་ན་ཡང་།།
རྫོང་ཁའི་ནང་དུའང་སྡེབ་སྦྱོར་ཡོད་པ་ཉིད།།
དེ་ཕྱིར་བློ་གསར་འཇུག་པ་བདེ་བའི་ཕྱིར།།
རྫོང་ཁའི་སྡེབ་སྦྱོར་མདོར་བསྡུས་ཚུལ་དུ་བྲིས།།
རྒྱས་པར་འདོད་ན་རྩོམ་གཞུང་དངོས་ཀྱི་ནང་།།
ཆོས་སྐད་སྡེབ་སྦྱོར་ལོགས་སུ་བཤད་ལས་ལོངས།།

དེ་ལྟར་བྲིས་པའི་རྣམ་དཀར་དགེ་བའི་མཐུས།།
སྙན་ངག་འབྲི་ལ་ཐོགས་པ་མེད་པ་དང་།།
ནམ་ཞིག་ངག་ལ་དབྱངས་ཅན་གྲུབ་འགྱུར་ནས།།
སྙན་པའི་ངག་གིས་ཁམས་གསུམ་འདུལ་བར་ཤོག།

  ཅེས་པ་འདི་ཡང་རབ་གནས་ཆུ་འབྲུག་རྒྱལ་ཟླ་ཡར་ངོ་སྟོང་པ་གཉིས་པའི་ཉིན། ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ཡང་དབེན་དུ། གཅུང་པོ་བརྩོན་འགྲུས་ཀྱིས་སྐུལ་ཞིང་། གཅེན་པོ་ཤེས་རབ་མིང་པས་རྒྱུ་སྦྱོར་གྱི་མཐུན་རྐྱེན་སྦྱར་བའི་ངོར། བུ་སྤུན་བར་པ་རང་གིས་བྲིས་པ་འདིས་ཀྱང་ཀུན་ལ་ཕན་པའི་རྒྱུར་འགྱུར་ཅིག་གུ།།   བྷ་བ་ཏུ་སརྦ་མངྒ་ལཾ།། །།

1 comment:

རྫོང་ཁ་སླབ་ཐངས་གྲོས་སྟོན་ཞབས་ཏོག DSCS said...

སློབ་དཔོན་མཆོག་གིས་ ཤོ་མཉམ་དང་ འདིའི་ནང་ལས་ཡང་གཞོན་ཅུང་ཚུ་ལུ་ཧེང་སྐལ་ར་ཕན་ཐོགས་ནི་ཨིན་པས།