Tuesday, January 6, 2015

གདན་དུས་ཐུན་མོང་གི་བརྩིས་གཞིའི་རྣམ་བཤད།



རྩོམ་པ་པོ།མཁས་གྲུབ་ལྷ་དབང་བློ་གྲོས།
གདན་དུས་ཐུན་མོང་གི་བརྩིས་གཞིའི་རྣམ་བཤད་བློ་གསལ་དགའ་བ་སྐྱེད་པའི་པད་ཚལ་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། བླ་མ་དང་ལྷག་པའི་ལྷ་གཉིས་སུ་མེད་པ་དཔལ་པདྨ་དཀར་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཆུ་གཏེར་གྱིས། །སྤྲོས་པའི་མཁྱེན་གཟུགས་སྙིང་རྗེའི་ནམ་མཁའ་ཤར། །གང་དེའི་འོད་ཟེར་རྣམ་སྤྱོད་འབུམ་ཕྲག་གིས། །འགྲོ་བློའི་སྙིང་གི་མུན་སེལ་ཞབས་བཏུད་ནས། །རིག་བྱེད་སྨྲ་བའི་གྲུབ་མཐའ་བཞི། །སྔོན་བྱུང་ཐུབ་པའི་དབང་པོ་དེས། །བརྒྱད་ཁྲི་བཞི་སྟོང་གསལ་མཛད་ལས། །གདན་དུས་ཉིན་བྱེད་བརྩིས་བཞི་འདི་འཆད་པ་ལ། །སྐབས་བཅུ་གསུམ་ཡོད་པ་ལས། །དང་པོ་བསྟན་བརྩིས་ནི། །ན་མོ་ཕྱག་འཚལ་ལོ།

བཛྲ་རྡོ་རྗེ། ཙ་ཏུར་བཞི། པིཥྛ་ཡ་གདན་ལ། རྡོ་རྗེ་གདན་བཞི་ལ་ཕྱག་འཚལ་ལོ། །ཞེས་པ་བྱུང་། དེ་ནས་ཚིག་བཅད་གཅིག་གི་མཆོད་བརྗོད། དེ་ནས་ཤོ་ལོ་ཀ་གཅིག་གིས་དམ་བཅའ། ལུས་རྣམ་གཞག།དེ་ཡང་རྡོ་རྗེ་སྙིང་འགྲེལ་ལས། འགྲེལ་པ་ལམ་འདོད་རྣམས་ཀྱིས་སོ། ཞེས་པའི་བར་གྱི་རྒྱུད་ནང་ཕན་ཚུན་མི་འགལ་བར་འཆད་པར་བསྟན། ཞེས་གསུངས་གང་བཤད་རྩ་བའི་རྒྱུད། ཅེས་པ་བཤད་གཞི་གང་གིས་འཆད་པ་རྒྱུད་འགྲེལ་ལུང་། ཞེས་པ་འགྲེལ་ཆེན་དྲི་མེད་འོད་བཞིན། མེ་མཁའ་རྒྱ་མཚོ་རྣམས་ཞེས་པ་ལོ་བཞི་བརྒྱ་དང་གསུམ་ཡིན། །གྲངས་དེ་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀར་ཡབ་སྲས་ཀྱི་ལོ་གྲངས་སུ་འཛིན་པའོ། །རྒྱུད་འདིར་ངེས་པ་མི་རྟག་ནས། སླར་ངེས་འགོད་ཀྱི་ཚིག་རྐང་གཉིས། ལོ་དྲུག་ཅུ་རེའི་མཐར་བརྩིས་འཕྲོ་གསར་དུ་འགོད་པ་བསྟན། ངེས་པ་དེ་བཞིན་གཤེགས་དུས་ནི། སྟོན་པས་ཆོས་བསྟན་པའི་ལོ་ལ་འཛིན་པ་དང་། སླར་ངེས་འགོད་ཀྱི་ཚིག་རྐང་གཉིས། ལོ་དྲུག་ཅུ་རེའི་མཐར་བརྩིས་འཕྲོ་གསར་དུ་འགོད་པ་བསྟན། ངེས་པ་དེ་བཞིན་གཤེགས་དུས་ནི། སྟོན་པས་ཆོས་བསྟན་པའི་ལོ་ལ་འཛིན་པ་དང་། མྱ་ངན་ལས་འདས་པའི་ལོ་ལ་འཛིན་ལུག་གཉིས། རང་ལུགས་དེ་གཉིས་མི་འགལ་བར་བསྟན་ཏེ། གསང་སྔགས་ཀྱི་རྒྱུད་ལས། འཁོར་ལོ་བསྐོར་ནས་མྱ་ངན་འདའ། ཞེས་པས་སོ། །དྲུག་བརྒྱ་ནི། ཆོས་རྒྱལ་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན་དྲུག་གིས་ལོ་བརྒྱ་རེ་ཆོས་བསྟན་པས་དྲུག་བརྒྱ། དེའི་མཐར་འཇམ་དབྱངས་གྲགས་པ་ལོ་བརྒྱ་རིགས་ལྡན། དེ་ནས་བརྒྱད་བརྒྱ་ཞེས་པ། རིགས་ལྡན་པདྨ་དཀར་པོ། བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་། ཕྱག་མར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་བརྒྱད་ཀྱིས་ལོ་བརྒྱ་རེ་ཆོས་བསྟན་པས་བརྒྱད་བརྒྱ། ལོ་མཐའ་རུ་ནས། སྦྲང་རྩི་བློ་གྲོས་བྱུང་གི་བར། རྒྱ་མཚོ་རྣམ་རྒྱལ་གྱི་ཆོས་བསྟན་པའི་ལོ་སྦྲང་རྩིའི་བློ་གྲོས་བྱུང་། རཧྨནའི་ལུགས་ངན་བརྩམས། བྱེད་པའི་བརྩིས་དར་ཚངས་སོགས་བཞི་ནི། བྱེད་པ་ཉུང་དུའི་བྱེད་པ་དར། ཚངས་པ། ཉི་མ། གཅེར་བུ་པ། སྐྲ་ཅན་ཏེ་བཞི་པོ་ལྔ་རབས་པ། གྱ་གཉིས་ལྷག་པའི་བརྒྱ་འདས་ནས། ཞེས་པ་བརྒྱ་གྱ་གཉིས། རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་ལོ། ཉུང་ངུའི་བྱེད་སྦྱོངས་རྒྱལ་དཀའི་དུས་ནི། རྒྱལ་དཀས་ལོ་ཉིས་བརྒྱ་ཉིས་བརྒྱ་གཅིག་ཆོས་བསྟན་པ་ལས། དྲུག་ཅུ་བསྐོར་གསུམ་ཏེ་བརྒྱ་བརྒྱད་ཅུ་ཀླ་ཀློའི་སྦས་ལོ་དང་བསྟུན་ནས་མི་མངོན་པར་མཛད། །རྒྱལ་དཀས་རང་གི་ལྷག་མ་བཞི་བཅུ་རྩ་གཅིག།།མེ་ཀླུ་དབང་པོའི་ལོ་འཚོགས་ལ་ནི། །ཉི་མས་ཆོས་བསྟན་པའི་ལོ་དགུ་བཅུ་རྩ་དྲུག །སྣ་ཚོགས་གཟུགས་ཀྱི་བརྒྱད་ཅུ་རྩ་བཞི་ཡན་བསྲེས་པས་མེ་ཀླུ་དབང་པོ་འབྱུང་། །དངོས་སུ་འདི་དགོས་རྒྱུ་ལ། །ཀླུ་ཀློའི་སྦས་བརྩིས་དང་བསྟུན་ནས། །བརྒྱ་དང་བརྒྱད་ཅུ་དམན་བྱས་ཏེ། །ཅེས་པ་རྒྱལ་དཀས་རྩིས་འདིའི་མཚམས་འཛིན་དུས་གྲངས་དེ་ཁོངས་སུ་བཅུག་པས། །མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །ཞེས་བཀོད། རབ་བྱུང་ལ་སོགས་འདས་ལོ་བསྲེ་ནི། །སྣ་ཚོགས་གཟུགས་ཀྱིས་ཆོས་བསྟན་ནས་ལོ་བརྒྱད་ཅུ་རྩ་ལྔ་པ་རབ་བྱུང་དང་པོའི་མི་མོ་ཡོས་ཡིན། །བླ་མ་སྨན་ལུང་པས། པཎྜི་ཏ་ཙི་ན་ཞེས་བྱ་བས་བྱང་ཤམྦྷ་ལའི་རིགས་ལྡན་སྣ་ཚོགས་གཟུགས་ལ་ཞུས་གསུངས་ལ་ཞུས་གསུངས་པ་དང་འགྲིག ཞེས་བཀོད་མུ་སྟེགས་ཕྱི་རབས་པ་ནས། གཟའ་ལྔའི་བརྩིས་འཕྲོར་བསྣན་ཡན། དུས་འཁོར་རྒྱུད་འགྲེལ་གྱི་བརྩིས་འཕྲོའི་ཁོངས་སུ་ཡོད་པས་བསྣན་ཞེས་སྨོས། བྱེད་ལོར་སྟེང་མིག་སུམ་ཅུ་བསྲེས་ནི། ལོ་བརྒྱ་བརྒྱད་ཅུ་ལ་བྱེད་ལོ་བསྒྲུབས་ནས་འཆར། གཞན་གང་ལའང་མི་འཆར་བས། བརྒྱ་བརྒྱད་ཅུ་གབ་པ་འདིར་རིག་པས། བླ་མ་ལྷ་ཡི་དྲིན་ལས་རྙེད་ཅེས་སྨོས། དེའི་རི་མོ་བརྒྱ་བརྒྱད་ཅུ་གོང་འོག་གནས་གཉིས། གོང་མ་མཁའ་མཁའ་ཆུས་བསྒྱུར། འོག་མས་འཕྲི་ལྷག །རི་ཟླ་མེས་བགོས་པས་ནོར་ཉིས་བརྒྱ་ཉེར་དྲུག །ལྷག་མ་མཁའ་རོས་བསྒྱུར་ནས་བགོས་པས། ཆུ་ཚོད་སོར་གསུམ། རི་ཟླ་མའི་ཆ་ཉིས་བརྒྱ་བཅུ་དགུ་འབྱུང་། གནས་རིས་བགོས་པས་ལྷག་གཉིས་གཟའ། སྡེབས་སྒྲིག་བདེ་བའི་དབང་དུ་བྱས་ནས་ཆུ་ཚོད་སུམ་ཅུ་ཞེས་སྨོས་སོ། །མེ་ཀླུ་དབང་པོའི་ལོ་མཐའ་ནི། ཞེས་པ་ནས། མིག་དམར་སྣ་ཚོགས་གཟུགས་ཆོས་བསྟན། ཞེས་པའི་བར་ནི་གོ་སླའོ། །ཀླུ་སྒྲུབ་འཁྲུངས་ཤིང་ཞེས་པ། འཇམ་དཔལ་རྩ་རྒྱུད་ལས་ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བཞི་བརྒྱ་ལོན་པ་ན། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། ཞེས་པ་དང་འགྲིག །དྲུག་བརྒྱར་འཚོ། ཞེས་པ་ནས། ད་ལྟ་སྒྲུབ་པའི་ཚུལ་ཁྲིམས་དུས་ཡན་ནི་མེ་འབྲུག་ནས་ཚུལ་ཁྲིམས་ཀྱི་ལྷག་མ་སུམ་བརྒྱ་ཉེར་བདུན་ཡོད། ལོ་རེ་བཞིན་ཉུང་དུ་འགྲོ་བར་ཤེས་པར་བྱ། ཉིས་སྟོང་སུམ་བརྒྱ་ཉེར་བདུན་ནི། མ་འོངས་བསྟན་པའི་ལྷག་མར་གནས། ཞེས་པ། རབ་བཅུའི་མེ་སྦྲུལ་མན་ཡིན། ལོ་རེ་བཞིན་ཉུང་དུ་འགྲོ། འདི་ནི་སྤྱི་དང་བསྟུན་པ་ཡིན་ནི། བསྟན་པ་ལོ་ལྔ་སྟོང་དུ་གནས་པའི་དབང་དུ་བྱས་པའི་ལྔ་སྟོང་ནི། ལྔ་བརྒྱ་ཕྲག་བཅུ། དང་པོ་གསུམ་འབྲས་བུའི་དུས། དགྲ་བཅོམ། ཕྱིར་མི་འོངས། རྒྱུན་ཞུགས་གསུམ་དང་སྦྱར། དེ་འོག་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས། ཤེས་རབ། ཏིང་འཛིན། ཚུལ་ཁྲིམས་གསུམ་དང་སྦྱར། དེ་ནས་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས། འདུལ་བ། མདོ་སྡེ། མངོན་པ་གསུམ་དང་སྦྱར། དེ་ནས་ལྔ་བརྒྱ་ཕྲག་བཅུ་གཅིག རྟག་ཙམ་འཛིན་པའི་དུས་ཞེས་བཤད་དོ། ཁྱད་པར་དུས་འཁོར་གནས་ཚད་ནི། ནས། ཡབ་སྲས་ཆོས་བསྟན། དམིགས་གསལ་ཡིན། ཞེས་པའི་བར་གཞུང་གོ་བདེ། རིགས་ལྡན་ཉི་མ་དྲག་པོའི་བར་ནི། རིགས་ལྡན་ཉི་མ་སྣ་ཚོགས་གཟུགས། ཟླ་འོག། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་འདིར་ལྟ་ཤམྦྷ་ལའི་ཁྲི་སྟེང་ན་ཡོད་ཟེར་བའང་ཡོད། སེང་གེ་རྣམ་གནོན་ཁྲི་སྟེངས་ན་ཡོད་ཟེར་བའང་ཡོད། རང་ལུགས་སྟོབས་ཆེན་ཁྲི་ན་ཡོད། མ་འགགས་པ། མིའི་སེང་གེ །དབང་ཕྱུག་ཆེན་པོ། མཐའ་ཡས། རྣམ་རྒྱལ། དྲག་པོ་འཁོར་ལོ་ཅན་ཏེ་བཅོ་ལྔ་པོ་སྐུ་ཚེ་ལོ་བརྒྱ་ངེས་པས། ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ། ཞེས་པ་སྐུ་ཚེའི་ཚད་དུ་ངེས། ཞེས་བཀོད། དེ་ཡང་། བསྡུས་པའི་རྒྱུད་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་གྱི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་མདུང་ཐུང་ཅན། ཞེས་པས། རིགས་ལྡན་བཅོ་ལྔ་པོའི་སྐུ་ཚེའི་ཚད་ལོ་བརྒྱར་ངེས་སོ། །དེ་རྣམས་ཀྱི་ཆོས་བསྟན་པའི་ལོ་གོ་དྲུག །ལོ་ལྔ་ལོན་པའི་ཚེ་ཁྲིའི་སྟེངས་དུ་བརྒྱན་སྲོག་ཞུ་སྤྲས་ནས་ཆོས་བསྟན་པས། ཆོས་བསྟན་ལོ་ནི་གོ་དྲུག་སྟེ། ནས། ཞེས་པའི་ལུང་དང་འདི་ཉིད་མཐུན། ཞེས་པ་ཡན་སྨོས་སོ། འདི་དང་མི་མཐུན་བསྟན་བརྩིས་རྣམས། ཞེས་པ། བསྟན་བརྩིས་མི་གཅིག་པ་བཅུ་གཉིས་ཙམ་འདུག་པར་རང་རང་སོ་སོའི་ལུགས་ཡིན་པས་སྐུར་ཞུས་ནི་མི་འབུལ། དུས་འཁོར་གྱི་ལུང་དང་ནི་མི་མཐུན་པར་འདུག་པས། རང་བཟོའི་གྱི་ཚོམ་ཁོ་ནའོ། །ཞེས་སྨོས། དྲུག་བརྒྱ་བདུན་ཅུ་ལྷག་མར་གནས་ནི། བསྟན་བརྩིས་འདི་རྩོམས་པའི་དུས་རིགས་ལྡན་སྟོབས་ཆེན་གྱིས་ཆོས་བསྟན་པའི་ལོ་བཞི་པ་མན་ནས། དྲག་པོ་འཁོར་ལོ་ཅན་གྱི་མཇུག་ཡན་གྱི་ལོ་གྲངས་ཡིན། དེ་ནས་དུས་བཞིའི་ཆུང་ངུའི། ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ་ལོ་ནི། དུས་བཞིར་ཕྱེ་ན། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་བཞི་ཀའི་ལོ་གྲངས་ལྔ་སྟོང་བཞི་བརྒྱ་རེ་ཡོད། ཐུབ་པའི་སྨོན་ལམ་མཐུ་ལས་བྱུང་ནས། མདོ་ནི་མིང་ཙམ་ད་ལྟ་བཞིན། ཡན་ནི་གོ་སླའོ། །སླར་ཡང་དོན་བསྡུ་སྨྲས་པ་ནི། ཞེས་པ་ནས། བསྟན་བརྩིས་མ་ལི་དོག་སར་རོ། །ཞེས་པའི་བར་གཞུང་གིས་གསལ་ལོ། །ཞེས་བསྟན་བརྩིས་ཀྱི་མཐའ་བཅད་འཁྲུལ་མེད་ཀྱི་སྐབས་སོ། །གཉིས་པ་གདན་གཞི་རྩ་རྒྱུད་བདག་གདན་ལེའུ་དང་པོའི་བརྩིས་ཐམས་ཅད་ཀྱི་རྩ་བ་གཤད་པའི་ཁོངས་ནས། དབུགས་ལ་སོགས་པ་ཐམས་ཅད་ཀྱི། ཡེ་ཤེས་ཅན་གྱི་ལས་སུ་སྦྱར། ཞེས་པ་འདིས། ཁྱིམ་ཚེས་ཀྱི་བར་ཁྱད་གཙོ་བོ་དང་། ཉིན་ཚེས་ཞར་ལ་བསྟན་པས་ཞག །གསུམ་རྣམ་དབྱེའི་རྩ་བ་འདི་ཡིན། དེ་ཡང་ནད་མེད་དར་བབས་ཀྱི་ཞག་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། ཉི་མའི་ཡེ་ཤེས་ཀྱི་ཆ་རགས་པ་སུམ་ཅུའི་བགོས་ནོར་བདུན་བརྒྱ་ཉི་ཤུ། འདི་བརྩིས་པའི་དགོས་པ་འགྲེལ་ཆེན་ལས། ཞག་རེར་རྩ་གཉིས་ཀྱི་ཐོབ་སྐལ་ཆུ་ཚོད་གཉིས་སྟོངས་པས། རྩ་སྦུབས་འབྱར་བས་རྩ་སྐེམ་པ་འམ་སྟོང་པ་ཞེས་བྱ། དེ་ཤེས་པར་བྱ་བའི་ཆེད་དང་། འཇིག་རྟེན་ཕལ་པ་རྒན་རབས་པ་རྣམས་མ་དྲུག་བུ་དྲུག་ཅེས་ལོ་རེ་ལ་ཞག་བཅུ་གཉིས་ལྷག་པར་བྱས་ནས། ཟླ་བ་སུམ་ཅུ་ནས་ཟླ་ཤོལ་རེ་ཡོང་ཟེར། འབྲིང་པོ་སོ་གཉིས་ཀྱིས་བགོས་པའི་ནོར་དྲུག་བརྒྱ་དོན་ལྔ་འབྱུང་བ་འདི་དགྱེས་རྡོར་འབུམ་ལྔ་ལས་ཀྱང་། བདུན་ཅུ་རྩ་ལྔ་ལྷག་པ་ཡིས། དྲུག་བརྒྱ་ཉིན་དང་མཚན་ལའོ། །ཞེས་གསུངས། གདན་གཞི་འདི་དང་། མ་རྒྱུད་ཕལ་ལས་ཀྱང་བཤད་པས་ཉི་མའི་ཡེ་ཤེས་འབྲིང་པོ། །ལོ་རེ་ལ་ཞག་བཅུ་གཅིག་དང་ཆུ་ཚོད་བཅོ་ལྔ་ལྷག་པས། ཟླ་བ་སོ་གཉིས་ནས་ཟླ་ཤོལ་རེ་ཡོང་བར་བྱེད། འདི་ནི་ཡེ་ཤེས་རག་པ་ང་དྲུག་རྐང་བཅས་ཀྱི་དོན་དུ་བཀོད། ང་དྲུག་རྐང་བཅས་ལ་འཕོ་ཆུང་དབུགས་སུམ་བརྒྱ་དྲུག་ཅུ་ལྔ་ཡོད། འཕོ་ཆུང་རེ་ལ་སོ་གཉིས་ཀྱིས་བགོས་པས་དྲག་པོ་རྐང་བཅས་འཆར། དེ་ནི་དངོས་སུ་མི་རྒྱུ། འཕོ་ཆུང་རེ་དེས་དམན་པ་འབབ། དྲག་པོ་རྐང་བཅས་ལྔས་བསྒྱུར་བས་ང་དྲུག་རྐང་བཅས་འཆར། རྐང་བཅས་ཞེས་པ་བཞི་ཆའི་དོན་ཡིན་པས། རྐང་ལོངས་ནས་བཞིས་འཁོར་ལོ་འབུད། ཤིན་ཏུ་འཕྲ་བའི་ཉི་མའི་ཡེ་ཤེས་རྣམ་དག་གི་དབང་དུ་བྱས་ནས་ཕྱེད་བཅས་སོ་གཉིས་ཀྱིས་བགོད། ཅེས་པས། སོ་གཉིས་ཞེས་པ་དབུགས་ཞག་ཟླ་བ་གང་ཡིན་སོ་གཉིས་དང་ཟླ་བ་ཕྱེད། དེས་བགོས་མི་བདེ་བས། སོ་གཉིས་དུས་འཁོར་རྒྱུད་འགྲེལ་ལྟར་ན་བཞིས་བསྒྱུར་བས་བརྒྱ་ཉི་ཤུ་རྩ་བརྒྱད་ཡོང་། དེའི་སྟེངས་དུ་འོག་གི་ཟླ་བ་ཕྱེད། དེ་ཡང་གཉིས་སུ་བྱས་པས་ཕྱེད་པ་གཉིས་བསྲེས་པས་མཁའ་མེ་ཟླ་བ་འབྱུང་། ལག་ལེན་འཇུག་བདེ་བྱེད་ན་སོ་གཉིས་གཉིས་ཀྱིས་བསྒྱུར་བས། དྲུག་ཅུ་རྩ་བཞི་འབྱུང་། དེ་སྟེངས་འོག་གི་ཟླ་ཕྱེད་ཅིག་བསྲེས་པས་མདའ་རོ་མཆར། མདའ་རོ་གཉིས་ཀྱིས་བསྒྱུར་བས། གོང་གི་མཁའ་མེ་ཟླ་བ་དང་ཁྱད་མེད་འཆར། མཁའ་མེ་ཟླ་བ་གཉིས་ཀྱིས་བགོས་པའི་ནོར་མདའ་རོ་ཡོང་། འདི་ནི་རྣམ་དག་གྲུབ་མཐའི་ལམ་ཡིན་པས། དུས་འཁོར་རྒྱུད་འགྲེལ་ལས། ཟླ་ཤོལ་འདོན་པ་འདི་ཡི་དབང་དུ་མཛད་པའོ། །འདི་ལ་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ཀྱི་མཐར་ཟླ་ཤོལ་ལོངས། དེ་ལ་ཚེས་ཟླ་སོ་གསུམ་ཕྱེད་བཅས་འབྱུང་། འཕྲ་བའི་ཡེ་ཤེས་དབུགས་གྲངས་དྲུག་བརྒྱ་རེ་བཞི་དང་། འདོད་ཆ་བརྒྱད་ཡོད། དབུགས་རོ་སྲང་མཁའ་རོས་ཕུད་པས། ཆུ་ཚོད་གཅིག སྲང་ལྔ་བཅུ། དབུགས་བཞི། འདོད་ཆ་ཀླུ། དེ་སུམ་ཅུས་བསྒྱུར་འོག་ནས་རང་འཁོར་ཕུད་པས། ཆུ་ཚོད་ང་ལྔ། སྲང་ཉེར་གསུམ། དབུགས་ཐིག འདོད་ཆ་དྲུག་འོག་པ་ཟླ་གཅིག་གི་ཡེ་ཤེས་ཆ། དེ་བཅུ་གཉིས་ཀྱིས་བསྒྱུར་བ་རང་འཁོར་ཕུད་པས། ཞག་སར་བཅུ་གཅིག །ཆུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་འཆར་བ་ལོ་གཅིག་གི་ཡེ་ཤེས་ཆ། ལོ་གཅིག་མཁའ་དུས་མེས་བསྒྱུར་བས་ཁྱིམ་ཞག་གམ་ཞག་གྲངས་སུམ་བརྒྱ་དྲུག་ཅུ་རང་ཡིན། དེའི་སྟེང་དུ་གོང་གི་ཞག་སར་བཅུ་གཅིག་སོ་བསྣན་པས། ཚེས་ཞག་གི་དཀྱིལ་འཁོར། ཞག་སར་སུམ་བརྒྱ་བདུན་ཅུ་དོན་ཅིག ཆུ་ཚོད་བཞི། སྲང་སོ་དྲུག དབུགས་ལྔ། འདོད་ཆ་བདུན་ཡོད་པ་འདི། དུས་འཁོར་རྩ་རྒྱུད་ལས་ཀྱང་། ལོ་ཅིག་མཁའ་དུས་མེས་བསྒྱུར་བ། ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། གནས་གཉིས་འོག་མ་མིག་གིས་བསྒྱུར། ཟླ་རོས་བགོས་སོགས་བརྩེགས་པས་སྔ་མའི་ཡེ་ཤེས་ཆ་དང་ཁྱད་མེད་འཆར། དེ་ལྟར་ཚེས་ཞག་གིས་དཀྱིལ་འཁོར་རྣམ་པར་དག་པ་དེ། གནས་དྲུག་ཅུས་བསྒྱུར། ཆུ་ཚོད་བསྲེ། དེ་སྲང་གི་དོན་དུ་དྲུག་ཅུས་བསྒྱར། སོ་དྲུག་བསྲེ། དབུགས་དོན་དྲུག་གིས་བསྒྱུར། ལྔ་བསྲེས། འདོད་ཆའི་དོན་དུ་བཅུ་གསུམ་གྱིས་བསྒྱུར། བདུན་བསྲེ། དེ་ཡང་ལྷག་མེད་ཡོང་བའི་ཕྱིར་རི་མཁའ་རིས་བསྒྱུར། གནས་གསུམ་བཞག །ཚེས་ཞག་དྲུག་ཅུ་རྩ་བཞི་དང་། རི་མཁའ་རིའི་ཆ་གཅིག་ན། ཉིན་ཞག་ཚེས་ཞག་གི་བར་ཁྱད་ཞག་གཅིག་ལོངས་པས་འོག་མ་རི་མཁའ་རིས་བགོ། །ནོར་བར་མ་ལ་བསྲེས་ཆུ་རོས་བགོས། ལྷག་མེད་ནོར་དེ་ཉིན་ཞག་ཚེས་ཞག་གི་བར་ཁྱད་ཡིན་པས་ཚར་གཅིག་ཟུར་དུ་བཞག །གཅིག་གིས་སྟེངས་མ་ལ་སྦྱངས་པས་ཉིན་ཞག་རྣམ་དག་འཆར་བའི་མཁའ་རིས་ཕུད་པས་ལྷག་བརྒྱ་ཉེར་གཅིག །ནོར་བཅུ་གསུམ་གྱིས་བགོས། ལྷག་བཅུ་གཉིས། ནོར་དྲུག་གིས་བགོ །ལྷག་གཅིག །ནོར་མཁའ་རོས་བགོ །ལྷག་བཅུ་བཞི། ནོར་མཁའ་རོས་བགོས། ལྷག་བཅུ་དྲུག ཞག་སར་སུམ་བརྒྱ་དྲུག་ཅུ་རེ་ལྔ་འཆར་བ་ཉིན་ཞག་རྣམ་དག་ཡིན་ནོ། །བདག་གིས་བྱས་པའི་གཟའ་ལྔའི་རིའུ་མིག་ཀྱང་ཉིན་ཞག་གི་གྲངས། འདི་དང་མཐུ་པར་སྤེལ་བ་ཡོན་ནོ། །གོང་དུ་ཟུར་དུ་བཞག་པ། འོག་ནས་རི་མཁའ་རི་སོགས་གོང་ལྟར་དྲིལ་བས་ཞག་སར་ལྔ་། ཆུ་ཚོད་ཞེ་བརྒྱད། སྲང་ཉེར་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རི་ཡི་ཆ་ལྔ་བརྒྱ་གྱ་དྲུག་འབྱུང་པ་རྣམས་ལོ་ཅིག་གིས་ཉིན་ཚེས་པར་ཁྱད་ཡིན། དེས་ཚེས་ཞག་གིས་དཀྱིལ་འཁོར་ལ་སྦྱངས་ན། ཉིན་ཞག་གི་དཀྱིལ་འཁོར་འཆར། དེ་ཉིན་ཞག་གི་དཀྱིལ་འཁོར་ལ་བྱིན་ན། ཚེས་ཞག་གིས་དཀྱིལ་འཁོར་འཆར། དེ་ལྟར་ཉི་མའི་ཞག་གསུམ་རྣམ་དབྱེ་ཡེ་ཤེས་ཀྱི་ཆས་ཕྱེ་བ་འདི་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་ལོངས་སྤྱོད་པས། ཡུལ་གྱི་ཞག་གསུམ་རྣམ་དབྱེ་ཟེར། ཞག་རེའི་ཞག་གསུམ་རྣམ་དབྱེའི་དོན་དུ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་བགོད་བཞི་ཡིན། དེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུས་བགོས་པས། ཆུ་ཚོད་བཞི། སྲང་སུམ་ཅུ། ཁྱིམ་ཞག་རེ་ལ་འདི་སྤྱོད་པས། དུས་སྦྱོར་རེའི་འགོ་འཇུག་ཞག་སུམ་ཅུ་རེ་ཡིན། ཚེས་ཞག་གི་དོན་དུ་ཚེས་དཀྱིལ་གནས་རྣམས་འདོད་བས་བསྒྱུར་བ་རང་འཁོར་ཕུད་པས། ཞག་སར་ཆུ་མིག་ཀླུ་འཙོ་འཆར་བ་བགོད་བྱེད་ཀྱི་སྐྱེས་བུ། དྲི་མེད་འོད་ལས། རྒྱུ་མཚན་ཅན་ལས་རྒྱུ་མཚན་ཅན་དུ་འགྱུར་ཏེ། ཞེས་པས། བགོད་བཞི་རྒྱུ་སྐར་གྱི་ཆུ་ཚོད་ཀྱང་བཅུ་གསུམ་གྱིས་བསྒྱུར་ནས་བགོས་བས། ཆུ་ཚོད་བཞི། སྲང་ཉེར་གཅིག རི་རོ་ཆ་རེ་གསུམ་འཆར་བ་རྣམ་དག་གྲུབ་མཐའ། ཉི་མས་ཚེས་ཞག་རེ་ལ་དེ་སྤྱོད་པས། ཁྱིམ་ཞག་དང་ཚེས་ཞག་གསུམ་གང་གི་སྟེང་དུ་མ་འགྲིག་པས། ཁྱིམ་འཕོ་འཚམས་ཟླ་རེའི་སྟེང་དུ་ཚེས་ཞག་གཙོ་བས། ཁྱིམ་ཞག་ཉིན་ཞག་གཉིས་དེའི་རྗེས་འབྲང་ཡིན། ཞར་ལ་ཞག་རེའི་སྟེང་དུ་ཉིན་ཞག་གཙོ་བས་གཟའ་ཞག་ཀྱང་ཟེར། ཚེས་ཞག་ཁྱིམ་ཞག་དེའི་རྗེས་འབྲང་། ཡང་ཉིན་ཞག་གི་གནས་རྣམས་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར། རང་འཁོར་ཕུད་པས་ཞག་སར་འབྱུང་མཁའ་མཚོ་ཡིད་རི་འཚམས་འོང་བ་བགོད་བྱེད་ཡིན། རྒྱུ་སྐར་ཆུ་ཚོད་མིག་ཀླུ་མེ་སོགས་ཀྱིས་བསྒྱུར་ནས་བགོས་པས་ཆུ་ཚོད་བཞི། སྲང་ཉེར་དྲུག།བུག་མཁའ་མིག་བུག་ཡིད་ཀྱི་ཆ། དུས་མིག་འབྱུང་དབང་གཟུགས་འཆར་བ་ཉིན་ཞག་ཡུལ་གྱི་རྟག་ལོངས། ཉི་མས་ཉིན་ཞག་རེ་ལ་རྒྱུ་སྐར་གྱི་སྟེངས་ནས་འདི་སྤྱོད་པ་ཡིན་ནོ། དེ་ཡན་ཡུལ་གྱི་རྟགས་ལོངས། ཉི་མའི་དུས་ཀྱི་རྟགས་ལོངས་ནི། ཞག་གཅིག་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། རོ་དང་མཁའ་རོས་རིམ་བཞིན་ཕུད་པས། ཆུ་ཚོད་དྲུག་ཅུ་འཆར། ཉིན་ཞག་གཟའ་ཞག་གང་རུང་ཟེར། ཞག་གཅིག་གི་སྟེང་དུ་ཉིན་ཞག་གཙོ་བས། གཞན་གཉིས་དེའི་རྗེས་འབྲང་། ཚེས་ཞག་དོན་དུ་དྲུག་ཅུ་མཁའ་རོས་བསྒྱུར། སླར་རི་མཁའ་རིས་བསྒྱུར་གནས་གསུམ་དུ་བཞག འོག་མ་རི་མཁའ་རིས་བགོས་པས་ལྷག་མེད། ནོར་བར་དུ་བསྲེས། ཆུ་རོས་བགོས། ལྷག་མེད་ནོར་གསུམ་ཁྲི་དགུ་སྟོང་བརྒྱད་ཉེར་ལྔ། ཉིན་ཚེས་བར་ཁྱད་ཡིན་པ་རི་མཁའ་རིས་ཕུད་པས་སྲང་ང་དྲུག །རི་མཁའ་རི་ཆ་ཉིས་བརྒྱ་སོ་གསུམ་འབྱུང་བ་འདི། ཟླ་རྐང་ཡོང་བའི་རྒྱུ་མཚན་དང་། གནས་གོང་མ་ལ་སྦྱང་ལྷག་རི་མཁའ་རི་དང་མཁའ་རོས་ཕུད་པ་ཆུ་ཚོད་དང་དགུ །སྲང་གསུམ། རི་མཁའ་རི་ཆ་བཞི་བརྒྱ་དོན་བཞི་འཆར་བ་འདི་ཚེས་ཞག་དུས་ཀྱི་རྟགས་ལོངས་ཡིན་ཅིང་། ལྔ་བསྡུས་ཀྱི་གཟའ་འཚོལ་བའི་རྟགས་ལོངས་ཀྱང་འདི་ཡིན་པས། རེས་གཟའ་འདས་པར་གནས་པ་ཡིན་ཏེ། དུས་བཞི་སྟོང་པའི་ཐོག་མ་ནས། ཚེས་ཟླ་གཅིག་གི་ཆར་ཟླ་རྐང་དུ་མ་ལོངས་པས། རྐང་པའི་དོན་མེད་པ་འདི་མ་གོ་བར། རེས་གཟའ་ད་ལྟར་བར་བྱེད་མཁན་མཚོ་རྣམ་པར་འཁྱམས་སོ། །ཟླ་བའི་ཚེས་ཞག་ཉེར་དྲུག་སོང་བ་དང་ཟླ་རྐང་ལོངས། དེ་མན་ཆད་རྐང་པའི་རྐང་དོན་གྲུབ་པས། རེས་གཟའ་འདས་པ་བའི་གཟའི་སྒྲེངས་དེ་ཁ འཆར། ཟླ་རེ་ལོངས་ནས་ཚེས་ཞག་གཙོ་བས། ཞག་གཞན་གཉིས་དེའི་རྗེས་འབྲང་ཡིན། གཟའ་ཚེས་རྟགས་ལོངས་ང་དགུ་དྲུག་ཅུས་བསྒྱུར། གསུམ་བསྲེས་རི་མཁའ་རིས་བསྒྱུར། ཆུ་རི་རྒྱ་མཚོ་བསྲེས་པས། ས་ཡ་གཉིས། འབུམ་ཚོ་ལྔ། སྟོང་ཕྲག་ལྔ། སུམ་བརྒྱ་དོན་ལྔ་འོད་བ་གནས་གཉིས་འོག་མ་མིག་གིས་བསྒྱུར། མདའ་རོས་བགོས་ནོར་འདོད་ཆ་དྲུག་ཡིན་ནོ། ཚེས་ཞག་དུས་ཀྱི་རྟགས་ལོངས་ཡིན་ཅིང་། བདུན་ཁྲི་བདུན་སྟོང་གྱ་བརྒྱད་རི་མཁའ་རི་དང་མཁའ་རོས་ཕུད། ཆུ་ཚོད་གཅིག སྲང་ཞེ་དགུ རི་མཁའ་རི་ཆ་ཉེར་ལྔ། འདོད་ཆ་དྲུག འདི་ཁྱིམ་ཞག་དང་ཉིན་ཞག་གི་བར་ཁྱད་ཡིན། བར་ཁྱད་འདིས་བུག་མཁའ་མིག་བུག་ཡིད་ཀྱི་ཆ་སོགས་འདི་ལ་བརྟེན་ནས་འབྱུང་། ལོ་གཅིག་ལོངས་ནས་ཁྱིམ་ཞག་གཙོ་བོ། གཞན་གཉིས་དེའི་རྗེས་འབྲང་ཡིན། དེ་རྣམས་ཉིན་ཞག་ཚེས་ཞག་ཁྱིམ་ཞག་གསུམ་དུས་ཀྱི་རྟགས་ལོངས་ཡིན། བརྩིས་ཐམས་ཅད་ཀྱི་རྩ་བའམ་ས་བོན་ནོ། །ཁྱིམ་ཞག་དུས་ཀྱི་རྟགས་ལོངས་དེ། མཁའ་དུས་མེས་གནས་སོ་སོར་བསྒྱུར། རང་འཁོར་ཕུད་པས་ཉིན་ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག །སྲང་བཅུ་བཞི། རི་མཁའ་རི་ཡི་ཆ་ཉིས་བརྒྱ་ཉེར་བརྒྱད། འདོད་ཆ་གཉིས། ཉིན་ཞག་དཀྱིལ་འཁོར་རྣམ་དག་འཆར་བ་འདི་མཁས་པ་རློམ་པ་རྣམས་ཀྱི་ཡུལ་དུ་གབ་ནས་གནས་སོ། །དེ་ཉི་མའི་ཞག་གསུམ་རྣམ་དབྱེའི་དུས་འཁོར་རྩ་རྒྱུད་ལས་བཤད་པ་དང་མཐུན་པ། གདན་གཞི་རྩ་རྒྱུད་ལས། ཡེ་ཤེས་ཅན་གྱི་ལས་སུ་སྦྱར་ཞེས་པའི་གནད་ཀྱིས་ཞག་གསུམ་རྣམ་དབྱེ་སྨོས་ལ། འདི་ནས་ཟླ་བའི་ཐུན་མོངས་མ་ཡིན་པའི་ཚེས་ཞག་གཅིག་ལ་ཆུ་ཚོད་ལྔ་བཅུ་རྩ་བཞི་ཡིན་ཅིང་། དེ་ཡང་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ། ཚེས་ཟླ་གཅིག་གི་ཞག་སུམ་ཅུས་བགོས་པས་འཆར་ཞིང་། དེའི་སྟེང་དུ་ཉི་མ་དང་ཐུན་མོངས་དུ་སྤྱོད་པའི་ཉི་མའི་ཚེས་ཞག་གཅིག་ལ། ཆུ་ཚོད་བཞི། སྲང་ཉེར་ཅིག རི་རོ་ཆ་དྲུག་ཅུ་རེ་གསུམ་ཡོད་པ་བསྣན་པས། ཟླ་བས་ཞག་རེ་ཆུ་ཚོད་ང་བརྒྱད། སྲང་ཉེར་གཅིག རི་རོ་ཆ་རེ་གསུམ་སྤྱོད་པ་ནི་རྣམ་དག་ཡིན་ལ། ཟླ་བས་ཚེས་ཞག་ཁོ་ན་ལ་སྤྱོད་པའི་ཕྱིར་ཉིན་ཞག་ཁྱིམ་ཞག་རིམ་གྲངས་ཀྱིས་བཅོས་པ་ནི་རང་བཟོའོ། ཟླ་བས་རྒྱུ་སྐར་འཁོར་གྲངས་དཀྱིལ་འཁོར་ནི། གོང་གི་ཆུ་ཚོད་ང་བརྒྱད་སོགས་གནས་སོ་སོ་ཆུ་འདོད་ཀྱིས་བསྒྱུར། ཆུ་འདོད་ནི་རི་རོ་གཉིས་ཀྱིས་བསྒྱུར་བས་འཆར། རི་རོ་ནི་ཚེས་ཞག་སོ་གསུམ་གཉིས་ཀྱིས་བསྒྱུར། ཞག་ཕྱེད་པ་གཅིག་བསྲེས་པས་རི་རོ་འཆར། དེ་གཉིས་ཀྱི་རྒྱུ་མཚན་ཞར་ལས་འཕྲོས་པ་ཡིན། གོང་གི་ཆུ་འདོད་ཀྱིས་བསྒྱུར་བ་འོག་ནས་རི་རོ་མཁའ་རོས་ཕུད་པའི་ནོར་གོང་མ་ལ་བསྲེས་པས། གཟུགས་མིག་ཀླུ་རི་འཆར་བ་བགོད་བྱེད་ཀྱི་སྐྱེས་བུ་ཡིན། བགོད་བཞི་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ཡང་། རྒྱུ་མཚན་ལས་རྒྱུ་མཚན་ཅན་གྱིས་གནད་ཀྱིས་ཆུ་འདོད་ཀྱིས་བསྒྱུར། གཟུགས་མིག་ཀླུ་རིས་བགོས་པས། ཚེས་ཞག་ཉེར་བདུན། ཆུ་ཚོད་ཞེ་ལྔ། སྲང་ཉེར་གཅིག བུག་རོ་ཀླུ་ཆ། དྲུག་བརྒྱ་ང་གཅིག་བྱུང་བ་ཟླ་བའི་ཚེས་ཞག་དཀྱིལ་འཁོར་ཡིན། འདི་ལ་བརྟེན་ནས་ཉིན་ཞག་དཀྱིལ་འཁོར་དང་ཁྱིམ་ཞག་དཀྱིལ་འཁོར་འཚོལ་བ་ནི། རི་མོ་དོན་སྤྱི་འཆར་ཀྱང་དགོས་པ་གང་ཡང་མེད་པས་དུས་འཁོར་རྒྱུད་འགྲེལ་ལས་ཀྱང་མ་བཤད་དོ། སྒྲ་གཅན་ཚེས་ཞག་ཁོ་ན་ལ་སྤྱོད་པ་ནི། དུས་འཁོར་རྒྱུད་འགྲེལ་ལས། ཚེས་ཞག་དྲུག་སྟོང་དགུ་བརྒྱ་ཡོད་པར་གསུངས་ཞིང་། དེ་ཚེས་ཟླ་གཅིག་གིས་ཞག་སུམ་ཅུས་བགོས་པར་ནོར་སུམ་བརྒྱ་སུམ་ཅུ་ཐོབ་པ་ནི། སྒྲ་གཅན་ཚེས་ཟླའི་དཀྱིལ་འཁོར། དེ་གཉིས་ཀྱིས་བསྒྱུར་བས། སྒྲ་གཅན་ཟླ་ཕྱེད་ཀྱི་དཀྱིལ་འཁོར་མཁའ་དུས་ཆུ་འཆར། འདི་ནི་ཚེས་ཟླ་རེས་གང་བ་བཅོ་ལྔ་དང་གནམ་སྟོང་གི་སྒྲ་གཅན་གདོང་མཇུག་རྩ་བ་རྟོགས་པའི་ཆེད་དུ་གསུངས་པ་ཡིན། རྒྱུ་སྐར་ཉི་ཤུ་རྩ་བདུན་ལ་དྲུག་སྟོང་དགུ་བརྒྱས་བགོས་པས། ཞག་སར་ཐིག་ལྷག་འཁོར་རོས་བསྒྱུར་བས་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་། དྲུག་སྟོང་དགུ་བརྒྱས་བགོས་པས་མ་ཐོབ། ཆུ་ཚོས་ཏིག །ལྷག་དྲུག་ཅུས་བསྒྱུར་བགོས་པས། སྲང་བཅུ་བཞི། ལྷག་མེ་མིག་གིས་བསྒྱུར་ནས་བགོས་པས། ལྷག་མེད་མིག་ཆ་གཉིས། སྒྲ་གཅན་ཚེས་ཞག་རེའི་རྟགས་ལོངས་ཡིན། དེ་བཅོ་ལྔས་བསྒྱུར་འོག་ནས་རང་འཁོར་ཕུད་པས། ཆུ་ཚོད་གསུམ། སྲང་སོ་གཅིག །མེ་མིག་ཆ་བདུན། དེ་བཅོ་ལྔའི་སྒྲ་གཅན་ལ་བྱིན་པས་གནམ་སྟོང་འཆར། གནམ་སྟོང་ལ་བྱིན་པས་བཅོ་ལྔ་འཆར་བ་སོགས་འཁོར་ཡུག་ཡིན། ཟླ་ཕྱེད་རྟགས་ལོངས་དེ་གཉིས་ཀྱིས་བསྒྱུར། རང་འཁོར་ཕུད་པས། ཆུ་ཚོད་བདུན། སྲང་གཉིས། མེ་མིག་ཆ་བཅུ་བཞི་འཆར་བ་ཟླ་གཅིག་རྟགས་ལོངས་ཡིན། བཅོ་ལྔའི་སྒྲ་གཅན་ལ་བྱིན་པས། ཕྱི་མའི་བཅོ་ལྔ་འཆར། གནམ་སྟོང་ལ་བྱིན་པས་ཕྱི་མའི་གནམ་སྟོངས་འཆར་བ་སོགས་ཞེས་པར་མཛོད། སྒྲ་གཅན་འདི་ལ་ཉིན་ཞག་དཀྱིལ་འཁོར་བཟོ་བ་ནི་ངལ་བ་མན་པ་དགོས་པ་མེད། ཁྱིམ་ཞག་དཀྱིལ་འཁོར་རྒྱུད་འགྲེལ་ལས། དུས་བཞི་ཆེན་པོའི་གཟའ་སྟོང་འཇུག་གི་ཚུལ་བཤད་པའི་སྐབས་སུ། སྒྲ་གཅན་གྱི་ཁྱིམ་ཞག་གི་གྲངས་བཤད་པས། དེ་ཙམ་གྱི་དོན་སྤྱི་ནི་ཡོད་དོ། །གཟའ་ལྔའི་ཉིན་ཞག་དཀྱིལ་འཁོར་ནི་དགོས་པ་ཡོད་དོ། །དུས་འཁོར་རྒྱུད་འགྲེལ་ལས་གསལ་པོར་བཤད་པས་སོ། །བཤད་ལུགས་ཀྱང་གཟའ་བཀྲ་ཤིས་ལས། ཉིན་ཞག་རི་ཀླུ་རོ། དེས་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་བགོས་པས། ཆུ་ཚོད་གཉིས། སྲང་ཉེར་གཅིག །བུག་མིག་ལག་ཆ་བརྒྱ་བཅུ་གཅིག །བུག་མིག་ལག་ཆ་ནི་རི་ཀླུ་རོ་གསུམ་གྱི་བགོས་པས་འཆར། ལྷག་པ་རྐང་འཛིན་ཉིན་ཞག་གི་དཀྱིལ་འཁོར་ནི། ཞག་གྱ་བདུན། ཆུ་ཚོད་ང་བརྒྱད། སྲང་བཅུ་གཉིས་ཡོད། འདི་བརྒྱས་བསྒྱུར་བས་ལྷག་པའི་རི་བུག་རི་ཀླུ་འཆར་བ་བགོད་བཞི་བརྒྱས་བསྒྱུར་བའི་རྒྱུ་མཚན་ཞར་ལ་འཐོན། དེས་རྒྱུ་སྐར་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་བརྒྱས་སབསྒྱུར་ནས་བགོས་པས། གནས་ཐིག ཆུ་ཚོད་བཅོ་བརྒྱད། སྲང་ཉེར་བཞི། དཀྱིལ་འཁོར་ཆ་བརྒྱད་སྟོང་བརྒྱད་བརྒྱ་བཅུ་གཉིས་འཆར་བ་རྐང་ཞག་རེའི་རྟགས་ལོངས་ཡིན། ལྷའི་བླ་མའི་ཉིན་ཞག་གི་དཀྱིལ་འཁོར་ནི་བཞི་སྟོང་གསུམ་བརྒྱ་སོ་གཉིས་ཡོད་ཅིང་། ཉིན་ཞག་གཅིག་གི་རྒྱུ་སྐར་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་བླ་མའི་འཁོར་ལོས་བགོས་པས། གནས་ཆུ་ཚོད་ཐིག །སྲང་ཉེར་གཉིས། གཟུགས་དུས་མའི་ཆར་བརྒྱ་ང་བརྒྱད་འབྱུང་། གཟུགས་དུས་མེ་ཆ་ནི་སོ་མེ་བརྒྱ་མཚོ་བཅུ་གཉིས་ཀྱིས་བགོས་པས་འཆར། བླ་མའི་ཉིན་ཞག་རེའི་རྟགས་ལོངས་ཡིན་ནོ། །དཀར་པོ་ཉིན་ཞག །དཀར་པོའི་རྐང་པའི་ཉིན་ཞག་ཉིས་བརྒྱ་ཉི་ཤུ་རྩ་བཞི། ཆུ་ཚོད་ཞེ་གཉིས། དེ་བཅུས་བསྒྱུར། ཆུ་ཚོད་གོང་དུ་དྲིལ་བས། སྦྱིན་བྱེད་བླ་མའི་རི་རྒྱལ་མིག་འཆར་རོ། །ཞག་དོན་རྒྱུ་སྐར་གྱི་ཆུ་ཚོད་བཅུས་བསྒྱུར་ནས། རི་བརྒྱལ་མིག་གིས་བགོས་པས། གནས་ཐིག་ཆུ་ཚོད་བདུན། སྲང་བཅུ་གཉིས། བུག་འཚོ་རི་པོའི་ཆར། བཞི་བརྒྱ་སོ་གཉིས་འཆར་བ་པ་སངས་རྐང་ཞག་གཅིག་གི་དཀྱིལ་འཁོར། བུག་འཚོ་རི་བོའི་ཆ་ནི་དཀྱིལ་འཁོར་གསུམ་གྱིས་བགོས་པས་འཆར། དལ་འགྲོ་ནི་སྤེན་པ། ཉིན་ཞག་དཀྱིལ་འཁོར་ནི། ཁྲི་བདུན་བརྒྱ་རེ་དྲག དཀྱིལ་འཁོར་དེས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་པས། གནས་ཆུ་ཚོད་ཐིག་སྲང་དགུ མེ་ཀླུ་མེ་མདའི་ཆར་བརྒྱ་ང་གསུམ་འཆར་བ་དལ་བའི་ཉིན་ཞག་གཅིག་གི་རྟགས་ལོངས། ངལ་བའི་དཀྱིལ་འཁོར་གཉིས་ཀྱིས་བགོས་པས་མེ་ཀླུ་མེ་མདའ་འཆར། གཟའ་ལྔ་པོ་དེ་དག་འཆར་ཚུལ་ཉིན་ཞག་གི་སྟེང་དུ་འཆར་བས་ཚེས་ཞག་དང་ཁྱིམ་ཞག་བཟོ་བ་ནི། དུས་འཁོར་རྒྱུད་འགྲེལ་ལས་མ་བཤད་པས་འོ་བརྒྱ་བ་ཙམ་མོ། །འོན་ཀྱང་གཟའ་ལྷའི་ཁྱིམ་ཞག་རགས་པའི་གྲངས་རྒྱུད་འགྲེལ་ལས་བཤད་པ་ནི་གོང་གི་སྒྲ་གཅན་ཁྱིམ་ཞག་གི་གྲངས་ཀྱང་རགས་པ་དེ་རྣམས་བཀོད་པའི་དགོས་པ་ནི། དུས་བཞི་ཆེན་པོ་གཟའ་སྟོང་འཇུག་གི་ཞག་གྲངས་འབུམ་ཕྲག་ཞེ་གསུམ་ཁྲི་ཚ་གཉིས་བསྒྲུབ་པའི་ཆེད་དུ་གསུངས་པ་ཙམ་ཡིན། གཟའ་འཛིན་གཟའ་སྐར་རྣམ་དག་དང་ནི་ཅུང་མི་མཐུན། དགོས་སཔ་ནི་ཕྱི་རོལ་མུ་སྟེག་བྱེད་རྣམས་རྗེས་སུ་འཛིན་པའི་ཕྱེད་དུ་གསུངས་པ་ཡིན་པས་ཤེས་པར་མཛོད། གཟའ་ཐམས་ཅད་ཉི་མའི་ལོངས་སྤྱོད་ལ་བརྟེན་ནས་གཟའ་དག་པར་བྱེད་དགོས་པས། ཞི་གཟའ་གཉིས་ཉིན་ཞག་བར་པ་ལ་བརྟེན་ནས་དལ་དག་བསྒྲུབ་དགོས་པ་དང་། དྲག་གཟའ་གསུམ་མྱུར་བ་དག་པར་བྱེད་པ་ལ། ཉིན་ཞག་ཉིན་བར་གྱི་དྲག་གསུམ་དལ་དག་ལ་སྦྱངས་ནས་མྱུར་རྐང་འཚོལ་དགོས་སོ། །རྒྱུ་མཚན་དེས་ཀླུ་ཀློ་སྦྲང་རྩི་བློ་གྲོས་ནས་མུ་སྟེག་བདུག་པའི་བསན་པས་བརྩིས་འཕྲོ་སྦེད་པའི་ཕྱིར་ལོ་མ་ངེས་པ་བཅོས་པས་ཉི་མའི་ལོངས་སྤྱོད་མ་དག་པས་རྩ་བ་ཉམས་པའི་ལྗོན་པ་བཞིན་གཟའ་ཐམས་ཅད་མ་དག་པར་འགྱུར་རོ། །རྒྱུ་འདིས་དུས་འཁོར་རྩ་རྒྱུད་ལས་གསུངས་པ་ལྟར། ཉི་མའི་ཞག་གསུམ་རྣམ་དབྱེ་རྣམ་དག་ཁོངས་དུ་ཆུད་པར་བྱས་པས་རྣམ་དག་གྲུབ་མཐའི་བརྩིས་སུ་འགྱུར་བའི་རྒྱུ་མཚན་དེ་ཡིན། ད་ལྟ་དུས་འཁོར་རྒྱུད་འགྲེལ་གྱི་བརྩིས་གཞི་རྣམ་དག་གསལ་བར་བཀོད་པ་རྣམས་ཁོངས་ན་སྐྱོན་མེད་གྲུབ་མཐར་གནས་ཀྱང་། མུ་སྟེག་བྱེད་སྔ་ཕྱི་རྗེས་སུ་འཛིན་པའི་ཕྱིར་དེ་དག་གི་བསྟན་བཅོས་ན་ཡོད་པའི་ཚིག་རིགས་དང་བསྟུན་པས་ཁོང་གྲུབ་མཐའ་ཡིན་ཀྱང་རི་མོའི་བྱེད་པས་བྱེད་པར་སོང་བ་འདིས། ལོ་དྲུག་ཅུ་དྲུག་ཅུ་ནས་བརྩིས་འཕྲོ་རྣམ་དག་བཅོས། ལག་ལེན་རྒྱུད་འགྲེལ་བཞིན་གྱི་བྱེད་པ་འཇུག་བེད་བ་ཡིན་ནོ། །རྒྱུ་འདིས་ཀུན་མཁྱེན་པདྨ་དཀར་པོ་ཡང་རི་མོའི་དཔྱད་པ་ནི་དགོས་སོ། །དཔྱད་པ་གང་ལ་ཟེར་ན། རྩ་རྒྱུད་ཀྱི་རྟགས་ལོངས་དང་མཐུན་པ་དེ་ལ་ཟེར་རོ། །དེ་ནས་སྦྱོར་བའི་ལོངས་སྤྱོད་རྒྱུད་འགྲེལ་ལས། ཉི་ཟླ་བསྲེས་པ་སྦྱོར་བའོ། །ཞེས་པ་ཚེས་ཞག་གཅིག་གི་ཉི་མའི་ཡུལ་ལོངས། གནས་ཐིག ཆུ་ཚོད་བཞི། སྲང་ཉེར་གཅིག རི་རོ་ཆ་རེ་གསུམ་ཡོད་པ་དང་། ཟླ་བའི་ཚེས་ཞག་གཅིག་ལ། གནས་ཐིག ཆུ་ཚོད་ང་བརྒྱད། སྲང་ཉེར་གཅིག རི་རོ་ཆ་རེ་གསུམ་ཡོད་པ་བསྲེས་པས། ཆུ་ཚོད་རེ་གཉིས། སྲང་ཞེ་གསུམ། རི་རོ་ཆ་ང་དགུ་འབྱུང་བ་ཞག་རེ་ལ་སྤྱོད་ཅིག་། ཆུ་ཚོད་འཁོར་ལོ་ཕུད་ན་སྦྱོར་བའི་གནས་སུ་གཅིག ཆུ་ཚོད་གཉིས་རྗེས་འབྲང་གོང་དང་འདྲ་བས་སྦྱོར་བ་རྣམས་ལ་སོགས་རིམ་བཞིན་འཆར་རོ། །ཞག་གསུམ་གྱི་རྟགས་ལོངས་མང་ཉུང་ཡོད་པ་ནི། ཚེས་ཞག་དང་ཉིན་ཞག་གི་བར་ཁྱད། གནས་དང་ཆུ་ཚོད་ཐིག །སྲང་ང་དྲུག །རི་མཁའ་རི་ཆ་ཉིས་བརྒྱ་སོ་གསུམ། འདི་ཟླ་བའི་རྐང་པ་ཉི་ཤུ་རྩ་ལྔ་འཆར་བ་དེ་ཡིན། བར་ཁྱད་དེ་ཚེས་ཞག་རེ་གསུམ་དང་། ཚེས་ཞག་གཅིག་བརྒྱ་དོན་བདུན་དུ་བསིལ་བའི་ཆ་བརྒྱ་རེ་གཅིག་ན། ཉིན་ཞག་གཅིག་ཏུ་ལོངས། ཉིན་ཞག་རེ་གཉིས་དང་། ཆ་བརྒྱ་རེ་གཅིག་ཏུ་མཚུངས་པར་ཚེས་ཞག་གཅིག་ཏུ་ལོངས་པས། ཚེས་ཞག་ལ་བརྟེན་ནས་ཉིན་ཞག་སྒྲུབ་པ་དང་། ཉིན་ཞག་ལ་བརྟེན་ནས་ཚེས་ཞག་སྒྲུབ་པའི་ཕྱིར་རྒྱུད་འགྲེལ་ལས། ཚེས་ཞག་གནས་གསུམ་དུ་བཀོད། འོག་མ་རིག་མཁའ་རིས་བགོས། རྙེད་པ་བར་མར་བསྲེས། ཆུ་རོས་བགོས་ནོར་སྟེང་དུ་སྦྱངས་པས། ཚེས་ཞག་ལ་བརྟེན་ནས་ཉིན་ཞག་བསྒྲུབ་པ་གཟའ་ལྔའི་སྐབས་སུ་གསུངས་པ་དེ་ཡིན་ཅིང་། འདིར་དེའི་མན་ངག་འཇུག་བདེར་སྦྱར་བ། རི་མཁའ་རི། རི་མཁའ་རིས་བགོས་པས་དག་ཀྱང་ཆུ་རོའི་གནས་སུ་མ་དག་པས། རི་མཁའ་རི་ཚན་པ་བཅུ་དྲུག་གིས་བསྒྱུར་བས་ཉྀ་མ་འདོང་ཟླ་འཆར། ཉི་མ་འདོད་ཟླ་གནས་གསུམ་བཞག །འོག་མ་རི་མཁའ་རིས་བགོས། ལྷག་མེད། ནོར་བཅུ་དྲུག་བར་མར་བསྲེས། ཆུ་རོས་བགོས་པ་ལྷག་མེད་ནོར་ཐུབ་རི་ཟླ་བ་འཆར་བ་ཉིན་ཞག་ཚེས་ཞག་གི་བར་ཁྱད་ཡིན། དེས་གནས་གོང་མ་སྦྱངས་པས། འབྱུང་འདོད་དྲག་པོ་འཆར་བ་ཉིན་ཞག་རྣམ་དག ཉིན་ཞག་དེའི་སྟེང་དུ་ཐུབ་རི་ཟླ་བ་བྱིན་པས། ཚེས་ཞག་ཉི་མ་འདོད་ ཟླ་འཆར། །ཚེས་ཞག་དྲུག་ཅུ་རེ་གསུམ་དང་། །ཐུབ་རི་ཟླ་བརྒྱ་རེ་གཅིག་ན། །ཉིན་ཞག་གཅིག་ཏུ་ལོངས་པ་ནི། །བར་ཁྱད་སྲང་ང་དྲུག །རི་མཁའ་རི་ཆ་བརྒྱ་སོ་གསུམ་ཡོད་པ་རེ་གསུམ་གྱི་སོ་སོར་བསྒྱུར། །འོག་མ་རི་མཁའ་རི་དང་། །བར་མ་མཁའ་རོས་ཕུད་པས། །ཆུ་ཚོད་ང་དུག །སྲང་བརྒྱད། །རི་མཁའ་རི་ཆ་ལྔ་བརྒྱ་སོ་དགུ་འབྱུང་། །དེའི་སྟེང་དུ་ཐུབ་རི་ཟླ་ཆ་གཅིག་ལ། །རི་མཁའ་རིའི་ཆ་ཉིས་བརྒྱ་ཉེར་ལྔ་ཡོང་། །དེ་བརྒྱ་རེ་གཅིག་གིས་བསྒྱུར་ནས་རི་མཁའ་རིས་ཕུད་པས། །ལྷག་བརྒྱ་རེ་བརྒྱད། །ནོར་ང་གཅིག་འོང་བ་སྔ་མའི་རེ་གསུམ་གྱིས་བསྒྱུར་བའི་སྟེང་དུ་བྱིན། །རང་འཁོར་ཕུད་པས། །ཆུ་ཚོད་དྲུག་ཅུ་འཆར་བ་ཉིན་ཞག་གཅིག་ཏུ་ལོངས་པ་ཟེར། །ཉིན་ཞག་ཁྱིམ་ཞག་གི་བར་ཁྱད། །གནས་ཆུ་ཚོད་ཐིགསྲང་ང་གཉིས། རི་མཁའ་རི་ཆ་དྲུག་བརྒྱ་ང་གཉིས་ན་ཉིན་ཞག་གཅིག་ཏུ་ལོངས། བུག་མཁའ་མིག་བུག་ཡིད་ཉིན་ཞག་གི་གྲངས་དེ་དང་། དུས་དབང་མཁའ་རི་ཡིད་ཁྱིམ་ཞག་གི་གྲངས། །དེ་གཉིས་ཀྱི་བར་ཁྱད་མེ་ཚེས་ལག་པ་ཡིན། དེ་ཡོང་བ་ཉིན་ཞག་ལ་བརྟེན་ནས་ཁྱིམ་ཞག་བསྒྲུབ་པ་དང་། །ཁྱིམ་ཞག་ལ་བརྟེན་ནས་ཉིན་ཞག་བསྒྲུབ་པ། །མེ་ཚེས་ལག་པས་བསྒྱུར་བའི་རྒྱུ་མཚན་འཐོན། །བུག་མཁའ་མིག་བུག་ཡིད་ནི། །ཉིན་ཞག་རེ་དགུ་མེ་ཚེས་ལག་པས་བསྒྱུར། །དེའི་སྟེང་དུ་མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་བསྲེས་པས་བུག་སོགས་འཆར་རོ། །བུག་སོགས་ལ་མེ་ཚེས་ལག་པས་སྦྱངས་པས། །དུས་དབང་མཁའ་རི་ཡིད་འཆར་བ་ཁྱིམ་ཞག་གི་གྲངས་ཡིན། །མེ་ཚེས་ལག་པའི་ཆ་གཅིག་ལ་ཡེ་ཤེས་ཞག་གཅིག་གི་ཆ་ལས། །རི་མཁའ་རིའི་ཆ་བཅུ་བདུན་དེའི་འདོད་ཆ་བཞི་ཡོད་ཅིང་། །ཉིན་ཞག་ཁྱིམ་ཞག་གི་བར་ཁྱད། ཆུ་སྲང་ང་གཉིས་སོགས་རེ་དགུས་བསྒྱུར། འོང་མ་འདིད་པ། །དེ་གོང་རི་མཁའ་རོས་ཕུད་པས། །ཆུ་ཚུད་དྲུག་ཅུ། སྲང་སོ་དྲུགརི་མཁའ་རིའི་ཆ་ལྔ་བརྒྱ་ཉེར་དྲུག །འདོད་ཆ་བཅུ་གཅིག །དེས་ཁྱིམ་ཞག་ཏུ་མ་ལོངས་པས། །དེའི་སྟེང་དུ་མེ་ཚེས་ལག་པའི་ཆགཅིག་ལ་རི་མཁའ་རི་ཆ་བཅུ་བདུན། འདོད་ཆ་བཞི་ཡོད་པ་དྲུག་བརྒྱ་ང་གཉིས་ཀྱིས་བསྒྱུར། རང་འཁོར་ཕུད་པས་སྲང་བཅོ་ལྔ། རིང་མཁའ་རི་ཆ་དྲུག་བརྒྱ་དོན་དགུ། འདོད་ཆ་བརྒྱད་ཡོད་གོང་མའི་སྟེང་དུ་བྱིན། རང་འཁོར་ཕུད་པས་ཁྱིམ་ཞག་གཅིག་གི་རྟགས་ལོངས། །གནས་ཐིགཆུ་ཚོད་དྲུག་ཅུ། སྲང་ང་གཉིས། རི་མཁའ་རིའི་ཆ་བཞི་བརྒྱ་གོ་དགུའདོད་ཆ་ཞིམ་པའི་རོ་འཆར་རོ། ཡང་ཁྱིམ་ལ་བརྟེན་ནས་ཉིན་ཞག་གཅིག་འོང་བ་ཡང་བར་ཁྱད་ང་གཉིས་སོགས་རེ་བརྒྱད་ཀྱིས་བསྒྱུར། །རང་འཁོར་ཕུད་པས་སྟེང་དུ་ཆ་མཚུངས་པ་གོང་མ་དེ་ཁ་བྱིན་པས། ཆ་ཚོད་དྲུག་ཅུ་འཁྲུུལ་མེད་དུ་འཆར་བ་ཡིན་ནོ། །ཞག་གསུམ་རྣམ་དབྱེ་བར་ཁྱད་རྩོབ་མི་ཤེས་པར་ཞག་གསུམ་རྣམ་དབྱེ་ཤེས་ཟེར་བ་དེ་ནམ་མཁའི་པདྨ་དང་མཚུངས་སོ། །དེ་ལྟར་ཞག་གསུམ་རྣམ་པར་དབྱེ་བའི་མཐའ་ཚོད་འཁྲུལ་མེད་ཀྱི་སྐབས་སོ། །གསུམ་པ་སྔོན་འགྲོ་བྱ་བའི་རིམ་པ་ནི། རི་མོ་བྲི་བ་གྲངས་བགྲང་བ་གཉིས་གཡས་ནས་བྱེད་པ་དེ་མས་ནས་ཡར་བྱེད། བགོད་དང་བསྒྱུར་བ་གཡོན་ནམ་མགོ་ནས་བྱེད། གཅིག་ནས་དགུའི་བར་རྐྱང་པ་རེ་རེས་བགོད་པ་ཇི་ཙམ་ཐོབ་པ་ཁྱེར། སྒྲགས་བགོད་འོག་མའི་ཚད་དང་སྦྱར་བ་གོང་མ་མི་བཙན་པས་འོག་མ་དང་བསྟུན་རུང་བགོ །བགོད་བྱེད་མཐའི་ཐིག་ལེས་མས་མཐའ་འགོག །བར་གྱི་ཐིག་ལེ་རང་གནས་འཛིན་པ་ཙམ་ལས་བགོད་ནུས་མེད། སྒྲགས་བསྒྱུར་སྒྲགས་བྱ་གོང་མའི་འོག་ཏུ་འཇུག་དགོས། བསྒྱུར་བྱེད་མཐའི་ཐིག་ལེ་གྲལ་མཐར་བགོད། བར་གྱི་ཐིག་ལེ་རང་གནས་འཛིན་བསྒྱུར་རྒྱུ་མེད། བསྒྱུར་ནས་མང་དུ་འགྲོ་བ་གཉིས་ལ་སོགས་པའོ། །གཅིག་གིས་བསྒྱུར་བས་མང་ཉུང་མེད། ཕྱེད་ཀྱི་བསྒྱུར་བ་གཉིས་ཀྱིས་བསྒྱུར་བ་ཡིན། དེའི་མཚན་མ་རི་མོ་ཕྲད་ལ། གསུམ་ཆས་བསྒྱུར་བ་ཡང་གསུམ་གྱིས་བསྒྱུར། གསུམ་ཆ་ཤེས་ཕིར་རི་མོ་ཟུར་གསུམ། བཞི་ཆས་བསྒྱུར་བ་བཞིས་བསྒྱུར་བ་ཡིན། དེས་མཚོན་པ་རི་མོ་གྲུ་བཞི། བསྒྱུར་བྱེད་སྟོང་པ་ཡིན་ན། བསྒྱུར་བྱ་ཙམ་ཡོད་ཕྱིས་ནས་ཐིག་ལེ་བྲིས་པས་ཆོག །བསྒྱུར་བྱ་ཐིག་ལེ་ཡིན་ན་བསྒྱུར་བྱེད་མེད་དོ། །འདི་ནི་གྲོགས་མེད་ཐིག་ལེ་ཡིན། སྣོན་པ་འམ་སྟེར་བ་གཡས་སམ་མེས་ནས་ཡར་བྱེད། འབྲིང་པ་འམ་སྦྱངས་པ་གཡོན་ནམ་མགོ་ནས་བྱེད། དེ་ལྟར་ཤེས་ནས་དགུ་ཟླ་ལ་འཇུག །དགུ་ཟླ་ནི་དགུ་ནས་གཅིག་གི་བར་དུ་དགུ་ཟླར་ཤེས། གྲངས་ཀྱི་གནས་གཞན་དྲུག་ཅུ་ནི། གཅིག་བཅུ་ནས་དུང་ཕྱུར་ཡན་རྐྱང་གྲངས་ཡིན། ཐེར་འབུམ་ནས། ཐེར་འབུམ། ཐེར་འབུམ་ཆེན་པོ་ཞེས་སོགས། རྣམ་འབྱུང་སྟོབས་མིག་ཁྱིམ་འབྱུང་ཡན་ཆེན་པོོར་སྦྱར། དེའི་མཐར་གྲངས་མེད་ཅེས་མངོན་པར་བཤད། དེ་ཡན་ལག་དྲུག་ཅུ་རྩ་གཉིས་ལས་མ་འབྱུང་པས། ད་དུང་བརྒྱད་དགོས་པ་གཞན་དག་ཚད་མེད་བཞི་ལ་ཆེན་པོར་བཅས་པས་བརྒྱད་འགྲེན། ཀུན་མཁྱེན་འབྲུག་པ་རིན་པོ་ཆེས། ཡལ་ཡལ། བགྲང་ཡས། སྟུན་ཡས། ཤང་ཤང་། བཞི་ཆེན་པོར་བཅས་པ་གྲངས་མེད་ཀྱི་ཁོངས་དུ་གཅིག་གི་མིང་གོཇ་སླ། ལག་མིག་ཟུང་ཕྱོགས་འཁྲིག་བགྲོད་གཉིས་ཀྱང་གོ་སླ། འཇིག་རྟེན་མཐོ་རིས་མི་ཡུལ་ས་འོག་གསུམ། ཡོན་ཏན་སྙིང་སྟོབས་རྡུལ་མུན་གསུམ་པ་མེ་རྟ་གདོང་། ཁྱིམ་བསྲེག་བྱ་ཟ་བའི་མེ་གསུམ། ཀུན་རྫོབ་ཀྱི་སྣ་རྩེ། སྙིང་ཁའི་སྣ་རྩེ། གསང་བའི་སྣ་རྩེ་གསུམ། མཚོ། རི་རབ་ཀྱི་ཕྱོགས་བཞིའི་མཚོ། ཆུ་ནི་ཆུ་གཏེར་ཏེ། གངྒ། སིཎྡྷུ། སི་དྷ། པུཀྵུ་ཞེས་སོ། དུས། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན། རྐང་པ་ནི་བཞི་ཆ། རོག་བྱེད་ནི། མཆོད་སྦྱིན། སྙན་དངགས། ངེས་བརྗོད། སྲི་བསྲུངས་བཞི། འབྱུང་། ས་ཆུ་མེ་རླུང་ནམ་མཁའ་ལྔ། དབང་ནི། དབང་པོོ་ལྔ། མདའ་ནི་སྒྲོན་གསལ་ལས། དྲེགས་པར་བྱེད་པ་དང་རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་སྟེ་ལྔ། ཕུང་པོ་ལྔ་གོ་བདེ། ཟླ་བའི་ཡོན་ཏན་ལྔ་ནི། གཟུགས་སྒྲ། དྲི་རོ་རེག་བྱ་སྟེ་ལྔ། མཚམས་དགུན་སྟོང་། དགུན་སྨད། དཔྱིད་སོས་ཁ། དབྱར་དང་སྟོན་དྲུགམཚམས་དུས་གཉིས་གོ་བདེ། རོ་ནི་སྐྱུར་བ། མངར་བ། སྐ་བ། ཁ་བ། ལན་ཚྭ་བ། ཚ་བ། བྲོ་བ་ཡང་དེའོ། ཐུབ་པ་ནི། སངས་རྒྱས་རབ་བདུན་རི་ནི། ནང་གི་རི་དྲུགཕྱི་རྟ་གདོང་གི་མེ་རི་དང་བདུན་ནོ། །དྲང་སྲོང་དང་གཟའ་ནི། །རེས་གཟའ་བདུན་ནོ། །ཀླུ་ནི་ནོར་རྒྱས་ལ་སོགས་པ་བརྒྱད་དོ། །སྦྲུལ་དང་གདེང་ཅན་ལྟོ་འགྲོས་རྣམས་ཀྱང་དེའོ། །ནོར་ལྷ་ནི། འདོད་འཇོར། ཆུ་དང་། བརྟན་པ་དང་། ཟླ་བ་དང་། འཛིན་བྱེད། རླུང་དང་། མེ་དང་། ནམ་ལངས་དང་། འདོ་བྱེད་དེ་ནོར་ལྷ་བརྒྱད་དོ། སྲེད་པོ་བརྒྱད་ནི། རྟེན་འབྲེལ་སྲེད་པའོ། རྩ་དགུ་ནི། སྙིང་ཁའི་རྩ་འདབས་བརྒྱད། དབུ་མ་དང་དགུའོ། །འདོད་འཇོར། གཏེར་ནི། མི་ཟད་པའི་ནོར་གྱི་ཕུང་པོ་ཆེན་པོ། མཛོད་ཅེས་ཀྱང་བྱའོ། །དེའི་རབ་ཏུ་དབྱེ་བ། པདྨ་ཅན་དང་། དུང་ཅན་དང་། པདྨ་ཆེན་པོ་དང་། ཆུ་སྲིན་ཅན་དང་། རུས་སྦལ་ཅན་དང་། རྔ་ཅན་དང་། ལྦ་བ་ཅན་དང་། སྔོན་པོ་འབྱིན་བྱེད་དེ་དགུ །གཟའ་ནི་རེས་གཟའ་བདུན། སྒྲ་གཅན། མཇུག་རིང་སྟེ་དགུའོ། བུ་ག་ནི། མིག་ལ་སོགས་པ་དགུ །སྲིན་པོོ་ནི་སྲིན་པོའི་མགོ་དགུའོ། །བཅུ་ནི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གོ་ཕྱོགས་སོ། །འཕྲོག་བྱེད་དང་། དྲག་པོ་འདོད་འཇོ་ལས། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། དྲག་པོོ་དང་ནི་བརྩུན་འགྲུས་དང་། འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། སྤྱན་གསུམ་གཞན་ལས་རྒྱལ་བ་དང་། དྲག་ལྡན་དང་ནི་ས་བསྲུངས་པ། དྲག་པོ་བཅུ་གཅིག་ཤེས་པར་བྱེད། ཉི་མ་ནི། འདོད་འཇོ་ལས། དབང་པོ་བྱེད་པོ་ལམ་པ་དང་། ཆར་འབབ་ལྟོས་བྱེད་སྔོན་མི་འཕགས། མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། ཆུ་བདག་བཤེད་ཞེས་བྱའོ། །ཞེས་པས་བཅུ་གཉིས། ཁྱིམ་ནི་ལུག་ལ་སོགས་པ་བཅུ་གཉིས་སོ། མྱོས་བྱེད་དང་འདོད་པ་ནི། འདོད་འཇོར། གློག་གི་འོད་ཅན་མ་དང་། ཏིལ་ཆོག་མ་དང་། པད་ཀར་མོ་དང་། ལག་བཟང་མོ་དང་། དགའ་བའི་ཤིང་རྟ་མོ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ན་ཀ་དང་། སྐྲ་འདྲེས་མ་དང་། ལེགས་བརྒྱན་མ་དང་། མ
ཉྫུ་སྐྱེས་དང་། ཨ་ལཱ་མཱུ་ཤ་དང་། ཆུ་ཤིང་བླ་ཅན་མ་དང་། སྐད་ལེགས་པ་རྣམས་ཏེ་བཅུ་གསུམ་མོ། ཡིད་དང་མ་ནུ་ནི། ནང་ལེའི་ཚིག་བཅད་གོ་བཞིར། ལྷ་བརྒྱད། དུད་འགྲོ་བཞི། མི་དང་དམྱལ་བ་གཉིས་ཏེ་འབྱུང་བ་ལྔའི་སྟེང་དུ། ཉི་ཟླ་སྒྲ་གཅན་གྱི་ལྷ་རྣམས་ཏེ་ལྷ་བརྒྱད། དུད་འགྲོ་བཞི། སྐྱེས་གནས་བཞི། དེ་ལ་སྲིད་པ་ཡང་ཟེར། ཚེས་ནི། ཉིན་ཞག་བཅོ་ལྔ་ལ་འཇུག་པ་གོ་སླའོ། མི་བདག་ཞེས་པའི་རྒྱལ་པོ་ནི། པདྨ་ཅན་ལས། རྒྱལ་པོ་འཇིགས་པ་བྱེད་ཤིང་རྟ། ཤིང་རྟ་བཅུ་པ། ཡུལ་སྔ་འཛིན་པའི་རྒྱལ་པོ། ལངྐའི་རྒྱལ་པོ། སྒྲ་མི་སྙན་གྱི་རྒྱལ་པོ། ཐོད་པ་ཅན་གྱི་རྒྱལ་པོ། ཀླུ་དབང་ཞེས་པའི་རྒྱལ་པོ། མ་ག་དྷའི་རྒྱལ་པོ། ཏ་ལིང་ལ་ཏའི་རྒྱལ་པོ། གོའུ་ཏ་མ་བུ་རབ་ཤིང་སྐྱེས་ཀྱིས་རྒྱལ་པོ། བུ་རམ་ཤིང་ལ་འཕགས་སྐྱེས་སྐར་མདའ་གདོང་། ལག་སྣ། གླང་པོ་ཆེ་འདུལ་བ། རྐང་དུབ་ཅན་རྣམས་ལ་འཇུག་སྟེ་བཅུ་དྲུག །ཉེས་པ་སྐྱོན་ནི། འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སློན་དཔོན་ཚུལ་ཁྲིམས་བརྐྱང་གིས་མཛད་པར། མིའི་མཚན་མ་ངན་པ་བཅོ་བརྒྱད། མགོ་བོའི་སྐྲ་བྱི་བ་ངན་པ་དང་། དཔྲལ་བ་ཆུང་བ་དང་། ལྟོ་ཆེ་བ་དང་། དཔུང་པོ་དང་རྗེས་ངར་ཐུང་བ་དང་། སྤུ་ཅན་དང་། ལག་པ་དང་རྐང་པ་མི་མཉམ་པ་དང་། ཚིག་སྦོམ་པ་དང་། འདི་ཁ་དང་། ལུས་ལ་དྲི་ངན་པ་འབྱུང་བ་སྟེ་བཅོ་བརྒྱད་དོ། རྒྱལ་པོ་ནི། ལངས་གཤེགས་ལས། རྒྱལ་བ་གསེར་ཐུབ། རྒྱལ་བ་ཤཱཀྱ་ཐུབ་པ། རྒྱལ་བ་རྒྱུ་སྐར་རྒྱལ་པོ། རྒྱལ་བ་སྡེ་དཔོོན་དམ་པ། རྒྱལ་བ་སྟོབས་ཆེན། རྒྱལ་བ་དབང་གི་རྒྱལ་པོ། རྒྱལ་བ་གཉན་པའི་ཏོག་ཅན། རྒྱལ་བ་སྟན་ལྡན། རྒྱལ་བ་ཉི་མའི་སྙིང་པོ། རྒྱལ་བ་འོད་བཟང་ཆེན་མོ། རྒྱལ་བ་སྐར་རྒྱལ། རྒྱལ་བ་འཕྲེང་ཐོགས་ཆེན་པོ། རྒྱལ་བ་དོན་གཟིགས། རྒྱལ་བ་མཐུ་ལྡན། རྒྱལ་བ་དེས་པ། རྒྱལ་བ་སྟན་ལྡན། རྒྱལ་བ་འདུལ་དཀའ་ཡོན་ཏན། རྒྱལ་བ་སྒྲ་གཅན། རྒྱལ་བ་ཚངས་པའི་དབྱངས། རྒྱལ་བ་མི་འགིང་། རྒྱལ་བ་ལྷུན་ཆེན། རྒྱལ་བ་མི་སྙེམས། རྒྱལ་བ་པད་ཅན། རྒྱལ་བ་ཆེན་པོ་མི་ཏོག་ཏེ་ཉེར་བཞིའོ། དེ་ཉིད་ནི། ཁམས་ལེའི་བརྗོད་བྱ་མདོར་བསྟན་གྱིས་འཕྲོས། མུ་སྟེགས་རྗེས་སུ་བཟུང་བའི་ཕྱིར། དེ་དག་སྨྲ་བའི་རང་བཞིན་ཉི་ཤུ་རྩ་བཞི། མི་འགྱུར་བའི་རང་བཞིན་གཅིག །སྐྱེ་འགྲོ་སེམས་ཅན་ཐམས་ཅད་བསྐྱེད་པར་བྱེད་པའི་བདེ་བ་ནམ་མཁའི་ཁམས། རང་ནི་ཆེན་པོ་བདུན། ས་ཆུ་མེ་རླུང་། ཡིད་བློ་ང་རྒྱལ་གསུམ། རང་བཞིན་འགྱུར་བ་བདུན། རྣམ་པར་འགྱུར་བ་བཅུ་དྲུག་ནི། དབང་པོ་ལྔ། ཡུལ་ལྔ། ལས་དབང་ལྔ། མཆོག་གི་དབང་པོ་སྟེ་བཅུ་དྲུགགོང་གི་ཆེན་པོ་བདུན། ནམ་མཁའ་དང་བརྒྱད་སྡོམ་པས་ཉི་ཤུ་རྩ་བཞི། དེའི་སྟེང་དུ་སྐྱེས་བུ་ནི། ཁྱབ་བྱེད་ཡིན་པས། དེ་དག་བྱེད་པ་པོ་མུ་སྟེགས་པ་རྣམས་བདག་ཤེས་རིག་གི་སྐྱེས་བུ་ཟེར་བ་དེ་ཡིན། དེ་བསྣན་པས་དེ་ཉིད་ཉེར་ལྔའོ། ཉེར་བདུན་ནི། སྐར་མ། སོ་སུམ་ཅུ་རྩ་གཉིས་ནི། སྐྱེ་བོ་ཕལ་པ་རྣམས་ལ་མཐའ་སོ་རྫོགས་ཚུན། སངས་རྒྱས་ལ་ནི་ཚེམ་བཞི་བཅུའོ། གྲངས་ཀྱི་བརྡའ་འཆད་བཤད་པའོ། ལོའི་ཐ་སྙད་ནི། བདེ་མཆོག་ཕྱག་རྡོར་བསྟོད་འགྲེལ་ལས། རབ་རྣམས་བྱུང་སོགས་ནས། མིག་དམར་ཁྲོ་བོ་ཟད་པའི་བར་ནི། སངས་རྒྱས་ཀྱི་བསྟན་པ་སྤྱིའི་ལོའི་མིང་གྲངས་དྲུག་ཅུ། བོད་དུ་རྒྱ་ནག་པའི་བརྩིས་དང་བསྟུན་པས། རྒྱ་བརྩིས་པ་བྱི་བ་ནས་ཕག་གི་བར་བཅུ་གཉིས། དེ་རེ་རེ་ལ་ཤིང་མེ་ས་ལྕགས་ཆུ་དང་ལྔར་ཕྱེ་ནས་དྲུག་ཅུ་བསྐོར་དུ་བྱེད། ལོ་འགོ་ཤིང་ཕོ་བྱི་བ། ཟླ་འགོ་མོ་ཕོ་སྟག་ལ་བྱེད། དུས་འཁོར་འདིར་རབ་བྱུང་ལ་སོགས་འདས་ལོ་བསྲེས་ཞེས་པའི་རབ་བྱུང་དང་། རྒྱ་བརྩིས་པའི་མེ་མོ་ཡོས་མཐུན་ཅེས་བུ་སྟོན་ལ་སོགས་པའི་མཁས་པོ་ཕལ་ཆེ་བ་གསུངས་པ་ཡིན། བཤད་པའི་རྣམ་གྲངས་འགོས་ལོ་ཙ་བ་རབ་བྱུང་ཤིང་ཕོ་བྱི་བ་དང་མཐུན་གསུངས་པ་དང་། བརྩིས་གཞི་འཁྲུལ་སེལ་དུ་ལྕགས་སྦྲུལ་རབ་བྱུང་སྟག་པ་བ་གསུངས། གཟའི་མིང་། ཉི་ཟླ། བཀྲ་ཤིས། ལྷག་པ། ཕུར་བུ། པ་བསངས། སྤེན་པ་སྟེ་རེ་གཟའ་བདུན། སྒྲ་གཅན། དུས་མེ། ཀེ་ཏུ་སྟེ། འཇུག་རིང་གསུམ་བསྣན་པས་གཟའ་བཅུ་ཟེར། དེ་རྣམས་ཀྱི་མིང་གི་མངོན་བརྗོད། ནམས་སོ་སྐྱེས་ནི་ཉི་མ། ཉི་དག་སྐར་དྲུག་དབྱུག་ཞེ་ལྔ་སྦྱངས་པས་སྐྱེས་སྐར་ཤེས་པ་ནམས་སོ་སྐྱེས་ཡིན། ཚ་ཟེེར་སླ། པདྨའི་གཉེན་ནི་མེ་ཏོག་པདྨའི་རིགས་ཐམས་ཅད་ཉི་མའི་ཟེར་ཕོག་པས། ཁ་བྱེ་བ་དེས་ཡིན། མེ་ཏོག་ཀུ་མུད་ཏི་ན་ཉི་མ་ཤར་བ་དང་ཁ་ཟུམ་འགྲོ་བས་དགྲ་ཟེར། རྟ་བདུན་རྒྱལ་པོ་ནི། ཉི་མ་འདྲེེན་པའི་ཤིང་རྟ་བདུན། རེ་རེ་ལ་བདུན་བདུན་ཏེ་བཞི་བཅུ་རྩ་དགུ། དེའི་རྒྱལ་པོ་ཡིན་པས་རྟ་བདུན་རྒྱལ། འོད་བརྒྱ་སླ། ནམ་མཁའི་ནོར་བུ་ནི་ཉི་མ་འོད་ཀྱི་གཙོ་བོ་ཡིན་པས་ནོར་བུ། རྟ་ལྗང་ནི་གོང་གི་ཤིང་རྟ་རྣམས་ཀྱི་མདོག་ལྗང་ཁར་ཡོད་པས་རྟ་ལྗང་ངོ་། ཉིན་བྱེད་ཉི་མའི་དབང་ཕྱུག་ནི་སླ་སྟེ། འཆི་མེད་མཛོད་ན་ཉི་མ་ལ་མིང་སུམ་ཅུ་རྩ་གཉིས་ཡོད། ཟླ་བའི་མིང་། ཐ་སྐར་སྐྱེས་མཚན་མོའི་མགོན་པོ་རྒྱུ་སྐར་སླ། བསིལ་ཟེར་ཅན་ནི། ཟླ་བའི་འོད་ཟེར་གྱི་ཚ་གདུང་སེལ། ཀུ་མུ་ར་གཉེན་ནི། མེ་ཏོག་ཀུ་མུ་ཏ་གཉེན་ནི། མེ་ཏོག་ཀུ་མུ་ཏ་ཟླ་ཟེར་གྱི་ཁ་འབྱེད། རྒྱ་མཚོ་སྐྱེས་ནི། སྔོན་རི་རབ་ཀྱིས་སྲུབས་མ་བྱས་ནས་སྲུབས་པའི་དུས་རྒྱ་མཚོ་ལས་ཟླ་བ་ཐོན་པས་རྒྱ་མཚོ་སྐྱེས། འོད་དཀར་གྱི་གོ་སླ། པདྨའི་དགྲ་ནི། ཟླ་བ་ཤར་དུས་པདྨ་ཁ་ཟུམ་འགྲོ་བས་པདྨའི་དགྲ། རི་བོང་ཅན་ནི། སྔོན་སངས་རྒྱས་བྱང་ཆུབ་སེམས་དཔའ་རི་བོང་དུ་སྐྱེ་བ་བཞེས་པའི་དུས། སྲམ་ཅེ་སྤྱང་། ཕག་པ་རྣམས་གྲོགས་མཆེད་བྱས། རི་བོང་གིས་འོ་སྐོལ་རྣམས་ཀྱིས་སྔོན་ཡང་བསོད་ནམས་མ་བསགས་པས་བྱོལ་སོང་གི་ལུས་སུ་སྐྱེས། བྱོལ་སོང་ལས་ཐར་བར་བྱེད་པའི་ཐབས་དགེ་བ་འདྲ་བྱས་པ་མི་དྲག་གམ་ཞེས་གྲོས་བཏབ། གཞན་གསུམ་གྱིས་དགེ་བ་བྱེད་ལུགས་གང་འདྲ་བྱེད་ཅེས་དྲིས། རི་བོང་གིས་ཚེས་བརྒྱད་དང་བཅོ་ལྔ་སོགས་ལ། སྲོག་གཅོད་སྤངས་པའི་བཟའ་བཏུང་འདྲ་བྱུང་ན་གཞན་ལ་སྦྱིན་པ་གཏོང་དགོས་གསུངས། དེ་ལྟར་སྲམ་གྱིས་ཚེས་བཅོ་ལྔ་ལ་སྲོག་གཅོད་པ་སྤངས་པའི་ཉ་རོ་འདྲ་ཁྱེར་ནས་ཡོང་། ཕག་པས་ཞོ་མཉལ་ས་གཅིག་ནས་ཞོ་རྫིའུ་གང་འཁྱེར་ནས་ཡོང་། ཅེ་སྤྱང་གིས་ཁུར་བ་འཆོས་པའི་ས་ནས་འཁུར་བ་གསུམ་ཁྱེར་ནས་ཡོང་། བྱང་ཆུབ་སེམས་དཔའ་རི་བོང་ལ་ནི། སྲོག་གཅོད་པའི་འདུ་ཤེས་ནི་མེད། རིན་ཐང་གིས་བཙལ་བས་ནི་ཅི་ཡང་མ་རྙེད། ཚེས་བཅོ་ལྔ་ལ་ཁོང་ཚོ་འཇོམ་པའི་དུས་སུ། ལྷའི་དབང་པོོ་བརྒྱ་བྱིན་གྱིས་མངོན་ཤེས་ཀྱིས་ཁོང་ཚོའི་བསམ་པ་གོ་ནས། ཁོང་ཚོས་མཐོང་བའི་ཕྱོགས་གཅིག་ཏུ་བྲམ་ཟེ་རྒས་ཤིང་ཁོག་པ་གཅིག་ཏུ་སྤྲུལ། ཕྱོགས་འདི་ན་སྦྱིན་པ་འདྲ་གཏོང་འཁན་ཨ་ཡོད། རྒད་བུ་ང་ལྟོགས་ནས་འཆི་བར་འདུག་བྱས་པས། ཅེ་སྤྱང་གིས་འཁུར་མཛོད་གསུངས། ཁྱེད་རང་གིས་བསྲེག་ལས་སླངས་བྱས་པས། བྱང་ཆུབ་སེམས་དཔའི་རི་བོང་གིས་མེའི་དཀྱིལ་དུ་མཆོངས་ནས་ནག་རིག་ཚིག་པའི་དུས་སུ་བྲམ་ཟེ་ལྷ་དབང་པོ་བརྒྱ་བྱིན་དུ་གྱུར། ཕྱག་གིས་མེ་དཀྱིལ་ནས་འུབ་སླངས། དུད་འགྲོས་ལུས་སྦྱིན་པ་གཏོང་བར་ཡ་མཚན་ཆེ་ནས། འཛམ་བུ་གླིང་གི་མི་ཐམས་ཅད་ཡིད་ཆེས་པར་བྱ་བའི་ཕྱིར། ཟླ་བའི་ལོགས་ལ་དེའི་གཟུགས་བཀོད་པས་རི་བོང་ཅན་ཟེར། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། རྡོ་ཨ་མོ་ལིའི་ལོགས་ལ་བཀོད་ནས་བཞགའདི་རྒྱས་པར་འདོད་ན་སྐྱེས་རབས་སོ་ལྔའི་ནང་ན་ཡོད། རྒྱས་པར་མིང་འཆི་མེད་མཛོད་ལས་མང་དུ་བཤད་དོ། མིག་དམར་ནི་སླ། བཀྲ་ཤིས་ནི་གདུག་པའི་གཟའ་ལ་ཡིན་པས་བླ་རྟགས་སུ་བཏགས། སའི་བུ་ས་སྐྱེས་ནི་སྐྱེས་ཁྱིམ་མཆུ། དམར་པོོ་ནི་མདོགགཞོན་ནུ་ནི་སླ། ཡན་ལག་དམར་ནི་འོད་ཟེེར་དམར་པོ་འཕྲོས། སའི་ལྷ་མོའི་བུ་སླ། ལྷག་པ་ཟླ་སྐྱེས་ཟླ་བའི་བུ་ནི་སླ། ཟླ་སྲས། ལྷ་མཚམས་སྐྱེས། ཕུར་བུ་ལྷའི་བླ་མ་བློ་ལྡན། སྒྲ་མཁན་རྣམས་ནི་གོ་སླ། བློན་པོོ་ནི་ལྷ་དབང་པོ་བརྒྱ་བྱིན་གྱི་བློན་པོ། པ་ཝ་སངས། ཁུ་བ་སླ། མཇུག་མ་མེད་དང་དུས་མེ་ནི་སླ། མཇུག་རིངས་དུ་བ་དབལ་ཅན་ཀེ་ཏུ། གཟའ་རྣམས་འདྲེན་པ་ཞེས་གཟའ་བཅུའི་མིང་གི་མངོན་བརྗོད་དོ། སྐར་མའི་མིང་། ཐ་སྐར་དབྱུག་པ་སྐར་མ་གསུམ་རྟ་མགོ་འདྲ། བྲ་ཉེ་ནི་གསུམ་སྟེ་སྒྱིད་བུ་འདྲ། མཆུ་དགུ་མཆུ་ཡོད་པ་འདྲ། གྲེ་སྒོ་འདྲ། དབོ་འམ། ཁྲ་སྐར་མ་མང་པོ་སྒོ་རེ་འོང་། མེ་བཞི་འམ་བྱ་མ་ནི་སྐར་མ་བཞི་རྟ་ཁེབས་ཀྱི་དབྱིབས། ནག་པ་འམ་བྱའུ་སྐར་མ་གཅིག །ས་རི་འམ་ནམ་ཐོན་གོང་། ས་ག་འམ་ནམ་ཐོང་འོག །ལྷ་འཚམས་སམ་ལག་སོར་མིང་དང་མཐུན་པ་ལྔ། སྣོན་ལྡེ་གུ་གསུམ་སྟེ་དབུས་མ་འོད་ཆེ། སྣྲུབས་སམ་སོག་པ་གསུམ་སོགས་པ་འདྲ། ཆུ་སྟོད་འམ་བྲེ་བཞི་བྲེ་འདྲ་བ་ཡོང་། ཆུ་སྨད་དམ་ཕུལ་སྐར་མ་གསུམ་ཁྱོར་བ་གྱེན་བསྟན་འདྲ། གྲོ་བཞིན་ནམ་བྱ་ཟེར། བྱི་བཞིན་ནམ་བྱ་སྦོ། སྦོའི་སྐར་མ་གསུམ་དཀྱིས་མ་འོད་ཆེ་བར་ཡོད། མོན་གྲེ་འམ་བྱ་ཞུགས་སྐར་མ་བཞི་འུར་མཐིལ་འདྲ། མོན་གྲུ་འམ་སྒྲོག་སྐར་མ་གཉིས། ཁྲུམ་བསྟོད་གཉིས། ཁྲུམ་སྨད་གཉིས། དེ་གཉིས་ལོག་ནས་གྲུ་བཞིར་འོང་། ནམ་གྲུ་འམ་ཤེས་གཅིགདེ་དག་གི་བར་བར་ན་སྐར་ཆུང་ཀྱང་ཡོད་དོ། སྦྱོར་བ་རྣམ་སོལ་ནས། ཁོན་འཛིན་ཡན་མིང་གི་རྣམ་གྲངས་གོ་སླ། ཐུན་མོང་གི་བྱེད་པ་བདུན་ནི། གདབ་པ། བྱིས་པ། རིགས་ཅན། ཏིལ་བརྡུང་། ཁྱིམ་སྐྱེས། ཚོང་པ། བིཥྚི་བདུན། ཚེས་གཅིགཕྱི་ཆ་ནས། ཉེར་དགུའི་སྔ་ཆ་ཡན། ཟླ་རེར་ལན་བརྒྱད་འཁོར་བས་སྔ་ཆ་སྤེལ་མར་ཡོང་བས་ཐུན་མོང་ཟེར། ཉེར་དགུའི་ཕྱི་ཆ་ཤ་ཀུང་ནི། གནམ་སྟོང་སྔ་ཆ་རྡང་བཞི། ཕྱི་ཆ་ཀླུ། དཀར་པོའི་ཚེས་གཅིག་སྔ་ཆ་མི་གདུག་པར་ངེས་པ་ཅན་དུ་འཆར་བས་ཐུན་མོངས་མ་ཡིན་པར་ཟེར་ཏེ་བྱེད་པ་བཅུ་གཅིག་སྟེ་བྱེད་པའོ། ཚེས་ནི། དགའ་བ། བཟང་པོ། རྒྱལ་བ། སྟོང་པ། རྫོགས་པ་ལྔ། ཚེས་གཅིག་ནས་གནས་སྟོང་བར་ལན་པར་དགོས་པས། བསྡུས་པའི་རྒྱུད་ལས།་ལོ་འདི་ནས་དྲུག་བརྒྱུད་ལས་ཀྱང་། དེ་ནས་ཀླུ་ཡིས་ལོ་བརྒྱ་ཞེས་འབྱུང་བས། ཀླ་ཀློ་འཇུག་པའི་དུས་ལུང་བསྟན། ཀླ་ཀློ་ནི་ར་ཧྨ་ནའི་འཇུག་པ་སྟེ། ཆུ་བོ་ཤཱིའི་རྟའི་ལྷོ། པཱ་ག་དའི་ཡུལ་གྲོངས་བྱེ་བ་དང་ལྡན་པ་ཀླ་ཀློ་སྟག་གཟིགས་པ་རྣམས་ཀྱི་བླ་མ་དང་རྗེའོ། མེ་མཁའ་རྒྱ་མཚོ་རྣམས་ཞེས་པ། ལོ་གསུམ་ལྷག་པའི་བཞི་བརྒྱ་ན་རབ་བྱུང་ལ་སོགས་ཞེས་གསུངས། བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི། རིགས་ལྡན་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས། ཞེས་པ་ནི། ཀླ་ཀློ་བྱུང་ནས་བརྒྱ་བརྒྱད་ཅུ་རྩ་གཉིས་འདས་པ་རྒྱ་མཚོ་རྣམས་རྒྱལ་གྱིས་ཀྱང་ཆོས་བསྟན་པ་དེ་ཙམ་སོང་བའི་འཚམས་དེར། མུ་སྟེགས་གདུག་པའི་བསམ་པ་དང་། ལྡན་པ་རྣམས་ཀྱིས། གྲུབ་པའི་མཐའ་སྐྱོན་མེད་པ་དེས། བུད་མེད་དང་བྱིས་པ་རྣམས་ཀྱིས་ཀྱང་གཟའི་འགྲོས་ཤེས་ནས། བདག་ཅག་ལ་སུ་ཞིག་གུས་པར་འགྱུར་ཞེས་ན། དེ་ཐམས་ཅད་འགྲོས་ནས་བྱེད་པའི་བྱ་བ་རྒྱུད་དང་གཟའ་འགྲོས་བཞི་ལ་སོགས་པའི་རྟོགས་དཀའ་བ་ཙམ་གྲུབ་པའི་མཐའ་རྣམས་སྦས་པས། གཞན་དག་གིས་དེ་དག་སྒྲུབ་དཀའ་བར་མཐོང་ནས་རིང་དུ་འགྲོས་པར་བྱེད་པ། བྱེད་པའི་བརྩིས་དར་གྲུབ་མཐའ་ཉམས་ཞེས་པ་ཡང་དེ་ཡིན། གྲུབ་པའི་མཐའ་ནི། ཚངས་པ་པ་དང་། ཉི་མ་པ་དང་། གཅེར་བུ་པ་དང་། སྐྲ་ཅན་ཏེ། འདི་བཞིན་གྲུབ་པའི་མཐའ་ཉམས་པ་སྟེ། ཆུ་བོ་ཤཱི་རྟའི་བྱང་། ཤམྦྷ་ལའི་ཡུལ་དུ་ནང་པ་སངས་རྒྱས་པའི་གྲུབ་པའི་མཐའ་ནི་ཉམས་པ་མ་ཡིན་ཏེ། ཅེས་དྲི་མེད་འོད་ལས་གསུངས། བསྡུས་རྒྱུད་ལས། དེའི་དུས་སུ་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་ལཞེས་དང་། དུས་ཀྱི་སྦྱོར་བ་བྱུང་ཞེས་པ་ནི། ཀླ་ཀློ་བྱུང་བའི་དུས་སྟེ། ཆུ་བོ་ཤཱི་རྟའི་ལྷོ་ཕྱོགས། བཱ་ག་དའི་ཡུལ་མཐའ་ས་གཞི་ཡང་དེ་ཡིན། འདིར་སྦས་སམ། ཟླ་བ་སྦས་སམ། ཞག་སྦས་སམ། གང་སྦས་ཤེས་དགོས་པ་ལས། ལོ་དྲུག་ཅུ་བསྐོར་གསུམ་སྦས་པ་ཡིན་ཅིང་། འཚམས་དེ་ནས་རིགས་ལྡན་རྒྱལ་དཀས་ཆོས་ལོ་ཉིས་བརྒྱ་ཉེར་གཅིག་གསུངས་པ་ལས། ཉིས་བརྒྱ་ཉེར་གཅིག་གི་སྟེང་ནས་དྲུག་ཅུ་བསྐོར་གསུམ་ཏེ་ལོ་བརྒྱ་བརྒྱད་ཅུ་སྦྱངས་པས། ཉུང་ངུའི་བྱེད་པ་སྦྱོངས་བ་རིགས་ལྡན་རྒྱལ་དཀའི་དུས་ཞེས་གསུངས། དེས་མེ་མཁའ་རྒྱ་མཚོ་ཞེས་པ་འདི་ལ། མེ་ཀླུ་དབང་པོ་རྣམས་ཞེས་བརྗོད་དགོས་པ་ལ་བརྒྱ་བརྒྱད་ཅུ་སྦས་པས་མེ་མཁའ་རྒྱ་མཚོར་སོང་། འདི་མུ་སྟེགས་བྱེད་དང་བསྟུན་པའི་བརྩིས་གཞི་ཡིན་པས། རབ་བྱུང་ལ་སོགས་འདས་ལོ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ་ཅེས་གསུངས། དེ་ལྟར་རིགས་ལྡན་རྒྱལ་དཀས་བརྩིས་གཞི་རྣམ་དག་གི་འགོ་མི་ཟད་པ་མེ་ཁྱི་ནས། རྒྱལ་དཀའ་རྔ་གི་ལོ་ཞེ་གཅིག རིགས་ལྡན་ཉྀ་མའི་ལོ་གོ་དྲུག སྣ་ཚོགས་གཟུགས་ཀྱི་ལོ་གྱ་བཞི་རྣམས་བསྲེས་པས་ཉིས་བརྒྱ་ཉེར་གཅིག་ཡོང་། ཉེར་གཅིག་གི་མཏའ་མ་ཟད་སཔ་མེ་སྟག་ཡིན། དེ་ལ་དུས་འཁོར་རྒྱ་གར་ཆོས་ཀྱི་གླིང་དུ་ཕེབས་ཞེས་གསུངས། སངས་རགྱས་འཁྲུངས་ནས་འདི་ཡན་ལ། ལོ་ཉིས་སྟོང་བརྒྱ་རེ་གསུམ་ངེས་པ་ཅན་དུ་སོང་ཅིང་། རྒྱུད་འགྲེལ་གྱི་བརྩིས་འཕྲོའི་ཁོང་ན་ལོ་བརྒྱ་བརྒྱད་ཅུ་ཡོད་པ་མཁས་པ་ནམ་མཁའ་དང་མཉམ་པ་རྣམས་ཀྱིས་མ་རིག་པས། སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་དང་། དུས་འཁོར་གསུངས་པའི་ནུབ་མོ་ཟླ་བ་བདུན། ཉི་མ་རྒྱབ། སྒྲ་གཅན་དཔུང་གཡོན། དུས་མེ་དཔུང་གཡས་གནས་པ་འདི་ལ་རྩ་རྒྱུད་ལས། ཞེས་བྱ་བདུད་ནི་འཇོམས་པའི་དུས་ཞེས་གསུངས་པ་རྣམས་མི་འགྲིག་པའི་ལོ་དེར་སོང་། བརྩིས་འཕྲོའི་ཁོང་ན་ལོ་བརྒྱ་བརྒྱད་ཅུ་ཡོད་པའི་ཁ་བྱང་། བྱེད་པ་ལོ་འཕོའི་སྐབས་སུ་ལོ་བརྒྱད་བསྲེབ་བརྩིས་འཕྲོ་ཡིན་པར་ཀུན་མཐུན། སྟེང་འོག་མིག་དང་སུམ་ཅུ་བསྲེ་ཞེས་གང་ཡིན་མ་ཤེས་པར་རྒྱ་མཚོ་གྱི་བཤེད་བ་བྱེད་མཁན་མང་། དེས་པ་ཅན་ནི་དྲུག་ཅུ་བསྐོར་གདུམ་ལ་བྱེད་པ་ལོ་འཕོའི་ཚོགས་བསྒྲུབ་པས་གཟའ་གཉིས། ཆུ་ཚོད་གདུམ་ཙམ་བྱུང་ཀྱང་། སྡེབས་སྦྱོར་སྒྲིག་བདེས་སྟེང་འོག་མིག་དང་སུམ་ཅུ་བསྲེ་ཞེས་པ་འདི་བྱུང་། ད་ལྟ་མེ་མཁའ་རྒྱ་མཚོའི་བརྩིས་གཞི་ལོ་རྣམ་དག་ཚུན་མིག་སྐར་གཟའ་འཛིན་སོགས་འགྲིག་པས་ཧོར་སྟོང་མ་ལུས་ཤིང་། དེའི་གོང་དུ་བསྟན་བརྩིས་མི་མཐུན་པ་ཤིན་ཏུ་མང་བས། ཧོར་སྟོང་ལུས་མ་ལུས་བློ་དང་ལྡན་པ་རྣམས་ཀྱིས་བརྟག་པར་བྱའོ། །ཞེས་བུ་སྟོན་གསུངས། དེ་ལྟར་ན། མེ་མཁའ་རྒྱ་མཚོའི་ཚ་བ་མར་མེ་ཀླུ་དབང་པོ་ཞེས་བརྗོད་པས། གོང་གི་ལོ་གྲངས་དེ་ལ་སངས་རྒྱས་པའི་ནུབ་མོའི་གཟའ་འཛིན་འགྲིག དོན་དགུའི་ནག་ཉ དུས་འཁོར་གསུངས་པའི་ནུབ་མོ་གཟའ་བཞིའི་གནས་ཚུལ་རྩ་རྒྱུད་ལས་གསུངས་པ་ལྟར་འགྲིག་པས། བསྟན་བརྩིས་འདི་ཁོ་ན་ཕུན་སུམ་ཚོགས་སོ། །རབ་བྱུང་ལ་སོགས་འདས་ལོ་བསྲེ། ཞེས་པ་རབ་བྱུང་ནི་ལོ་དྲུག་ཅུའི་ཏོག་མ་ཡིན་པ་ཀུན་གྲགས་སོ། །བདེ་འདིར་རྒྱ་དཀར་ནག་གཉིས་ཀའི་ཟུར་གཟུང་བས། རབ་བྱུང་དང་མེ་ཡོས་དོན་གཅིག་ཅེས་མཁས་པ་ཀུན་གསུངས་སོ། །རབ་བྱུང་ཀྱང་སྔར་དགུ་འདས་ཤིང་། ད་ལྟ་བཅུ་པའི་ང་དྲུག་པའི་ཐོག་ཏུ་བབས། སྟོན་པ་མྱ་ངན་འདས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དོན་དགུ་འདས་ཤིང་། ད་ལྟ་སྔ་ཆེན་ཆུ་ཕོ་ཁྱི། མ་འོངས་ལྷག་མ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་གཅོད་པ་ཡན། ད་ལྟ་རྔ་ཆེན་ཆུ་ཁྱི་ནས། དྲུག་བརྒྱ་དང་དྲུག་ཅུ་རེ་བཞི་ལྷག་མར་གནས་པ་འདི། སངས་རྒྱས་ཀྱི་བསྟན་པ་སྤྱིའི་གནས་ཚད་ཡིན་ཅིང་། དྲག་པོ་འཁོར་ལོ་ཅན་གྱི་བསྟན་པ་སངས་རྒྱས་ཀྱི་མཐུ་རྗེའི་མཐུ་ལས་གྲུབ་པ་སྔགས་ཀྱིས་བསྟན་པ་གཙོ་བོར་གྱུར་པ། མདོ་ལ་སོགས་པ་ནི་ད་ལྟའི་སྐབས་བཞིན་ནོ། །ད་ལྟར་བསྟན་པའི་འདས་ལོ་མ་འོངས་གནས་ཚད་ཞར་ལས་འཕྲོས། དགོས་དོན་ནི། ལྷག་མ་ཉི་མས་བསྒྱུར་བ་ཅེས་པ། རྒྱལ་དཀས་མི་ཟད་མེ་ཁྱི་ལ་བརྩིས་བཞི་བརྩམས་པ་ཚུན་གྱི་ལོ་དག་པ་བཅུ་གཉིས་ཀྱིས་བསྒྱུར་བ་ནི། ཟླ་བའི་དོན་དུ་སྟེ་ཁྱི་མ་ཟླའི་ཕུང་པོར་འགྱུར། ནག་པ་ལ་སོགས་འདས་ཟླ་བསྲེས་ནི། ནག་པ་སྟེ་ཟླ་བ་གསུམ་པའི་དོན་དུ་བསྲེ་མི་དགོས། ས་ག་ཟླ་བའི་དོན་དུ་ནག་པ་ཟླ་བ་སྟེ་གཅིག་བསྲེས། སྣྲོན་ཟླའི་དོན་དུ་གཉིས་བསྲེ་བ་སོགས་ཤེས་པར་བྱ། གནས་གཉིས་འོག་མ་ཆུ་བོས་བསྒྱུར་ཞེས་པ། གནས་འོག་མ་ལ་ཟླ་ལྷག་རྟོགས་པའི་དོན་དུ་བཞིས་བསྒྱུར་བ་ཡིན། མཁའ་མེ་ཟླ་བས་བ་གོ་ཅེས་པ། ཁྱིམ་ཟླ་ཕྱེ་དང་བཅས་པའི་སོ་གཉིས་ན་ཚེས་ཟླ་ཕྱེད་དང་བཅས་པའི་སོ་གསུམ་དུ་ལོངས་པས་ཟླ་ཤོལ་གཅིག་བྱུང་། དེས་ན་ཕྱེད་བཅས་སོ་གཉིས་བཞིས་བསྒྱུར། འོག་གི་ཕྱེད་བསྲེས་པས་མཁའ་མེ་ཟླ་བ་འཆར། བགོད་བྱེད་བཞིས་བསྒྱུར་བའི་རྒྱུ་མཚན་ལས། གོང་གི་བགོད་གཞི་བཞིས་བསྒྱུར་བའི་རྒྱུ་མཚན་འཐོན། ནོར་ཞེས་པ་ཟླ་ལྷག་སྟེ། གོང་རྙེད་དེ་གོང་མ་ལ་བསྲེས་པས་ཟླ་བ་དག་པ་སྟེ་ཚེས་ཟླར་འགྱུར་རོ། །ལྷག་མ་གཉིས་བྱུང་ངོ་ཐོག་ལྷག་ཅེས་པ། སྔར་ནག་པ་སོགས་འདས་ཟླ་བསྲེས་པའི་ངོ་ཐོག་གི་ཟླ་བ་བསྲེས་པ་དེ་ལ་ཟླ་ལྷག་ཟེར། འཕར་བ་དེ་ཟླ་བ་དེ་ཁའི་ངོ་སྐལ་ཡིན། ཐིག་བྱུང་ཕྱི་མ་ཤོལ་ཟླ་ཡིན། ཞེས་པ་ངོ་ཐོག་ཟླ་བ་དེ་ལ་གཉིས་བྱུང་བའི་སྔ་མ་ངོ་ཐོག་ཡིན། ཕྱི་མ་ཤོལ་ཟླ་ཡིན། རྒྱུད་འགྲེལ་ལས། གནས་གསུམ་དབུས་མ་སོའི་བསྒྱུར། ཞེས་པ་ནི་བྱེད་པ་བརྗོད་པ་ཡིན། འདིར་གྲུབ་པའི་མཐའ་སྟོན་པས་ཟླ་དག་གནས་བཞི་སྟེང་རིམ་བཞིན་ཞེས་པས། གཟའ་ཆུ་ཚོད་ཚུང་། ཆ་འཕྲ་མོ་རི་མཁའ་རིའི་དོན་དུ། གཟུགས་དང་གནས། གཟུགས་མེ་ཆུ་ཚོད་མཁའ་ཟླ་ཆུ་སྲང་། མཁའ་ཀླུ་རིམ་མཁའ་རིའི་ཆ། སྟེངས་ནས་རིམ་པ་བཞིན་བསྒྱུར། མིག་དང་གནས། ཆུ་ལག་ཆུ་ཚོད། རི་ནི་ཆུ་སྲང་། གཟུགས་དུས་རོས། རི་མཁའ་རིའི་ཆར་བསྲེས། རི་མཁའ་རི་དང་། མཁའ་རོ་དང་། མཁའ་རོ་ཐུབ་པས་དྲིལ་བའི་ལྷག་གཟའི་དྷྲུ་བ་དག་པར་འཆར། གཟའ་དྷྲུ་ཤེས་པར་འདོད་པའི་བསྒྱུར་བྱེད་རྣམས་ཁྱིམ་ཟླ་དུས་ཀྱིས་རྟག་ལོངས། ཚེས་ཟླ་དུས་ཀྱི་རྟག་ལོངས་ཀྱིས་སྦྱངས་པའི་ལྷག་ཟླ་ཅིག་གི་ཡེ་ཤེས་ཆ། དེ་བཞིས་བགོས་ནོར་རྩེགས་པ། མཁའ་འདོད་སོགས་ཀྱིས་བསྒྱུར་བའི་རྒྱུ་མཚན་དེ་ཐོན། བཞིས་བགོད་པ་ནི། གནས་གཉིས་འོག་མ་ཆུ་བོས་བསྒྱུར་ཞེས་པ་དེ་དང་བསྟུན་པ་ཡིན། གནས་གཉིས་སྟེང་མིག་འོག་གཟུགས་བསྒྱུར་ནི། གོང་མ་ཚོགས་སམ་རིལ་པོའི་དོན་དུ་མིག་སྟེ་གཉིས་ཀྱིས་བསྒྱུར། གཉིས་ནི་ཚེས་ཞག་སུམ་ཅུ་རེ་གཟའ་བདུན་གྱི་རྐང་པ་ཉེར་བརྒྱད་ཀྱིས་བགོས་པས་ལྷག་གཉིས་བྱུང་བ་དེ་ཡིན། འོག་གཟུགས་བསྒྱུར་ནི་ཆ་ཤས་ཀྱི་དོན་དུ་གཟུགས་ཀྱི་བསྒྱུར་བ་དེ། ཟླ་བ་གཅིག་གི་བསྒྱུར་བ་ཡིན། ཚེས་ཞག་གསུམ་སྟོང་བདུན་བརྒྱ་བརྒྱད་ཅུ་ཚེས་ཞག་སུམ་ཅུས་བགོས་པས་ནོར་དུས་ཉྀ་འཆར་བ་བགོད་བྱེད་ཀྱི་སྐྱེས་བུ། སྟེང་དུས་འོག་ཏུ་ཟུང་མིག་བརྒྱན་ནི། ཆ་རིལ་གྲུབ་མཐའི་བརྩིས་འཕྲོ་རྣམ་དག་ཡིན་ཅིང་། རྒྱུད་འགྲེལ་ལས། གནས་གཉིས་ལ་ནི་ཉི་ཟླ་བསྲེ་ཞེས་པ། བྱེད་པ་ལ་ལྟོས་པ་སྟེ་གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ནོ། ཞེས་དང་། ནོར་ལ་འབྱུང་བ་བསྲེ་ཞེས་པ་བྱེད་པ་ལ་ལྟོས་པ་སྟེ། གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ནོ། ཞེས་གསུངས། དུས་ཉྀ་ཀླུ་ལག་གི་དོར་ལྷག་ཅེས་པ། དུས་ཉི་ནི་གོང་གི་དུས་ཉིས་བགོད་པ་ནི། དྲི་མེད་འོད་ལས། གྲུབ་པའི་མཐའི་ཞེས་གསུངས། བགོས་ནོར་སྟེང་དུ་བསྲེས་པ་ནི། ཆ་ཤས་དུས་ཉིས་ལོངས་པ་རིལ་པོའམ་ཚོགས་སུ་སོང་བས་གོང་དུ་བསྲེས་པ་ཡིན། ཀླུ་ལག་གིས་དོར་བ་གཟའ་རྐང་ཉེར་བརྒྱད་ཡིན། ལྷག་པ་རིལ་པོའམ་ཚོགས་སོ། དེས་སྟེངས་རིལ་འགོ་མ་ཆ་ཤས་སོ། །ཞེས་སྨོས་པ། ཉི་མའི་དྷྲུ་བའི་དོན་དུ། ཟླ་དག་གནས་བཞི་སྟེང་རིམ་བཞིན། ཞེས་པ་སྐར་མ། ཆུ་ཚོད། ཆུ་སྲང་། རི་རོ་ཆའི་དོན་དུའོ། རི་རོ་ཆ་ནི། ཚེས་ཟླ་སོ་གསུམ་ཕྱེད་བཅས་ཀྱི་བསྒྱུར། འོག་གི་ཕྱེད་བསྲེས་པས་རི་རོ་འཆར་བ་དེ་ཡིན། སྟེང་རིམ་བཞིན། མིག་སྐར་གནས། ཕྱོགས་ཆུ་ཚོད། ཀླུ་དབང་ཆུ་སྲང་། མ་ནུ་རི་རོ་ཆ་རིམ་པ་བཞིན་བསྒྱུར། རྒྱུད་འགྲེལ་ལས། གནས་གསུམ་དབུས་མ་དྲག་པོས་བསྒྱུར། ཞེས་པའི་དྲག་པོ་ནི་བྱེད་པ་ལ་ལྟོས་པ། ཞེས་དང་། འོག་མ་བུག་མིག་བགོས་པའི་ནོར་བུ་ལོན་ཏེ། རྙེད་པར་མིག་བྱིན་ཞེས་པ་བྱིན་ཞེས་པ་བྱེད་པ་ལ་ལྟོས་པ་སྟེ། འདི་ཡང་འཇུག་བདེའི་ཕྱིར་ཉི་མའི་བརྩིས་འཕྲོ། ཉེར་དྲུག་ང་བརྒྱད་ཡོད་པའི་དབང་དུ་མཛད། བརྒྱད་ཀྱི་སྟེང་དུ་གཉིས་བློ་བུར་དུ་བྱིན་པས་འཁོར་ལོ་ཕུད། བརྩིས་འཕྲོ་མེད་པར་མཛ། འོན་ཀྱང་བུ་ལོན་གྱི་དོན་དུ་ཉིས་བསྲེས་པ་ཡིན། དེ་དག་འཇུག་བདེར་བཞག་ནས། འདིར་གྲུབ་པའི་མཐའ་ལ་བརྩིས་འཕྲོ་ནི། སྟེང་རིམ་མཁའ་དང་ཀླུ་ལག་དང་། ཉི་དང་དུས་མེ་མ་ནོར་བྱིན། ཞེས་པ་ཟླ་ཤོལ་འཕྲོ། མཁའ་མེ་ཟླ་བའི་ཆ་བརྒྱ་དང་། གཉིས་ཡོད་པ་ལ་བློ་བུར་དུ་ཟླ་བ་བདུན་གྱི་བཞི་ཆ་ཉི་ཤུ་རྩ་བརྒྱད་བསྲེས་པས་མཁའ་མར་ཟླ་བར་ལོངས། འཁོར་ལོ་ཕུད་པས་ཟླ་ཤོལ་འཕྲོ་མེད་པ་བསྡུས་རྒྱུད་དང་མཐུན་པར་བྱས། དེས་ཉི་མའི་བརྩིས་འཕྲོའི་སྟེང་དུ་ཟླ་གཅིག་གིས་ངེས་པར། མིག་ཕྱོགས་ཀླུ་དབང་མ་ནུ་བྱིན་པས། གནས་ཐིག ཆུ་ཚོད་ཉེར་བརྒྱད། སྲང་བཅུ་གཉིས། རི་རོ་ཆ་སོ་དྲུག་ཡོད་པ་སྟེར་བའི་རྒྱུ་མཚན་ཐོན། འོན་ཀྱང་ཉི་མའི་བརྩིས་འཕྲོ་ལ་ཆུ་ཚོད་ཉེར་བརྒྱད་ཀྱིས་མངས་པའི་སྐྱོན་ཡོད་ཀྱང་། ལོ་ཉིས་བརྒྱ་ཉེར་གཅིག་གི་མཐར་སྐྱོན་ཉུང་དུ་ཉུང་དུ་སོང་། རབ་བྱུང་དྲུག་པར་སྐྱོན་རྣམ་པར་ངག་ནས་གྲུབ་བརྩིས་དང་མཐུན་པའི་དྷྲུ་བ་འཆར། དེ་རྒྱུ་མཚན་ཅི་ཞེས་ན། རྒྱུད་འགྲེལ་གྱི་བྱེད་པ་འདི་ལ། ལོ་དྲུག་ཅུ་རེ་ན་ཆུ་ཚོད་གསུམ་ལྷག་པ་དང་། གཟའི་དྷྲུ་བ་ཆུ་ཚོད་གཅིག་ཆད་པ་འདིའི་གནད་མ་གོ་བར་གཟའ་འཛིན་སོགས་འཛིན་པའི་དུས་མི་འགྲིག་པ་ཡང་དེའོ། །དེ་ལྟར་གྲུབ་པའི་མཐའ་ལ་ཉི་མའི་ལོངས་སྤྱོད་རྣམ་དག་འཆར། རྒྱུ་དེ་ཟླ་སྐར་དང་། གཟའ་ལྔའི་རི་མོ་རྣམ་དག་འཆར་བ་ཡིན། འོག་ནས་རི་རོ་མཁའ་རོ་དང་། མཁའ་རོ་འཁོར་ལོས་དྲིལ་བའི་ལྷག །ཉི་མའི་དྷྲུ་བ་རྣམ་པར་དག་པ་ཅེས་དེས་སླ། སྔ་དྷྲུར་རང་རང་བསྒྱུར་བྱེད་བྱིན། ཞེས་པ། གཟའ་ལ་གཟུགས་དང་གཟུགས་མེ་མཁའ་མདའ་དང་། མཁའ་ཀླུ་བྱིན། ཆ་རིལ་སྟེང་མིག་འོག་གཟུགས། ཉྀ་མར་མིག་ཕྱོགས་ཀླུ་དབང་མ་ནུ་བྱིན་པས་ཕྱི་མ་རིམ་བཞིན་འཆར་རོ། །རྒྱུད་འགྲེལ་ལས། གཟའ་དང་ཆུ་ཚོད་ཉི་དག་ཉི་འགྱུར། ཞེས་དང་། ཆ་ཤས་ཟླ་བ་དང་རིལ་པོ་མིག་ནི་འདྲ། སྐར་མ་མིག་དང་ཆུ་ཚོད་དུ་དྲག་པོ་རབ་ཏུ་བྱིན་ཞེས་པ། དྲི་མེད་འོད་ལས་མ་དག་པ་ལ་དག་པ་བྱིན་པར་འགྱུར་ཞིང་། ཕྱི་མ་ཕྱི་མའི་དྷྲུ་བ་འཆར་བ་ནི་རིགས་འདྲེས། འདི་ལ་ཡང་རོས་བགོས་པའི་ལྷག་མ་གང་ཡོད་ཀྱི་སྟེང་དུ་གཅིག་དང་། བུག་མེད་བགོས་པའི་ལྷག་མ་གང་ཡོད་ཀྱི་སྟེང་དུ་གཅིག་བསྲེས། རོ་དང་བུག་མེས་ལོངས་པའི་འཁོར་ལོ་ཕོད། སོ་སོའི་ཆུ་ཚོད་དུ་སྦྱངས་ན་བྱེད་བརྩིས་རང་གང་གི་དྷྲུ་བ་དག་པར་འགྱུར། དེ་ནས་ཚེས་བརྩིས་ཀྱི་ལག་ལེན་རག་པ་ནི། བསྡུས་རྒྱུད་བཞིན་བྱས་པས་གཟའ་སྐར་ནི་རྣམ་དག་འཆར། ཆུ་ཚོད་རེ་གཉིས་པའི་ཁྱད་པར་ཙམ་མེན་པ་རྣམ་དག་འཆར། ཞིབ་པ་རྩ་རྒྱུད་རྗེས་འབྲང་ནས་དྲི་མེད་འོགད་ལས་བྱུང་པ་ནི། གཟའ་དྷྲུ་ཆུ་ཚོད་བུག་མདའ་དང་། སྲང་མེ་རི་མཁའ་རི་ཆ་རུ། ཆུ་རི་རྒྱ་མཚོ་གོང་ཉི་མའི་དུས་ཀྱི་ཞག་གསུམ་རྣམ་དབྱེའི་གཟའ་ཚེས་རྟགས་ལོང་དེ་ཁ་ཡིན། ཉི་མ་རེ་བཞིན་ཚེས་ཀྱིས་བསྒྱུར་ནས་སྟེར་རམ། ཡང་ན་རིའུ་མིག་སུམ་ཅུ་གཅིག་སྟེང་དུ་གཅིག་བརྩེགས་པས་སུམ་ཅུ་བར་དུ་འཆར་བ་དེ་བྱིན་ན་མགྱོགས་སྟེར་ཡོང་། རིལ་པོར་ཚེས་བྱིན་ཆུ་ཟླས་བགོ་ཅེས་པ། རིལ་པོར་ཚེས་ནི་གཅིག་ནས་གནམ་སྟོང་གི་བར་སོ་སོར་སྟེར་བ་ཡིན། ཆུ་ཟླ་ནི་ཟླ་རྐང་སྔ་རྐང་བདུན་གྱི་རྐང་བདུན་ཏེ་བཅུ་བཞི་བགོས་པ་ཡིན། རྙེད་པ་མཉམ་པ་སྣོན་ནི། གཉིས་བཞི་ཐིག་ལེ་མཉམ་པ་ཡིན། ནོར་དེ་ཤར་ཚེ་གཟའི་ཆུ་ཚོད་མན་ཆད་དུ་བསྣོན་པ་ཡིན། རྙེད་པ་བཞི་ལས་མང་བ་ནི་མི་སྲིད་དེ། རིལ་པོ་ཉི་ཤུ་རྩ་བདུན་གྱི་སྟེང་དུ་སུམ་ཅུས་བསྲེས་པས་ང་བདུན་ཡོང་། དེ་ལ་བཅུ་བཞིས་བགོས་པས་ནོར་བཞི་ཐོབ། དེ་ལས་མང་བ་མི་སྲིད་དོ། མི་མཉམ་འབྲིང་ནི། གཅིག་དང་གསུམ་ནོར་དུ་བྱུང་ཚེ་མི་མཉམ་པ་གཟའི་ཆུ་ཚོད་མན་ཆད་དུ་རྐང་ལོངས་སྦྱོངས། ལྷག་མ་ཐིག་བྱུང་རྐང་པ་འཛིན་རྒྱུ་མེད་པས། རྐང་སྡོམ་ཀྱང་སྟོང་ལ་སྟོང་པ་རྣམ་དག་ཅེས་ཐིག་ལེ་འགོད། ལྷག་གཅིག་དག་བཅུ་གསུམ་བྱུང་ན་རྐང་སྡོམ་ལྔ་འགོད། ལྷག་གཉིས་སམ་བཅུ་གཉིས་བྱུང་ན། རྐང་སྡོམ་བཅུ། ལྷག་མ་གསུམ་དང་བཅུ་གཅིག་བྱུང་ན། ཚེས་ཏེ་རྐང་སྡོམ་བཅོ་ལྔ། ལྷག་བཞི་དང་བཅུ་བྱུང་ན། བུག་གཟུགས་ཏེ་བཅུ་དགུ །ལྷག་ལྔ་དང་དགུ་བྱུང་ན། ལག་མིག་སྟེ་ཉེར་གཉིས། ལྷག་དྲུག་དང་བརྒྱད་བྱུང་ན། རྒྱལ་བ་སྟེ་ཉེར་བཞི། ལྷག་བདུན་བྱུང་ན། དེ་ཉིད་དེ་ཉེར་ལྔ། འདི་སྔ་རྐང་ཕྱེ་རྐང་གང་དུ་སྡོམ་པས་ཉེར་ལྔ་འཆར་ཞིང་། འདི་གོང་ཞག་གསུམ་རྣམ་དབྱེའི་སྐབས་སུ་ཉིན་ཞག་དང་ཚེས་ཞག་གིས་བར་ཁྱད་དམ་ཟླ་བའི་ཡེ་ཤེས་ཀྱི་ཆ། ཆུ་སྲང་ང་དྲུག་སོགས་ཡོད་པ་དེ། ཟླ་བའི་ཚེས་ཟླའི་དཀྱིལ་འཁོར་ཉེར་བདུན་གྱིས་བསྒྱུར། རང་འཁོར་ཕུད་པས། ཆུ་ཚོད་ཉི་ཤུ་རྩ་ལྔ་འཆར་བ་དེ་ཡིན། དེ་ནམ་མཁའི་ཡོན་ཏན་ཅིག རླུང་གི་ཡོན་ཏན་གཉིས། མེའི་ཡོན་ཏན་གསུམ། ཆུའི་ཡོན་ཏན་བཞི། སའི་ཡོན་ཏན་ལྔ། ལྔ་པོ་དེ་གསུམ་འཇོག་པ་ནི། ཉི་མའི་ཡོན་ཏན་གསུམ། སྙིང་སྟོབས། རྡུལ། མུན་པ་གསུམ་ཡིན། ཟླ་བའི་རྐང་པ་ལྔ་དང་། ཉི་མའི་རྐང་པ་གསུམ་བསྲེས་པས་བརྒྱད་ཡོད་པ། ཡེ་ཤེས་ལེའུར། གཟའ་འཛིན་གྱི་སྐབས་སུ། ཉི་ཟླའི་དབྱུག་བརྒྱད་སྒྲ་གཅན་གྱིས་ཟླ་བ་གཅིག་ལ་ཟོས་པས། གཟའ་འཛིན་ཡོང་བ་སོགས་ཀྱང་གསུངས། རྐང་བཟུང་སྡུན་མས་ཆ་ཤས་བསྒྱུར། ཞེས་པ་ནི། མ་ནུས་བགོས་པའི་ལྷག་གང་ཡིད་པ་དེས་རྐང་པ་འཛིན་པ། ཐིག་ལེ་བྱང་ན་རྐང་པ་འཛིན་རྒྱུ་མེད། བསྒྱུར་མཁན་མ་ཟིན་རྐང་པ་དང་པོོས་བསྒྱུར། ཞེས་པས། རྐང་པ་དང་པོ་ལྔས་བསྒྱུར་དེ་ནས་གཅིག་ནས་བཅུ་གསུམ་གྱིས་བར་ལྔ་ལྔ་ལྔ་བཞི་གསུམ་གཉིས་གཅིག དེ་ནས་རྐང་འཚམས་སུ་སླེབས། ཕྱི་རྐང་གཅིག་གཉིས་གསུམ་བཞི་ལྔ་གསུམ་རྣམས་ཀྱིས་སོ་སོར་བསྒྱུར། དུས་ཉིས་བགོས་པས་ཐོབ་པ་ནི། དུས་ཉི་ནི་གོང་དུ་བཤད་པ་ལྟར་ཡིན། ནོར་ཡང་དག་རྒྱུ་བའི་ཆུ་ཚོད། ཡང་དག་རྒྱུ་ཞེས་པ་ད་ལྟ་སྤྱོད་བཞིན་པ། ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། ཡང་ལྷག་རི་མཁའ་རིས་བསྒྱུར་ཐོབ་པ་ནི་རི་སོགས་ཆ་ཡང་དག་རྒྱུ་བའི་རྗེས་འབྲང་། རྐང་མཚམས་མ་འདས་རྐང་སྡོམས་དང་། ཡང་དག་རྒྱུ་བའི་ཆུ་ཚོད་བསྲེ། རྐང་མཚམས་འདས་ན་ཡང་དག་རྒྱུ་བའི་ཆུ་ཚོད་གང་ཡོད་ཀྱི་རྐང་པའི་ཆུ་ཚོད་ལ་སྦྱངས། དེ་ནས་གཅིག་འཕབ་སྦྱངས་བ་སོགས་གཞུང་དུ་གསལ། བསྲེས་སམ་སྦྱངས་པ་དེ་གཉིས་གཟའི་ཆ་ཚོད་མན་ཆད་དུ། བསྣོན་འབྲིང་མཚན་གཉིས་བཤད་པ་ལྟར། ནོར་གཉིས་བཞི་ཐིག་ལེ་ཡོད་ནི་སྣོན། ནོར་གཅིག་གསུམ་བྱུང་ན་འབྲིང་པོ་ཡིན་ནོ། ད་ནི་ཉི་མའི་ཚེས་བརྩིས་བརྗོད་པར་བྱ་སྟེ། ཆུ་ཚོད་རྒྱ་མཚོ་སྲང་ཉེར་གཅིག་རི་རོ་ཆར་གསུམ་ཚེས་རེ་རེ་བཞིན་བསྒྱུར་བས་སྟེར་བ་འམ། རིའུ་མིག་བགོད་དེ་བྱིན་པར་སོང་། འདིས་ཟླ་མཚམས་སུ་ཆུ་ཚོད་གཅིག་གིས་ཆད་པར་འགྱུར་ཏེ་དྷྲུ་བའི་ཆུ་ཚོད་དུ་གཅིག་ལྷག་པ་དེ་འགྲིག་པར་འགྱུར་རོ། འདི་ནི་བྱེད་པ་སྟེ་འཇུག་བདེ་བའི་ཕྱིར་གསུངས། གནད་འདིས་ཉི་མའི་ཆུ་ཚོད་ཀྱང་ཉམས་སོ་ཞེས་དྲི་མེད་འོད་ལས་སྨོས། སྔན་མ་ནི་རྩ་རྒྱུད་བཞིན་ཉི་མའི་ལོངས་སྤྱོད་མ་ཉམས་པ་རྣམ་དག་དེ་ཡིན། རྣམ་དག་དེ་ཉི་མ་བར་བ་ཡིན་པས། གནས་གཉིས་བཀོད་པ་ནི་གཅིག་སྣོན་པའི་གཞི་དང་། གཅིག་སྣོན་འབྲི་བྱེད་པའི་རྒྱུ་རྐང་ལོངས་འཚོལ་བ་ཡིན་པས། གཅིག་ལ་སྐོར་མའི་གནས་ནས་དྲུག་དང་ནི། ཆུ་ཚོད་གནས་ནས་ཞེ་ལྔ་དོར་བ་ནི། ཉི་མའི་སྐྱེས་ཁྱིམ་འཚོལ་བ་ཡིན། ལུག་གླང་འཁྲིག་པ་གསུམ་སྦྱངས་པར་འགྲོ། དེས་འཁྲིག་པའི་མཐའ་ཀརྚའི་ཐོག་མར་སྐྱེས་པས་ཉི་མ་ཀརྚ་སྐྱེས། ནང་དུ་མངལ་དུ་ཞུགས་པའི་ཟླ་བ་དེ་ཚུན་གྱི་ཟླ་བར་བྱས་ནས། ཟླ་བ་བདུན་པ་ཀརྚ་ལ་ནང་དུ་སྲོག་གི་ནུས་པ་སྐྱེད། ཕྱིར་རྒྱུད་སྐར་གང་ལ་ལོངས་སྤྱོད་པ་སྐྱེས་ཁྱིམ་ནས་བརྩམས་ནས་སྤྱོད་པས་དེ་ཤེས་པའི་དོན་དུ་སྦྱངས་པའོ། །མ་ལྡང་འཁོར་ལོས་བསྣན་ནས་སྦྱངས། བསྣན་དགོས་པ་ཟླ་བ་གསུམ་ཡོད། བསྣན་མི་དགོས་པ་གསུམ་སྟེ་ལྷོ་བགྲོད་ཟླ་བ་དྲུག་ཤེས་པའི་དོན་དུ། འཁོར་བྱེད་ལྷག་ན་དོར་བར་བྱ་ཞེས་འཁོར་ཕྱེད་ནི་རྒྱུ་སྐར་གྱི་ཕྱེད་བཅུ་གསུམ་སུམ་ཅུ་ཡོད། བཅུ་གསུམ་སུམ་ཅུ་རྒྱུ་སྐར་ཉེར་བདུན་གཉིས་ཀྱིས་བགོས་པས་འཆར། རྒྱུ་སྐར་གནས་ན་གང་ཡོད་མཁའ་རོས་བསྒྱུར་བ་ནི་ཆུ་ཚོད་ཀྱི་དོན་དུ་ཡིན་པས་འོག་གི་ཆུ་ཚོད་བསྲེ། འབྱུང་བ་མེ་དང་ཟླ་བས་བགོ་ནི། ཁྱིམ་རེའི་ཚད་ཏེ། ཁྱིམ་ཞག་གཅིག་ལ་ཆུ་ཚོད་བཞི། ཆུ་སྲང་སུམ་ཅུ། ཁྱིམ་ཟླ་གཅིག་གི་ཞག་སུམ་ཅུས་བསྒྱུར། འོག་འཁོར་ལོ་ཕུད་པས་འབྱུང་བ་མེ་ཟླ་འཆར་བ་དེ་ཡིན། རྙེད་པས་ཉི་མའི་རྐང་པ་འཛིན། ཞེས་པ་ཉི་མའི་རྐང་པ་ནི་བཅུ་གཅིག་སྟེ། ཁྱིམ་ཀྱི་བར་ཁྱད་ཉི་མའི་ཡེ་ཤེས་ཀྱི་ཆ་རགས་འབྲིང་ཤིན་ཏུ་ཞིབ་པར་གསུམ་བཤད་པའི་ཕྱི་མ་གཉིས་ཞག་བཅུ་གཅིག་ཏུ་ལོ་གཅིག་ལ་བར་ཁྱད་ལོངས་པ་ཡིན། འོན་ཀྱང་འབྲིང་པོ་ལྟར་ན་ལོ་བཞི་ལ་ཞག་གཅིག་ཏུ་ལོངས། ཕྲ་བ་ལྟར་ན་ལོ་བཅུ་གསུམ་ལ་ཞག་ལོངས་རྐང་པའི་ཁོང་སུ་མ་ཚུད་པས་ཉི་རྐང་ཅུང་ཟད་རག་པར་སོང། ཉི་འཛིན་གྱི་སྐབས་སུ་མཐོ་དམའ་ཅུང་བརྡ་ཡོང་བ་ཡང་དེའི་སྐྱོན་ཡིན། རྐང་པ་བཅུ་གཅིག་པོ་ཀརྚའི་འཕེལ་འགྲིབ་ཆུ་ཚོད་དྲུག སེང་གེ་བཞི་བུ་མོ་གཅིག དེར་རྐད་འཚམས་སྲང་ལ་གིཅག སྡིག་པར་བཞི། གཞུ་དྲུག་སྟེ་ལྷོ་བགྲོད་ཟླ་བ་དྲུག་རིམ་མིན་ནས། ཆུ་སྲིན་དྲུག བུ་པ་བཞི། ཉ་གཅིག་རྐང་འཚམས། རིམ་མིན་ཕྱི་རྐང་ལུགས་གཅིག གླང་བཞི། འཁྲིག་པ་དྲུག་སྟེ་བྱང་བགྲོད་ཟླ་བ་དྲུག ལྷོ་བགྲོད་ལ་འབྲིད་པ་དང་། བྱང་བགྲོད་ལ་སྣོན་པའི་རྒྱུ་མཚན་ཐོན། འབྱུང་བ་མེ་ཟླས་བགོས་པའི་ནོར་གཅིག་དང་ལྔ་ལ་རྐང་སྡོམ་རོ། གཉིས་དང་བཞི་ལ་བཅུ། གསུམ་པ་དྲག་པོ་སྟེ་བཅུ་གཅིག་སྡོམ། དེ་ལྟར་སྔ་མ་ནི་སྔ་རྐང་། ཕྱི་མ་ནི་ཕྱི་རྐང་། སྔ་རྐང་ལ་ལོངས་སྤྱོད་པ་སྡོམ། ཕྱི་རྐང་ལ་ལོངས་མ་སྤྱོད་པ་སྡོམ། རྐང་གཟུངས་སྔ་མས་ལྷག་རྣམས་བསྒྱུར་ནི། འབྱུང་བ་མེ་མདའི་ལྷག་ཆུ་ཚོད། འོག་གི་རི་མོའི་ཆ་ཡང་བསྒྱུར་ནས་རང་འཁོར་ཕུང་། ཆུ་ཚོད་དུ་བསྲེས། འབྱུང་བ་མེ་ཟླས་བགོས་ནོར་ཡང་དག་རྒྱུ་བའི་ཆུ་ཚོད་ལྷག་མཁའ་བསྒྱུར། ཐོབ་པ་སྲང་། ལྷག་རི་རོའི་བསྒྱུར། ཐོབ་པ་ཆ། སྔ་ཕྱིར་བྱིན་དོར་སྔར་བཞིན་ནི། རིམ་པ་རིམ་མིན་གཉིས་ཀའི་སྔ་རྐང་ལ་ཆུ་ཚོད་གཉིས་པོ་བསྲེ། ཕྱི་རྐང་ལ་ཡང་དག་རྒྱུ་བའི་རྐང་སྡོམ་གྱི་ཆུ་ཚོད་སྦྱངས། དེ་ནས་གཅིག་ཕབ་དྲུག་ཅུས་བསྒྱུར་སྲང་སྦྱངས་བ་སོགས་འདྲ། ཚོགས་དེ་གཟའ་དང་ཉི་མའི་ཆུ་ཚོད་མན་འཁོར་ཕྱེད་དོར་བའམ་རིམ་མིན་ཆུ་སྲིན་ལ་སོགས་བྱང་བགྲོད་ཁྱིམ་དྲུག་ལ་བསྣན། མ་དོར་འབྲིང་རིམ་པ་ཀརྚ་སོགས་ལྷོ་བགྲོད་ཁྱིམ་དྲུག་ལ་འབྲིང་། དེས་གཟའ་ཉི་རྣམ་པར་དག་པ་མངོན་གསུམ་དུ་འཆར། འདིར་རྒྱུད་འགྲེལ་ལས། ཟླ་བ་བཅུ་གཉིས་ལ་ཕྱོགས་ཉི་ཤུ་རྩ་བཞི་ཡོང་བས། རྐང་པ་ཉི་ཤུ་རྩ་བཞིའི་རིའུ་མིག་གསུང་ནས་བདེ་བླག་དུ་འགྲུབ་པར་བཤད་ཀྱང་། ཆ་ཚོད་བཞི་ལྔ་ཙམ་གྱི་མང་ཉུང་གི་ཁྱད་ཡོང་བས་བཅུང་མ་དག་པས། འདིར་རིའུ་མིག་གནས་གཉིས་མ་བཀོད་པ་ཆུ་ཚོད་རེ་ལ་རེའུ་མིག་རེ་བྱས་པས། རེའུ་མིག་ལྷོ་བགྲོད་ལ་ཉི་ཤུ་རྩ་གཉིས་སོ་སོར་བཀོད་དེ་རྐང་ལོངས་བསྣན་འབྲིང་བྱས་པས་ཆུ་ཚོད་ཀྱང་རྣམ་དག་འཆར་རོ། །ཉི་དག་གནས་གཉིས་བཞག་པ་ནི། གཅིག་ཉི་སྐར་རང་རྟོགས་བྱེད། གཉིས་པ་ཟླ་སྐར་རྟོགས་པའི་ཕྱེད་དུ་བཀོད། ཆུ་ཚོད་ཆུ་མདའ་ཚེས་བསྒྱུར་རམ། ཟླ་ཚེས་རིའུ་མིག་སྟེར་བ་རྩ་རྒྱུད་བཞིན། བསྡུས་རྒྱུད་གཞུང་འགྲེལ་ལྟར་ན། གཅིག་ལ་སྐར་མར་ཚེས་གྲངས་བྱིན། ཚེས་གྲངས་ལོགས་བྲིས་དྲུག་གི་བསྒྱུར། ཞེས་པ། ཆུ་ཟླ་ཚེས་ཀྱིས་བསྒྱུར་ནས་བྱིན་པར་སོང་། གཟའི་ཆུ་ཚོད་བསྲེ་བ་ནི། གཟའི་ཆུ་ཚོད་མན་གྱིས་སྦྱངས། ཞེས་པ་ཞར་ལ་བསྡུས། གཟའི་ཆུ་ཚོད་མན་གྱིས་སྦྱངས་པས། ཚེས་སོགས་ཟླ་སྐར་དག་པར་འཆར་བ་ཡིན། རེས་གཟའི་ཆུ་ཚོད་དམན་གྱིས་མ་སྦྱངས་པ་དེ་ཚེས་འཁྱུད་ཟླ་སྐར་སྦྱངས་པའི་ལྷག་པའི་ཆུ་ཚོད་ནམ་ལངས་གོ་འདས་པ། མ་སྦྱངས་པའི་ཆུ་ཚོད་ནམ་ལངས་མན་སྤྱོད་རྒྱུ་གཟའ་ཟླ་ཉི་གནས་རི་དང་འཁོར་ལོས་བགོ་བས་ལྷག་གཟའ་དང་སྐར་མ་མངོན་གསུམ་འཆར་བ། ཉི་ཟླ་བསྲེས་པ་གནས་སོ་སོར་མ་ནོར་བསྲེས། འོག་ནས་རང་འཁོར་ཕུད་པའི་ལྷག་སྦྱོར་བ་དང་སྦྱོར་བའི་ཆུ་ཚོད་ཤེས་པར་མཛོད། ཚེས་གྲངས་མིག་གིས་བསྒྱུར་བ་ནི། ཚེས་སྔ་ཕྱིའི་བྱེད་པ་ཤེས་པའི་ཕྱིར་དུ་ཡིན། ཟླ་བས་སྦྱངས་པས་ནི། བྱེད་པ་སྔ་མ་སྦྱངས། ལྷག་ཐུབ་པས་བགོས་པ་ནི། ཐུབ་པ་ནི་བདུན་ཏེ་ཐུན་མོངས་ཀྱི་བྱེད་པ་བདུན་ཡོད་པ་དེས་བགོས་པ་ཡིན། ལྷག་ཏུ་གང་ལུས་པ་ཕྱི་མའི་བྱེད་པ་འཆར། དེ་ལྟར་ཚེས་དང་གཟའ་དང་སྐར་མ་དང་ནི། ཟླ་སྐར་ཉི་སྐར་གཉིས་ཀ་བསྡུས། སྦྱོར་བ་དང་བྱེད་པ་སྟེ་ལྔ་བསྡུས་པས་མིང་ལ་ཡང་ལྔ་བསྡུས་ཟེར། ད་ནི་སྲིད་གསུམ་ཟིལ་གྱིས་གནོན་པ་སྒྲ་གཅན་བརྗོད་པར་བྱ་སྟེ། ཟླ་བ་དག་པར་མིག་ཉི་བསྲེ། ཞེས་པ། དྲི་མེད་འོད་དུ་བྱེད་པ་ལ་ལྟོས་ཞེས་གསུངས། གྲུབ་བརྩིས་པར་སྲང་མ་སྟོན་པར། བར་གཟའ་ཟླ་ཉི་བསྲེས་ཞེས་པ་ཡོད། མིག་གིས་བསྒྱུར་ཞེས་པ་ཟླ་བ་ཕྱེད་པའི་ཕུང་པོར་གསིལ་བ་ཡིན། ཉ་ལ་གཅིག་སྟོང་། ལ་གཉིས་ནི། ཟླ་ཕྱེད་གཅིག་དང་གཉིས་བསྲེས་པའོ། །མཁའ་རོ་རྒྱ་མཚོས་བགོ་བ་སྒྲ་གཅན་ཟླ་ཕྱེད་ཀྱི་དཀྱིལ་འཁོར་ཡིན། རྙེད་ནོར་དོར་ཞེས་པ་སྒྲ་གཅན་རང་འགྲོས་ཀྱི་རྒྱུ་སྐར་བསྐོར་བའི་གྲངས་ཡིན། ལྷག་མ་སྐར་མ། མཁའ་རོ་མཁའ་རོ་མེ་མིག་གིས་རིམ་བཞིན་བསྒྱུར་བ་མཁའ་རོ་རྒྱ་མཚོས་བགོས་པའི་ནོར། སྐར་མ་ཆུ་ཚོད་སྲང་མེ་མིག་ཆ་ཡིན་ཅིང་སྒྲ་གཅན་བུལ་བའི་རྩ་བ་ནམ་གྲུ་ནས་ལུགས། ལྡོག་ངི་ཙམ་སྤྱད་པ་ཤར་བ་ཡིན། དེའི་གནས་རྣམས་འཁོར་ལོས་སྦྱངས་པ་ནི། སྐར་གནས་ཉེར་དྲུག ཆུ་ཚོད་སྲང་ང་དགུ ཆ་ཉེར་གསུམ་བཀོད་པར་བུལ་བས་གནས་སོ་སོར་སྦྱངས་པས་གདོང་སྐར་སོགས་རྣམ་དག་འཆར། དེ་ལ་འཁོར་ཕྱེད་བསྲེས་སམ་དམན། འཇུག་མའི་སྐར་སོགས་དག་པར་འཆར། སྒྲ་གཅན་གྱི་བརྩིས་རྣམ་པར་དག་ཅིང་གཟའ་འཛིན་སོགས་འོག་ན་ཡོད་དོ། ད་ནི་ལོ་འཕོའི་གཟའ་བརྗོད་པར་བྱ་སྟེ། མེ་མཁའ་རྒྱ་མཚོ་ལས་བརྩམ་པའི། ལོ་དག་གང་ཡིན་དེ་ཉིེད་ནི། ཞེས་པ་ངེས་སླ། རི་དབག་མེ་ཡོན་མིག་གིས་བསྒྱུར་བའི་རྒྱུ་མཚན། གྲུབ་མཐའ་ལོ་འཕོའི་རྟགས་ལོངས་གཟའ་གཅིག ཆུ་ཚོད་མི་བདག སྲང་ཡིད། རི་མཁའ་རི་ཆུ་ཀླུ་ལག་མིག འདོད་ཆ་གཉིས་རྣམས་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར། འོག་ནས་འདོད་པ་དང་། རི་མཁའ་རི་དང་། མཁའ་རོ་དང་། མཁའ་རོས་ཕུད་པའི་ནོར་གོང་མ་ལ་བསྲེས། རི་དབང་མེ་ཡོན་མིག་འཆར་རོ། །གོང་གིས་བསྒྱུར་བའི་རྗེས། མིག་ཀླུ་མ་སྐྱོན་གྱིས་ཐོབ་པ་གཟའ། ལྷག་མ་མཁའ་རོས་བསྒྱུར། ཐོབ་པ་ཆུ་ཚོད། སླར་མཁའ་རོས་བསྒྱུར་ཐོབ་པ་སྲང་། ལྷག་མ་བགོད་བྱེད་ཀྱི་ཆ་ཡིན་ནོ། །གཟའ་གནས་ཡོན་ཏན་གསུམ། ཆུ་ཚོད་མེ། སྲང་ཐིག མིག་ཀླུ་མེ་སྐྱོན་གྱི་ཆར། མཁའ་མཚོ་ཀླུ་དུས་བྱིན་པ་ནི། རིགས་ལྡན་རྒྱལ་དཀའི་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མ་དཔལ་ལྡན་རྒྱུད་བརྩིས་བཅོས་པའི་དུས་ཀྱི་བྱེད་པ་ལོ་འཕོ་ན་གཟའ་གསུམ་སོགས་ཡོད་པ་དེ་བྱིན་པ་ཡིན། དུས་འཁོར་རྒྱུད་འགྲེལ་ལས། ཕྱི་རོལ་བྱེད་བརྩིས་དང་མཐུན་པའི་ལོ་བཀོད། དག་པའི་ལོ་ལ་ཀླུ་བསྲེས་ཞེས་སྨོས་ཏེ། ཀླུ་བསྲེ་བ་ནི་བརྩིས་འཕྲོ་ཡིན། གནས་གཉིས་སྟེང་མ་མཁའ་མཁའ་ཆུས་བསྒྱུར་འོག་མས་འཕྲི། ལྷག་མ་རི་ཟླ་མེས་ཐོབ་སོགས་བཀོད། རི་ཟླ་མེ་ནི། བསྡུས་བརྒྱུད་དུ་ཕྱེད་པ་དང་མཐུན་པའི་ཉིན་ཞག་རྟག་ལོངས་གཟའ་གཅིག ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག རི་ཟླ་མེ་ཆ་བརྒྱ་དོན་གསུམ་ཡོད་པ་རི་ཟླ་མེས་གནས་སོ་སོར་བསྒྱུར། རང་འཁོར་ཕུང་པས་གནས་སུ་སུམ་བརྒྱ་གོ་དགུ་འཆར། གཅིག་བློ་བུར་དུ་བྱིན་པས་བཞི་བརྒྱས་བསྒྱུར་བའི་རྒྱུ་མཚན་ཐོན། བློ་བུར་གཅིག་བྱིན་པའི་སྐྱོན་འདོན་པ་འོག་མས་འབྲིད་པ་ཡིན། གྲུབ་མཐའ་དང་གཟའ་ཕལ་ཆེར་མཐུན་པས། བྱེད་པ་ལོ་འཕོ་བའི་ལག་ལེན་བཀོད་པ་ཡིན་ནོ། །ལོ་འཕོ་མྱུར་དུ་ཤེས་པར་འདོད་ན། སྔ་ལཱོ་ངེས་པ་ལ་གཟའ་གཅིག །དབྱུག་མི་བདག །སྲང་ཡིད། མིག་ཀླུ་མེ་སྐྱོན་ཆ། སོ་བུག་དབང་པོ་བྱིན་པས་ཕྱི་ལོ་ཕྱི་ལོ་རིམ་བཞིན་འཆར་རོ། །བྱེད་པ་ལོ་འཕོའི་གཟའ་ཡང་སྔ་ལོའི་ངེས་པ་ལ་གཟའ་གཅིག ཆུ་ཚོད་ཚེས། སྲང་སོ་གཅིག །རི་ཟླ་མེ་ཆ་དོན། གསུམ་བྱིན་པས་འཆར་བར་ཤེས་པར་མཛོད། ཟླ་བའི་འཕོ་བ་བཅུ་གཉིས་ཤེས་པར་འདོད་ན། ལོ་འཕོ་གནས་བཅུ་གཉིས་བཀོད། ལུག་སོགས་ཁྱིམ་བཅུ་གཉིས་ཀྱི་མཚན་མ་བྲིས། ལུག་ལ་གཟའ་མིག །ཆུ་ཚོད་ཉེར་དྲུག སྲང་ཉེར་གཅིག །མིག་སོག་ཆ་རུ་ཀླུ་དབང་འབྱུང་མེས་བརྒྱན། འོག་ནས་རང་འཁོར་ཕུད་པས་ལུག་འཕོའོ། །གླང་ལ་གཟའ་གནས་ཆུ། ཆུ་ཚོད་མིག་དབང་། སྲང་མིག་མཚོ། མིག་སོགས་ཆ། མི་བདག་གཟུགས་རིས་བརྒྱན། འཁྲིག་པ་གཟའ་མཁའ། ཆུ་ཚོད་བཅུ་དགུ །སྲང་གསུམ། མིག་སོགས་ཆ། ཆུ་རི་དུས་ཕྱོགས་བརྒྱན། ཀརྚ་གཟའ་མིག །ཆུ་ཚོད་དུ། འབྱུང་མཚོ། སྲང་ཉེར་བཞི། ཆ་རུ་སོ་སོ་ཟླ་བས་བརྒྱན། སེང་གེར་གཟའ་ལྔ། ཆུ་ཚོད་དུ་བཅུ་གཅིག །སྲང་ཞེ་ལྔ། ཆ་མཁའ་བུག་རི་རི་ཟླ་བས་བརྒྱན། བུ་མོར་གཟའ་གནས་ཐིག །ཆུ་ཚོད་སོ་བརྒྱན། སྲང་བདུན། ཆ་རུ་དུས་དུས་བུག་མིག་སྦྱིན། སྲང་གཟའ་གསུམ། ཆུ་ཚོད་དུ་བཞི། སྲང་དུ་ཉེར་བརྒྱད། ཆ་རྒྱལ་བ་དབང་པོ་རོ་ཡིས་བརྒྱན། སྡིག་པར་གཟའ་གནས་ལྔ། ཆུ་ཚོད་དུ་སུམ་ཅུ། སྲང་དུ་ཞེ་དགུ །མ་མིག་ཀླུ་མཁའ་ཕྱོགས་སྦྱིན། གཞུ་ལ་གཟའ་གནས་ཐིག །ཆུ་ཚོད་དུ་ང་བདུན། སྲང་བཅུ། ཆ་མཁའ་མཚོ་དུས་འདོད་སྦྱིན། ཆུ་སྲིན་གཟའ་གནས་གསུམ། ཆུ་ཚོད་དུ་ཉེར་གསུམ། སྲང་སོ་གཅིག །ཆ་ཀླུ་བུག་ཟླ་རི་ཟླ་བས་བརྒྱན། བུག་པར་གཟའ་གནས་ལྔ། ཆུ་ཚོད་དུ་ཞེ་དགུ །སྲང་ང་གསུམ། ཆ་ཆུ་རི་མེ་མིག་བྱིན། ཉ་རུ་གཟའ་གནས་གཅིག །ཆུ་ཚོད་བཅུ་དྲུག །སྲང་བཅུ་བཞི། ཆ་སོ་བུག་དབང་པོས་བརྒྱན། དེ་རྣམས་འོག་ནས་རང་འཁོར་ཕུད་པས། ཟླ་འཕོ་སོ་སོར་དག་པར་འཆར། འདིའི་ཟླ་བ་འཕོ་ཞེས་པ་མ་གོ་བར་ཟླ་བ་སོ་སོའི་མགོ་ཚུགས་པར་བྱེད་པ་ནི་ནོར་རམ་སྙམས། རང་ལུགས་ལ་བྱེད་པ་ལོ་འཕོའི་གཟའ་དེ་ལུག་གི་མགོ་ཚུགས། ལུག་འཕོ་བ་གླང་གིས་མགོ་ཚུགས་པ་སོགས་ཤེས་དགོས་ཤིང་། ཉི་མ་ཉ་རྫོགས་ལུག་ཁྱིམ་སླེབ་ཅེས་པའི་གནས་ཀྱིས་སོ། །བྱེད་པ་ཟླ་འཕོ་ཡང་ཟླ་བ་རིལ་འབྱུང་ལུགས་སོགས་ཤེས་པར་བྱས་ཏེ། འདི་ལ་ཡང་ངལ་བའི་བཤད་པ་མང་པོ་མཛད་འདུག་སྟེ། བརྟག་ན་མདོ་སྡེ་ཉི་མའི་སྙིང་པོ་ལས་སྐར་ཁོངས་ཡང་དོག་གིས་ཁྱིམ་རྒྱ་ཆེ་ཆུང་བཤད་པ་ལྟར་འཕོ་འཚམས་ཀྱི་རི་མོ་བཀོད་པ་འདྲའོ། །ད་ནི་གཟའ་ལྔ་བརྗོད་པར་བྱ་སྟེ། རིགས་ལྡན་རྒྱལ་དཀས་བརྩིས་གཞི་འཁོད་པ་ནས་ད་ལྟའི་བར་གྱི་ཟླ་དག་མཁའ་མེས་བསྒྱུར་བ་ཚེས་ཟླ་རེ་ལ་ཚེས་ཞག་སུམ་ཅུ་རེ་ཡོད་པ་དེས་བསྒྱུར་བ་ཡིན། གང་བརྩིའི་ཞག་གྲངས་བསྲེས། གནས་གསུམ་དུ་བཞག །བར་མ་ལ་སོ་བདུན། འོག་མ་ལ་ལྔ་བརྒྱ་བཅུ་གསུམ་བསྲེས། འོག་མ་རི་མཁའ་རིས་བགོས་ནོར་བར་དུ་བསྲེས། དྲུག་ཅུ་རྩ་བཞིས་བགོས། ནོར་སྟེང་ལ་སྦྱངས་པའི་ལྷག་མི་གསལ་གཞག །རི་མཁའ་རི་དང་དྲུག་ཅུ་རྩ་བཞིས་མགོ་བའི་རྒྱུ་མཚན། ཚེས་ཞག་དྲུག་ཅུ་རྩ་བཞི་དང་། ཚེས་ཞག་གཅིག་རི་མཁའ་རིའི་ཆར་གསིལ་བའི་ཆ་གཅིག་ན་ཉིན་ཞག་གཅིག་ཏུ་ལོངས་པ་དེ་ཡིན་ནོ། །གོང་གི་མི་གསལ་ཞག་གནས་གཉིས་སུ་བཞག་པའི་འོག་མ་ལ། སྔར་གཟའ་དྷྲུ་བསྒྲུབ་པའི་དུས་གཟའ་ལ་གཉིས་བསྲེས་པའི་རྒྱུ་མཚན་གྱིས་འདིར་ཡང་གཉིས་བསྲེས། ཐུབ་པས་བགོས་པའི་ལྷག་མ་དང་། གང་བརྩིའི་ཚེས་ཀྱི་གཟའ་མཐུན་མི་མཐུ་བལྟ། མི་མཐུན་ན་གཅིག་གོང་མ་ལ་འཕྲི་བས་གསལ་ཞག་ཏུ་འགྱུར། བྲི་མེད་འོད་ལས། ཚེས་ལོངས་ཤིན་ཏུ་མང་བའི་ཚེས་གཟའ་གཅིག་ལྷག་པར་སྲིད་པས་གཅིག་འབྲིད་པར་བྱའོ། །ཞེས་པ་ལས་མ་གསུངས་པས། བརྩིས་གཞི་ཁ་གཅིག་ཏུ། མི་མཐུན་འགྱུར་ན་གཅིག་ལ་སོགས། བསྣོན་འབྲིང་བྱས་ལ་ཞེས་པ་ནི། བསྣོན་པ་དྲི་མེད་འོད་ལས་མ་བཤད་ཅིང་། འབྲིད་ན་དང་མ་འབྲིད་ན་གཅིག་འཕྲི་བས་གསལ་ཞག་ཅེས་གསུངས། གཟའི་ཆུ་ཚོད་མང་བའི་ཚེས་ཞེས་པ་གང་གིས་ཐིངས་ན་ཆུ་རོ་ཆའི་ལྷག་མ་དང་། རི་མཁའ་རི་ཆའི་ལྷག་མ་གཉིས་མཁའ་རོས་བསྒྱུར། རང་འཁོར་ཕུད་པས་ཚེས་དེའི་གཟའི་ཆུ་ཚོད་རྐང་བྲལ་འཁྲུལ་མེད་དུ་འཆར། སླར་ལྷག་མ་མཁའ་རོས་བསྒྱུར། རང་འཁོར་ཕུད་པས་གཟའི་སྲང་། ཡང་ལྷག་རི་མཁའ་རིས་བསྒྱུར། རང་འཁོར་ཕུད་པས་རི་མཁའ་རི་ཆ་འཆར་ཞིང་ལྷག་མེད། རྣམ་དག་གཟའི་རྟགས་ལོངས་དང་། ཆུ་རོ་དང་རི་མཁའ་རི་ཆའི་ལྷག་མ་མཐུན་པ་གྲུབ་མཐའི་བརྩིས་ལ་སྐྱོན་མེད་དུ་འཆར་བ་འདིས་ཡིན། བྱེད་བརྩིས་ཀྱི་གཟའ་ལྔའི་བར་འོག་གི་ལྷག་མ་ལ་བསྐལ་བར་བསྒྲུབས་ཀྱང་མི་འཆར་རོ། །གཟའི་སོ་སོའི་ཞག་གི་དོན་དུ་བཀྲ་ཤིས་ལ་གསལ་ཞག་ལ། བུག་དུས་ཟླ་བས་བརྒྱན་པ་འདི་བྱུང་། བྱེད་པར་ཞག་གཉིས་ཀྱིས་ཉུང་བ་ཞིག་བཀོད། དྲི་མེད་འོད་ལས། འདི་ནི་བྱེད་པ་ལ་ལྟོས་པ་སྟེ་གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །ལྷག་པའི་གསལ་ཞག་བརྒྱས་བསྒྱུར་བ་ནི། བགོད་བྱེད་ཀྱི་དཀྱིལ་འཁོར་བརྒྱས་བསྒྱུར་བའི་རྒྱུ་མཚན་གྱིས་སོ། །འབྱུང་གཟུགས་མཁའ་དང་རི་ཡིས་སྦྱངས་པ་ནི། སྡེབ་སྦྱོར་འཇུག་བདེ་བས་བརྩིས་འཕྲོའི་སྟེང་དུ་བློ་བུར་དུ་བསྲེས་ནས་བརྩིས་འཕྲོ་མེད་པར་བྱས། བློ་བུ་བསྲེས་པའི་སྐྱོན་འདོན་པའི་ཆེད་དུ་སྦྱངས་པ་ཡིན་ནོ། །བྱེད་པར་ཞག་གཅིག་དང་བརྒྱ་ཆ་བརྒྱད་ཀྱིས་མང་བ་ནི། སྡེབ་སྦྱོར་སྒྲིག་བདེ་བའི་ཆེད་དུའོ། །ཕུར་བུའི་གསལ་ཞག །མཁའ་མཁའ་རོ་མིག་འབྲིད་པ་ནི། གོང་ལྟར་བརྩིས་འཕྲོ་མེད་པར་བྱས། སྐྱོན་འདོན་པའི་ཆེད་དུའོ། །དྲི་མེད་འོད་ལས། བྱེད་པ་ལ་ལྟོས་ཞེས་མ་གསུངས་སོ། །པ་སངས་གསལ་ཞག་བཅུས་བསྒྱུར་བ་ནི་དཀྱིལ་འཁོར་བཅུས་བསྒྱུར་བ་ཤེད་མཚུངས་མཚུངས། དེ་ནས་རང་རང་དཀྱིལ་འཁོར་གྱིས་བགོས། དཀྱིལ་འཁོར་ནི། བཀྲིས་རི་ཀླུ་རོ། ལྷག་པའི་རི་བུག་རི་ཀླུ། བླ་མའི་སོ་མེ་རྒྱ་མཚོ། སྦྱིན་བྱེད་བླ་མའི་རི་རྒྱལ་མིག །དལ་བའི་རོ་དུས་རི་མཁའ་ཟླ། བགོས་པའི་ནོར་དྲག་གཟའ་གསུམ་རྒྱུ་སྐར་འཁོར་གྲངས་ཡིན། ཞི་གཟའ་གཉིས་མྱུར་རྐང་འཁོར་གྲངས་ཡིན། རྙེད་ནོར་རྣམས་དོར་ཞེས་པ་ཟུར་དུ་བྲིས་ནས་བཞག་ན་བསྐོར་གྲངས་སོགས་གོ་ཡོང་། དེ་ཙམ་མ་གཏོགས་དགོས་པ་མེད་པས་དོར་ཞེས་གསུངས། ལྷག་མ་རྣམས་སྐར་མ་སྟེ་ཉེར་བདུན་གྱིས་བསྒྱུར། དཀྱིལ་འཁོར་སོ་སོར་བགོས་པས་སྐར་གནས། ལྷག་མ་མཁའ་རོས་བསྒྱུར། བགོས་ཐོབ་ཆུ་ཚོད། ལྷག་མ་མཁའ་རོས་བསྒྱུར་ཐོབ་ཆུ་སྲང་། ལྷག་མ་སོ་སོའི་འཁོར་ལོ་འམ་ཅུང་ཉུང་བར་འདོད་ན། བཀྲ་ཤིས་བུག་མིག་ལག་པ། ལྷག་པ་དཀྱིལ་འཁོར་ཡིན། ཕུར་བུ་སུམ་བརྒྱ་རེ་གཅིག །པ་སངས་བདུན་བརྒྱ་ཞེ་དུག །སྤེན་པ་མེ་ཀླུ་མེ་ཟླས་བྱས་ཀྱང་འོངས། དྲག་གཟའ་གསུམ་གྱི་དལ་བ་བར་པ་དང་། ཞི་གཟའ་གཉིས་ཀྱི་མྱུར་རྐང་འཛིན་པའི་ལོངས་སྤྱོད་ཡིན། དྲག་གསུམ་དལ་བར་གནས་གཉིས་གཉིས། ཞི་གཟའ་གཉིས་ལ་ཉིན་ཞག་ཉི་བར་གནས་གཉིས་གཉིས་བཀོད། ཕྱོགས་གཅིག་ལ་རང་རང་གི་སྐྱེས་ཁྱིམ་མམ་སྐྱེས་གོང་སྦྱངས་པའི་ཕྱིར། བཀྲ་ཤིས་ཕྱེད་བཅས་དགུ་ནི་སྐར་ཡན་གྱི་དགུ །མཆུའི་ཕྱེད་སྦྱངས་པས། སེང་གེའི་སྟེང་ནས་ཆུ་ཚོད་སུམ་ཅུ་འདས་པ་སྐར་མ་མཆུའི་དཀྱིལ་དུ་གཟའ་བཀྲ་ཤིས་སྐྱེས་པ་སྟེ་རྟོགས་པར་བྱེད་པའི་ཕྱེད་དུ་སྦྱངས་པའོ། །ཟླ་བའི་བུ་ཕྱེད་བཅས་མི་བདག་ནི། མི་བདག་ས་ག་ཡན་གྱི་སྐར་མ་བཅུ་དྲུག །ཕྱེ་ལྷག་འཚམས་ཀྱི་ཆུ་ཚོད་སུམ་ཅུ་སྟེ། སྡིག་པའི་ཁྱིམ་གྱི་ཆུ་ཚོད་ཞེ་ལྔ་འདས་པའི་སྐབས་སུ་ལྷག་པ་སྐྱེས་པས། མ་སྐྱེས་གོང་ཡན་སྦྱངས་པའོ། །ལྷག་པ་ལྷ་འཚམས་སྐྱེས་པ་ཡང་དེས་ཤེས་སོ། །བླ་མ་ལ་ཉི་མས་སྦྱངས་ནི། སྐར་མ་ད་བོ་ཡན་བུ་མོའི་ཁྱིམ་ནས་ཆུ་ཚོད་ཞེ་ལྔ་འདས་པའི་འཚམས་མ་སྐྱེས་གོང་སྦྱངས་པས། མེ་བཞིའི་མགོ་བོར་སྐྱེམས་པས་ཕུར་བུ་མེ་བཞི་སྐྱེས་ཡིན་ནོ། །དཀར་པོ་ལ་རྒྱུ་སྐར་དྲུག་ནི། ནབས་སོའི་མགོ་བོ་འཁྲིག་པའི་རྐང་པ་གསུམ་ལུས་པ་འཁྲིག་པའི་ཁྱིམ་ལ་སྐྱེས་སོ། །པ་སངས་ནབས་སོ་སྐྱེས་ཟེར། ཉི་མའི་བུ་ལ་ཉེས་པ་དོར་ནི་རྒྱུ་སྐར་སྣྲོན་ཡན་ཏེ། སྡིག་པ་རྫོགས་འཚམས་གཞུའི་མགོ་ལ་སྐྱེས་པས་སྣུབས་ལ་སྐྱེས་པས་སྣྲུབས་སྐྱེས་ཡང་ཟེར། མ་ལྡངས་འཁོར་ལོ་བསྲེས་ལ་སྦྱངས་ནི་གོང་ཉི་མར་བཤད་པ་དང་མཐུན། སྦྱངས་ཤུལ་འཁོར་ཕྱེད་སྦྱངས། དོར་ནི་རིམ་མིན། མ་དོར་ན་རིམ་པ། དལ་བར་བསྣོན་འབྲིད་ནི་རིམ་མིན་ལ་སྣོན། རིམ་པ་ལ་སྦྱངས་བ་ཡང་གོང་ཉི་མ་དང་མཐུན། འཁོར་ཕྱེད་དོར་བསྣན་མ་དོར་འབྲི་བྱས་ཀྱང་གོ་བདེ་བ་ཙམ་མོ། དོར་ལྷག་སྐར་མ་མཁའ་རོས་བསྒྱུར་བ་ཆུ་ཚོད་དུ་གསིལ་བ་ཡིན། འོག་གི་ཆུ་ཚོད་བསྲེས། འབྱུང་བ་མེ་དང་ཟླ་བས་བགོ་བའི་རྒྱུ་མཚན་ཉི་མར་སོང་། རྙེད་པ་སོ་སོའི་དལ་རྐང་འཛིན། བཀྲ་ཤིས་ཀྱི་དལ་རྐང་ནི། དེ་ཉིད་ཉེར་ལྔ། ཉེས་པ་བཅོ་བརྒྱད། རི་བདུན་ཏེ་སྔ་རྐང་གསུམ། རྐང་འཚམས་དེ་ཟློག་པ་ཕྱི་རྐང་གསུམ་ཏེ་སྔ་ཕྱི་རྐང་པ་དྲུག་ཡོད་པ་ཉི་རྐང་དང་མཚུངས། ལྷག་པའི་དལ་རྐང་ཕྱོགས་ཏེ་བཅུ། རི་བདུན། རྩེ་མོ་གསུམ་སྔ་རྐང་། རྐང་འཚམས་དེ་ཟློག་པ་ཕྱི་རྐང་། ཕུར་བུའི་དལ་རྐང་། དྲག་པོ་བཅུ་གཅིག །བུ་ག་དགུ །མེ་གསུམ་སྟེ་སྔ་རྐང་། རྐང་འཚམས་དེ་ཟློག་པ་ཕྱི་རྐང་།དཀར་པོའི་དལ་རྐང་མདའ་ལྔ། ཆུ་བཞི། རི་བོང་ཅན་གཅིག །རྐང་འཚམས་དེ་ཟློག་ཕྱི་རྐང་། སྤེན་པའི་དལ་རྐང་མིག་ལ་ཉེར་གཉིས། ཚེས་བཅོ་ལྔ། འཚམས་དྲུག་སྔ་རྐང་། རྐང་འཚམས་དེ་ཟློག་ཕྱི་རྐང་། གཟའ་ལྔ་ཀ་ལ་སྔ་ཕྱི་སྡོམ་པས་རྐང་པ་དྲུག་དྲུག་ཡོད་པ་མཚུངས། རྐང་པ་འཛིན་ལུགས་རིམ་པ་ཡས་ནས་མར་འདྲེན། རིམ་མིན་མས་ནས་ཡར་འདྲེན་པ་ཀུན་འདྲེ། སྔ་ཕྱི་ཟོས་དང་མ་ཟོས་ནི། སྔ་རྐང་ལ་ཟོས་ཟིན། ཕྱི་རྐང་ལ་མ་ཟོས་པ་སྡོམ་པ་ཡིན། རིམ་པ་རིམ་མིན་གང་ཡིན་ཀྱང་། རྐང་བཟུང་སྔན་མས་ལྷག་རྣམས་ཏེ་ཆུ་ཚོད་སྲང་ཆ་རྣམས་བསྒྱུར། ཆ་ཆུ་སྲང་རང་འཁོར་ཕུད། ནོར་ཆུ་ཚོད་དུ་བསྲེས། སླར་འབྱུང་བ་མེ་ཟླས་བགོས་ནོར་ཡང་དག་རྒྱུ་བའི་ཆུ་ཚོད། ལྷག་མཁའ་རོས་བསྒྱུར་སྲང་ཆ་བསྲེས། བགོས་ནོར་སྲང་། ཡང་ལྷག་ཆས་བསྒྱུར། ཆ་ལྷག་བསྲེས། བགོས་ནོར་ཆ། སྔ་ཕྱི་བྱིན་དོར་ཞེས་པ། རིམ་པ་རིམ་མིན་གཉིས་པོ་ལ། སྔ་རྐང་ལ་ཆུ་ཚོད་གཉིས་པོ་བསྲེས། ཕྱི་རྐང་ལ་ཡང་དག་རྒྱུས་སྡོམ་སྦྱངས། གཅིག་ཕབ་སོགས་འདྲ། དེ་རྣམས་སོ་སོའི་དལ་བར་ཕྱོགས་གཅིག་ལ། འཁོར་ཕྱེད་དོར་བསྣན་མ་དོར་འབྲིད་པ་ཀུན་ལ་མཚུངས། དེས་དལ་བ་རྣམ་དག་འཆར། གཟའ་ལྔ་སོ་སོའི་མྱུར་རྐང་གི་དོན་དུ་རང་རང་གིས་དལ་བ་དག་པས། དྲག་གཟའ་གསུམ་ལ་ཉི་མ་བར་པ། ཞི་གཟའ་གཉིས་ལ་རྐང་འཛིན་ལོངས་སྤྱོད་སྦྱངས། མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། སྦྱངས་ཤུལ་འཁོར་ཕྱེད་ལྷག་ཀྱང་སྦྱངས། དོར་ན་རིམ་མིན་མ་དོར་རིམ། ལྷག་མའི་སྐར་མས་མྱུར་རྐང་འཛིན། བཀྲ་ཤིས་མྱུར་རྐང་། རྒྱལ་བ། མེ་མིག་གསུམ། གཟུགས་མིག་གཉིས། སྐྱོན་ཚེས་དྲག །མེ་རྐང་འཚམས། རྩ་བར་དབང་ཕྱུག་སྦྲུལ་མེད་མཁའ་ཀླུ་མེ་འབྱུང་སྟེ་ཕྱི་རྐང་ངོ་། །དེ་ལྟར་སྔ་རྐང་བཅུ། ཕྱི་རྐང་བཞི་ཡིན། སྔ་རྐང་ཕྱི་རྐང་གི་ཆུ་ཚོད་ནི་གྲངས་སྙམ་མོ། །ཟླ་སྐྱེས་ཀྱི་མྱུར་རྐང་། མི་བདག །མི་བདག །ཚེས། མ་ནུ། འདོད་པ། དྲག་པོ་རི། འབྱུང་མཁའ་སྟེ་རྐང་དགུ །རྐང་འཚམས། རྩ་བ་རིག་བྱེད། དྲག་པོ། མཁའ་མིག་ནོར་ལག ཆུ་མེ་སྟེ་ཕྱི་རྐང་ལྔ། སྔ་ཕྱིའི་ཆུ་ཚོད་ནི་གྲངས་མཉམ། བླ་མའི་མྱུར་རྐང་། ཕྱོགས། ཕྱོགས། བུ་ག །སྦྲུལ། དུས་དུས་འཁྲིག་པ་འོད་དཀར་ཅན་ཏེ་སྔ་རྐང་བརྒྱད་རྐང་འཚམས། རྩ་བར་མེ། དུས་བུ་ག་དྲག་པོ། མི་བདག་ཐུབ་པ་སྟེ་ཕྱི་རྐང་དྲུག །སྔ་ཕྱི་ཆུ་ཚོད་ནི་མཉམ་མོ། །དཀར་པོ་མྱུར་རྐང་དེ་ཉིད་གསུམ། རྒྱལ་བ་གཉིས། ལག་མིག་གཉིས། སྐྱོན་ཚེས་ཀླུ་སྟེ་སྔ་རྐང་བཅུ། རྐང་འཚམས། རྩ་བར་རོ་མཁའ་མེ་སུམ་ཅུ། བུག་བུག་གོ་དགུ །མེ་རི་དོན་གསུམ་སྟེ་ཕྱི་རྐང་བཞི། ཆུ་ཚོད་ཀྱི་གྲངས་ནི་སྔ་ཕྱི་མཉམ་མོ། །ཉི་སྐྱེས་མྱུར་རྐང་དུས་མདའ་འབྱུང་མཚོ་རིག་བྱེད། ཟུང་འཁྲུག་མཁའ་སྟེ་སྔ་རྐང་བརྒྱད། རྐང་འཚམས། ལག་ཆུ་དབང་འཚམས་ཀླུ་ཡོན་ཏན་ཏེ་ཕྱི་རྐང་དྲུག ཆུ་ཚོད་ནི་སྔ་ཕྱི་མཉམ་པའོ། །འདི་ལྔ་ཀ་ལ་རིམ་པ་རིམ་མིན་མ་ནོར་བ་མ་བྱས་ན། མ་དག་པའི་སྐྱོན་འབྱུང་ཞིང་། ལྷག་སྤེན་གྱི་རྐང་སྡོམ་ལ་བབས་ནས། རྐང་བཟུང་སྔ་མས་ལྷག་བསྒྱུར་ཞེས་པའི་སྒྱུར་རྒྱུ་གང་ཡོད་ཕྱིས་ནས་ཐིག་ལེ་འགོད་པ་ཡིན་ནོ། །གཟའ་ལྔ་ཀའི་རིམ་པ་གྲངས་པི་མཐའ་མ་རིམ་མིན་དུ་དྲངས་པའི་དང་པོ་ནི། བཀྲ་ཤིས་ལ་མེ་འབྱུང་སྟེ་ང་གསུམ། ལྷག་པ་ལ་ཆུ་མེ་སྟེ་སོ་བཞི། སྒྲ་མཁན་ལ་ཐུབ་པ་སྟེ་བདུན། དཀར་པོ་ལ་མེ་རི་ཏེ་དོན་གསུམ། དལ་འགྲོ་ལ་ཡོན་ཏན་ཏེ་གསུམ། འདི་རྣམས་རྒྱུ་སྐར་གྱི་ཕྱེད་ཕྱེད་ཡིན་པས་འདི་རྣམས་ཀྱིས་ནི་བསྒྱུར་བའི་སྐབས་སུ་བགོད་བྱེད་ཆུ་ཚོད་སུམ་ཅུས་བགོ་དགོས་སོ། །རིམ་མིན་ཆུ་ཚོད་སུམ་ཅུར་ལོངས་པ་ན། ཇི་སྲིད་རིམ་མིན་མ་རྫོགས་པར། ཆུ་ཚོད་ཀྱི་གནས་ན་སུམ་ཅུ་བས་ཉུང་བ་འདུག་ན་སྟེར་མི་དགོས། སུམ་ཅུ་ནས་ང་དགུའི་བར་འདུག་ན། སུམ་ཅུ་བློ་བུར་དུ་བྱིན་འཁོར་ལོ་ཕུད་པས། རྐང་འཛིན་སྐར་མ་གཅིག་གིས་མང་དུ་འགྲོ་བས་དེས་རྐང་པ་འཛིན་པའོ། །རིམ་པ་ལུགས་འབྱུང་དང་། རིམ་མིན་ལུགས་ལྡོག་ཏུ་གཟུང་བའི་སྔ་རྐང་ལ་ཟོས་ཟིན། ཕྱི་རྐང་ལ་མ་ཟོས་པ་རྐང་སྡོམ་ཆུ་ཚོད་བགོད། རྐང་བཟུང་བསྔན་མས་ལྷག་རྣམས་ཏེ་ཆུ་ཚོད་ཆུ་སྲང་། ཆ་རྣམས་བསྒྱུར། འོག་གཉིས་རང་འཁོར་ཕུད་པ་ཆུ་ཚོད་དུ་བྱིན། དྲུག་ཅུས་བགོས་ནོར་ཡང་དག་རྒྱུ་བའི་ཆུ་ཚོད། ལྷག་མ་ཆུ་སྲང་དང་ཆ་ཡང་ཤེས་པར་མཛོད། སྔ་ཕྱིར་བྱིན་དོར་སྔར་བཞིན་བྱ་ནི། སྔ་རྐང་བྱིན་པ་འམ་བསྲེ་བ། ཕྱི་རྐང་དོར་འམ་སྦྱངས་པ། འཁོར་ཕྱེད་དོར་ན་འབྲིད། མ་དོར་ན་སོ་སོའི་དལ་དག་ལ་སྣོན་པ་ཡིན་ནོ། །དབྲི་བྱ་དེས་དལ་དག་ཉུང་ན། དབྲི་བྱས་དབྲི་བྱེད་དབྲི་བར་བྱ་ནི། དལ་དག་གི་རྐང་ལོངས་ལ་སྦྱངས་པའོ། །དེ་ཚེ་གཟའ་ཕྱིར་ཟློག་གི་རི་མོ་ནི་སྒྲ་གཅན་བུལ་བ་དང་མཚུངས་སོ། །ཡང་ན་འཁོར་ལོ་བསྣན་ལ་སྦྱངས། མ་དོར་བ་ནི་འཁོར་ཕྱེད། མ་རྒལ་བ་ནི་རྐང་འཚམས། དེ་ཡང་རིམ་པའི་སྐབས་སུ་མྱུར་འགྲོས་ཁ་ཤར་དུ་བལྟས། རྒལ་ལ་རྐང་འཚམས་རྒལ་བ། མ་དོར་བ་འཁོར་ཕྱེད། རིམ་པའི་ཕྱི་རྐང་ལ་དལ་འགྲོས་ཁ ལྷོར་ལྟས། དོར་ལ་ཞེས་པ་འཁོར་ཕྱེད་དོར་བ། མ་རྒལ་ཞེས་པ་རིམ་མིན་གྱི་རྐང་འཚམས་མ་རྒལ་བ། རིམ་མིན་སྔ་རྐང་ལ་གནས་པ་ཁྱོག་འགྲོས་ནུབ་ཏུ་ལྟས། རྒལ་དོར་ནི་རིམ་མིན་གྱི་རྐང་འཚམས་རྒལ། འཁོར་ཕྱེད་དོར་བ་རིམ་མིན་གྱི་ཕྱི་རྐང་ལ་གནས་པའི་ཚེ་འབྱུང་འགྲོས་ཏེ་བྱང་ལ་མཁའ་བལྟའོ། །དེ་ལྟར་གཟའ་ལྔའི་འགྲོས་བཞི་ཞེས་པ་རིམ་པའི་སྔ་རྐང་ལ་མྱུར་འགྲོས། ཕྱི་རྐང་ལ་དལ་འགྲོས། རིམ་མིན་གྱི་སྔ་རྐང་ལ་འཁྱོག་འགྲོས། ཕྱི་རྐང་ལ་འབྱུང་འགྲོས་ཏེ་གཟའ་ལྔའི་འགྲོས་བཞི་ཤེས་པར་མཛོད། དྲག་གསུམ་མྱུར་བ། ཞི་གཉིས་ལ་དལ་དག་ཚེད་དུ། ཉིན་ཞག་ཉིན་མ་བར་མ་ཤེས་པར་འདོད་ན། ཉིན་ཞག་ཡུལ་གྱི་རྟགས་ལོངས་གཅིག་ལ། དབྱུག་བཞི། སྲང་ཉེར་དྲུག གནས་བཞི་བྱས་ནས། བུག་མཁའ་མི་བུག་ཡིད་ཀྱི་ཆ་ཡོད་པ་དེ། ཚེས་ཞག་ཉི་བར་ལ་རི་རོ་ཆ་ཡོད་པ་དེ་དང་བསྟུན་པའི་ཕྱིར། འོག་གི་ཆ་རི་རོས་བསྒྱུར། བུག་མཁའ་མིག་བུག་སོགས་ཀྱིས་བགོས་པས་ནོར་རི་རོས་ཆ་དྲུག །བུག་སོགས་ཆ་ཆིག་འབུམ་བཞི་ཁྲི་བཞི་སྟོང་དགུ་བརྒྱ་གྱ་བརྒྱད་ཡོད་པ་ཆུ་རོས་རིམ་བཞིན་བགོས་པས་སྲང་བཞི། རི་རོ་ཆ་ཕྱོགས། བུག་སོགས་ཆ་བརྒྱ་ཁྲི་དྲུག་སྟོང་བརྒྱ་གོ་ལྔ། ཆུ་རོས་སོར་གཉིས་ཡོད་ཅིང་ཆུ་རོ་ཆ་གཅིག །རི་མཁའ་རི་ཆར་གསིལ་བ་གནས་བཞི་ཐིག་ལེ་དང་། བུག་སོགས་ཆ་རུ་མིག་བུག་རི་ཀླུ་དབང་པོ་འཆར། ཆུ་རོ་ཆར་མིག་མེ་འཆར། གཟའ་ལྔའི་སྤྱི་ཞག་ནམ་སྒྲུབ་པའི་དུས་ཀྱི་བར་འོག་གི་ལྷག་མ་ཆུ་རོ་ཆས་བསྒྱུར། རི་མཁའ་རི་ཆས་རི་མཁའ་ཆ་བསྒྱུར། ཕན་ཚུན་བསྲེས། འོག་ནས་ཆུ་རོ། བུག་སོགས་རི་རོ་མཁའ་རོས་ཕུད་པ་དེ་རྣམས་ཚེས་ཞག་ཉིན་བར་སྟེང་དུ་བྱིན་པས། ཉིན་ཞག་ཉི་མ་འཁྲུལ་མེད་དུ་འཆར། དེ་གཟའ་ལྔའི་དྲག་གསུམ་མྱུར་དོན་ཞི་གཉིས་དལ་དག་གི་གཞི་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མིག་དམར་ཏེ་ཤིང་ཕོ་བྱི་བ། ས་ག་ཟླ་བའི་ནམ་གྱི་གུང་སྨད་ལ་སྐུ་བལྟམས་པ་ནས་རིགས་ལྡན་ཨ་ཛས་ཉུང་ངུའི་བྱེད་པ་སྦྱོངས་བར་ལུང་བསྟན་པའི་འཚམས་སུ་འགྲིག་པ་ཡིན། དགུ་བརྒྱ་ལྷག་པའི་སྟོང་ཞེ་གཉིས་འདས་པ་མི་ཟད་པ་མེ་ཁྱེར་རིགས་ལྡན་རྒྱལ་དཀས་ཉུང་ངུའི་བྱེད་པ་བཀོད་པ་དེ་དང་མཐུན་པར་གྲུབ་པའི་བརྩིས་འཁྲུལ་མེད་རྣམ་དག་བཀོད་པའི་སྐབས་སོ། །ལྔ་པ་ཨ་ཛའི་ཞེ་གཅིག །ཉི་མས་གོ་དྲུག་སྣ་ཚོགས་གཟུགས་ཀྱི་གྱ་བཞི་འདས་པ་ཡན་ཉིས་བརྒྱ་ཉེར་གཅིག་འདས་འཚམས། རབ་བྱུང་ལ་སོགས་འདས་ལོ་བསྲེ། ཞེས་པ་རབ་བྱུང་དང་པོའི་དྷྲུ་བ་རྣམས། བསྡུས་པའི་རྒྱུད་བཞིན་བསྒྲུབ་པ་ན། མཁའ་མེ་ཟླ་ལྷག་ཀླུ་རི་གཟའ་དྷྲུར་གནས་རོ། །ཆུ་ཚོད་མཁའ་མེ། སྲང་སུམ་ཅུ། རིལ་པོར་འབྱུང་བ། ཆ་ཤས་དོན་གསུམ། ཉི་དྷྲུ་གནས་ཉེར་ལྔ། ཆུ་ཚོད་ལྔ་བཅུ། སྲང་ང་ལྔ། དབུགས་གཉིས་འདོད་ཆ་བཞི། སྒྲ་གཅན་ཟླ་བ་གོ་ལྔ། བྱེད་པ་ལོ་འཕོ་གནས་མེ། ཆུ་ཚོད་ཞེ་བཞི། སྲང་བཅུ་གཅིག །རི་ཟླ་མེ་ཆ་གཉིས་བརྒྱ་སོ་གསུམ། གཟའ་ལྔའི་སྤྱི་ཞག་ཆུ་རོ་ཆ་ང་བདུན། རི་མཁའ་རི་ཆ་དྲུག་བརྒྱ་གྱ་ལྔ། བཀྲ་ཤིས་འཕྲོ་བཞི་བརྒྱ་གོ་དྲུག །ལྷག་པའི་འཕྲོ་ལྔ་སྟོང་དྲུག་བརྒྱ་ཉེར་ལྔ། བླ་མའི་འཕྲོ་བརྒྱ་སོ་གཉིས། དཀར་པོའི་འཕྲོ་སུམ་བརྒྱ་ཉེར་གསུམ། དལ་བའི་འཕྲོ་ལྔ་བརྒྱ་ཉེར་དྲུག །བསྡུས་རྒྱུད་རྩ་འགྲེལ་ལས་འབྱུང་བ་འཁྲུལ་མེད་ཡིན་ཅིང་། བྱེད་པ་འཇུག་བདེ་བ་དང་སྡེབ་སྦྱོར་སྒྲིག་བདེ་བའི་ཕྱིར། རི་མོ་བློ་བུར་སྣན་པ་སོགས་ཅུང་ཟད་མ་ཚང་བ་སོགས་ཁོངས་ན་གནས་པས་མ་དག་པའི་ཆ་ཡོད་ཅིང་། ཉི་མའི་ཁོངས་ཀྱི་མ་དག་པ་རིགས་ལྡན་ཨ་ཛ་ནས་བརྩམ་པའི་ཉིས་བརྒྱ་ཉེར་གཅིག་དང་། རབ་བྱུང་ལྔ་པ་འདས་པ་དྲུག་པའི་དཀྱིལ་བརྩམས། སྡུས་རྒྱུད་ནས་བཤད་པའི་ཉི་དག་འདི་གྲུབ་བརྩིས་དང་མཐུན་པ་སྐྱོན་མེད་ཆར་གྱིས་འདུག །དེ་ཡན་ལ་ཉི་མའི་ལོངས་སྤྱོད་ཆུང་བའི་སྐྱོན་འདུག་གཅིང་། རྒྱུ་མཚན་ཁ་ཆེ་པཎ་ཆེན་གྱིས་ཉི་མ་གཟའ་འཛིན་གྱི་སྒོ་ཡིག་བཀོད་པར་ཞལ་བསྐྱང་བྱུང་འདུག་པ་འདི་ཡང་། ཉི་མའི་ལོངས་སྤྱོད་ཅུང་ཉུང་བའི་སྐབས་དང་འགྲིག་འདུག་པས་ཉུང་བ་ཐུགས་ཀྱི་མ་རིག་པ་ཡིན་ནམ་སྙམ། རབ་བྱུང་དྲུག་པ་མཁས་པ་བུ་སྟོན་གྱི་སྐུ་ཚའི་སྒང་དང་འགྲིག་འདུག་པས་བྱེད་གྲུབ་ཉི་མའི་རྟགས་ལོངས་ཞར་གྱིས་འགྲིག་པའི་སྐབས་ཡིན། དེ་ནས་བྱེད་བརྩིས་མང་དུ་སོང་བས་མང་པའི་སྐྱོན་ཡོད་དོ། །རྒྱུ་མཚན་རྩ་བའི་རྒྱུད་ལས། གཞན་དུ་བྱེད་པའི་ལམ་གྱིས་ནི། ཉི་མ་རྟག་ཏུ་དག་པ་མེད། ཉི་མའི་ལོངས་སྤྱོད་མ་དག་ན། འདི་ལས་དག་པའི་མིག་དམར་སོགས། རྩ་བ་ཉམས་པའི་ལྗོན་པ་བཞིན། འདིར་ནི་གསལ་བར་ཉིད་མི་འགྱུར། ཞེས་གསུངས། ལོ་དྲུག་ཅུ་བསྐོར་བཅུ་གསུམ་ལ་ལོ་བདུན་བརྒྱ་ཅུ་འོང་། འདིའི་མཐར་ཟླ་ཤོལ་འཕྲོ་རྣམ་པར་དག །འདིའི་དྲུག་ཅུ་བསྐོར་བཅུ་དང་རབ་བྱུང་དང་པོ་འགྲིག །ལྔ་བསྡུས་སྒྲ་གཅན་གཟའ་ལྔ་རྣམས་ཀྱི་བརྩིས་འཕྲོ་ཕྱོགས་གཅིག་ཏུ་འདུས་པའི་ལོ། མཁའ་སྟོང་ཀླུ་མཁའ་དུས་མེ་ཆུ། འཁོར་ལོ་རིག་བྱེད་བུག་མིག་སྐྱོན། རི་མེ་དུས་བུག་མི་བདག་རི། ལོ་གྲངས་གནས་གཞན་ཉེར་གཅིག་ཡོད། ལོ་གྲངས་ལྔ་རྣམས་ཀྱི་བརྩིས་འཕྲོ་ཕྱོགས་གཅིག་ཏུ་འདུས་པའི་ལོ། མཁའ་སྟོང་ཀླུ་མཁའ་དུས་མེ་ཆུ། འཁོར་ལོ་རིག་བྱེད་བུག་མིག་སྐྱོན། རི་མེ་དུས་བུག་མི་བདག་རི། ལོ་གྲངས་གནས་གཞན་ཉེར་གཅིག་ཡོད། ལོ་གྲངས་དེ་བཅུ་གཉིས་ཀྱིས་བསྒྱུར། གནས་གཉིས་སུ་བཀོད་པའི་འོག་མ་བཞིས་བསྒྱུར། མཁའ་མེ་ཟླ་བས་བགོས་ནོར་ཟླ་ལྷག་ཡིན་པས་སྟེང་མ་ལ་བསྲེས་པས་སྟེང་ཆོས་ཟླར་སོང་། བགོས་ལྷག་ལྔ་བཅུ་ཐམས་པ་རབ་བྱུང་དང་པོའི་མགོའི་མཁའ་མེ་ཟླ་ལྷག་གམ་ཟླ་ཤོལ་འཕྲོ་ཡིན། ཚེས་ཟླའི་གྲངས་ནི། འབྱུང་བུག་ཀླུ་དབང་ཀླུ་རི་བུག་མེ་དུས་རི་ཆུ་རི་མཚོ་ཀླུ། འཚམས་བུག་གདེང་ཅན་ལག་པ་དང་། ལྟོ་འགྲོས་དུས་ཀླུ་ནོར་ལྷའོ། འདི་ལ་གནས་གཞན་ཉེར་གཉིས་ཡོད། ཟླ་དག་ཚེས་ཟླ་དེ་གནས་བཞིར་བཞག་ནས་བསྒྲུབ་པས། གཟའ་དྲུག །ཆུ་ཚོད་སུམ་ཅུ། སྲང་བཅུ་བདུན། རི་མཁའ་རི་ཆ་བརྒྱ་སོ་གཅིག །ཟླ་དག་དེ་ལ་ཆ་རིལ་བསྒྲུབ་པས་རིལ་པོ་ལྔ། ཆ་ཤས་བརྒྱ་དང་དགུ །ཉི་དྷྲུའི་དོན་དུ་ཟླ་དག་གནས་བཞི་མ་བསྒྲུབས་པས་ཉི་སྐར་ཉེར་དྲུག །ཆུ་ཚོད་དགུ །སྲང་སོ་བདུན། རི་རོ་ཆ་ཞེ་གཅིག སྒྲ་གཅན་ཟླ་འཕྲོ་གོ་ལྔ། ཚེས་ཟླ་མཁའ་མེས་བསྒྱུར་བ་གནས་གསུམ་བཞག་པ་གཟའ་ལྔ་བཞིན་བསྒྲུབ་པས། གཟུགས་རི་དུས་དབང་ཆུ་སྐྱོན་མཁའ། སྦྲུལ་མཁའ་འབྱུང་། གཟའ་མེ་དུས་སྲིན། བུག་སྲིན་རི་དབང་ཀླུ་སྐྱོན་དང་། དུས་མིག་འཆར་བ་ཉིན་ཞག་གྲངས། འདི་ལ་གནས་གཞན་ཉེར་བཞི་ཡོད། ཆུ་རོ་ཆ་སོ་གཅིག །རི་མཁའ་རི་ཆ་བཞི་བརྒྱ་གོ་གཅིག ཆུ་རོ་རི་མཁའ་རི་ཆའི་ལྷག་འདི་ལ་བསྒྲུབ། ཚེས་གཟའི་དབྱུག་མན་འགྲུབ། རང་རང་འཁོར་ལོས་བགོས་པའི་ལྷག་མ། བཀྲ་ཤིས་བཞི་བརྒྱ་གོ་བདུན། ཟླ་སྐྱེས་བརྒྱ་ཆ་ལྔ་སྟོང་དྲུག་བརྒྱ་སོ་གསུམ། བླ་མ་ཉིས་བརྒྱ་སོ་གཅིག །དཀར་པོ་བཅུ་ཆ་སུམ་བརྒྱ་ཉེར་དགུ །དལ་འགྲོ་ལྔ་བརྒྱ་ཉེར་ལྔ། ཟད་པ་མེ་སྟག་དུས་འཁོར་ཕེབ་པའི་ལོའི་གནམ་སྟོང་ལ་དུས་གཅིག་ཏུ་འགྲིག །དཀར་རྒྱུད་སྤྱི་མེས་མར་སྟོན་ཆོས་ཀྱིས་བློ་གྲོས་དགུང་ལོ་དྲུག་གཞེས་པའི་མཐའ་བདུན་པའི་ཐོག་མ་ཡིན་ནོ། །འདི་ནས་ཡར་གྲངས་པའི་ལོ་ཉིས་སྟོང་བརྒྱད་ཅུ་རྩ་ལྔ་པ་སྟོན་པས་བདུན་ཅུ་རྩ་དགུ་གཞེས་པ། སྣ་ཚོགས་ཆུ་ཕོ་རྟ་ལོ་ནག་པ་ཟླ་བའི་ཚེས་བཅོ་ལྔའི་ཟླ་ཉི་ཤར་ནུབ་ཀྱི་འཚམས། དཔལ་ལྡན་འབྲས་སྤུངས་རྒྱལ་བའི་མཆོད་རྟེན་ཆེན་པོར་སེང་གེའི་ཁྲི་ལ་ཟས་གཙང་སྲས་པོ་ཞལ་ཤར་ལ་གཟིགས་ནས་འཁོད་པའི་མདུན་དུ། ཤམྦྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་མིའི་དབང་པོ་དགུ་བཅུ་རྩ་དྲུག་སོགས་མིའི་གདུལ་བྱ། ཚངས་པ་བྱ་བྱིན། དབང་ཕྱུག །ཁྱབ་འཇུག །གཞོན་ནུ་ཀརྟི་ཀ་སོགས་ལྷའི་རིགས་བསམ་གྱིས་མི་ཁྱབ་པ་མདོར་ན་གསང་སྔགས་ཀྱི་སྣོད་དུ་རུང་བའི་འཁོར་བསམ་གྱི་མི་ཁྱབ་པ་འདུས་པའི་དུས། སྟོན་པའི་མདུན་ཟླ་བ། རྒྱབ་ཉི་མ། དཔུང་གཡོན་སྒྲ་གཅན། དཔུང་གཡས་དུས་མེ་གནས་པ་གཟའ་བཞི་གནས་ཚུལ་འདི་དུས་འཁོར་རྩ་རྒྱུད་ལས་གསུངས་པ། དཔལ་ནཱ་རོ་པས་དབང་མདོར་བསྟན་གྱི་འགྲེལ་པར་དྲངས་པ་ལྟར་ཡིན་ཅིང་། ལོ་གྲངས་དེ་ལ་དྷྲུ་བ་ཡར་ལོག་བྱས་པས་གཟའི་གནས་ཚུལ་འདི་འགྲིག །སྣ་ཚོགས་ཆུ་རྟའི་གོང་ལྕགས་སྦྲུལ་ནས་ཡར་གྲངས་པའི་ཞེ་བཞི་པ། རྣམ་འཕྱང་ས་ཕོ་ཁྱི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་མོ་སྟོན་པ་སངས་རྒྱས་པ་དང་། ཟླ་བ་གཟས་ཟིན་པ་དང་། གྲགས་འཛིན་མ་ལ་ཁྱེའུ་གཅིག་བཙས་པ་དེའི་མིང་སྒྲ་གཅན་འཛིན་ཞེས་བཏགས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན། གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་གཟའ་བཞིའི་གནས་ཚུལ་བསྟན་བརྩིས་འདི་ཁ་ན་ལ་འགྲིག་ཅིང་། གཞན་བསྟན་བརྩིས་རྣམ་གྲངས་མི་གཅིག་པ་བཅུ་གཉིས་ཙམ་ཡི་གེར་བཀོད་ནས་འདུག་པ་གང་ལ་ཡང་མི་འགྲིག་པར་འདུག་གོ །བར་སྟོང་བརྩིས་འཕྲོ་འཁྲུལ་མེད་རྣམ་དག་བཀོད་པའི་སྐབས་སོ། །དྲུག་པ་ལག་ལེན་འཇུག་བདེ་བའི་དབང་དུ་བྱས་ནས། ལོ་རོ་མང་པོ་དོར་ནས་གསར་དུ་བཀོད་པ་ནི། རིགས་ལྡན་ཨ་ཛས་ཉུང་ངུའི་བྱེད་པ་སྦྱོང་བར་མཛད་པའི་མི་ཟད་མེ་ཁྱི་ནས། རབ་བྱུང་བཅུ་པའི་ས་སྐྱོངས་ཤིང་བྱ་ཡན། ལོ་བཅུ་དགུ་འདས་པ་ཡན་ལ་ལོ་བདུན་བརྒྱ་བརྒྱད་ཅུ་ཡོད་པ་ཕུད་ནས། མེ་ཟད་མེ་ཁྱི་འདས་པའི་ལོ། དེང་སང་གི་རྔ་ཆེན་ཆུ་ཁྱིའི་གོང་བློ་ངན་ལྕགས་བྱ་ཡན་སོ་དྲུག །དེ་ནས་ལོ་རེ་བཞིན་རེ་རེ་བསྲེ་དགོས། ལོ་དག་ཉི་མས་བསྒྱུར། ནག་ཟླ་ལ་སོགས་གང་བརྩིས་འདས་ལོ་བསྲེས། གནས་གཉིས་འོག་མ་ཆུ་བོས་བསྒྱུར། གྲུབ་བརྩིས་ལྷག་མེད་བྱེད་ན་མིག་ཕྱོགས་བསྲེས་དགོས་པ་ལ། འདིར་ད་ལྟ་བྱེད་བརྩིས་སྤྱི་དང་མཐུན་པའིི་ཕྱེད་དུ་གཟའ་རྐང་ཉེར་བརྒྱད་བློ་བུར་བྱིན་ནས་འཁོར་ལོ་ཕུད་པས། ལྷག་མེད་ནོར་གཅིག་བྱུང་བ་ཟླ་ལྷག་གཅིག་ཏུ་བྱས་ནས་གྲུབ་བརྩིས་བརྩིས་འཕྲོའི་སྟེང་དུ་བསྲེས་པས་དྷྲུ་བ་སྐྱོན་མེད་དུ་འཆར། ཟླ་ཤོལ་འཕྲོ་མེད་པར་བྱེད་བརྩིས་དང་མཐུན་པར་བྱས། ཆུས་བསྒྱུར་བ་མཁའ་མེ་ཟླ་བས་བགོས་པའི་ནོར་ཟླ་ལྷག་ཡིན། བརྩིས་འཕྲོ་འདི་ཁ བརྩམས་པ་ཚུན་གྱི་ལྷག་གི་གྲངས་ཤེས། ལྷག་མ་གཉིས་བྱུང་ན་ཚེས་བཅོ་ལྔའི་མཐར་ཟླ་ཤོལ་ལོངས། ཐིག་བྱུང་ན་གནམ་སྟོང་མཐའ་རུ་ཟླ་ཤོལ་ལོངས། རབ་བྱེད་དགུ་པ་ནས། ལྷག་མ་གཉིས་བྱུང་ངོ་ཐོག་ལྷག་ནི། ཚེས་བཅོ་ལྔའི་མཐར་ཟླ་ཤོལ་ལོངས་པ་དེ་དཀའོ། ཐིག་བྱུང་ཕྱི་མ་ཤོལ་ཟླ་ཡིན་ནི། ཟླ་བ་བསྲེས་པའི་གྲངས་དང་ཟླ་ཤོལ་ཏེ་གཉིས་བྱུང་བའི་ཕྱི་མ་དེ་ཟླ་ཤོལ་ཡིན། མཁའ་མེ་ཟླ་ལྷག་བཞིས་བགོས་པའི་ནོར་ཟླ་བ། ལྷག་མ་གཉིས་བྱུང་ཟླ་ཕྱེད། མཁའ་མེ་ཟླ་བའི་ལྷག་གིས་མཁའ་མེ་ཟླ་བ་ལ་སྦྱངས་པའི་ལྷག་བཞིས་བགོས་པའི་ནོར་ཟླ་བ། ལྷག་མ་གཉིས་བྱུང་ཟླ་བ་ཕྱེད་དེ། དེང་སང་ནས་བཟུང་ཟླ་བ་ཇི་ཙམ་ནས་ཟླ་ཤོལ་ཡོང་རྟོགས་པར་བྱེད་པ་ཡིན། སྔ་མ་དང་ཕྱི་མ་གཉིས་བསྲེས་ན་ཕྱེད་བཅས་སོ་གཉིས་འཆར། ཕྱེད་བཅས་སོ་གཉིས་ལ་ཟླ་ཤོལ་རེ་སོང་བའི་རྒྱུ་མཚན་གྱིས་སོ། །གལ་སྲིད་བརྩིས་གཞི་གཞན་དུ་ཟླ་རོས་བགོས་པ་ལྟ་བུ་ལ་ཡང་། བཞིའི་ཚབ་མ་གཉིས་ཀྱི་བགོད་པ་དང་། ལྷག་ཅིག་ཡོང་། གཞན་སྔ་མ་དང་རིགས་འདྲེ། གནས་བཞི་སྟེང་རིམ་ནི་གཟའ་དྷྲུ་གནས་བཞིའི་དོན་དུའོ། །སྟེང་རིམ་ནས་གཟུགས་དང་གཟུགས་མེད་དང་། མཁའ་ཟླ་དང་། མཁའ་ཀླུས་བསྒྱུར། བརྩིས་གཞི་འདི་ཀའི་མགོ་ཤིང་བྱ་དབོ་ཟླ་བའི་གནམ་གང་གི་གཟའི་རྟག་ལོངས་ན། གཟའ་དྲུག་དང་། ཆུ་ཚོད་མཁའ་མེ། སྲང་བུ་མཚོ། རི་མཁའ་རི་ཆ་བཞི་བརྒྱ་དང་བདུན་ཡོད་པ་མི་ཟད་མེ་ཁྱིའི་གཟའ་དྷྲུ་ཡིན་པས་དེ་རིམ་པ་བཞིན་བྱིན། འོག་ནས་རང་འཁོར་ཕུད་པས་གཟའ་དྷྲུ་རྣམ་དག་འཆར། ཟླ་དག་གནས་གཉིས་སྟེང་མ་མིག་དང་། འོག་མ་གཟུགས་ཀྱིས་བསྒྱུར། སྟེང་མར་གཉིས་དང་། འོག་མར་གོ་བཞི་བསྲེ་བ་ནི། མི་ཟད་པ་མེ་ཁྱི་ནག་པའི་ཆ་རིལ་བསྲེས་པ་ཡིན་ནོ། །འོག་མ་དུས་ཉིས་བགོས། ནོར་སྟེང་དུ་བསྲེས། ཀླུ་ལག་གི་ལྷག་སྟེང་རིལ་པོ་འོག་ཆ་ཤས་ཡིན། ཉི་མའི་དྷྲུ་བའི་དོན་དུ་ཟླ་དག་གནས་བཞི་བཞག །སྟེང་ནས་གཉིས་དང་། ཕྱོགས་དང་། ཀླུ་དབང་དང་། ཡིད་ཀྱིས་བསྒྱུར། ཤིང་བྱ་དབོ་ཟླ་བའི་གནམ་གང་གི་རྟགས་ལོངས་ན། སྐར་གནས་ཐིག་ཆུ་ཚོད་ཉེར་བརྒྱད། སྲང་བཅུ་གཉིས། རི་རོ་ཆ། སོ་དྲུག་ཡོད་པ་འདི་མི་ཟད་པ་མེ་ཁྱིའི་ཉི་དྷྲུ་ཡིན་པས་རིམ་པ་བཞིན་བྱིན། རང་འཁོར་ཕུད་པས་ཉི་མའི་དྷྲུ་བ་རྣམ་དག་འཆར། སྔ་དྷྲུ་རང་རང་བསྒྱུར་བྱེད་ཡིན། ཕྱི་མ་ཕྱི་མ་འཆར་རོ། །ཟླ་ཤོལ་འཕྲོ་ལ་བརྟེན་ནས་ཉི་མའི་དྷྲུ་བ་ཤེས་པར་འདོད་ན། ཟླ་ཤོལ་འཕྲོ་གང་ཡོད་ཀྱི་སྟེངས་ནས་ཉི་ཤུ་རྩ་བརྒྱད་སྦྱངས། མ་ལྡང་ན་མཁའ་མེ་ཟླ་བ་བསྣན་ནས་སྦྱངས། ལྷག་གྲུབ་བརྩིས་ཀྱི་མཁའ་མེ་ཟླ་ལྷག་རྣམ་དག་འཆར། ལྷག་དེ་གནས་བཞི་བཀོད། སྟེང་ནས་ཐིག་དང་གཟུགས་དང་། ཐིག་དང་། སུམ་ཅུས་བསྒྱུར་ནས་འོག་ནས་རི་རོ་མཁའ་རོ་དང་མཁའ་རོས་ཕུད་པའི་ལྷག་མས། ནག་པ་ཟླ་བ་ལ་འཁོར་ལོ་ཏེ་ཉེར་བདུན། ས་ག་ཟླ་བ་ལ་མིག་ཚེས་ལ་སྦྱངས་པས། ནག་པའི་ཉི་དྷྲུ་སོགས་འཁྲུལ་མེད་དུ་འཆར་རོ། །ཁྱིམ་གྱི་རྫོགས་ཚད། འཁོར་ལོ་ཉ་རྫོགས། ལུག་ཁྱིམ། མིག་ཚེས་ལུག་རྫོགས་གླང་། གནས་ཆུ། ཆུ་ཚོད་སུམ་ཅུ། གླང་རྫོགས་འཁྲིག་འཁྱིམ། སྐར་དྲུག་ཆུ་ཚོད་ཞེ་ལྔ།། འཁྲིག་རྫོགས། ཀརྚའི་ཁྱིམ། སྐར་བུག་ཆུ་ཚོད་ཐིག །ཀརྚ་རྫོགས། སེང་གེ་ཁྱིམ། སྐར་མ་བཅུ་གཅིག །ཆུ་ཚོད་བཅོ་ལྔ། སེང་གེ་རྫོགས། བུ་མོའི་ཁྱིམ། སྐར་མ་བཅུ་གསུམ། ཆུ་ཚོད་སུམ་ཅུ། བུ་མོ་རྫོགས། སྲང་ཁྱིམ། སྐར་གནས་བཅོ་ལྔ། ཆུ་ཚོད་ཞེ་ལྔ། སྲང་རྫོགས། སྡིག་ཁྱིམ། སྐར་གནས་བཅོ་བརྒྱད། ཆུ་ཚོད་ཐིག །སྡིག་པ་རྫོགས། གཞུ་ཁྱིམ། སྐར་གནས་ཉི་ཤུ། ཆུ་ཚོད་བཅོ་ལྔ། གཞུ་རྫོགས། ཆུ་སྲིན་ཁྱིམ་སྐར་གནས་ཉེར་གཉིས། ཆུ་ཚོད་སུམ་ཅུ། ཆུ་སྲིན་རྫོགས། བུམ་པའི་ཁྱིམ། སྐར་གནས་ཉེར་བཞི། ཆུ་ཚོད་ཞེ་ལྔ། བུག་ཁྱིམ་རྫོགས། ཉ་ཁྱིམ་སླེབ། དྷྲུ་བ་ཟླ་བ་སོ་སོའི་སྦྱངས་གཞི་འདི་རྣམས་ཡིན་ནོ། །ཐིག་གཟུགས། ཐིག་མཁའ་མེ་བསྒྱུར་བའི་རྒྱུ་མཚན། ཟླ་གཅིག་ཉི་མའི་ཡེ་ཤེས་ཆ། ཁྱིམ་ཟླ་མིག་ཚེས་ལ་ཚེས་ཟླ་མིག་ཕྱོགས་ཀླུ་དབང་མ་ནུ་སྦྱངས་པས་གནས་ཐིག །ཆུ་ཚོད་བཞི་སྲང་གཟུགས། རི་རོ་ཆ་ང་གསུམ་ཡོད་པ་ཡེ་ཤེས་དེ། ཟླ་བ་གཅིག་གི་གཞི་ཆར་གཏོང་དགོས་པས་བཞི་དགོས་པར་འཆར་རོ། །མཁའ་མེ་ཟླ་ལྷག་གྲུབ་བརྩིས་བཅོས་པ་དེ་ལ། གཟའི་དྷྲུ་བ་ཤེས་པར་འདོད་ན། མཁའ་མེ་ཟླ་བའི་ལྷག་གནས་ལྔར་གཞག །སྟེང་ནས་མཁའ་དང་། འདོད་པ་དང་། རི་མེ་སོ་བདུན་དང་། མཆུ་མཚོ་དབང་པོ་དང་། རོ་རྣམས་ཀྱིས་སྟེང་ནས་རིམ་པ་བཞིན་བསྒྱུར། འོག་ནས་འདོད་པ་དང་རི་མཁའ་རི་དང་། མཁའ་རོ་དང་། མཁའ་རོ་དང་། རི་ཡིས་བགོས། ལྷག་མས་ལོ་འཕོའི་གཟའ་ལ་སྦྱངས་པས་ནག་པོའི་གཟའ་དྷྲུ་འཆར། ཟླ་གཞན་ཁྱིམ་པོའི་གཟའ་ལ་སྦྱངས་པས་གཟའ་དྷྲུ་རྣམས་འཆར་རོ། །འདིར་དྲི་མེད་འོད་ལས། གནས་གསུམ་དབུས་མ་སོ་ཡིས་བསྒྱུར་བ། འོག་མ་རོས་ཐོབ་པར་ལ་སྦྱངས་པས། བྱེད་པ་རང་དག་པ་ལ། ཆུ་ཚོད་སོ་གཅིག །སྲང་ལྔ་བཅུ་ཡོད་པའི་སྟེང་དུ་ཆུ་སྲང་བཅུ་བློ་བུར་དུ་བྱིན་ནས། དྲུག་ཅུ་ལོངས་པ་འཁོར་ལོ་ཕུད་པས། ཆུ་ཚོད་གཅིག་གོང་མར་བསྲེས་པས། གནས་གསུམ་དབུས་མ་སོས་བསྒྱུར་བ་དེ་བྱུང་། བཅུ་བློ་བུར་དུ་བསྲེས་པའི་སྐྱོན་འདོན་པའི་ཕྱིར། འོག་མ་རོས་ཐོབ་པ་ཟླ་བ་དྲུག་དྲུག་ནས་ཆུ་ཚོད་རེ་ལོངས་པ་དེ་སྦྱངས་པ་ཡིན། སྟེང་འོག་མིག་དང་སུམ་ཅུ་བསྲེས། ཞེས་པ་བཀྲ་ཤིས་ལ་སོགས་པ་ནུབ་པ་དང་། ཉི་མ་ལ་སོགས་པ་གསལ་བའི་དོན་དུའོ། །ཞེས་པ། གྲུབ་མཐར་གཟའ་གཉིས་འདྲ་བ་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་ལྷག་ཙམ་ལས་མ་བྱུང་བས། ལོ་ཉིས་བརྒྱ་ཉེར་གཅིག་གི་གཟའི་ཉུང་ཆ་རྣམས་སྡོམས་པས། ཆུ་ཚོད་ལྔ་ལྷག་ཙམ་བྱུང་བ་སྔ་མའི་དོན་དུ་བསྣན་པས་ཆུ་ཚོད་སུམ་ཅུར་སོང་བ་ཡིན། འདིར་རབ་བྱུང་པོའི་མགོ་བོར་གཟའ་རྣམ་དག་འཆར་བས། བྱེད་པ་ལས་ཀྱང་གཟའ་འགྲུབ་པའི་ཕྱིར་ཞེས་གསུངས། བྱེད་པ་ལ་སོགས་པའི་བརྩིས་གཞི་གཞན་རྣམས་ལ་ཅི་བྱས་ནས་སྒྲུབས་ཀྱང་འདི་མི་འཆར་རོ། །ལོ་ཕྱི་མའི་དྷྲུ་བ་བདེ་བླག་ཏུ་རྟོག་པར་འདོད་ན། སྔ་ལོའི་དྷྲུ་བ་བཅུ་གཉིས་རིམ་པ་བཞིན་བཀོད། གཟའ་བཞི། ཆུ་ཚོད་ཉེར་གཉིས། སྲང་གཅིག རི་མཁའ་རི་ཆ་ཉིས་བརྒྱ་ང་གསུམ། རིལ་པོར་ཉེར་བཞི། ཆ་ཤས་བཅུ་གཉིས། ཉི་སྐར་ཉེར་དྲུག །ཆུ་ཚོད་གཅིག ཆུ་སྲང་སོ་བརྒྱད། རི་རོ་ཆ་སོ་བཞི་དྷྲུ་བ་བཀོད་པ་བཅུ་གཉིས་ལ་མ་ནོར་སོ་སོར་བྱིན། རང་འཁོར་ཕུང་པས་ཕྱི་ལོའི་དྷྲུ་བ་བཅུ་གཉིས་འཁྲུལ་མེད་འཆར། ལོ་དག་དང་ཟླ་དག་ལ་ཡང་རེ་རེ་བསྣན་པས་ལོ་ཟླ་ཡང་དག་འཆར་རོ། །སྣོན་པར་བྱེད་པ་རྣམས་རང་རང་བསྒྱུར་བྱེད་རྣམས་ཉི་མས་བསྒྱུར་ནས་རང་རང་འཁོར་ལོ་ཕུད་པ་དེ་ཡིན། ཚེས་བརྩིས་རིམ་པ་བཞིན་བྱེད་པ་ནི། གཟའ་དྷྲུ་ཆུ་ཚོད་བུག་མདའ་སོགས་ནས་སྦྱོར་བྱེད་ཡན་ལག་ལྔ་ཡིན་ནོ། །ཞེས་པའི་བར་གཞུང་གི་གསལ་ཞིང་གོ་བདེ་ལ། རྒྱུ་མཚན་ཕྲན་བུ་དགོས་པ་རྣམས་གོང་མེ་མཁའ་རྒྱ་མཚོར་ཞིབ་པར་བཀོད་ཡོད་པས་འདིར་མ་བཀོད། ཁམས་ལེའི་ཚིག་བཅད་སོར་བཞི་པར་གསུངས་པའི་ཉི་རྐང་ཁྱིམ་འཕོ་འཚམས་བཅུ་གཉིས་ཀྱི་རྐང་སྡོམ། དུས་རོ་སྦྲུལ་བཅུ། དྲག་དྲག་འཕྲོག་བྱེད་ཕྱོགས་ཀླུ་རོ་མེ་ཐིག་ཡོད་ཅིང་། བགྲོད་མཐར་བྱང་དང་ལྷོར་ནོར་དང་བུ་ལོན་ཟླ་འཕོའི་དབྱེ་བས་བསྒྱུར། ཟླ་དྲུག་ཕྱོགས་དབྱེ། ཟླ་བ་དྲུག་ལ་ཕྱོགས་བཅུ་གཉིས། ཡང་དྲུག་པ་ལ་ཕྱོགས་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞི། རིའུ་མིག་གནས་གཉིས་ཀྱི་རྩ་བ་འདི་ཡིན་ཅིང་། འདི་རང་བྱས་ཆུ་ཚོད་བཞི་ལྔ་ཙམ་གྱིས་མང་ཉུང་གི་ཁྱད་ཡོང་གྱི་འདུག་པས། རིའུ་མིག་ཅུང་ཟད་སྤར་ནས་བྱང་བགྲོད་ལ་རིའུ་མིག་ཉེར་གཉིས། ལྷོ་བགྲོད་ལ་ཉེར་གཉིས་ཏེ་སྡོམ་པས་བཞི་བཅུ་རྩ་བཞིར་སྤེལ། རྐང་པའི་འཕོ་འཚམས་སུ་བྱ་ར་བའི་སྟབས་ཀྱི་ཆུ་ཚོད་རེ་ཙམ་མི་འགྲི་པ་སྲིད་ཀྱང་ཕལ་ཆེར་ཐེར་བརྩིས་རྒྱབ་པ་དང་ཁྱད་མེད་འཆར་རོ། །འདི་བསྒྲུབ་པའི་རྩ་བ་ཁྱིམ་ཞག་ཡུལ་ལོངས་གཅིག་ལ། ཆུ་ཚོད་བཞི། ཆུ་སྲང་སུམ་ཅུ། བྱ་ར་བ་རྣམས་དང་འོག་གི་ནོར་བུ་ལོན་གྱི་རྐང་ལོངས་འདི་ལ་བརྟེན་ནས་འཆར་བས་ཀུན་གྱི་རྩ་བ། ཀརྐ་ཊ་ནས་གཞུའི་བར་ཁྱིམ་དྲུག་ལྷོ་བགྲོད། ཆུ་སྲིན་ནས་འཁྲིག་པའི་བར་ཁྱིམ་དྲུག་བྱང་བགྲོད་དུ་ཤེས་པར་བྱས་ནས། ཀརྐ་ཊ་གཞུ་ཆུ་སྲིན་འཁྲིག་པ་བཞི་རྐང་པ་དྲུག་ལ་ལོངས་སྤྱོད་པས། ཞག་ལྔར་ཆུ་ཚོད་རེ་འཕེལ་བ་དང་འགྲིག་པ་ཞག་ལྔའི་རྟགས་ལོངས་གཅིག་ལ་གནས་ཐིག །ཆུ་ཚོད་ཉེར་གཉིས། ཆུ་སྲང་སུམ་ཅུ་ཡོད། དེ་ཡང་ཁྱིམ་ཞག་གཅིག་ལྔས་བསྒྱུར་བ་ཡིན། སེང་གེ། སྡིག་པ། བུམ་པ། གླང་བཞི་པོ་རྐང་པ་བཞི་ལ་སྤྱོད། ཁྱིམ་ཞག་ཡུལ་ལོངས་གཅིག་རིས་བསྒྱུར། རང་འཁོར་ཕུད་པའི་སྟེང་དུ་ཡུལ་ལོངས་གཅིག་གཉིས་ཀྱིས་བགོས་པའི་ནོར་སྔ་མའི་སྟེང་དུ་བྱིན་པས། གནས་ཐིག །ཆུ་ཚོད་སོ་གསུམ། ཆུ་སྲང་ཞེ་ལྔ་ཡོང་། བུ་མོ། སྲང་། ཉ། ལུག་བཞི་རྐང་པ་གཅིག་ལ་སྤྱོད་པ་ཞག་སུམ་ཅུ་ན་འཕེལ་བ་དང་འགྲིབ་པར་བྱེད་པས་ཟླ་གཅིག །སྐར་གནས་མིག །ཆུ་ཚོད་བཅོ་ལྔ་ལ་ཆུ་ཚོད་རེ་ལོངས་སྤྱོད་པ་ཡིན་ནོ། །གཞུ་ཆུ་སྲིན་གྱི་ཁྱིམ་འཚམས་ཉིན་མོ། །གནས་ཉི་ཤུ། ཆུ་ཚོད་བཅོ་ལྔ། ཆུ་སྲང་ཐིག །རྐང་པ་དྲུག་ལ་སྤྱོད་པའི་དུས་གནས་ཐིག །ཆུ་ཚོད་ཉེར་གཉིས། སྲང་སུམ་ཅུ། རིམ་པ་བཞིན་བྱིན་པས་ཕྱི་མ་ཕྱི་མ་འཆར་ཏེ། རིའུ་མིག་བདུན་གྱི་བར། ཆུ་སྲིན་རྫོགས། བུམ་པ་ཚུགས། དེ་ནས་ཞག་ཕྱེད་དང་བརྒྱད་སྡོམས་པའི་རྟགས་ལོངས། གནས་ཐིག །ཆུ་ཚོད་སོ་གསུམ། སྲང་ཞེ་ལྔ་ཡོད་པ་སྔ་མའི་རིའུ་མིག་གི་འཕྲོ་ནས་རིམ་པ་བཞིན་བཞིའི་བར་བྱིན་པས་རིའུ་མིག་བཅུ་གཅིག་མཐར། བུམ་རྫོགས། ཉ་ཚུགས། ཟླ་གཅིག་གི་རྟགས་ལོངས། གནས་ཐིག །ཆུ་ཚོད་བཅོ་ལྔ། སྲང་ཐིག་རིའུ་མིག་བཅུ་གཅིག་སྟེང་དུ་བསྣན་པས་ཉ་རྫོགས། ལུག་ཚུགས། སླར་ཟླ་བ་གཅིག་པོ་བྱིན་པས་ལུག་རྫོགས། གླང་ཚུགས། སླར་ཡང་གོང་གི་གནས་ཐིག །ཆུ་ཚོད་སོ་གསུམ། ཆུ་སྲང་ཞེ་ལྔ་སྔར་གྱི་འཕྲོར་རིམ་པ་བཞིན་བསྣན་པས། ཕྱི་མ་ཕྱི་མ་འཆར་ཏེ་ལན་བཞི་བསྣན། གླང་རྫོགས། འཁྲིག་ཚུགས། དེ་ནས་གོང་གི་གནས་ཐིག །ཆུ་ཚོད་ཉེར་གཉིས། ཆུ་སྲང་སུམ་ཅུ་ལན་ལྔ་རིམ་པ་བཞིན་བསྣན་པས། རིའུ་མིག་ཉེར་གཉིས། འཁྲིག་རྫོགས། ཀརྚ་སླེབ། ལྷོ་བགྲོད་ཟླ་བ་དྲུག་གི་མགོ་ཚུགས། རིའུ་མིག་ཉི་ཤུ་རྩ་གཉིས་གོང་བཞིན་བྱིན་པས་འཆར། ཆུ་སྲིན་སོགས་ཟླ་བ་དྲུག་གི་རིའུ་མིག་ཉེར་གཉིས། སྐར་དྲུག་ཆུ་ཚོད་ཞེ་ལྔ་སྦྱངས་སོགས་ཀྱིས་ཉི་རྐང་བསྒྲུབ་པས་རིའུ་མིག་དང་པོར་ཐིག །གཅིག གཉིས། གསུམ། བཞི། ལྔ། དྲུག །བདུན། བརྒྱད། དགུ །བཅུ་ཐམ་པ། བཅུ་གཅིག་རྐང་འཚམས་སླེབ་པ་ཡིན། ཕྱི་རྐང་བཅུ་ཐམ་པ། དགུ །བརྒྱད། བདུན། དྲུག །ལྔ། བཞི། གསུམ། གཉིས། གཅིག་བྱང་བགྲོད་མགོ་རྩོམ་པས་ཉི་མ་ཐུང་དུ་འགྲོ་བའི་རྒྱུ་མཚན་གྱི་འབྲིད་པ་ཡིན། སྣོན་འབྲིང་འདི་རྣམས་འབྲིང་དུ་བཀོད་པ་ཡིན། རགས་པ་བསྡུས་རྒྱུད་བཞིན་བྱས་ཀྱང་ལམ་པ་འགྲིག་ཡོང་། ཟླ་རྐང་བཅུ་བཞི་པོ་བསྒྲུབ་པར་འདོད་ན། རིའུ་མིག་དང་པོ་ལ་ཐིག་ནས་བཅུ་གསུམ་གྱི་བར་བྱ་ར་བ་བཅུ་བཞི། དེའི་འོག་གི་དུས་ཉིའི་ཆ་ཤས་ཀྱི་རིའུ་མིག་འཕྲེང་དྲུག་ལ་བསྡུས་པའི་དང་པོར་རྐང་སྡོམ་འགོད་ལུགས། སྟོང་ལ་སྟོང་པ་རྣམ་པར་དག་ཅེས་པ་ལྟར་དང་པོར་ཐིག །ཟླ་བ་དང་། བཅུ་གསུམ་ལ་ལྔ། མིག་དང་ཉི་མར་བཅུ། མེ་དང་དྲག་པོར་བཅོ་ལྔ། རྒྱ་མཚོའི་ཕྱོགས་ལ་བཅུ་དགུ །མདའ་དང་བུག་ཉེར་གཉིས། དུས་དང་ཀླུ་ལ་ཉེར་བཞི། ཐུབ་པ་ལ་ཉེར་ལྔ། འདི་ཤར་ན་རྐང་འཚམས་སུ་སླེབ་པས། འདི་ནས་བརྩམས་ཕྱི་རྐང་རྣམས་ལ་འབྲིད་དགོས། བྱ་ར་བ་དྲུག་ཡན་ལ་བསྣན་པས་ཆོག །རིའུ་མིག་འབྲིང་པོ་འདི་ལ་གཅིག་ནས་ཉེར་ལྔའི་བར་ཐིག་ནས་རྐང་འཛིན་དྲུག་ཡན་ཆུ་ཚོད་གཉིས་པོ་བསྲེ་ཞེས་པའི་གནད་ཀྱི་རྐང་སྡོམ་ཡང་དག་རྒྱུ་བསྲེ་དགོས། རིའུ་མིག་རྒྱས་པར་བྱེད་ན་ཆུ་སྲང་མན་བྲིས་ནས་འཇོག །འབྲིང་པོ་འདི་ལ་ཆུ་ཚོད་གཅིག་པོ་ཡིན། རིའུ་མིག་དང་པོའི་དྲུག་ཡན་རྐང་སྡོམ་རང་གནས། རྐང་འཛིན་བདུན་མན་ཆད་སྡོམ་བཀོད་པ་ལས་རེ་རེ་འཕྲི་ནས་བཀོད་པ་ནི། ཆུ་ཚོད་མ་ཐོབ་ཀྱང་ཆུ་སྲང་གིས་སྦྱངས་པའི་དོན་དུ་ཆུ་ཚོད་ནས་རེ་རེ་ཕབ་པ་བཀོད། རིའུ་མིག་གཉིས་པ་ཉེར་དྲུག་ནས་ལྔ་བཅུའི་བར་དང་པོ་གཉིས་པ། གསུམ་པ་ལ་རེ་རེ་འཕེལ། བཞི་ནས་བཅུ་གཅིག་བར་གོང་དང་འདྲ། བཅུ་གཉིས་ནས་བཅུ་བཞིའི་བར་རེ་རེ་འཕྲི། རིའུ་མིག་གསུམ་པ་དང་གཅིག་ནས་དོན་ལྔའི་བར་གྱི་ཆ་ཤས་གཅིག་ནས་ལྔའི་བར་རེ་རེ་འཕར། དྲུག་ནས་དགུའི་བར་གོང་འདྲ། བཅུ་ནས་བཅུ་བཞིའི་བར་རེ་རེ་འཕྲི། རིའུ་མིག་བཞི་པ་ཆ་ཤས་དོན་དྲུག་ནས་བརྒྱའི་བར་གཅིག་ནས་དྲུག་གི་བར་རེ་རེ་འཕར། བདུན་བརྒྱད་གོང་འདྲ། དགུ་པར་གཅིག་འཕྲི། བཅུ་པ་བཅུ་གཅིག་གོང་འདྲ། བཅུ་གཉིས་མན་ལ་རེ་རེ་འཕྲི། རིའུ་མིག་ལྔ་པ་ཆ་ཤས་བརྒྱ་གཅིག་ནས་བརྒྱ་ཉེར་ལྔའི་བར་རིའུ་མིག་བཞིའི་བར་རེ་རེ་འཕར། ལྔ་ནས་དགུའི་བར་གོང་འདྲ། བཅུ་པ་ནས་གཅིག་འཕྲི། བཅུ་གཅིག་པ་གཉིས་འཕྲི། བཅུ་གཉིས་མན་རེ་རེ་འཕྲི། རིའུ་མིག་དྲུག་པ་ཆ་ཤས་དུས་ཉི་དུས་ཉིས་བགོས་པར་ཐིག་ལེ་འཆར། དེ་རྐང་གཟུང་སྔན་མས་བསྒྱུར་རྒྱུ་མེད་པས། རིའུ་མིག་དང་པོ་ནས་བརྩམས། སྟོང་ལ་སྟོང་པ་རྣམ་པར་དག །ཟླ་བ་དང་ནི་བཅུ་གསུམ་ཟླ་སོགས་རྐང་སྡོམ་བཀོད་ནས་བཞག་པ་དེ་ཀ་ཡིན། ཟླ་རྐང་གནས་བཞིར་བྱེད་ན་ཆ་ཤས་གཅིག་ལྔས་བསྒྱུར་བ་དུས་ཉིས་བགོས་པས། ཡང་དག་རྒྱུ་བའི་ཆུ་ཚོད་ཐིག །སྲང་གཉིས། དབུགས་གཉིས། མ་ནུ་ཆ་བཞི་ཡོད་པ་འདི་གནས་གསུམ་དུ། ཆ་ཤས་གཅིག་ཆུས་བསྒྱུར་བ་དུས་ཉིས་བགོས་པས། ཡང་དག་རྒྱུ་བའི་ཆུ་ཚོད་ཐིག །སྲང་གཅིག །དབུགས་ལྔ། མ་ནུ་ཆ་དྲུག་རང་བསྐྱང་། ཆ་ཤས་གཅིག་གི་གསུམ་གྱིས་བསྒྱུར། དུས་ཉིས་ཐོབ་པ་དབྱུགས་ཐིག །སྲང་གཅིག །དབུགས་གཉིས། མ་ནུ་བརྒྱད་རང་། ཆ་ཤས་གཅིག་གཉིས་ཀྱིས་བསྒྱུར། དུས་ཉིས་བགོས་ཐོབ་དབྱུག་ཐིག །སྲང་ཐིག །དབུགས་ལྔ། མ་ནུ་ཆ་དགུ་རང་། ཆ་ཤེས་གཅིག་གཅིག་གིས་བསྒྱུར། དུས་ཉིས་བགོས། དབྱུག་སྲང་ཐིག །དབུགས་གཉིས། མ་ནུ་ཆ་བཅུ་གཉིས་རང་། འདི་ཡན་སྔ་རྐང་སྣོན་པ། ཕྱི་རྐང་རི་མོ་འདི་ཀ་མགོ་ཞབས་ཟློག་ནས་སྦྱངས་པས། ཟླ་རྐང་གནས་བཅུ་བཞི། ཆུ་ཚོད་སོགས་གནས་བཞིར་བྱས་པ་རྣམ་དག་འཆར། དེའི་སྟེང་དུ་སྣོན་འབྲིད་འདི་ཁ སྔ་རྐང་སྦྱིན། ཕྱི་རྐང་འཕྲི་བས། དུས་ཉིའི་འཁོར་ལོ་བརྒྱ་ཉི་ཤུ་རྩ་དྲུག་གི་བར་འཁྲུལ་མེད་དུ་འཆར་རོ། །འདི་ནི་བློ་གྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་བཀོད་པ་ཡིན། རིའུ་མིག་འབྲིང་པོ་སྦར་འཛིན་བྱེད་པའི་མན་ངག་ནི། གཟའ་ཉི་གཉིས་ཀྱི་རྟག་ལོངས། གཟའ་གཡོན། ཉི་མ་གཡས་སུ་བཀོད། ཟླ་བ་སོ་སོའི་དྷྲུ་བ་རྣམ་དག་བཙལ་བ། ཆུ་སྲང་ང་དགུ་ང་བརྒྱད་ང་བདུན་ང་དྲུག་ད་ལྔ་ད་བཞི་ང་གསུམ་ང་གཉིས་ང་གཅིག་ལྔ་བཅུ་ཞེ་དགུའི་བར་འདུག་ན་གཟའ་དྷྲུ་གཉིས་ཀ་ལ་ཆུ་ཚོད་རེ་རེ་སྤར་བས་ཆོག །དེ་བས་ཉུང་བ་རྣམས་ལ་ཆུ་སྲང་ཆུ་ཚོད་དུ་ལོངས་ཁར་ཆུ་ཚོད་རེ་སྤར། གཟའ་དྷྲུ་ཉི་དྷྲུ་སྤྱིར་ནོར་དུ་བྱས་ནས། སྔར་གྱི་རྟགས་ལོངས་བཀོད་པ་རྣམས་ལ་སོ་སོའི་མ་ནོར་བར་བྱིན་པས་གཟའ་ཉི་བར་པ་འཆར། ཉི་རྐང་དང་བྱ་ར་བའི་སྐར་གནས་ཆུ་ཚོད་བསྟུན། ཉི་རྐང་སྣོན་འབྲིད་གཟའ་ཉི་གཉིས་དར་བྱེད། རིལ་པོར་ཚེས་བྱིན་ཡིད་ཀྱིས་བགོས། རྙེད་ནོར་མཉམ་པ་སྣོན། མི་མཉམ་པ་ལ་འབྲིད་པར་ཤེས་པར་བྱེད་པའི་མཚན་མ་ཡིན། ལྷག་མས་གཟའ་རྐང་གི་རིའུ་མིག་འཛིན། ཆ་ཤས་རིའུ་མིག །ཟླ་བ་གང་ཡིན་གྱི་ཆ་ཤས་དང་རིའུ་མིག་མཐུན་པ་བྱས། རྙེད་པ་མཉམ་པ་རྣྱམས་ལ་ཐིག་ནས་བཟུང་། རྐང་འཛིན་བྱ་ར་བ་གང་ཡིན་གྱི་འོག་ནས་རིའུ་བཅུ་བཞི་མ་རྫོགས་པར་དུ་སྣོན་པ་ཡིན། འཚམས་མ་ནོར་བ་བྱས། ཐིག་ནས་བཅུའི་བར་འབྲིད་པ་ཡིན། ཕྲི་བའི་འཚམས་དེ་ནས། སླར་ཐིག་ནས་བཟུང་གཟའི་ཆུ་ཚོད་དུ་སྟེར་བ་སོགས་འཁོར་ཡུག་ཏུ་འགྲོ་བས་ཟླ་བ་འཕོས་ཀྱང་ཆ་ཤས་མ་ནོར་བའི་རྐང་འཛིན་སླར་སྟེར་རྒྱུའི་མགོ་རུ་ཤོག་ཚག་རྒྱབ། རིགས་པ་སྒྲུང་ནས་མ་ནོར་བར་བསྐོར་ནས་ལོ་གཅིག་ལ་རྐང་པ་འཛིན་ཐེངས་གཅིག་གིས་ཆོག །འཁྲུལ་པ་བྱུང་ན་སྦར་འཛིན་མཛོད། ཉི་དག་གནས་གཉིས་གཅིག་ལ། ཟླ་རྐང་རིའུ་མིག་མ་ནོར་བྱིན། གཟའ་ཡི་ཆུ་ཚོད་མན་གྱི་སྦྱངས། ཟླ་བའི་སྐར་མ་དག་ཅིང་། ཉི་ཟླ་གཉིས་བསྲེས་སྦྱོར་བ་དང་། ཚེས་གྲངས་མིག་གིས་བསྒྱུར། ཟླ་བས་སྦྱངས་ལྷག །ཐུབ་པས་བགོས་ལྷག་བྱེད་པ་ཕྱི་མ་འཆར། བྱེད་བརྩིས་དང་གྲུབ་བརྩིས་དྷྲུ་བའི་ཁྱད་པར་ཙམ་མན་པ་ལག་ལེན་འདྲ། ཉི་མའི་རྟགས་ལོངས་མྱུར་དུ་ཤེས་པའི་ཕྱིར་བཞི་འཕར་དང་། དེས་ལྔ་འཕར་ཡོང་བའི་ཚེས་ངོས་བཟུངས་བ་ནི། གསུམ། དྲུག །དགུ། བཅུ་གཅིག །བཅུ་བཞི། བཅུ་བདུན། ཉི་ཤུ། ཉེར་གཉིས། ཉེར་ལྔ། ཉེར་བརྒྱད་རྣམས་ལ་ལྔ་འཕར། གཞན་ཐམས་ཅད་བཞི་འཕར་ཤེས་པར་མཛོད། ད་ནི་རབ་བྱེད་དགུ་པ་སྐལ་ལིའི་རིའུ་མིག་རྒྱས་པར་བཤད་པ། བདེ་བླག་ཏུ་སྒྲུབ་པར་བྱེད་ན། ཉི་ཚེས་ཡུལ་གྱི་རྟགས་ལོངས་གཅིག་དང་། གཟའ་ཚེས་དུས་ཀྱི་རྟགས་ལོངས་གཅིག་ཞག་གསུམ་རྣམ་དབྱེར་བཤད་པ་ལྟར། གྲུབ་བརྩིས་རྣམ་དག་གི་རིའུ་མིག་སྒྲུབ་བམ། རབ་བྱེད་དགུ་པ་ལྟར་བསྡུས་རྒྱུད་ཀྱི་བྱེད་བརྩིས་རྟགས་ལོངས་ཉི་མར་དབྱུག་བཞི། སྲང་ཉེར་གཅིག །དབུགས་ལྔ། འདོད་ཆ་དགུ་ལ་བརྟེན་པ་དང་། གཟའ་ཚེས་དབྱུག་ང་དགུ །སྲང་གསུམ། དབུགས་བཞི་ལས་བརྟེན་ནས་བསྒྲུབ་པ་ཡིན་ནོ། །ཚེས་ཞག་གསུམ་བརྒྱ་དོན་གཅིག་ནི། ཞག་གཅིག་གི་རྟགས་ལོངས་གཅིག་སྟེངས་དུ་གཅིག་བྱིན་ནས་སུམ་བརྒྱ་དོན་གཅིག་གི་བར་དུ་སྤེལ་བས་འགྲུབ། རིའུ་མིག་ཕྲེང་གསུམ་ཐིག་བཏབ། དང་པོར་ཉི་མ་ཕྱེད་དག་གི་རིའུ་མིག་གཅིག་ནས་སུམ་བརྒྱ་དོན་གཅིག་བར། ལོ་བཅུ་གསུམ་རེ་ལོངས་ནས་དོན་གཉིས་པ་རེ་དགོས། དེས་མཚུངས་རིའུ་མིག་བར་མ་ལ་གཟའ། འོག་མ་ཉི་མ་གཉིས་ལ་ཉི་མའི་རྐང་ལོངས་གོང་གི་རིའུ་མིག་ཉི་མ་ཕྱེད་དག་ལ་བརྟེན་ནས་ངལ་དུབ་ལ་མི་འཛེམ་ན་རེ་རེ་བཞིན་རྐང་ལོངས་བསྒྲུབ་ནས་སྣོན་འབྲིད་བྱེད། མགྱོགས་སྟེར་བྱེད་ན། ཟླ་བ་རེ་ལ་ཞག་སོ་གཅིག་བྱས་པའི་ཟླ་འགོ་དང་ཟླ་ཞབས་གཉིས་རྩ་སྒྲུབ་བྱེད། དེ་བར་མགྱོགས་སྟེར་བྱེད་ན། ཉི་ཚེས་དུས་ཀྱི་རྟགས་ལོངས་གཅིག་ལོ་གཅིག་གི་སྤྱི་ནོར་དུ་བྱས་ནས། འབྱུང་བ་མེ་དང་ཟླ་བས་སོ་བགོས་པས་ཐོབ་པར་གྲུབ་བརྩིས་ལྟར་ན། གནས། ཆུ་ཚོད། རི་རོ་ཆ་བཞི་བརྩེགས། བྱེད་བརྩིས་ལྟར་ན་ཆུ་སྲང་ཡན་འདྲ། དེ་ནས་དབུགས། འདོད་ཆ་འདི་ལ་ལྷག་རེ་ལུས་ཀྱིས་ཡོད། ལྷག་དེ་ཡང་རི་མོས་བཅད་ནས་འོག་ཏུ་བཀོད་ནས་བཞག །བྱེད་གྲུབ་གང་བྱེད་ཀྱང་གནས་གསུམ་དུ་བཀོད། གནས་ཐམས་ཅད་ཟླ་བ་སྟེ་གཅིག་ཆུ་དང་། དུས་ཀྱིས་གནས་ཐམས་ཅད་མ་ནོར་བར་བསྒྱུར། རང་འཁོར་ཕུད་པ་དེ་ལ་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་ཟེར། རབ་ཉི་རྐང་དྲུག་པས་བསྒྱུར་བ། འབྲིང་ཉི་རྐང་བཞི་པས་བསྒྱུར་བ། དམན་པའམ་ཐ་མ་ཉི་རྐང་གཟུགས་ཀྱིས་བསྒྱུར་བས་མང་ཉུང་མེད་པར་དེ་དཀར་ནགས། སྐྱེས་བུ་གསུམ་པོ་དེ་སྣོན་འབྲིང་བྱེད་པའི་ཡུལ་རིའུ་མིག་དྲུག་བཀོད། གཡོན་ལ་གཟའ་ཚེས་རྟགས་ལོངས། གཡས་ངོས་ལ་ཉི་ཚེས་རྟགས་ལོངས། རིའུ་མིག་དྲུག་ཁ་མཐུན་པར་བཀོད། ལུག་སོགས་ཁྱིམ་བཅུ་གཉིས་ཀྱི་མཚན་མ་ཁྱིམ་གཉིས་གཉིས་མཐུན་པའི་མིང་བྲིས། ལུག །བུ་མོར་སྐྱེས་བུ་ཐ་མས་དམན་རྣམས་འབྲིད། ཉ་དང་སྲང་ལ་བྱིན། གླང་དང་སེང་གེར་སྐྱེས་བུ་འབྲིང་པོ་དམན། བུམ་སྡིག་གཉིས་ལ་བྱིན། འཁྲིག་པ་ཀརྚ་སྐྱེས་བུ་རབ་ཀྱི་དབྲི། ཆུ་སྲིན་གཞུ་ལ་བྱིན། སྣོན་འབྲིད་ཁྱིམ་དྲུག་ཟླ་བ་རེའི་སྤྱི་ནོར་ཡིན། ཁྱིམ་མིང་མཐུན་པའི་ཐོག་མར་སྒྲུབ་པ་དེ་ལ་སྤྱི་ནོར་མ་ནོར་བར་བརྩེགས་པས་དག་པར་འཆར་རོ། །བྱེད་བརྩིས་ཀྱི་རིའུ་མིག་འདོད་ནའང་རྟགས་ལོངས་གོང་དུ་བཀོད་པ་ལྟར། འབྱུང་བ་མེ་ཟླས་བགོས་ཐོབ་བརྩེགས་པའི་དུས་འདོད་ཆའི་ལྷག་ལུས་པ་ཡང་འོག་ཏུ་བཞག །ཟླ་ཆ་དུས་ཀྱི་བསྒྱུར་བ་སོགས་འདྲ། འདོད་ཆའི་ལྷག་དེ་ཡང་ཟླ་ཆུ་དུས་ཀྱིས་བསྒྱུར། འཁོར་ལོ་ལོངས་ནས་ཕུད་པའི་འདོད་ཆར་སྟེར། གཞན་ཁྱིམ་བཀོད་པ་སོགས་ཐམས་ཅད་སྔ་མ་དང་འདྲ། ཟླ་རྐང་གི་སྐྱེས་བུ་བཀོད་ལུགས་གོང་ན་རྒྱས་པ་ཡོད། ལོ་རེའི་ཚེས་བརྩིས་བྱེད་པར་འདོད་ན། ལོ་གང་ཡིན་པ་དེའི་ནག་པ་ཟླ་བའི་དྷྲུ་བ་འམ་ཟླ་ཤོལ་སོགས་ཀྱི་དབང་གིས། གོང་གི་དབོ་ཟླ་བའི་ཉི་དྷྲུ་ལ་དེ་ལ་ཞག་གྲངས་ནི་དྷྲུ་བ་དེའི་ཚེས་རིའུ་མིག་གི་རྟགས་ལོངས་གང་བྱིན་ན་འཁོར་ལོ་བུད་འགྲོ་བལྟས། འཁོར་ལོ་བུད་པ་དེ་ཞག་གཅིག་གི་ཆུ་ཚོད་དུ་མ་ལོངས་ན་ལོ་གཅིག་གི་སྤྱི་ནོར་ཉི་མ་རག་པ་ཡིན་ནོ། །ལུག་སོགས་ཁྱིམ་གྱི་མཚན་མ་བྲི། སྐྱེས་བུ་རབ་འབྲིང་མཐའ་གསུམ་གྱིས་སྣོན་འབྲིད་གོང་ལྟར་བྱས་པས་སྤྱི་ནོར་ཁྱིམ་དྲུག་དག་པར་འཆར། དེ་ནས་རིའུ་མིག་ངོས་འཛིན་ནི། ཟླ་བ་གང་ཡིན་ཉི་དྷྲུ་ལ་ཚེས་གཅིག །སོགས་ནས་བརྩམས་པའི་ཚེས་ཀྱི་རྟགས་ལོངས་བྱིན། ཉི་མ་རགས་པས་ཕྲི་བས་གོང་གི་ཉི་མ་ཕྱེད་དག་དང་འཁྲིག་མཐུན་པ་དེ་ནས་བརྩམས་ནས་བར་འོག་གི་གཟའ་ཉི་བཀོད། ཁྱིམ་མིང་མཐུན་པའི་ཁྱིམ་དྲུག་སྤྱི་ནོར་གཟའ་ཉི་གོ་མ་ལོག་པར་བྱིན། སྟེར་འཚམས་ཀྱང་སྤྱི་ནོར་རགས་པ་རྙེད་པའི་ཚེས་ཡན་སྔ་མའི་སྤྱི་ནོར་སྟེར་དགོས། དེ་མན་ད་ལྟ་རྙེད་པའི་སྤྱི་ནོར་སྟེར། ཉི་མ་དག་པར་འཆར། གཟའ་བར་པ་ཡིན་པས་རིལ་པོར་ཚེས་བྱིན་མ་ནུས་བགོ་བ་སོགས་གོང་གནས་གཉིས་སུ་བསྟན་པ་ལྟར་ལས། རིའུ་མིག་རྒྱས་པར་འདོད་ན་གནས་བཞི་སྣོན་འབྲིད་བྱེད། དེས་གཟའ་དག་ཅིང་སྦྱོར་བར་བྱེད་པ་སོགས་གོང་གནས་གཉིས་མའི་སྐབས་དང་འདྲ། ལྔ་བསྡུས་ལག་ལེན་འཁྲུལ་མེད་འཕྲོས་པ་དང་བཅས་པའི་སྐབས་སོ། །བདུན་པ་དེ་ནས་ལོ་འཕོ་བཤད་པར་བྱ་སྟེ། མི་བཟད་མེ་ཁྱིའི་ལོ་དག་གནས་བཞི་བཞག།།གཟུགས་མི་བདག་སོགས་ཀྱིས་བསྒྱུར་བ་གོང་དང་འདྲ། གནས་བཞིའི་སྟེང་མཁའ། ཆུ་ཚོད་དགུ །ཆུ་སྲང་བཅུ་གཉིས། མིག་ཀླུ་མེ་སྐྱོན་ཆ་སྟོང་ལྔ་བརྒྱ་སོ་དྲུག་བྱིན། རང་འཁོར་ཕུད་པས་ལོ་འཕོ་འཁྲུལ་མེད་འཆར། མགྱོགས་སྟེར་གོང་དང་འདྲ། ཟླ་པོའི་སྟེང་དུ་ལོ་འཕོ་ནས་ཆུ་ཚོད་བཅུ་གཉིས་བཀོད། ལུག་སོགས་ཁྱིམ་གྱི་མཚན་མ་བྲི། ཟླ་བ་རི་འབྱུང་ལ་སོགས་རབ་བྱེད་དགུ་པ་ནས་བཤད་པ་དང་མཐུན། ཁྱིམ་འཕོ་བ་བཅུ་གཉིས་སོ། །འདིར་རྒྱུད་འགྲེལ་ལས། ཟླ་བ་རི་འབྱུང་སོགས་བཀོད་པ་ནི། ཁྱིམ་ཞེང་ཆེ་ཆུང་གི་ཆུ་ཚོད་མང་ཉུང་བྱུང་བར་ངེས་སོ། །ད་ནི་སྒྲ་གཅན་བརྗོད་པ། རབ་བཅུའི་མི་བཟད་མེ་ཁྱིའི་ཟླ་དག་ལ་ཕྱོགས་གཟུགས་སྦྱིན་པ་ནི། མིག་གིས་བསྒྱུར་བ་ནི། ཟླ་བ་ཕྱེད་ཀྱི་དོན་དུ་ཡིན། ཉ་ལ་གཅིག་དང་སྟོང་ལ་གཉིས་བྱིན་ནི་གོ་སླའོ། །མཁའ་དུས་ཆུ་བོ་ནི་སྒྲ་གཅན་ཚེས་ཟླ་ཉིས་བརྒྱ་སུམ་ཅུ་ཡོད་པ། ཟླ་ཕྱེད་པའི་དོན་དུ་གཉིས་ཀྱིས་བསྒྱུར་བ་ཡིན། བགོས་པའི་ནོར་ལོ་འདི་ཀའི་གོ་ནས་སྒྲ་གཅན་གྱིས་རྒྱུ་སྐར་སྐོར་བའི་གྲངས་ཡིན་པས་དོར་བའོ། །ལྷག་མ་སྐར་མས་བསྒྱུར་ནི། རྒྱུ་སྐར་ཉེར་བདུན་གྱིས་བསྒྱུར་བ་ཡིན། འགོ་ན་མཁའ་དུས་སོགས་ཀྱིས་བགོས་པས་ནོར་སྐར་མ། ལྷག་མ་མཁའ་རོས་བསྒྱུར་ནས་ཐོབ་པ་ཆུ་ཚོད། སླར་མཁའ་རོས་བསྒྱུར་ནས་ཐོབ་པ་སྲང་། ལྷག་མེ་མིག་གིས་བསྒྱུར་ཐོབ་དེའི་ལྷག་མེད། དེ་ནས་སྒྲ་གཅན་རྩ་བའི་བུལ་བ། དེས་འཁོར་ལོས་སྦྱངས་པ་གདོང་། གདོང་སྟེངས་འཁོར་ཕྱེད་བསྲེས་སམ་བསྣན་པ་དུས་མའི་སྒྲ་གཅན་འཇུག་གི་སྐར་མ་རྣམས་དག་འཆར་རོ། །སྒྲ་གཅན་གྱི་རིའུ་མིག་འཁོར་བར་བསྒྲུབ་ན། རྒྱུ་སྐར་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་སྒྲ་གཅན་ཚེས་ཞག་འཁོར་ལོ་དྲུག་དགུ་བརྒྱས་བགོས། རིམ་པ་བཞིན་བརྩེགས་པས། གནས་དང་ཆུ་ཚོད་ཐིག །སྲང་བཅུ་བཞི། མེ་མིག་ཆ་གཉིས་སྒྲ་གཅན་ཞག་གཅིག་གི་རྟགས་ལོངས། དེ་བཅོ་ལྔས་བསྒྱུར་བས་ཞག་བཅོ་ལྔའི་རྟགས་ལོངས། སུམ་ཅུས་བསྒྱུར་བས་གནམ་སྟོང་རྟག་ལོངས། བཅོ་ལྔའི་རྟག་ལོངས་མཁའ་མེ་གཟུགས་མེ་རི། གནམ་སྟོང་མཁའ་རིམ་མིག་ཡིད་འཆར། སྒྲ་གཅན་འཕོ་བའི་དྷྲུ་བ་ཡང་འདི་ཡིན་ནོ། །ཟླ་བ་ཉིས་བརྒྱ་སུམ་ཅུའི་རིའུ་མིག་སྟེང་མ་བཅོ་ལྔ། འོག་ཏུ་གནམ་སྟོང་གི་རྩ་བ་བཀོད། གོང་གི་བཅོ་ལྔའི་རྟག་ལོངས་དེ་ཁ་བཅོ་ལྔའི་སྟེང་དུ་བྱིན་པས་གནམ་སྟོང་འཆར། དེའི་སྟེང་དུ་སྔར་བཞིན་བརྩེགས་པས་བཅོ་ལྔ་འཆར་བ་ཉིས་བརྒྱ་སུམ་ཅུའི་བར་དུ་འཁོར། ཡང་ན་གནམ་སྟོང་བརྐྱང་པ་བསྐོར་ཀྱང་ཟླ་བ་ཉིས་བརྒྱ་སུམ་ཅུ་འཁྲིག་འགྲིག་འགྲོ །གནས་གཉིས་ཀྱི་སྟེང་མ་ཉ། འོག་མ་གནམ་སྟོང་སྟེ་བུལ་བ། གདོང་འཇུག་གཞུག་བཞིན་སྒྲུབ་པར་མཛོད། འཛིན་ཚུལ་མྱུར་དུ་ཤེས་པར་འདོད་ན། ཟླ་དག་གང་ཡིན་ལ་སོ་སོའི་བརྩིས་འཕྲོ་བསྲེས། མཁའ་མེ་ལག་པས་བཅད་པའི་ལྷག་མས་བྱ་ར་བ་གྲངས་མཚུངས་འཛིན་པས་ཟིན། དེའི་འོག་གི་རིའུ་མིག་སྒྲ་གཅན་བཅོ་ལྔ་གནམ་སྟོང་འཁྲུལ་མེད་དུ་ཤེས་སོ། །ཉི་ཟླ་གཟས་འཛིན་སྐབས་སུ་འཛིན་ཚུལ་གཉིས་དང་། ཕྱོགས་གང་ནས་འཛིན་དང་། ཡུལ་ཇི་ཙམ་འཛིན་དང་། མཐོང་དུས་དང་། དེའི་འབྲས་བུ་བཤད་པ་དང་དྲུག་ལས། འཛིན་ཚུལ་ནང་གི་ཉི་ཟླ་འཛིན་པའི་རྟེན་འབྲེལ་གྱིས་ཕྱིའི་ཉི་ཟླ་འཛིན་པ་འཛམ་བུ་གླིང་སོགས་ཀྱི་མི་རྣམས་ཀྱི་ངོ་བོར་ཡིན་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མེད་པར་སྲེད་སྡང་ནི། འདོད་ཆགས་ཞེ་སྡང་དབུ་མའི་ཡས་སྣ་སྒྲ་གཅན། མས་སྣ་དུས་མེ་ཡིན་པའི་ཁར་གཟུང་འཛིན་གྱི་རླུང་གཡས་རོ་མའི་ནང་ནས་ཉི་མ་སྟེ་གཟུང་བའི་རླུང་འབབ། གཡོན་རྐྱང་མ་སྟེ་ཟླ་བ་འཛིན་པའི་རླུང་འབབ། རྒྱུ་གཟུང་འཛིན་གྱིས་ཆགས་སྡང་གཉིས་འཕེལ། དེ་གཉིས་ཉི་ཟླའི་མིང་དུའང་འགྲུབ་ཅིང་། མུན་ཅན་ནི་དབུ་མའི་ནང་ནས་ཡེ་ཤེས་ཀྱི་རླུང་འབབ་པ་དེར། གཟུང་འཛིན་ནམ་ཉི་ཟླ་དེར་ཞུགས་པས་འདི་ཡང་ནང་གི་གཟའ་འཛིན་མཚོན་ཅིང་། སྟོབས་ལྡན་གཟའ་ཐམས་ཅད་ཀྱི། རང་རང་གི་ལོངས་སྤྱོད་རྫོགས་པར་སྤྱོད་མ་ནུས་ཤིང་། ཉི་ཟླའི་དབྱུག་བརྒྱད་ནི། ཟླ་བའི་ཡེ་ཤེས་ཀྱི་ཆ། ཆུ་ཚོད་ལྔ་གཟུགས། སྒྲ་དྲི་རོ་རེག་བྱ། ཉི་མའི་ཡེ་ཤེས་ཀྱི་ཆུ་ཚོད་གསུམ། སྙིང་སྟོབས། རྡུལ་མུན་ཏེ། ཆུ་ཚོད་བརྒྱད། སྟོབས་ལྡན་སྒྲ་གཅན་གྱིས་ཟོས་པས་ཟླ་བ་དྲུག་དྲུག་ན་དཀར་ནག་གི་ཚིགས་འཚམས་ལ་འབབ་ན། དཀར་པོའི་ཚིག་ནི་བཅོ་ལྔ། བག་པའི་ཚིགས་ནི་གནམ་སྟོང་། དུས་གསུམ་ནི་ནང་གི་སྐུ་གསུང་ཐུགས། སྐུ་གསུང་ཐུགས་ཐབས་ཤེས་སུ་ཕྱེ་བས་ཟླ་བ་དྲུག་ཏུ་གྱུར་པས། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཟླ་བ་དྲུག་དྲུག་དག་གིས་ནི། ཉི་མ་དང་ནི་ཟླ་བ་འཛིན། ཞེས་གསུངས་པ་ལྟར། དཀར་ནག་གི་འཚམས་སུ་ཐུག་པ་ན། ཉི་མ་སྒྲ་གཅན་ལས་བརྒལ་ནས་ཞག་བཅུ་འདས་ཀྱང་སྒྲ་གཅན་གྱིས་རྗེས་བསྙེགས་འཛིན། ཞེས་སྨོས། ཚིགས་འཚམས་རེག་པ་ལ་བབས་པ་ནི། གནམ་སྟོང་གི་ཉིན་རྟེན་འབྲེལ་རེག་པ་ཡོད་པ་དགོས་སོ། །རྟེན་འབྲེལ་རེག་པ་ཡོད་པ་དགོས་སོ། །རྟེན་འབྲེལ་རེག་པ་ཡོད་པ་ཡང་དྲི་མེ་དའོད་དུ། ཟླ་བ་གཉིས་གཉིས་ལ་རྟེན་འབྲེལ་བཅུ་གཉིས་འཁོར་བར་གསུངས་པའི་གནམ་སྟོང་ལ་རེག་པ་འགྲིག་པ་ཞིག་ཡོང་། རེག་པ་འགྲིག་པ་རྒྱལ་ཟླ་མཆུ་ཟླ་གཉིས་ལ་འགྲིག་ཐེངས་གཅིག །དེ་ཡང་། རྒྱལ་གྱི་ཚེས་གཅིག་ནག་རྟེན་འབྲེལ་བཅུ་གཉིས་བསྐོར་བས་གནམ་སྟོང་ལ་རེག་པ་འབབ། དབོ་དང་ནག་པ་གཉིས་ལ་རྟེན་འབྲེལ་བཅུ་གཉིས་འཁོར་བ་ལས། དབོའི་གནམ་སྟོང་ལ་རེག་པ། ས་ག་སྣོན་གཉིས་ལ་འཁོར་བ་ལས་ས་གའི་གནམ་སྟོང་ལ་རེག་པ། ཆུ་སྟོང་གྲོ་ཞུན་གཉིས་ལ་འཁོར་བའི་ཆུ་སྟོད་ཀྱི་གནམ་སྟོང་ལ་རེག་པ། ཁྲུམ་སྟོད་ཐ་སྐར་གཉིས་ལ་འཁོར་བའི་ཁྲུམ་སྟོད་ཀྱི་གནམ་སྟོང་ལ་རེག་པ། སྨིག་དྲུག་མགོ་གཉིས་ལ་འཁོར་བ་ལས། སྨིན་དྲུག་གནམ་སྟོང་རེག་པ། འདི་དྲི་མེད་འོད་ཀྱི་ཡེ་ཤེས་ལེའུ་གཟའ་འཛིན་གྱི་སྐབས་སུ་རྟེན་འབྲེལ་འཁོར་ལུགས་འདི་ལྟར་བཤད་པ་དེ་ཡིན། ཉི་མས་སྒྲ་གཅན་ལས་བརྒལ་ནས། ཞག་བཅུ་འདས་ཀྱང་འཛིན་ཞེས་པ། ཉི་མས་སྒྲ་གཅན་ལས་བརྒལ་ནས་ལྷག་ཆུ་ཚོད་ཕྱེད་དང་བཞི་བཞི་ཙམ་འདས་པ་ཡིན་པས་འཛིན་པ་ཨ་ཅང་། ཚིགས་འཚམས་རེག་པ་ལ་འབབ་པ་ནི། གོང་དུ་བཤད་པའི་གནམ་སྟོང་རེག་པ་དང་འགྲིག་པ་དེ་ཡིན། དེ་དུས། ཉི་ཞལ་དཔག་ཚད་ཁྲིར་སོང་ཀྱང་། སྒྲ་གཅན་སྒྲིབ་བྱེད་རྒྱང་ནས་སྒྲིབ། ཞེས་པ། རེག་པ་དང་འཛིན་ན་ཆུ་ཚོད་ང་ལྔ་ལྷག་མར་ལུས་པ་ཡང་འཛིན་ནོ། །ཡུལ་སྲང་སུམ་བརྒྱ་དྲུག་ཅུར་འགྲོ་ནི། ཆུ་ཚོད་དྲུག་ཅུ་ལ་ཡང་འདྲིན་ཞེས་པའོ། །ཞིབ་དཔྱད་གྲུབ་པའི་མཐའ་ལས་གཟའ་རྣམས་ཀྱིས་མ་ཟོས་པའི་ཟླ་བ་གཅིག །ཁྱིམ་ཟླ་བ་རེ་ལ་སྒྲ་གཅན་གྱི་ཉི་ཟླའི་ལོངས་སྤྱོད་དག་ནི་ཟླ་བའི་སྒྲ། རེག་བྱ་རོ། གཟུགས། དྲི་སྟེ་ཡོན་ཏན་ལྔ། ཉི་མའི་སྙིང་སྟོབས། རྡུལ། མུན་པ་སྟེ་ཡོན་ཏན་གསུམ་སྟེ་བརྒྱད་ལས་སྒྲ་གཅན་གྱི་ཉི་ཟླའི་ཆུ་ཚོད་ཕྱེད་དང་བརྒྱད་ཟོས་པ། གཟའ་གཞན་རྣམས་ཀྱིས་དེ་ནས་མ་ཟོས་པས། གོང་གི་གཟའ་རྣམས་མ་ཟོས་ཟླ་བ་གཅིག་ཅེས་པ་དེའོ། །བསགས་པ་གཟའ་རྣམས་ཀྱི་ཡེ་ཤེས་ཀྱི་རླུང་མ་ཟོས་པ་བསགས། དུས་གསུམ་མུན་ཁམས་དྲུག་གི་ཡེ་ཤེས་ཀྱི་ཁམས་དང་། དུས་གསུམ་གྱི་མུན་པ་དང་། རྟེན་འབྲེལ་རེག་པ་གསུམ་འཛོམས་ན། སྒྲ་གཅན་གྱི་ཉི་ཟླའི་རྐང་འཛིན། དེ་ཡང་ཁམས་དྲུག་ནི། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་གིས་ཟླ་བ་དྲུག་ནས་འཛིན་པའི་གནད་ཐོན། ཟླ་གཅིག་ཆུ་ཚོད་ཞེ་ལྔ་ཞེས་པ། ལོ་གསུམ་ཕྱོགས་གསུམ་དུས་ཀྱི་འཁོར་ལོ་ཡིན་པ་ལས། ཕྱོགས་གསུམ་ལ་ཞག་ཞེ་ལྔ་ཡོད་པ་དེ་ཡིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་དེས་སྙིང་སྟོབས། རྡུལ། མུན་གསུམ་ལ་རྟེན་འབྲེལ་དང་པོ་གསུམ་ཕྲ་བ། དེ་ནས་རྟེན་འབྲེལ་གསུམ་འབྲིང་པོ། དེ་ནས་རྟེན་འབྲེལ་གསུམ་ཆེན་པོ། དེ་ནས་གསུམ་ཆེན་པོའི་ཆེན་པོ། དེ་ལྟར་སྙིང་སྟོབས་རྡུལ་མུན་གསུམ་དང་རྟེན་འབྲེལ་སྦྱར་ཚུལ་དེ་ལྟར་ཡིན། ཁམས་དྲུག་རྫོགས། མུན་པར་འབབ་པ། རེག་པས་འཁྲིལ་བ་གསུམ་ལ་དཀར་ནག་ཚེས་ཀྱི་དབུས་སུའོ། །འཛིན་ཚུལ་གཉིས་པ། ཁམས་ལེར། རྣམ་དག་གྱུར་ན་ཐམས་ཅད་འཛིན་པ་སྟེ་རིལ་འཛིན། ཕྱེད་དག་གྱུར་ན་ཕྱེད་འཛིན་པ་ཟླ་ཉིའི་ཕྱེད་འཛིན་པ། རི་བོང་ཅན་དཀྱིལ་དྲུག་ཅུའོ། །ཞེས་གསུངས་པ་ཐམས་ཅད་དག་པ་ཆུ་ཚོད་དྲུག་ཅུ་དག་པ། ཕྱེད་དག་པ་ཆུ་ཚོད་སུམ་ཅུ་དག་པ་ཡིན་པ་དུས་འཁོར་རྒྱུད་བཞིན་ནོ། །ད་ནི་གནད་ཀྱི་མན་ངག་བསྟན་པ་ནི། གཟའ་འཛིན་གྱི་ཟིན་བྲིས་སྣ་ཚོགས་པས་སླུ་ཞིང་བསླུས་པ་མངོན་སུམ་དུ་མཐོང་བས། བསླུ་བ་མེད་པའི་མན་ངག་ནི་ཉིན་མཚན་རིང་ཐུང་ཁོངས་དུ་ཆུད་པ་གལ་ཆེ། ཕ་རི་ཚུ་རིའི་དཔང་མཐོ་དམན་དང་། ལུང་པ་ཁ་ལུང་ཡང་དོག་ཀྱང་ཡིད་ཀྱིས་རི་མོས་ཆོད་པ་ཞིག་དགོས། ཉི་ཟླའི་འཆར་ནུབ་ཀྱང་ཤར་རིའི་གང་ནས་འཆར་དང་། ནུབ་རིའི་གང་དུ་བཞུད་འགྲོ། ཚེས་བཅུ་གསུམ་བཅུ་བཞི་དང་། ཉི་ཤུ་བརྒྱད་དགུ་རྣམས་ལ་ལེགས་པར་རྟོག་གཞིག་བཅུག་པས། ཕྱོགས་གང་ནས་འཛིན་འཁྲུལ་མེད་དུ་གོ་ཡོང་། ཚེས་འཁྱུད་པའི་ཟླ་བ་གདོང་མཇུག་གཉིས་གང་ཉེ་བ་བཀོད་ནས་ཉུང་གིས་མང་ལ་སྦྱངས། གདོང་ལ་ཟླ་བས་སྦྱངས་པ་དང་། ཟླ་བར་མཇུག་གིས་སྦྱངས་པར་བྱུང་ན། ཆུ་ཚོད་ང་གསུམ་ལྷག་མ་ལུས་ཀྱང་འཛིན། ཟླ་བར་གདོང་གིས་སྦྱངས་པ་དང་། དུས་མེར་ཟླ་བས་སྦྱངས་པའི་ལྷག །སྐར་མ་ཐིག །ཆུ་ཚོད་ང་ལྔ་ཚུན་ལ་འཛིན། ཆེ་ཆུང་ཙམ་འཛིན་བལྟ་བ་སྦྱངས་ལྷག་གི་ཆུ་ཚོད་འབྱུང་བས་བགོས་ནོར་ཐིག་དང་། གཅིག་དང་། གཉིས་དང་། གསུམ་དང་། བཞི་ཐོབ་ན་རིལ་པོར་སྒྲིག་ཏེ་ལྷག་ལྔ་ནས་ཉི་ཤུའི་བར་ཡིན། ནོར་ལྔ་བྱུང་ན་དྲུག་ཆ་གཅིག་མ་གཏོགས་འཛིན། དྲུག་བྱུང་ན་གསུམ་ཆ་གཉིས་འཛིན། བདུན་བྱུང་ན་ཕྱེད་འཛིན། བརྒྱད་ལ་གསུམ་ཆ་གཅིག་འཛིན། དགུ་ལ་དྲུག་ཆ་གཅིག་འཛིན། བཅུ་ལ་བརྒྱད་ཆ་གཅིག་འཛིན། བཅུ་གཅིག་ལ་བཅོ་ལྔ་ཆ་གཅིག་འཛིན། རིལ་འཛིན་ལ་ཆུ་ཚོད་བཅུ་གཉིས་སུ་ཀུན་གླེང་ཅིང་། གཟའ་འཛིན་གྱི་རི་མོ་ཡང་བྲིས་འདུག་སྟེ། མཚན་བརྗོད་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཞེས་པ་དང་། དེ་ཉིད་བཅུ་དྲུག་རིག་པས། ཞེས་བྱུང་བས། ཞག་གཅིག་ཆུ་ཚོད་དྲུག་ཅུ་བཞིས་བགོས་པས་ནོར་བཅོ་ལྔ་འཆར་བ་ཡིན་པས། ཟླ་བ་རིལ་འཛིན་ཆུ་ཚོད་བཅོ་ལྔར་ངེས། ཕྱེད་འཛིན་ན་ཆུ་ཚོད་ཕྱེད་དང་བརྒྱད་ཀྱི་ཡུན་འཛིན། གསུམ་ཆ་གཅིག་འཛིན་ན་ཆུ་ཚོད་ལྔ། དྲུག་ཆ་ཆ་ལྔ་འཛིན་ན་ཆུ་ཚོད་ཕྱེ་དང་བཅུ་གཅིག །གསུམ་ཆ་གཉིས་འཛིན་ན་ཆུ་ཚོད་བཅུ། དྲུག་ཆ་གཅིག་འཛིན་ན་ཆུ་ཚོད་ཕྱེད་དང་གསུམ། བརྒྱད་ཆ་གཅིག་འཛིན་ན་ཆུ་ཚོད་བཅུ་གཅིག །ཆུ་སྲང་ཞེ་གཉིས། དབུགས་བཞི། བཅོ་ལྔ་ཆ་ལ་ཆུ་ཚོད་གཅིག །ཡང་ཕན་ཚུན་སྦྱངས་པའི་ལྷག་གིས་ཆུ་ཚོད་དྲུག་ཅུར་སྦྱངས་པའི་ལྷག་མ་བཞིས་བགོས་པའི་ནོར་དེ་ཆུ་ཚོད་དང་། ལྷག་དྲུག་བཅུས་བསྒྱུར་ནས་བགོས་ནོར་ཆུ་སྲང་། དེ་གཉིས་འཛིན་པའི་ཆ་གྲངས་ཤེས་པ་ཡིན་ནོ། །འཛིན་དུས་གྲུབ་བརྩིས་འདིའི་བཅོ་ལྔའི་གཟའི་འོག་གི་ཆུ་ཚོད་གང་ཡོད་ཟད་འཚམས་སུ་འཛིན་ཐག་ཆོད་འཁྲུལ་བ་མེད། དེ་ལ་ཉིན་མའི་ཚད་ཀྱིས་སྦྱངས་ནི་མ་ལྡང་ཉིན་མོ་འཛིན་པ་སྟེ། ཉི་མའི་དུས་ཚོད་ནམ་འཛིན་གཟའི་འོག་གི་ཆུ་ཚོད་དེ་ཟད་འཚམས་སུ་ཟིན་པ་ཉི་ནུབ་ཕན་ལ་ཆུ་ཚོད་ཇི་ཙམ་སོང་ཤེས་པར་འདོད་ན། གཟའི་ཆུ་ཚོད་ཀྱིས་ཉིན་ཚད་ལ་སྦྱངས་པའི་ལྷག་གང་ཡོད་ཀྱི་གྲངས་ཤར་གླིང་དུ་ཟིན་པས། ཆ་ཆེར་ཟིན་ན་གཏོང་འཕྲོ་འདིར་སྲོད་ལ་མཐོང་བ་ཡོང་། གཟའི་ཆུ་ཚོད་གང་འདུལ་ལ་ཉིན་མོའི་ཚད་ཀྱིས་སྦྱངས་པའི་ལྷག་གང་འདུང་དང་། མཚན་མོའི་ཚད་རིང་ཐུང་སྦྱར་ནས་སྲོད་འགོ །སྲོད་དཀྱིལ། སྲོད་མཐའ། སྲོད་ཁྱེར་དཀྱུལ། སྲོད་ཁྱེར་རྫོགས་པ་ནམ་ཕྱེད་ཡིན། ཕྱེད་ཡོལ་མཐོ་རང་སྔ་ཕྱི་སོགས་གང་ལ་འཛིན་ཆུ་ཚོད་མང་ཉུང་གི་རིག་པས་དཔྱོད་པར་མཛོད། ཟླ་བ་ཕྱོགས་གང་ནས་འཛིན་གྱི་ངེས་པ་ནི། དག་པའི་ཕྱོགས་ཀྱིས་ཟླ་བའི་ཆ་གསུངས་པ་ནི། ཉི་མ་བགྲོད་པའི་དབང་གིས་ཟླ་བའི་ཆ་རིམ་གྱིས་ཡོན་པར་འཕེལ་བས། ཆ་ཤས་རྫོགས་པ་ནི་ཟླ་བ་ཉ་གང་པ་ཤར་ཡིན་པས། སྒྲ་གཅན་འཁོར་བའི་དབང་གིས་ཕན་ཚུན་གྱི་རི་མོ་མཉམ་པ་འམ་རིལ་འཛིན་གྱི་ཚེ་ནམ་ཕྱེད་ན་བྱང་ཤར་གྱི་ཕྱོགས་ནས་འཛིན། གདོང་མང་བ་ལ་ཟླ་བས་སྦྱངས་པ། མཇུག་ཉུང་བས་ཟླ་བར་སྦྱངས་པ་གཉིས་ལ་བྱང་ཤར་ནས་འཛིན། གདོང་ཉུང་གདོང་པས་ཟླ་བར་སྦྱངས། མཇུག་མང་ཟླ་བས་མཇུག་སྦྱངས་ན་ཤར་ལྷོ་ནས་འཛིན། སྲོད་དང་ཐོ་རང་ཟླ་བ་འཁྱོགས་པའི་དབང་གིས། དེ་ཕྱིར་སྲོད་ལ་བྱང་ཤར་དང་བྱང་ཉེ་ནས་འཛིན། ཐོ་རང་ཤར་ལྷོ་ནས་འམ་ལྷོར་ཉེ། རེས་ཤར་ལ་ཉེ་བ་ནས་འཛིན་པ་ཡོད། ད་ནི་ཉི་མ་འཛིན་པའི་མན་ངག་བསྟན་པ་ནི། གནམ་སྟོང་ཉི་སྐར་དག་པ་དང་། གདོང་མཇུག་གཉིས་གང་ཉེ་བར་དེ་བཀོད། ཉུང་གིས་མང་ལ་སྦྱངས་དགོས་པས། གདོང་གིས་ཉི་མ་སྦྱངས་ན་སྐར་མ་ཐིག །ཆུ་ཚོད་ང་ལྔ་མན། ཉི་མས་གདོང་སྦྱངས་ན་གནས་ཐིག །ཆུ་ཚོད་ཞེ་ལྔ་མན། ཉི་མས་མཇུག་མ་སྦྱངས་ན་གནས་ཐིག །ཆུ་ཚོད་ང་ལྔ་མན། མཇུག་མས་ཉི་མ་སྦྱངས་ན་གནས་ཐིག །ལྷག་ཞེ་ལྔ་མན་ཁ་ཅིག་མི་འཛིན་ཟེར། ཁ་གཅིག་ལྷག་བཅུ་བྱུང་ན་འཛིན་ཟེར་ཏེ་གྱ་ཚོམ་མོ། །འཛིན་པའི་གནད་ཤེས་ནས། བློ་ལྡན་གསར་བུའི་བློ་ལ་ངེས་ཤེས་འདྲོངས་པའི་མན་ངག་ནི། གནམ་སྟོང་གི་ཉི་མ་དག་པ་དང་། སྒྲ་གཅན་བུལ་བ་བསྲེ། གྲུབ་བརྩིས་འདི་ལ་ཉི་དག་གི་ཆ་རི་རོ་ཡིན། སྒྲ་གཅན་བུལ་བའི་ཆ་མེ་མིག་ཡིན་པས། དེ་གཉིས་གང་རུང་གཅིག་གི་ཕྱོགས་ལ་བསྲེས་པ་དེའི་འོག་ཏུ་བཀོད་པས་བསྲེས་པར་འགྲོ །འཁོར་ལོ་འཁོར་ཕྱེད་ལོངས་པ་དོར་བས། ལྷག་མ་སྔར་གདོང་མཇུག་སྦྱངས་པའི་ལྷག་དང་ཕན་ཚུན་མཉམ་པ་གཅིག་གིས་གཅིག་སྦྱངས་པས། ཐིག་ལེ་བརྐྱང་པ་འཆར་བ་གདོང་འཛིན་གྱི་ཚེ་འཁྲུལ་པ་མེད་པར་ཤེས་པར་མཛོད། མཇུག་མས་བསྒྲིབ་པའི་དུས་སུ་ཉྀ་དག་དང་བུལ་བ་བསྲེ་བ་གོང་དང་འདྲ། དེའི་སྟེང་དུ་མཇུག་མ་ཉི་མས་སྦྱོང་རེས་བྱས་པའི་ལྷག་མ་བསྲེ། འཁོར་ལོ་འཁོར་ཕྱེད་ལོངས་པ་དོར་བས་གནས་ཀུན་གཉིས་མེད་ཀྱི་ཡེ་ཤེས་ཤར་བྱུང་ན་ངེས་ཤེས་འདྲོངས་པར་མཛོད། འཁྲུལ་མེད་འདི་ལའང་མན་ངག་གི་ཟུར་སྒྲོན་དགོས་པས། པཱུརྦ་སྔ་ཟུར་པཱ་ར་ཕྱི་ཟུར་གང་རུང་ལ། ཙནྜ་ཟླ་བ། གྲ་ཧ་ཎ་སྒྲ་གཅན་གྱིས་ཟོས་པ་ངེས་པར་དགོས་སོ། །དེ་མ་བྱུང་ན་ཐིག་ལེ་བཞིས་ཞལ་སྐྱངས་སྦྲེ་ཁ་ལེ་བྱུང་དོགས་ཡོད་དེ། སྦྱངས་བའི་ལྷག་མ་དབྱུག་ལྔ་བྱུང་ན་རིལ་འཛིན་དང་། ལྔ་མན་འཛིན་པའི་དབང་དུ་བྱས་ནས། གདོང་མཇུག་སྦྱངས་ལྷག་དབྱུག་བརྒྱད། སྲང་ཉི་ཤུ་ལ་རིལ་པོ་དབྱུག་དགུ །སྲང་བཞི་བཅུ་ལ་ཆ་གཅིག་ལུས། དབྱུག་བཅུ་གསུམ། སྲང་ཉི་ཤུ་ལ་བཞི་ཆ་གཅིག་ལུས། དབྱུག་བཅུ་དྲུག །སྲང་བཞི་བཅུ་ལ་གསུམ་ཆ་གཅིག་ལུས། དབྱུག་ཉི་ཤུར་ཕྱེད་མ་ཟིན་ཙམ་ལུས། དབྱུག་ཉི་ཤུ། སྲང་ཉི་ཤུལ་ཕྱེད་ལུས་དབྱུག་ཉེར་དྲུག །སྲང་བཞི་བཅུར་ཕྱེད་ལྷག་ཙམ་ལུས། དབྱུག་ཉེར་བདུན། སྲང་སོ་གཉིས་བྱུང་ན། གསུམ་ཆ་གཉིས་ལུས། དབྱུག་སོ་བརྒྱད། སྲང་ཉི་ཤུ་ལ་བཞི་ཆ་གསུམ་ལུས། དབྱུག་ཞེ་དྲུག །སྲང་བཞི་བཅུ་ལ་དྲུག་ཆ་ལྔ་ལུས། དབྱུག་ང་ལྔ་བྱུང་ན་ཆ་བཅུ་གཅིག་ལུས། ཡང་ན་སླ་ཐབས་འདི་ལྟར་བྱ་སྟེ། སྦྱངས་ལྷག་ལྔས་བགོས། ནོར་ཐིག་དང་གཅིག་ལ་རིལ་འཛིན་རྙེད་པ་གཉིས་ནས་བཅུའི་བར། མི་བསྒྲིབ་པ་ཡི་ཆ་ཤས་རེ་རེ་འཕེལ་ཞིང་། བཅུ་གཅིག་ཐོབ་ན་བཅུ་གཉིས་ཆ་གཅིག་འཛིན། ཞེ་ལྔ་མན་ཆད་ལ་འཛིན་པ་རིག་པས་ཆོད་མཛོད། སྦྱངས་པའི་ལྷག་གིས་དྲུག་ཅུར་སྦྱངས་ལྷག་ལྔས་བགོས་ནོར་འཛིན་པའི་ཆ་གྲངས་སོ། །གསུམ་པ་ཕྱོགས་ཀྱི་ངེས་པ། འཇིག་རྟེན་ཁམས་ལེར། སྒྲ་གཅན་ཕྱོགས་འཚམས་སུ་འཛིན་པ། ནུབ་ཏུ་འཁོར་ནས་རྒྱབ་དུ་འཛིན་པ་ཞེས་གསུངས་པས། ཉི་མ་ནུབ་ནས་འཛིན། དང་པོ་ཟླ་བ་འཛིན་ནས་ཉི་མ་ལ་འཇུག་པས། ཟླ་གནས་སྒྲ་གཅན་གྱི་སྐར་མའི་ཕྱོགས་ནས་ཤར་དྲང་པོར་བསྒོར། ཉི་མ། ནུབ་གྱི་ཕྱོགས་གསུམ་ལ། གདོང་ལ་ཉི་མས་སྦྱངས་པ་དང་། མཇུག་ལ་ཡང་ཉི་མས་སྦྱངས་པ་ན། ཉི་མ་ཕྱེད་ན་འཛིན་ཚེ་བདེན་བྲལ་ཏེ་ལྷོ་ནུབ་ནས་འཛིན། ཕྱེད་གོང་སྟེ་ཉི་ཕྱེད་མ་ཟིན་གོང་ལ་ལྷོ་ན་ཉེ་བ་ནས་འཛིན། ཕྱེད་འོག་སྟེ། ཉི་མ་ཕྱེད་ཡོལ་ནས་ནུབ་ལ་ཉེ་བ་ནས་འཛིན། གདོང་མཇུག་གཉིས་ཀས་ཉི་མ་ལ་སྦྱངས་ན། ཉི་མ་ཕྱེད་ལ་འཛིན་ན་རླུང་ཕྱོགས་ཞེས་པ་ནུབ་བྱང་ནས་འཛིན། ཕྱེད་གོང་ནུབ་ཉེ་བ། ཕྱེད་གོང་ཞེས་པ་ཉི་མ་སྔ་དྲོ། ཕྱེད་འོག་ཅེས་པ་ཉི་མ་ཕྱེད་ཡོལ་ནས་འཛིན་ན་བྱང་ཉེ་ནས། ཕན་ཚུན་རི་མོ་མཉམ་ན་ནུབ་ནས་འཛིན། བཞི་པ་ཡུལ་གྱི་ངེས་པ་འགོ་ཟིན་པ་ནས་ཆུ་ཚོད་བཞིའི་བར་སྒྲིབ་པ། བསྒྲིབ་ཚར་ནས་ཆུ་ཚོད་བཞིའི་བར་འགྲོགས་པ། དེ་ནས་ཆུ་ཚོད་བཞིའི་བར་གཏོང་བ་རིལ་འཛིན་གྱི་དབང་དུ་བྱས། རིལ་འཛིན་མན་པ་ཐམས་ཅད་ལ་ཆ་གསུམ་དུ་བྱས་པའི་གཅིག་འཛིན་པ། གཅིག་འགྲོག་པ། གཅིག་གཏོང་པར་ཤེས་པར་མཛོད། དེ་དག་ཀྱང་སྦྱངས་པའི་ལྷག་གིས་དྲུག་ཅུར་སྦྱངས་ལྷག་ལྔས་བགོས་པའི་ནོར་འཛིན་པའི་ཆུ་ཚོད་ཀྱིས་གྲངས་ཡིན་པས། ཆུ་ཚོད་མང་ཉུང་ཀྱང་དེས་ཤེས་པར་འགྱུར་རོ། །ལྔ་པ་མཐོང་བའི་དུས་ནི། ལྔ་བསྡུས་སྤྱིའི་གཟའ་འོག་གི་ཆུ་ཚོད་སྲང་དུ་དྲག་པོ་མཁའ་མིག་བྱིན་པ་ཟད་འཚམས་སུ་ཡིན་ཞེསཟ་བླ་མ་སྔ་མ་རྣམས་གསུངས་སོ། །ད་ལྟ་བྱེད་བརྩིས་ཀྱི་གཟའ་འོག་གི་ཆུ་ཚོད་གསུམ་བཞི་ཙམ་གྱི་ཉུང་དུ་སོང་བས་དྲག་པོ་མཁའ་མིག་བྱིན་ཀྱང་འཚམས་ཅུང་ཟད་བསླུའོ། །ངེས་པར་གཞུང་འདིའི་ལྔ་སྡུས་ཀྱིུ། གཟའ་འོག་ཆུ་ཚོད་གང་ཡོད་དང་། ཆུ་སྲང་གང་འདུག་ཟད་འཚམས་འཛིན། འདི་ལ་འཁྲུལ་པ་སྤུ་ཙམ་མེད། མན་ངག་གི་མཐའ་དཔྱད་པ་ནི། འཛིན་རྒྱ་ཆེ་ན་ཅུང་མགྱོགས་པ་དང་། འཛིན་རྒྱ་ཆུང་ན་ཅུང་བུལ་བ་ཅེས་པའང་གསུངས་སོ། །ལྷོ་མཐར་མྱུར་བ་དང་བྱང་བགྲོད་བུལ་བའང་ཡོད། སྔ་ཕྱིའི་ཆེ་ཆུང་ནི། སྔ་ཁྱིམ་ཆེ་བ་འམ་ཆུང་བ། ཕྱི་ཁྱིམ་ཆེ་བ་འམ་ཆུང་བ། ཁྱིམ་མྱུར་བུལ་ནི། ཁྱིམ་མྱུར་བ་མགྱོགས་པ། བུལ་བ་དལ་བ། འཇམ་དཔལ་རྩ་རྒྱུད་དག་ལས། དགེ་བ་དང་སྡིག་པའི་རྟེན་འབྲེལ་གྱི་མཐུས། ཉིན་མཚན་མཐུན་པ། ཉིན་མཚན་མཉམ་པ། ཉི་མ་འམ་ཟླ་བ་སྐར་མ་གང་ལ་གནས་པས་མྱུར་བ་དང་བུལ་བ་ཤེས་པ་ཡིན། སྔ་ཁྱིམ་ཆེ་བ་ཁྱིམ་ཞེང་ཆེ་བ་དང་། རིལ་པོར་འཛིན་པ་དང་། ལྷོར་བགྲོད་པ་གསུམ་མྱུར་བ་སྟེ་མགྱོགས་པར་འཛིན་པའི་མིང་། སྔ་ཁྱིམ་ཆུང་བ་ཁྱིམ་ཞེང་ཆུང་བ། ཆ་ཆུང་བ་འཛིན་པ་དང་། བྱང་བགྲོད་གསུམ་ལ་བུལ་བའམ་འཛིན་པ་ཅུང་ཕྱི་བ་ཡོང་། དྲུག་པ་དེའི་འབྲས་བུ་མདོར་བསྡུས་པ་ནི། གཞུང་རང་གིས་གསལ་བར་གོ་བ་ལྟར་ཡིན་ནོ། །ལོ་འཕོ་སྒྲ་གཅན་གཟའ་འཛིན་འཁྲུལ་མེད་ཀྱི་སྐབས་སོ། །བརྒྱད་པ་ནི། གཟའ་ལྔ་འགྲོ་ས་བཞིའི་ལག་ལེན་བསྟན་པ་ནི། ཟླ་དག་ནི་འདིར་རབ་བྱུང་བཅུ་པའི་མི་ཟད་པ་མེ་ཁྱི་ནས། ད་ལྟའི་བར་གྱི་ཟླ་དག་ཡིན། ཟླ་བ་རེ་ལ་ཞག་སུམ་ཅུ་ཡོད་པས། ཞག་དོན་དུ་མཁའ་མེས་བསྒྱུར། ཞག་གང་བརྩིའི་ཉིན་ཞག་གྲངས་བསྲེས། གནས་གསུམ་བར་མ་གཟུགས་མེ། འོག་མར་བརྒྱད་ཅུ་རྩ་གཅིག་བྱིན་པ་ནི། མི་ཟད་པ་མེ་ཁྱིའི་བར་འོག་གི་ཆུ་རོ་རི་མཁའ་རིའི་ཆའི་ལྷག་ཡིན། རི་མཁའ་རིས་བགོས་བར་དུ་བསྲེས། དེ་ཆུ་རོས་བགོས་ནོར་སྟེང་ལ་སྦྱངས་པའི་ལྷག་ཉིན་ཞག་གི་གྲངས་འཁྲུལ་མེད་དུ་འཆར། གྲངས་དེ་གཟའ་སྤྱིའི་ཞག་ཡིན་པ་གནས་གཉིས་སུ་གཞག །འོག་མ་ལ་དྲུག་བསྲེས་ཐུབ་པས་བགོས་ལྷག་དང་། ཚེས་དེས་གཟའ་མཐུན་མི་མཐུན་བལྟས། མི་མཐུན་པ་གཅིག་གིས་མང་བ་བྱུང་ན། གོང་གི་གཟའ་ཞག་ནས་གཅིག་འབྲིད་པ་དྲི་མེད་འོད་ལས་བཤད། རེས་འབྲིད་དང་རེས་བསྣོན་པ་བཤད་དོ། །འབྲིང་མི་དགོས་པ་ལ་མཐུན་ཀྱང་གསལ་ཞག །གཅིག་ཕྲི་ནའང་གསལ་ཞག་ཡིན་པས་གཟའ་ལྔ་སྤྱིའི་གསལ་ཞག་གོ །འདི་ལས་གཞན་དུ་སྨྲ་བ་འཁྲུལ་པ་ཡིན་ནོ། །སོ་སོའི་ཞག་དོན་གསལ་ཞག་གནས་ལྔ་ཞག་དང་པོ་བཀྲ་ཤིས་ནས་རིམ་པ་ཡིན་པས། བཀྲ་ཤིས་ལ་དྲུག་བརྒྱ་རེ་གཉིས་བྱིན། ལྷག་པ་གསལ་ཞག་བརྒྱས་བསྒྱུར། བརྒྱ་སྟོང་བརྒྱ་གོ་དྲུག་བྱིན། ཕུར་བུའི་གསལ་ཞག་ལ་བདུན་བརྒྱ་སོ་གཅིག་བྱིན། པ་སངས་གསལ་ཞག་བཅུས་བསྒྱར་ཉིས་སྟོང་གོ་གསུམ་བྱིན། དལ་འགྲོས་གསལ་ཞག་ལ་བརྒྱ་དོན་ལྔ་བྱིན་པས་གཟའ་ལྔ་པོ་རང་རང་གི་བགོས་ཞག་འགྲུབ། དེ་ནས་རང་རང་དཀྱིལ་འཁོར་གྱིས་ནས། འབྱུང་མེ་ཟླས་ཐོབ་དལ་རྐང་འཛིན་ཞེས་པའི་བར་གཞུང་གིས་གསལ་ཞིང་། དོན་ཅུང་ཟད་རྒྱས་སུ་བཏང་བ་གོང་མེ་མཁའ་རྒྱ་མཚོ་ལས་བརྩམས་པའི་གཟའ་ལྔར་སོང་། བཀྲ་ཤིས་དེ་ཉིད་སོགས་ནི། དབུ་མའི་ཕྱོགས་གསུམ་ལས་ཕྱོགས་གཅིག་བཟུང་སྟེ་ཞེས་པ། ཉི་ཟླའི་ཡེ་ཤེས་ཀྱི་རྐང་པ་བརྒྱད་ཀྱིས་སོ་སོར་བསྒྱུར། འོག་མ་སུམ་ཅུས་བགོས་པས་ཟླ་བ་བཞིར་ལོངས། དེ་གོང་མ་ལ་བསྲེས་པས་ཉིས་བརྒྱ་གོ་གཉིས་ནི། གཟའ་ལྔའི་དལ་རྐང་སྡོམ་པ་ཡིན། སོ་སོར་གསལ་ན། བཀྲ་ཤིས་དེ་ཉིད་ཉེས་པ་རི། ཟློག་པ་ཕྱི་རྐང་སྟེ། སྔ་རྐང་ལྔ་བཅུ། ཕྱི་རྐང་ལྔ་བཅུ་སྡོམ་པས་བརྒྱད། ལྷག་མ་ཕྱོགས་རི་རྩེ་མོ་ཅན། ཟློག་པ་གོང་བཞིན། སྔ་རྐང་ཉི་ཤུ། ཕྱི་རྐང་ཉི་ཤུ་སྡོམ་པས་བཞི་བཅུ། ཕུར་བུ་དྲག་པོ་བུག་ག་མེ། ཟློག་པ་འདྲ། སྔ་རྐང་ཉེར་གསུམ། ཕྱི་རྐང་ཉེར་གསུམ་སྡོམ་པས་ཞེ་དྲུག །དཀར་པོ་དབང་རི་བོང་ཅན། ཟློག་པ་ཕྱི་རྐང་། སྔ་རྐང་བཅུ། ཕྱི་རྐང་བཅུ་སྡོམ་པས་ཉི་ཤུ། མིག་ལག་ཚེས་འཚམས་སྤེན་པ། ཟློག་པ་ཕྱི་རྐང་། སྔ་རྐང་ཞེ་གསུམ། ཕྱི་རྐང་ཞེ་གསུམ་སྡོམ་པས་བརྒྱད་ཅུ་གྱ་དྲུག །དེ་ལྟར་བཀོད་པའི་ནོར་གཟའ་བདུན་འདྲ། རིམ་མིན་ནོར། རིལ་པ་བུ་ལོན་སྣོན་འབྲིང་བྱས་པས་དལ་བ་དག་པ་ཡན་གཞུང་གསལ། རང་རང་དལ་དག་ནི། དྲག་གསུམ་དལ་བར་དང་། ཞི་གཉིས་ཉི་མ་བར་ཕ ལ་བརྟེན་ནས་སྒྲུབ་པ་དེ་ཡིན། དེས་སོ་སོའི་མྱུར་དག་སྦྱངས་པ་ནི། གཟའ་མཐོན་པོས་དམའ་བོ་སྦྱངས་ཞེས་བྱུང་བས། དྲག་གསུམ་ཉིན་ཞག་བར་པ་ལ་སྦྱངས། ཞི་གཉིས་གོང་དུ་རང་རང་གི་རྐང་འཛིན་ལོངས་སྤྱོད་ཅེས་པ་དེ་ལ་སྦྱངས་པས་མཐོ་བས་དམའ་བ་སྦྱངས་པར་སོང་། མ་ལྡང་འཁོར་ལོ་བསྲེས་ལ་སྦྱངས་ཞེས་པ་ནས། ལྷག་མས་མྱུར་བའི་རྐང་པ་འཛིན་པ་ཡན་གཞུང་གསལ། གཟའ་ལྔའི་མྱུར་རྐང་ནི། དབུ་མ་ཡེ་ཤེས་ཀྱི་རླུང་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་དེ། ལོ་གསུམ་མཁའ་དུས་མེས་བསྒྱུར་བ་ཞག་དོན་ཡིན། ཕྱོགས་གསུམ་གྱིས་ཞག་ཞེ་ལྔ་བསྲེས་པས། ཉིན་ཞག་སྟོང་བརྒྱ་ཉེར་ལྔ་དེའི་སྟེང་དུ་བུ་ལོན་ཞེས་པ། མངལ་གྱི་ཟླ་བ་དུག་བསྲེས་པས་སྟོང་བརྒྱ་སོ་བཞི། ནང་ཆུ་ཚོད་དུ་བྱས་ནས་གཟའ་རྣམས་ཀྱི་མྱུར་རྐང་གི་ཚོགས་ཡིན། དེ་ལས་གསལ་བར་སྤྲོས་པ། བཀྲ་ཤིས་རིག་བྱེད་དུས་མེ་ཞེས་པ། སུམ་བརྒྱ་རེ་བཞི། རྐང་པ་སྔ་ཕྱིར་བརྒྱ་གྱ་གཉིས་རེ་སྤྱོད་པ་ལས། བཀྲ་ཤིས་ཀྱི་སྐར་མ་ཤར་དུ་སྤྱོད་པའི་དང་པོ། རྒྱལ་བ་མེ་མིག་གསུམ། གཟུགས་མིག་གཉིས། སྐྱོན་ཚེས་དྲག །མེ་སྟེ་སྔ་རྐང་བཅུ་ལ་སྤྱོད་ཚེ་མྱུར་འགྲོས། ཕྱི་རྐང་རྩ་བ་བཅུ་གཅིག་པ་དྲག་པོ། བཅུ་གཉིས་པ་སོ་བརྒྱད། བཅུ་གསུམ་པ་བརྒྱད་ཅུ། བཅུ་བཞི་པ་ལྔ་བཅུ་ང་གསུམ། འདི་ལྟར་སྐར་མ་ཕྱེད་ཡིན། རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། རིམ་མན་སྔ་རྐང་འཁྱོགས་འགྲོས་ནུབ། ཕྱི་རྐང་ཡང་སྒྲས་འཁྱོགས་འགྲོས་བྱང་། གཟའ་ལྔ་ཀར་རིགས་འདྲེས། ཟླ་སྐྱེས་རིག་བྱེད་བུག་ཟླ་ཞེས་པ། སྔ་ཕྱིར་སྤྱོད་པ་གོ་བདུན། སྔ་རྐང་དང་པོ་དང་གཉིས་པ་མི་བདག །གསུམ་པ་ཚེས། བཞི་པ་མ་ནུ་ལྔ་པ་འདོད་པ། དྲུག་པ་དྲག་པོ། བདུན་པ་རི། བརྒྱད་པ་འབྱུང་བ། དགུ་པ་ཐིག་ལ། སྔ་རྐང་དགུ །རྩ་བར་ཕྱི་རྐང་། བཅུ་པ་རིག་བྱེད། བཅུ་གཅིག་དྲག་པོ། བཅུ་གཉིས་པར་ཉི་ཤུ། བཅུ་གསུམ་པ་ཉེར་བརྒྱད། བཅུ་བཞི་པོ་སོ་བཞི། འདི་ཡང་སྐར་མ་ཕྱེད་དོ། །བླ་མའི་རིག་བྱེད་མཁའ་ཟླ་སྟེ་བརྒྱ་དང་བཞི། སྔ་ཕྱི་པ་གཉིས་སྤྱོད་པ། སྔ་རྐང་དང་པོ། སྒྲ་གཅན་གནས་དང་པོ་དང་གཉིས་པ་ཕྱོགས། གསུམ་པ་བུ་ག བཞི་པ་ཀླུ། ལྔ་པ་དང་དྲུག་པ་དུས། བདུན་པ་འཁྲིག་པ། བརྒྱད་པ་འོད་དཀར་ཅན་ཏེ་སྔ་རྐང་བརྒྱད། རྩ་བ་ཕྱི་རྐང་། དགུ་པ་མེ། བཅུ་པ་དུས། བཅུ་གཅིག་པ་བུ་ག །བཅུ་གཉིས་པ་དྲག་པོ། བཅུ་གསུམ་པ་མི་བདག །བཅུ་བཞི་པ་མི་བ་པ། འདི་ཡང་སྐར་མ་ཕྱེད་དོ། དཀར་པོ་དུས་གཟུགས་རིག་བྱེད་ཅེས་པ་བཞི་བརྒྱ་བཅུ་དྲུག །སྔ་ཕྱིར་ཉིས་བརྒྱ་དང་བརྒྱད། སྔ་རྐང་དང་པོ། གཉིས་པ། གསུམ་པ་རྣམས་དེ་ཉིད། བཞི་པ་ལྔ་པ་གཉིས་རྒྱལ་བ། དྲུག་པ་བདུན་པ་གཉིས་ལག་མིག །བརྒྱད་པ་སྐྱོན། དགུ་པ་ཚེས། བཅུ་པ་ཀླུ་སྟེ་སྔ་རྐང་བཅུ། རྩ་བར་ཕྱི་རྐང་།་བཅུ་གཅིག་པ་དུས། བཅུ་གཉིས་པ་སུམ་ཅུ། བཅུ་གསུམ་པ་གོ་དགུ །བཅུ་བཞི་པ་དོན་གསུམ། འདི་ཡང་སྐར་མ་ཕྱེད་དོ། ཉི་སྐྱེས་དུས་འབྱུང་ཅེས་པ་ང་དྲུག །སྔ་ཕྱི་ཉེ་བརྒྱད་རེ་སྤྱོད་པའི་སྔ་རྐང་དང་པོ་དུས། གཉིས་པ་གསུམ་པ་འབྱུང་བ། བཞི་པ་ལྔ་པ་རིག་བྱེད། དྲུག་པ་བདུན་པ་ཟུང་། བརྒྱད་པ་ཐིག་ལེ་སྟེ་སྔ་རྐང་བརྒྱད། རྩ་བར་ཕྱི་རྐང་། དགུ་པ་གཉིས། བཅུ་པ་བཞི། བཅུ་གཅིག་པ་ལྔ། བཅུ་གཉིས་པ་དྲུག །བཅུ་གསུམ་པ་བརྒྱད། བཅུ་བཞི་པ་གསུམ། འདི་ཡང་ཆུ་ཚོད་སུམ་ཅུ་སྟེ་། གཟའ་ལྔ་ཀ་རྐང་པ་བཅུ་བཞི་ལོངས་སྤྱོད་པའི་སྔ་རྐང་ནོར། ཕྱི་རྐང་བུ་ལོན་དུ་ཤེས་པར་བྱའོ།།རིམ་པ་ལུགས་འབྱུང་ནས་རྒལ་དོར་འབྱུང་འགྲོས་བྱང་དུ་བལྟ། ཅེས་པའི་བར་གཞུང་དུ་གསོལ་ལོ།།ད་ནི་འཇམ་དབྱངས་ལ་གཏུད་ནས།གཟའ་ལྔའི་མགྱོགས་བརྩིས་བསྐལ་དྷྲ་འཛིན་པའི་ལོ་སོའི་སྤྱི་ནོར་ཤེས་པར་འདོད་པའི་ཕྱིར། རྩ་བའི་རེའུ་མིག་བཀོད་པ། གོང་ཞག་གསུམ་རྣམ་དབྱེར་ཉིན་ཞག་ཡུལ་གྱི་རྟགས་ལོངས་གཅིག་བཤད་པ་འདིར་བཀོད་པ། གནས་ཐིག དབྱུག་བཞི། སྲང་ཉེར་དྲུག བུག་མཁའ་མིག་བུག་ཡིད་ཀྱི་ཆ། དུས་མིག་འབྱུང་དབང་གཟུགས་ཡོད་པ་རྣམས། འདོད་པ་བཅུ་གསུམ་གྱི་རིམ་བཞིན་བགོས་ཐོབ་བརྩེགས་པ་གནས་དབྱིུག་ག་ཐིག སྲང་མཁའ་མིག བུག་སོགས་ཆ་བདུན་ཁྲི་དྲུག་ཅུ་གཅིག་གི་སྟེང་དུ་གཅིག་བརྩེགས་པ་བཅུ་གསམ་གྱི་བར་དུ་སྤེལ་བས་རེའུ་མིག་བཅུ་གསུམ། འདོད་ཆ་གཅིག ཆུ་རོ་སྟེ་དྲུག་ཅུ་རྩ་བཞི་བགོས་ཐོབ་བརྩེགས་པ། གནས་དབྱུག་སྲང་ཐིག བུག་སོགས་ཆ་ལ་མིག་ལག་ཐུབ་རི་རྒྱ་མཆོའོ། །ཆུ་རོ་ཆ་རུ་མིག་མ་རྣམས་གཅིག་གི་སྟེང་དུ་གཅིག་གི་སྟེང་དུ་གཅིག་བརྩེགས་པ་དྲུག་ཅུ་རྩ་བཞིར་སྤེལ་བ་འམ།རེའུ་མིག་ཉུང་བར་བྱེད་ན་བཅུའི་བར་མཐའ་བར་བརྩེགས་དེ་མན་བཅུ་ཚན་གྱི་རེའུ་མིག་བཀོད། ཞག་གྲངས་མ་འགྲིག་པར་གོང་གི་བཅུར་སྤེལ་བའི་གནས་གང་འགྲིག་བྱིན་པས་འགྲུབ་བོ། །ཆུ་རོ་ཆ་གཅིག་རི་མཁའ་རིས་བགོས་ནོར་བརྩེགས། གནས་དབྱུང་སྲང་ཐིག བུག་སོགས་ཆ་རི་རོ་སྟེ་དྲུག་ཅུ་རྩ་བདུན། དེའི་རེ་བཞི་ཆ་སོ་གཉིས་ཡོད་གཅིག་སྟེང་དུ་གཅིག་བརྩེགས་པས་རི་མཁའ་རིར་སྤེལ་བ་རེའུ་མིག་བདུན་བརྒྱ་བདུན། བཅུ་ཚོར་སྤེལ་བས་ཀྱང་འགྲུབ་བོ། །དེ་གསུམ་བརྩེགས་སྟེང་དུ་ཚེས་ཞག་གསུམ་དུ་བཀོད་པའི་ཆུའི་རོའི་ལྷག་མ་དང་། རི་མཁའ་རི་ལྷག་མ་འདོད་པས་བསྒྱུར་ནས། རི་མཁའ་རི་དང་ཆུ་རོས་ཕུད། ནོར་གང་བྱུང་འདོད་ཆ་ཡིན། སྔ་མ་གསུམ་བརྩེགས་པའི་སྟེང་དུ་བསྲེས་པས།ལོ་གང་ཡིན་པའི་སྤྱི་ནོར་འཁྲུལ་པ་མེད་པ་ཡིན། གཞན་ཡང་སྤྱི་ནོར་འཚོལ་ལུགས་གཅིག་ལ། ཚེས་ཞག་ཉི་མ་བར་པ་ལ་བརྟེན་ནས། ཉིན་ཞག་ཉི་བར་སྒྲུབ་ལུགས་གཟའ་ལྔ་གོང་མའི་འཇུག་ན་ཡོད། དེ་ཡང་ནག་པ་ཟླ་བའི་ཉི་དྷྲུ་ཚེས་ཞག་ཉི་བར་ཡིན་པས། ཚེས་གཅིག་ལྟ་བུ་ལ་བསྒྲུབ་གཅིག་ན། ཚེས་ཞག་གཅིག་གི་རྟགས་ལོངས་སྟེར། དབོ་ཟླ་བའི་གནམ་གང་ལ་བསྒྲུབ་ན་སྟེར་མི་དགོས། དེ་ལྟར་ཉིན་ཞག་ཉི་བར་བསྒྲུབ་པ་དེའི་སྟེངས་དུ་ཉིན་ཞག་བར་ཚེས་གཅིག་ནས་གནམ་གང་གི་བར། ཞག་གྲངས་གང་བྱིན་ན་འཁོར་ལོ་བུད་འགྲོ་བ་བལྟས། བུད་འགྲོ་ས་དེ་འཁོར་ལོ་ཕུད་པས་ཞག་གཅིག་གི་རྟགས་ལོངས་མ་ལོངས་ཙམ་བྱུང་ན། ལོ་དེའི་ཉིན་ཞག་སྤྱི་ནོར་ཡིན་ནོ། དེ་དང་སྔར་གྱི་སྤྱིི་ནོར་གཉིས་མཐུན་ཡོང་། གལ་སྲིད་མ་མཐུན་ན་རི་མོ་མ་དག་པ་ཡིན་ནོ། དྲུག་གཟའ་གསུམ་གྱིི་མྱུར་རྐང་དོན་དང་། ཞི་གཟའ་གཉིས་ཀྱིི་དལ་དག་རིའུ་མིག་སྟེར་བར་འོག་གསུམ་དུ་བཀོད་པའི་རེའུ་མིག་གསུམ་བརྒྱ་རེ་ལྔ་ཡོད་པ་དང་། ལོ་བཞི་རེ་ནས་རེའུ་མིག་རེ་ལོངས་ཡོང་། འགབ་ཀྱི་གཞོགས་སུ་བཀོད་པའི། དེ་རྣམས་ཀྱི་རྩ་བ་ཉིན་ཞག་གཅིག གནས་ཐིག དབྱུག་བཞི། སྲང་ཉེར་དྲུག བུག་མཁའ་མིག་བུག་ཡིད་ཀྱི་ཆ། དུས་མིག་དབང་ལོ་ཚེས་ཡོད་པ། གཅིག་སྟེང་གཅིག་བརྩེགས་སུམ་བརྒྱ་རེ་ལྔ་ལྔར་སྤེལ། ལུག་སོགས་ཁྱིམ་བཅུ་གཉིས་ཀྱི་མཚན་མ་བཀོད། རྐང་པ་རེའུ་མགོ་རུ་རི་མོ་རྩ་སྒྲུབ་རེ་དགོས། ལྷག་མ་སྐར་མ་ལྷག་འཚམས་ཀྱི་ཕྱེད་དམ་དཀྱིལ་དུ་སྐྱེས། དཀར་པོ་ནམ་སོའི་ཐོག་མར་སྐྱེས། དེ་ནས་ལྷག་པ་དང་། པ་སངས་ཀྱིི་སྤྱི་ནོར་གྱི་ཁྱིམ་དྲུག་ལེགས་པར་བསྒྲུབ་ནས། སྤྱི་ནོར་རྐང་འཚམས་མ་ནོར་བར་བྱས་ནས་རིམ་བཞིན་བརྩེགས་པས་རིའུ་མིག་མྱུར་དུ་འགྲུར། བསྒྲུབ་གཞི་ནག་པའི་ཚེས་གཅིག་གི་ཉིན་ཞག་རྟགས་ལོངས་གཅིག །བསྒྲུབ་ལུགས་ཟླ་བའི་བུ་དང་དཀར་པོ་གཉིས་སོ་སོའི་དལ་རྐང་འདྲ་བའི་ཁྱད་པར་ཙམ་ལས། སྐྱེས་བུ་གསུམ་བཟོ་ལུགས་སྔར་དང་མཚུངས། དྲག་གཟའ་གསུམ་གྱིས་རྐང་འཛིན་གནས་གོང་མ། བར་མ་ཟླ་སྐྱེས། འོག་མ་དཀར་པོ་སུམ་བརྒྱ་རེ་ལྔའི་བར་སྤེལ། ལོ་བཞི་བཞི་ནས་རེའུ་མིག་ཟུར་པ་རེ་དགོས་སོ། །དྲག་གཟའ་གསུམ་གྱི་དལ་གི་རེའུ་མིག་ལས། བཀྲ་ཤིས་ཀྱི་ཞག་གཅིག་ནི་ཉིན་ཞག་ནི། གནས་ཐིག དབྱུག་གཉིས། སྲང་ཉེར་གཅིག །བུག་མིག་ལག་ཆ་བརྒྱ་དང་བཅུ་གཅིག །གཅིག་ནས་དྲུག་བརྒྱ་གྱ་བདུན་གྱིི་བར་སྤེལ་ལམ། བཅུ་ཚོར་སྤེལ་ཀྱང་མི་བདེ་བ་རང་མི་ཡོང་། ཡང་ཞག་གཅིག་གི་རྟགས་ལོངས་དེ་ཀ་རྐང་པ་གང་ཡིན་པས་གནས་ཐོག །མའི་ཞག་གྲངས་ཀྱིས་གནས་རྣམས་མ་ནོར་བསྒྱུར། འོག་ནས་རང་རང་གི་འཁོར་ལོ་ཕོད་པས། ཞག་དེའི་རྟགས་ལོངས་འཁྲུལ་མེད་དུ་འཆར། གཟའ་རྣམས་ཀྱི་སྐྱེས་ཁྱིམ་མི་གཅིག་པས། བཀྲ་ཤིས་སྐག་རྫོགས་ནས་མཆུའི་ཕྱེད་དུ་སྐྱེས། དལ་བ་དག་པ་ཆོ་ག་བཞིན་བསྒྲུབ་པས། རྩ་བའི་དལ་བ་དག་པ་འཆར། བློ་སྤྲོ་ནས་དལ་བསྒྲུབ་ནས་འགོད། མྱུར་འདོད་བཀྲ་ཤིས་ཁྱིམ་དྲུག་གི་སྤྱི་ནོར་བཟོས་ནས་བྱིན་པས་འགྲུབ། ཁྱིམ་གང་ཡིན་གྱི་སྤྱི་ནོར་དགོས། དེ་ནས་བླ་མའི་ཉིན་ཞག་གཅིག་ལ། གནས་དབྱུག་ཐིག །སྲང་ཉེར་གཉིས། གཟུགས་དུས་མེ་ཎ་ཀླུ་ཚེས་ཡོད། རེའུ་མིག་སོ་མེ་མཚོ་གྲངས་ཏེ་བཞི་སྟོང་སུམ་བརྒྱ་སོ་གཉིས་ཀྱི་བར་སྤེལ། བསྡུ་ན་ཉི་ཤུར་སྤེལ་ཀྱང་འགྲུབ་པ་ཡིན། སྐྱེས་པའི་ཁྱིམ་ནི། སྐར་མ་དབོ་རྫོགས། མེ་བཞིའི་ཐོག་མར་སྐྱེས་པས་ཁྱིམ་འཚམས་འཚོལ་བ་དང་། རྟགས་ལོངས་བསྒྲུབ་ལུགས་བཀྲ་ཤིས་ལ་སྤྱན་ཆེར་བས་གཟིགས། ཉི་སྐྱེས་ཞག་གཅིག་གི་རྟགས་ལོངས་གནས་དབྱུག་ཐིག སྲང་དགུ། མེ་ཀླུ་སྟེ་འབྱུང་ཆ་རུ་མེ་ཚེས་ཡོང་པ་གཅིག་སྟེང་གཅིག་བརྩེགས་ཆིག་ཁྲི་བདུན་བརྒྱ་རེ་དྲུག་གི་གྲངས་སུ་རེའུ་མིག་སྤེལ། བསྡུས་པ་བཞི་བཅུ་བཞི་བཅུར་སྤེལ་ཀྱང་དོན་འགྲུབ་བོ། །སྐྱེས་པའི་ཁྱིམ་ནི། སྣྲོན་རྫོགས་པ་སྣྲུབས་ཀྱི་རྩེ་མོར་ཕྱག་ཕེབས་སོ། །ཁྱིམ་གྱི་འཚམས་འཚོལ་བ་དང་། རྐང་པའི་ཁྱད་པར་ཙམ་མ་གཏོགས་བཀྲ་ཤིས་བཞིན་མཛད་པས་འགྲུབ། ཞི་གཟའ་གཉིས་ཀྱི་མྱུར་བའི་དོན་དུ་རྐང་འཛིན་རེའུ་མིག་ཟླ་སྐྱེས་ཀྱི་ཉིན་ཞག་གྱ་བདུན། ཆུ་ཚོད་ང་བརྒྱད། སྲང་བཅུ་གཉིས་ཡོད་པ་དེར་འཁོར་བ་ཡིན་ཀྱང་། ཆུ་ཚོད་ཆུ་སྲང་གོ་མི་བདེ་བས། གནས་གསུམ་ཀ་བརྒྱས་བསྒྱུར། རང་འཁོར་ཕུད་པས་ཞག་སར་རི་བུག་རི་ཀླུ་འཆར་བ་རེའུ་མིག་དེའི་གྲངས་སུ་སྤེལ་ན་འཇུག་བདེ། ཞག་གཅིག་གི་རྟགས་ལོངས་ལ་གནས་ཐིག །ཆུ་ཚོད་བཅོ་བརྒྱད །སྲང་ཉེར་བཞི། རི་བུག་རི་ཀླུའི་ཆ་བརྒྱད་སྟོང་བརྒྱ་བཅུ་གཉིས། གཅིག་སྟེང་གཅིག་བརྩེགས་རེའུ་མིག་འཁོར་ལོའི་གྲངས་སུ་སྤེལ། བསྡུས་པ་རེའུ་མིག་གྱ་བདུན་དང་། སྤྱི་ནོར་རེའུ་མིག་བརྒྱར་སྤེལ་བས་དངོས་གྲུབ་པ་སྟེར་རོ། །པ་སངས་རྒྱལ་བ་མིག་ནི། ཞག་ཉིས་བརྒྱ་ཉེར་བཞི་དང་། བཅུ་ཆ་བདུན་ལ་འཁོར་ཀྱང་བགོས་པས། ཞག་གཅིག །གནས་ཐིག །ཆུ་ཚོད་བདུན། སྲང་བཅུ་གཉིས། བུག་སོགས་རི་བོའི་ཆ་བཞི་བརྒྱ་སོ་གཉིས། གཅིག་ནས་རེའུ་མིས་རི་རྒྱལ་མིག་གྲངས་སུ་སྤེལ། བསྡུས་ན་རེའུ་མིག་ཉིས་བརྒྱ་ཉེར་བཞི་དང་། སྤྱི་ནོར་ཆར་སྤེལ་བས་འགྲུབ་བོ། །ལྷག་པ་པ་སངས་བརྒྱས་བསྒྱུར་བཅུས་བསྒྱུར་ཡིན་པས།བགོད་བཞི་རྒྱུ་སྐར་ཆུ་ཚོད་གྲངས་བརྒྱས་བསྒྱུར་ནས་བགོས་པས། ལྷག་སངས་གཉིས་ཀྱི་རྟགས་ལོངས་འཁྲུལ་མེད་དུ་འཆར་རོ། །ད་ནི་གཟའ་སོའི་ལྔ་སོ་སོའི་མྱུར་བའི་རྐང་པ་ནི། རྒྱུ་སྐར་གྱི་ཆུ་ཚོད་ལ་སྤྱོད་པ་ཡིན་པས། རྒྱུ་སྐར་གྱི་ཆུ་ཚོད་མིག་གིས་བཅད་པས་ནོར་བརྒྱད་བརྒྱ་བཅུ་འབྱུང་བ་ཆུ་ཚོད་བརྒྱད་བརྒྱ་བཅུ་ཡིན་པས། གཟའ་ལྔ་སོ་སོའི་མྱུར་རྐང་གིས་རིམ་པའི་རྐང་པས་གར་འབབ་བསྒྱུར་ནས། བརྒྱད་བརྒྱ་བཅུའི་བར་དུ་བཀོད་ནས། དྲུག་ཅུར་ལོངས་པ་ནས་དྲུག་ཅུར་བགོས་པས་ནོར་རྐང་འཛིན་ཡིན། སྔ་ཕྱིར་ཟོས་དང་མ་ཟོས་པ་སྡོམ་པ་གཞུང་དུ་བཤད་པ་ལྟར་ཡིན། རེའུ་མིག་ཁྱད་པར་མེདཔར་འཆར་བ་ཡིན་ནོ། །རིམ་པའི་རྐང་འཚམས་སྟེང་ལ་ཡས་མར་བཀོད། རིམ་མིན་རྐང་འཚམས་འོག་ནས་མས་ཡར་བཀོད། རིམ་པའི་ཕྱི་རྐང་ཐ་མ་རིམ་མིན་སྔ་རྐང་དང་པོ་མཛུག་གུ་འཛུགས་པ་གཅིག་ཡིན། དེ་ཀ་ཆུ་ཚོད་སུམ་ཅུ། རྐང་པ་གཞན་ཐམས་ཅད་ཆུ་ཚོད་དྲུག་ཅུ་རེ་རེ། རེའུ་མིག་དང་པོའི་སྒྲུབ་ཚུལ་རྐང་པ་དང་པོས་དབྱུག་གཅིག་བསྒྱུར། དྲུག་ཅུས་བགོས་ནོར་ཡང་དག་རྒྱུ་བའི་ཆུ་ཚོད། ལྷག་མཁའ་རོས་བསྒྱུར་ནས་ཐོབ་པ་སྲང་། གནས་དང་ཆུ་ཚོད་དང་སྲང་གསུམ་དུ་ཤེས་པར་བྱ། ཆུ་ཚོད་ང་དགུའི་བར་དུ་ཡིན། དེས་ཀུན་ལ་རིག་པས་འདྲེ་བར་ཆུ་ཚོད་གཉིས་སོགས་རྐང་པ་སོ་སོས་བསྒྱུར། བསྡུས་པ་བཅུ་ཚོར་སྤེལ་བས་དོན་འགྲུབ་བོ། །ད་ནི་དེ་ལྟར་རེའུ་མིག་བཀོད་པ་དེ། འཕྲལ་ལག་ལེན་དུ་ཁྱེར་བདེ་བར་བྱ་བའི་ཕྱིར་ཕྱག་འཚལ་བ་སྔོན་དུ་འགྲོ་བས། བླ་མ་དང་ལྷག་པའི་གཉིས་སུ་མེད་པའི་བྱིན་རླབས་སྙིང་ལ་ཞུགས་པས། གསུང་རབ་ཀྱིི་ཁོངས་ན་བཞུགས་ཀྱང་། ཀུན་གྱིི་སྤྱོད་ཡུལ་དུ་མ་གྱུར་པས། ཉིན་ཞག་ཉི་བར་སྤྱི་ནོར་དང་བཅས་པས། སྟོབས་ལྡན་གཟའ་ལྔའི་འགྲོས་བཞི་་འཁྲུལ་མེད་དུ་སྟོན་པའི་ཚུལ་ཇི་བཞིན་དུ་རྣམ་དཔྱོད་ཀྱི་རྩེ་མོར་ཁྲ་ལམ་གྱི་གསལ་བའིི་གནད་ཀྱིས་རེའུ་མིག་སོ་སོའི་དོན་མ་འདྲེས་པ་མཛུབ་ཚུགས་སུ་བསྟན་པ་ནི། རབ་བཅུ་མི་ཟང་མི་ཁྱི་ལ་སོགས་པ་འདས་ལོ་གང་ཡོད་གཞིར་གཞག །ཟླ་བ་བཅུ་གཉིས་ཀྱིི་དོན་དུ་ཉི་མས་བསྒྱུར། ནག་པོ་ལ་སོགས་པའི་འདས་ཟླ་བསྲེ་དགོས་བསྲེས། གནས་གཉིས་སུ་བཞག་པའི་འོག་མ་བཞིས་བསྒྱུར་བ་ནི་རྒྱུ་མཚན་ཅན་གྱི་ཡིན། མིག་ཕྱོགས་བརྒྱད་པ་ནི། མི་བཟད་པ་མེ་ཁྱིའི་མཁའ་མེ་ཟླ་ལྷག་ཡིན་པས་དེ་བྱིན་པ་བྱིན། མཁའ་མེ་ཟླ་སོ་གཉིས་ཕྱེད་བཅས་ནི། ཚེས་ཟླ་སོ་གསུམ་ཕྱེད་བཅས་སུ་ལོངས་པ་ཟླ་བ་དེའི་བར་གྱི་དབུ་མའི་ཡེ་ཤེས་ཀྱི་རླུང་ཟླ་བ་གཅིག་ཏུ་ལོང་པ་དེ་ཟླ་ལྷག་ཏུ་འདོན་པའི་ཕྱིར་སོ་གཉིས་བཞིས་བསྒྱུར། འོག་གི་ཕྱེད་མ་གཉིས་བསྲེས་པས་མཁའ་མེ་ཟླ་བ་འཆར། བགོད་བྱེད་བཞིས་བསྒྱུར་བའི་ཕྱིར་བགོད་གཞི་བཞིས་བསྒྱུར་བའིམཚུངས་གྱི་རྒྱུ་མཚན་འཐོན། བགོས་པའི་ནོར་སྟེང་དུ་བསྲེས་པས་ཚེས་ཀྱི་ཟླ་བ་དག་པར་སོང་། ཟླ་བ་དག་པ་དེ་མཁའ་མེས་བསྒྱུར། གང་བརྩིའི་ཚེས་གྲངས་བསྲེས། འདོད་པས་བསྒྱུར་ཞེས་པས། བཅུ་གསུམ་གྱིས་བསྒྱུར་བ་ནི། ཚེས་ཟླ་རེ་བ་བཅུ་གསུམ་ཆར་བྱས་པ་ཡིན། སྐྱོན་དང་འབྱུང་བ་རིག་བྱེད་བྱིན། ཞེས་པ་ཉི་མའི་ཞག་བརྩིས་འཕྲོ་ཆུ་མིག་ཀླུ་མཚོའི་གྲངས་ཡིན།་གནས་དེར་ཆུ་མིག་ཀླུ་མཚོས་བགོས་པའི་ནོར་འདས་གོང་། ལྷག་མ་གནས་གསུམ་དུ་བཞག །འོག་མི་རི་མཁའ་རིས་བགོས།རྙེད་པ་བར་བསྲེས་ཆུ་རོས་བགོས། རྙེད་པས་སྟེང་སྦྱངས་སྦྱངས་ལྷག་ཕབ། གཅིག་པ་ཆུ་རོས་བསྒྱུར། ཆུ་རོའི་ལྷག་གིས་སྦྱངས། དེ་ནས་གཅིག་ཕབ། གཅིག་པོ་མཁའ་རོས་བསྒྱུར། མཁའ་རོ་ལྷག་གི་སྦྱངས། སྟེང་མ་འདོད་པས་དབྱེ་ནོར་གྱིས། དྲག་གསུམ་རྐང་འཛིན་གྱི་རེའུ་མིག་དང་། བར་འོག་ཞི་གཟའ་གཉིས་ཀྱི་རིའུ་མིག་དལ་བ་དག་པ་ཐུན་མོངས་སུ་འཛིན། ལྷག་མ་གནས་གོང་མ་འདོད་ཆ། བར་མ་ཆུ་རོ་ཆ་གསུམ་ཟུར་དུ་ཡང་བཀོད། སླར་ཚེས་ཟླ་མཁའ་མེས་བསྒྱུར། ཚེས་གྲངས་འདོད་བསྲེ་བ་གནས་གསུམ་དུ་བཞག་པ་གཟའ་ལྔ་སྤྱིའི་རྒྱགས་ལུགས་དང་མཚུངས། བར་དུ་གཟུགས། འོག་ཏུ་ང་གསུམ་བྱིན། འོག་མ་རི་མཁའ་རིས་བགོས་ནོར་བར་ལ་བསྲེས། ཆུ་རོས་བགོས་ནོར་འདོད་ཆ་ཡིན་པས་སྟེང་དུ་བཞག །དེ་གསུམ་པོ་ཟུར་དུ་བཀོད་པའི་གནས་གསུམ་པོའི་སྟེང་དུ་སོ་སོར་བསྲེས། འོག་ནས་རི་མཁའ་རིས་བགོས་ནོར་བར་ལ་བསྲེས། དེ་ཆུ་རོས་བགོས་ནོར་སྟེང་བྱིན། འདོད་པས་བགོས་ནོར་དོར། ལྷག་མ་གསུམ་གྱི་སྔར་བཤད་པའི་འདོད་ཆའི་རིའུ་མིག་བཅུ་གསུམ་དང་། རི་རོ་ཆའི་རིའུ་མིག་རེ་བཞི་དང་། རི་མཁའ་རི་ཆའི་རིའུ་མིག་དེ་གྲངས་སོ་སོར་འཛིན། གནས་གསུམ་པོ་དེ་མ་ནོར་བར་བསྲེས་པ་འོག་ནས་འཁོར་ལོ་འབུད་རྒྱུ་འ་དུག་ན་ཕུད་པའི་ལྷག་མ་རྣམས་ལོ་དེའི་སྤྱི་ནོར་འཁྲུལ་མེད་ཡིན། ཚེས་གང་ལ་བསྒྲུབ་ཀྱང་འདི་ལ་འཆར་བས་ཚེས་ཐམས་ཅད་ཀྱི་ཐུན་མོངས་དུ་སོང་བའི་སྤྱི་ནོར་ཞེས་མིང་བཏགས། ཉིན་ཞག་རེའུ་མིག་གང་ཟིན་པ་དེའི་སྟེང་བར་འོག་གསུམ་དུ་ད་ལྟའི་སྤྱི་ནོར་དེ་སོ་སོ་བསྲེས་པས། གོང་མ་དྲག་གསུམ་གྱི་རྐང་འཛིན་དང་། བར་འོག་ཞི་གཉིས་ཀྱི་དལ་དག་མངོན་སུམ་དུ་འཆར་རོ། །ད་ནི་དྲག་གཟའ་གསུམ་གྱི་དལ་བར་དང་། ཞི་གཟའ་གཉིས་ཀྱི་རྐང་འཛིན་དོན་དུ། གོང་གི་སྤྱི་ཞག་དེ་གནས་ལྔར་བཀོད་པ་ནི། གཟའ་ལྔ་སོ་སོའི་དོན་དུའོ། །དེ་ནས་རང་རང་བགོས་ཞག་གི་ཆེད་དུ། བཀྲ་ཤིས་ལ་སོ་དུས་བརྒྱན། ལྷག་པའི་གསལ་ཞག་བརྒྱས་བསྒྱུར་བ་ལ། དུས་བུག་གཟུགས་འབྱུང་བརྒྱན། ཕུར་བུ་ལ་བདུན་བརྒྱ་དང་གཅིག་བྱིན། པ་སངས་གསལ་ཞག་བཅུས་བསྒྱུར་བ་ལ། སྟོང་བདུན་བརྒྱ་གོ་གསུམ་བྱིན། དལ་འགྲོ་གསལ་ཞག་ལ་བརྒྱ་ཞེ་ལྔ་བྱིན་པའོ། །དེ་ནས་རང་རང་དཀྱིལ་འཁོར་གྱིས། ཞེས་པ་ནས། དལ་བའི་རོ་དུས་རི་མཁའ་ཟླ། ཞེས་པའི་བར་གཞུང་གསལ། དྲག་གསུམ་གྱི་ལྷག་མས་རང་གྲངས་མཚངས་པའི་རང་རང་གི་རེའུ་མིག་རྒྱས་པར་ཡོད་ན་རེའུ་མིག་གང་ཟིན་དེ་ཀ་ཡིན། བསྡུས་པ་དལ་དག་དང་གྲངས་མཚུངས་པའམ་མི་མཚུངས་ན་ཉུང་བའི་རེའུ་མིག་དེ་བཟུང་། ཉུང་བའི་རེའུ་མིག་དེས་སྦྱངས་མཁན་ལ་སྦྱངས་པའི་ལྷག་གང་བྱུང་བ་དེ། ཀ་ཁའི་ཐོ་བཞིན་ཟིན་པ་བྱིན་པས། དྲག་གཟའ་གསུམ་གྱི་དལ་དག་འཆར། ཟླ་སྐྱེས་རེའུ་མིག་རྒྱས་པ་ཡོད་ན་ལྷག་གི་གྲངས་མཚུངས་འཛིན། བསྡུས་པ་ལྷག་མ་བརྒྱས་བགོས་པའི་ནོར་རྐང་འཛིན་རེའུ་མིག་གྲངས་མཚུངས་པ་དེ་འཛིན། ལྷག་མས་སྤྱི་ནོར་རེའུ་མིག་ཟིན་ནས་སྔ་མའི་སྟེང་དུ་བྱིན་པས་ཟླ་སྐྱེས་རྐང་འཛིན་དག པ་སངས་ནི་རེའུ་མིག་རྒྱས་པ་ཡོད་ན་ལྷག་མས་འཛིན། བསྡུས་པ་བཅུས་བགོས་པའི་ནོར་གྱི་རྐང་འཛིན་རེའུ་མིག་འཛིན། ལྷག་མས་སྤྱི་ནོར་ཟིན་པ་དེ། གོང་སྟེངས་བྱིན་པས་དཀར་པོའི་རྐང་འཛིན་དག་པ་འཆར། རང་རང་དལ་བ་དག་པ་ཕྱོགས་གཅིག་ལ་བཀོད།་སོ་སོའི་མྱུར་དག་དྲག་གཟའ་གསུམ་ལ་སྔར་རེའུ་མིག་གསུམ་ས་སྔར་རེའུ་མིག་གསུམ་དང་པོའི་དྲག་པོའི་དྲག་གསུམ་རྐང་འཛིན་ཞེས་པ་དེ་གཡོན་ཕྱོགས་ལ་བཀོད། ཞི་གཟའ་གཉིས་ལ་སོ་སོའི་རྐང་འཛིན་གཡོན་ལ་བཀོད། རྐང་འཛན་རྣམས་ཀྱི་གནས་ཆུ་ཚོད་སོགས་ཀྱི་འོག་ཏུ་གཡོན་གྱི་སོ་སོའི་དལ་དག་བྲིས་པ་དེས་སྦྱངས། མ་ལྡང་ན་འཁོར་ལོ་བསྣན་ནས་སྦྱངས་དགོས། འཁོར་ཕྱེད་ལྷག་ཀྱང་དོར་བར་བྱས། སྦྱངས་ལྷག་སྐར་མ་མཁའ་རོས་བསྒྱུར་བ་ལ། ཆུ་ཚོད་བསྲེས་པའི་གྲངས་དེ་ཡིན། འཁོར་ཕྱེད་མ་དོར་བ་རིམ་པ་ཡིན་པས། ཡས་རིམ་གྱི་རེའུ་མིག་གྲངས་མཚུངས་འཛིན། ཕྱེར་དོར་ན་རིམ་མིན་ཏེ་མས་རིམ་གྱི་རིའུ་མིག་གྲངས་མཚུངས་འཛིན། རིམ་པའི་ཕྱི་རྐང་ཐ་མ་ཡས་རིམ་གྱི་ཟིན་པའི་མཐའ་དང་། རིམ་མིན་གྱི་སྔ་རྐང་དང་པོ་གཉིས་གཅིག་པས་ཆུ་ཚོད་སུམ་ཅུ་ཡིན་པས། ཉེར་དགུ་ཚུན་དེ་ཀས་འཛིན། སུམ་ཅུ་ཤར་བ་ནས་ང་དགུའི་བར་གཅིག་རེ་བྱིན་ནས་འཛིན། མྱུར་རྐང་གི་རིའུ་མིག་རྒྱས་པར་སྦྱར་ཡོད་ན། གྲངས་མཚུངས་རིའུ་མིག་དེ་ཀ་ཡིན་ཅིང་འཁྲུལ་གཞི་ཆུང་། སྡུས་པ་གྲངས་མཚུངས་རིའུ་མིག་དེ་ཡིན། གྲངས་མི་མཚུངས་ཇི་ཙམ་བསྣོན་དགོས་པ་དེ་སོ་སོའི་རྐང་པའི་ཐོ་བཞིན་གྲངས་དེས་བསྒྱུར་ནས་སྔ་རྐང་རྣམས་ལ་བསྣན། ཕྱི་རྐང་རྣམས་ལ་འབྲིད། དེས་ནི་མྱུར་དག་རྐང་ལོངས་འགྲུབ། དེ་ལྟར་སྐར་གནས། ཆུ་ཚོད། སྲང་རྣམས་སུ་དལ་དག་ལ་རིམ་པ་བསྣོན། རིམ་མིན་དུ་དབྲི་བས། སོ་སོའི་མྱུར་བ་དག །རིམ་པ་ལ་སྤྱོད་པའི་ཚེ་གཟའ་གང་ཡིན་ཀྱང་འདྲ། སྔ་རྐང་ལ་ཁ་ཤར་དུ་བལྟ། ཕྱི་རྐང་དལ་འགྲོས་ཏེ་མཚུངས་པར་ཁ་ལྷོར་བལྟ། རིམ་མིན་སྔ་རྐང་ལ་འཁྱོག་འགྲོ་སྟེ་ནུབ་ཏུ་བལྟ། སྡུས་རྒྱུད་ཀྱི་ཡང་སྒྲས་བཤད་པའི་འབྱུང་འགྲོས་རིམ་མིན་ཕྱི་རྐང་བྱང་དུ་བལྟ། སྟོབས་ལྡན་གཟའ་ལྔའི་འགྲོས་བཞི་ཞེས་པའོ། །གཟའ་ལྔ་འཕྲོས་པ་དང་བཅས་པའི་འཁྲུལ་མེད་ཀྱི་སྐབས་སོ། །དགུ་པ་དུས་སྦྱོར་ཡུལ་དྲུག འཕགས་ཡུལ། བོད། ལི། རྒྱ་ནག །ཀཻ་ལ་ཤ། གངས་ཅན་ཏེ་ཡུལ་དྲུག །ལྷོ་ནས་བྱང་དུ་རིམ་པ་བཞིན་བརྩིས་པ་ཡིན། གངས་ཅན་ལ་ལྷོ་ཤམྦྷ་ལ་ལ་ཉེ་བའི་གནས་དང་། བྱང་གངས་ཅན་ལ་ཉེ་བའི་གནས་ཏེ་གཉིས་ཡུལ་བདུན་དུ་སོང་། དྲི་མ་མེད་པའི་འོད་ལས། ཀུན་གྱི་བགོད་བཞི་དབྱུག་གུ་དྲུག་ཅུ། འཕགས་ཡུལ་བཅུས་ཐོབ་པའི་ནོར་ཆུ་ཚོད་དྲུག །བོད་ཡུལ་དུ་སྤྱིར་བཏང་དགུས་བགོ་བར་བཤད་པ་རགས་བརྩིས། དེ་རགས་བརྩིས་སུ་སོང་བས་ཞིབ་པར་ཆུ་ཚོད་བརྒྱད། ཆུ་ཚོད་གཅིག་བདུན་ཆར་གསིལ་བའི་བཞི་ཡོད་པ་བརྒྱད་བདུན་གྱིས་བསྒྱུར་བའི་ལྔ་བཅུ་དྲུག །དེའི་སྟེངས་སུ་བདུན་ཆ་བཞི་བསྲེས་པས་དྲུག་ཅུ་འབྱུང་བ། རྒྱུ་མཚན་དེས་བགོད་བཞི་དྲུག་ཅུ་བདུན་གྱིས་བསྒྱུར་ནས་བགོས་པས་ནོར་བདུན་ཐོབ་པ་ཆུ་ཚོད། ལི་ཡུལ་བརྒྱད་ཀྱིས་བགོ་བ་རག་བརྩིས། ཞིབ་པར་ཆུ་ཚོད་ཕྱེད་དང་བརྒྱད་ཀྱིས་བགོ་དགོས་པས། བདུན་གཉིས་ཀྱིས་བསྒྱུར། དེ་ལ་ཞག་ཆེན་གཅིག་བསྲེས་པས་བཅོ་ལྔ་འབྱུང་། རྒྱུ་མཚན་དེས་བགོད་གཞི་གཉིས་ཀྱིས་བསྒྱུར་ནས་བགོས་པས་ནོར་བརྒྱད་ཐོབ་པ་ཆུ་ཚོད། རྒྱ་ནག་བདུན་གྱིས་བགོ་བ་རགས་བརྩིས། ཞིབ་པར་ཆུ་ཚོད་དྲུག་ཅུ་དང་གསུམ་ཆ་གཉིས་ཡོད་པ། དྲུག་གསུམ་གྱིས་བསྒྱུར། གསུམ་ཆ་གཉིས་བསྲེས་པས་ཉི་ཤུ་འོང་། རྒྱུ་མཚན་དེས་བགོས་གཞི་དྲུག་ཅུ་གསུམ་གྱིས་བསྒྱུར་ནས་བགོས་པས་ཆུ་ཚོད་དགུ་ཐོབ། ཀཻ་ལ་ཤ་བགོད་བཞི་དྲུག་ཅུ། དྲུག་གིས་བགོས་པས་ཆུ་ཚོད་བཅུ་ཐམ་པ། གངས་ཅན་ལྷོ་ཕྱོགས་ཆི་ཚོད་ལྔ། ཆུ་ཚོད་གཅིག་དྲག་ཆ་ལྔ་ཡོད་པ་བགོད་མ་ཤེས་པས་ལྔ་བཅུ་གཅིག་གིས་བསྒྱུར། དྲག་ཆ་ལྔ་བསྲེས་པས་དྲུག་ཅུ་འབྱུང་། རྒྱུ་མཚན་དེས་བགོད་གཞི་དྲུག་ཅུ་བཅུ་གཅིག་གིས་བསྒྱུར་ནས་བགོས་པས་ནོར་ཆུ་ཚོད་དྲག་པོ་ཐོབ། གངས་ཅན་བྱང་ཕྱོགས་བགོད་གཞི་དྲུག་ཅུ་ལྔས་བགོས་པས། ཆུ་ཚོད་བཅུ་གཉིས་ཐོབ་པ་དེ་རྣམས་བགྲོད་རེའི་འཕེལ་འགྲིབ་ཅེས་པ། དགུན་ཉི་ལྡོག་ནས་དབྱར་ལོག་པ་ལ་རེགག་པའི་འཚམས་སུ་འཕེལ་བ་དང་། དབྱར་ཉི་ལོག་ནས་དགུན་ཉི་ལོག་པ་ལ་རེག་པའི་བར་དུ་འགྲིབ་པ་ཡིན། ནོར་དེ་སོ་སོར་གཉིས་ཀྱིས་བགོས་པ་ཉི་མ་ལོག་པ་ནས་ཉིན་མཚན་མཉམ་པའི་བར་ཟླ་བ་གསུམ་གསུམ་གྱི་འཕེལ་འགྲིབ་ཡིན། དེ་ཡང་མེས་ཐོབ་པའི་ནོར་ཁྱིམ་ཟླ་རེའི་འཕེལ་འགྲིབ་ཡིན། ཁྱིམ་ཞག་རེའི་འཕེལ་འགྲིབ་དེ་སུམ་ཅུས་ཐོབ་པ་ཞག་རེའི་འཕེལ་འགྲིབ་ཡིན། འཕགས་ཡུལ་ཞག་རེར་སྲང་གཉིས། བོད་དུ་ཞག་རེར་སྲང་གཉིས་དང་དབུགས་གཉིས། ལོ་ཡུལ་ཞག་རེར་སྲང་གཉིས། དབུགས་བཞི། རྒྱ་ནག་ཞག་རེར། སྲང་གསུམ། ཀཻ་ལ་ཤ་ཞག་རེར། སྲང་གསུམ། དབུགས་གཉིས། གངས་ཅན་ལྷོ་ཞག་རེེར། སྲང་གསུམ། དབུགས་བཞི། གངས་ཅན་བྱང་ཞག་རེར། ཆུ་སྲང་བཞི། དེ་རྣམས་ཐམས་ཅད་སུམ་ཅུ་སུམ་ཅུས་བསྒྱུར་ནས་རང་འཁོར་ཕུད་པས། འཕགས་ཡུལ་ཟླ་བ་གཅིག་ལ་ཆུ་ཚོད་གཅིག་གིས་འཕེལ་འགྲིབ། བོད་དུ་ཟླ་བ་རེར་ཆུ་ཚོད་གཅིག་དང་ཆུ་སྲང་བཅུ། ལི་ལ་ཟླ་རེར་ཆུ་ཚོད་གཅིག་དང་ཆུ་སྲང་ཉི་ཤུ། རྒྱ་ནག་ཟླ་བ་རེར་ཆུ་ཚོད་གཅིག་དབང་ཕྱུག་ཆེན་པོའི་དབྱིངས་འཆར་ལས་གསུངས་པའི་བྱང་མཐའ་འདིའི་ཐད་ཀྱི་ཡུལ་ཡིན་པའི་དབང་དུ་མཛད་ནས། འདས་ཞག་གནས་གཉིས་སུ་བཞག་པའི་སྟེང་མ་ཆུས་བསྒྱུར། འོག་མ་ཉེར་ལྔས་བསྒྱུར། མཁའ་རོས་བགོས་ཐོབ་སྟེང་དུ་བསྲེས་པ་ཞག་རེའི་འཕེལ་འགྲིབ་ཆུ་སྲང་བཞི་ལྷག་ཙམ་སྤྱོད་པའི་གྲུབ་མཐའ་མཛད། འདིའི་གནད་དབྱངས་འཆར་གསལ་སྒྲོན་ལས། གོང་མ་བཞིས་བསྒྱུར་བ་ཉིན་ཞག་རྟགས་ལོངས་ལ་ཆུ་ཚོད་བཞི་ཡོད་པ་དེ་ཡིན། འོག་མ་ཉེར་ལྔས་བསྒྱུར་བ་ཉིན་ཞག་ཆུ་སྲང་ཉེར་དྲུག་ཡོད་པ་ལས་གཅིག་འཕྲི་ནས་ཉེར་ལྔས་བསྒྱུར་བ་ཡིན་ཟེར་བ་ནི་ཞག་རེའི་འཕེལ་འགྲིབ་ལ་ཆུ་ཚོད་བཞི་བྱེད་པ་མི་སྲིད་པའི་ཕྱིར་གྱ་ཚོམ་མོ། །དབྱངས་འཆར་ལས་གསུངས་པའི་འབྲས་བུས་ཐམས་ཅད་འགྲེལ་ཆེན་དུ་མི་བདེན་པ་ཐེར་བགགས་ནེར་བགགས་མཛད་དོན་སྔོན་གྱི་ལྷ་ཆེན་རྣམས་ཀྱིས་མཛད་པའི་གྲུབ་མཐའ་འཇིག་རྟེན་པ་མགོ་བསྐོར་ཞིང་སླུའོ་གསུངས། ཡུལ་ཀུན་སོ་སོའི་འཕེལ་འགྲིབ་ཁོངས་དུ་ཆུད་པར་བྱས་ནས། ཡུལ་དྲུག་གི་དབང་དུ་བྱས་པའི་སྲང་ཚད་འདྲ་བ་དྲུག་སོ་སོར་ཤེས་པར་འདོད་ན། མཁའ་སྟོང་མེ་ཞེས་པ་དུས་སྦྱོར་རེ་ལ་དབུགས་སྟོང་བརྒྱད་བརྒྱ་ཡོད་པ། དབུགས་ཀྱི་འཁོར་ལོ་དྲུག་ཡིན་པས་དྲུག་གིས་ཕུད། སྲང་སུམ་བརྒྱ་འཆར་བ་དེ་ཡིན། ཡུལ་དྲུག་ལ་ཡུལ་མིག་མགོ་རུ་བགོད། དེའི་འོག་ཏུ་མཁའ་སྟོང་མེ་གནས་དྲུག་དྲུག་བཞག །ལུག་སོགས་གཡོན་ངོས་ལ་ཡས་མར་བྲིས། སྲང་སོགས་གཡས་ནས་མས་ཡར་ཏེ་ཁྱིམ་བཅུ་གཉིས་ཀྱི་མཚན་མ་བཀོད། ཡུལ་ཀུན་ལ་འདྲེས། བགྲོད་རེའི་འཕེལ་འགྲིབ་མཁའ་རོས་བསྒྱུར་བ་ལ། དྲུག་ཅུས་ཐོབ་ནོར་གནས་དང་པོ་འབྲིད། ལུག་ཉའི་སྲང་ཚད། ཚེས་ཐོབ་འཕྲི་བས། གླང་བུམ་སྲང་ཚད། རོས་ཐོབ་འཕྲི་བས། འཁྲིག་པ་ཆུ་སྲིན་གྱི་སྲང་ཚད། ཀརྚ་གཞུ་གཉིས་རང་ས་ཡིན། བཅུས་བགོས་པའི་ནོར་བྱིན་པས། སེང་གེ་དང་སྡིག་པའི་སྲང་ཚད། མཁའ་མིག་གི་བགོས་ནོར་གསུམ་གྱིས་བསྒྱུར་ནས་བྱིན་པས། བུ་མོ་དང་སྲང་གི་སྲང་ཚད་དུ་འགྱུར། ཡུལ་སོ་སོའི་སྲང་ཚད་བཟོ་ལུགས་འདི་ལ། ཁ་གཅིག་མ་ལེགས་པར་སེམས་མོད་དེ། ཀཻ་ལ་ཤའི་སྲང་ཚད་རྒྱུད་འགྲེལ་དུ་བཤད་པ་དང་མཐུན་པས་ལེགས་བཤད་དུ་གོའོ། །སོ་སོའི་སྲང་ཚད་འདི་ལྟ་སྟེ་ཞེས་ནས། དངོས་ཤུགས་གཉིས་ཀས་བསྟན་པ་ཡིན་ཞེས་པའི་བར་གཞུང་ན་གསལ་བ་ལྟར་ཤེས་པར་བྱའོ། །ཡུལ་སོ་སོའི་སྲང་ཚད་མི་འདྲ་བ་ནི། ཉི་མ་འཆར་ལུགས་མི་འདྲ་བའི་དབང་གིས་འཕྲེད་ལ་རྒྱུ་བ་དང་། གསེགས་ལ་རྒྱུ་བ་དང་། ཐད་ཀར་རྒྱུ་བས་ཆུ་སྲང་འཕེལ་འགྲིབ་འབྱུང་། འདི་ལས་ཟུར་པའི་ཆུ་སྲང་བཀོད་པ་ནི། རིག་དྲས་ཀྱིས་བཀོད་འདུག་པས་རྟོག་བཏགས་སུ་སོང་། དེ་བས་ན་རྒྱུད་འགྲེལ་ན་གང་གསུངས་པ་བཞིན་བྱས་ན་ལེགས་པར་གོ །ད་ནི་དུས་སྦྱོར་གྱི་ལག་ལེན་རི་མོ་གཏན་ལ་འབེབ་པ་ནི། ཐོག་མར་སོ་སོའི་ཉིན་ཚད་བཤད་པ་ནི། ལུག་སྲང་གཉིས་ཆུ་ཚོད་སུམ་ཅུར་མཉམ། གླང་བུ་མོ་ཆུ་ཚོད་སོ་གཅིག །སྲང་བཅུ། འཁྲིག་པ་སེང་གེ་ཆུ་ཚོད་སོ་གཉིས། སྲང་ཉི་ཤུ། ཀརྚ་ཊ་ཆུ་ཚོད་སོ་གསུམ། སྲང་སུམ་ཅུ། སྡིག་པ་དང་ཉ་ལ་ཆུ་ཚོད་ཉེར་བརྒྱད། སྲང་ལྔ་བཅུ། གཅུ་དང་བུམ་པ་ཆུ་ཚོད་ཉེར་བདུན། སྲང་བཞི་བཅུ། ཆུ་སྲིན་ལ་ཆུ་ཚོད་ཉེར་དྲུག །སྲུང་སུམ་ཅུ། དེ་རྣམས་ཀྱིས་མཁའ་རོ་ལ་འཕྲི་བས་མཚན་མོའི་ཚད་འཆར། ཡུལ་གཞན་རྣམས་ཀྱི་ཉིམ་མོའི་ཚད་རང་གི་འགོ་བྱས་ནས་ཁྱིམ་དྲུག་དྲུག་གི་ཆུ་སྲང་སྡོམ་པས་སོ་སོའི་ཉིན་ཚད་ཤེས་སོ། དུས་སྦྱོར་ངོས་འཛིན་པ། ཉི་དག་སྐར་མ་མཁའ་རོས་བསྒྱུར། འོག་གི་ཆུ་ཚོད་བསྲེས། འབྱུང་མེ་འདས་ཐོབ་འདས་པའི་ཁྱིམ་གྲངས་ཡིན། ལྷག་མ་མཁའ་མེས་བསྒྱུར་བ་ཞག་དོན་དུ་ཡིན། ཆུ་སྲང་གཉིས་ཀྱི་བགོས་ཐོབ་སྲེ་ནི་ཆུ་སྲང་བསྲེ་བ་ནི། གཉིས་ཀྱི་བགོས་པའི་ནོར་དང་། ཆུ་སྲང་དྲུག་ཅུས་བསྒྱུར་ནས་མཁའ་རོས་འཁོར་ལོ་ཕུང་པའི་ནོར་མང་ཉུང་ཁྱད་མེད་པས་འཇུག་བདེ་བའི་ཕྱིར་གཉིས་ཀྱིས་བགོས་ནས་སྟེར་བ་འདི་བཀོད། འབྱུང་བ་མེད་དང་ཟླ་བས་བགོས་པའི་ནོར་འདས་ཞག་གི་གྲངས་ཡིན། ལྷག་མ་མཁའརོས་བསྒྱུར་ནས་བགོས་ནོར་ཆུ་ཚོད། ཡང་མཁའ་རོས་བསྒྱུར་བགོས་ནོར་སྲང་ཡིན། འདས་ཞག་སྟེངས་ནས་ཉི་མས་སྦྱངས། ཞེས་པ་ནི། ལྷོ་འཛམ་བུ་གླིང་འདིའི་ཤར་མཐའ་ནས་ནུབ་མཐའི་བར་དུམ་བུར་སུམ་ཅུར་བྱས་པའི་ཤར་ནས་བགྲངས་པའི་དུམ་བུ་བཅུ་གསུམ་པའི་སྟེངས་ན་རང་ཅག་བོད་པ་རྣམས་ཀྱི་ཡུལ་འདི་ཡོད་པས་བཅུ་གཉིས་སྦྱངས་པ་ཡིན། མ་ལྡང་ན་ཁྱིམ་ནས་གཅིག་ཕབ། སུམ་ཅུས་བསྒྱུར། འདས་ཞག་བསྲེས། དེ་ལ་སྦྱངས་པས། ལྷག་མའི་ཁྱིམ་གྱི་གྲངས་འདས་ངེས་ཡིན། བོད་རང་གི་ཉི་མ་ལྡོག་པ་སོགས་དུས་ཚོད་འགྲིག །དེ་ནས་ཞག་རེའི་སྣོན་འབྲིད་ནི། འདས་ཞག་མིག་གིས་བསྒྱུར། གནས་གཉིས་འོག་མ་དབུགས་དོན། འོག་མ་དྲུག་གིས་ཐོབ་པ་སྟེངས་མར་བྱིན། ལྷག་བྱུང་ན་དབུགས་ཡིན། སྟེང་མ་མཁའ་རོས་ཐོབ་པའི་ནོར་ཆུ་ཚོད། ལྷག་མ་སྲང་ཀརྐ་ཊ་སོགས་ཟླ་བ་དྲུག་ལ་ལྷོ་བགྲོད་ཡིན་པས་དོར། ཆུ་སྲིན་སོགས་ཁྱིམ་དྲུག་ལ་བྱད་བགྲོད་ཡིན་པས་བསྣོན། ཆུ་སྲང་དང་དབུགས་ཀྱང་དེ་ཁའི་འོག་ཏུ་སྣོན་ན་བྲིས་ནས་འཇོག །འབྲིད་ན་ཆུ་ཚོད་ནས་གཅིག་ཕབ་ནས་རིམ་པ་བཞིན་ཕྲི། ཞག་རེའི་ཉིན་ཚད་ཀྱིས་མཁའ་རོར་འཕྲི་བས་ལྷག་མཙན་དེ་དུས་ཉི་མ་ཕྱེད་ལ་ཐུབ་པ་ཤིང་བུ་བཙུགས་པས་གྲིབ་མ་གསུམ་བྱུང་། དེ་དང་ཐུབ་ཤིང་རང་གི་བདུན་བསྲེས་པས་བཅུ། དེས་ཉི་ཕྱེད་ཀྱི་སྲང་བསྒྱུར་བས་མཁའ་མཁའ་མཁའ་བུག་འཆར། དེ་བཞིན་དུ་ཀུན་གྱི་ཉིན་ཕྱེད་ཆུ་སྲང་དུ་གི་གསལ། རང་རང་གི་ཉི་ཕྱེད་ཀྱི་ཐུར་མ་གྲིབ་བཅས་ཀྱིས་བསྒྱུར་བས། བགོད་གཞི་རགས་པ་འབྲིང་པོ་འཆར་ཞིང་། སླ་ཐབས་སུ། གླང་དང་བུ་ནོ་མདའ་ཀླུ་དབང་། འཁྲིག་པ་སོང་གེར་མཁའ་མཚོ་ཉི། ཀརྚ་འབྱུང་དུས་བུག་གཟུགས་ཏེ། གླང་བུ་མོ། འཁྲིག་པ། སེང་གེ། ཀརྚ་ཏེ་ལྔ་མཁའ་སྟོང་མཁའ་བུག་ལ་སྦྱངས་པའི་རྒྱུ་མཚན། ཉི་ཕྱེད་ཀྱི་ལོངས་སྤྱོད་ལ་ཐུབ་ཤིང་གྲིབ་བཅས་ཀྱིས་བསྒྱུར་བ་ལས་མ་ངས་པའི་སྐྱོན་ཡོད་པས་དེས་སྦྱངས་པ་ཡིན། ལུག་སྲང་རང་སར་གཞག་པས་ཐུབ། བོད་འདིར་ཉི་མ་ཉ་ཁྱིམ་དུ་སླེབ་ཚེ་དཔྱིད་ཉིན་མཚན་མཉམ། བུ་མོར་སྟོན་ཉིན་མཉམ་པས། ཉ་དང་བུ་མོ་རང་སོར་གཞག །ཅེས་པ་རིགས་པས་ཤེས་པར་བྱ། སྡིག་པ་དང་ཉ་གཉིས་ལ་ཉིན་ཕྱེད་གྲིབ་མ་བཞི་ཡོད་པས། ཐུབ་ཤིང་གྲིབ་བཅས་བཅུ་གཅིག་གིས་བསྒྱུར་བས། མཁའ་སྟོང་མཁའ་བུག་ཉུང་བའི་སྐྱོན་ཡོད་པས། ལྔ་བརྒྱ་བཅོ་ལྔ་སྟེར། གཞུ་བུམ་པ་ལ། ཉིན་གུང་གྲིབ་མ་ལྔ་འབྱུང་བ། ཐུབ་ཤིང་གྲིབ་བཅས་བཅུ་གཉིས་ཀྱིས་ཉིན་ཕྱེད་ཀྱི་ཚད་བསྒྱུར་བས། མཁའ་སྟོང་མཁའ་བུག་ལས་མང་བ་ཡོད་པས། དགུ་བརྒྱ་དྲུག་ཅུ་སྟེར་དགོས། ཆུ་སྲིན་ལ་མཁའ་སྟོང་མཁའ་བུག་གི་སྟེར་དུ་སྟོང་སུམ་བརྒྱ་སོ་ལྔ་སྟེར་བ་ནི། ཆུ་སྲིན་ལ་ཉིན་ཕྱེད་ལ་གྲིབ་མ་དྲུག་ཡོད་པ་ཐུབ་ཤིང་གྲིབ་བཅས་བཅུ་གསུམ་གྱིས་ཉི་མའི་ཕྱེད་ཀྱི་ཚད་བསྒྱུར་བ་དང་འགྲིག་གོ །བགོད་བཞི་འབྲིང་པའི་དབང་དུ་བྱས་པས་གོ་བདེ། བགོད་གཞི་དེ་ལ་ཐུར་མ་གྲིབ་བཅས་ཀྱིས་བགོས་ཐོབ་ཆུ་སྲང་། ལྷག་དྲུག་གིས་བསྒྱུར། ཐུར་མ་གྲིབ་བཅས་ཀྱིས་བགོས་པའི་ནོར་དབུགས་གོང་མའི་འོག་ཏུ་བཞག །དེ་ལ་བགོད་པ་དེ་ཀ་འོག་ཏུ་སྦྱངས་པའི་གཞི་ཡིན། མཁའ་རོས་བགོས་ནོར་ཆུ་ཚོད། གོ་བདེ་བའི་ཕྱིར་ཆུ་ཚོད་ཆུ་སྲང་དབུག་གསུམ། སྔ་དྲོ་ཡིན་ན་འདས་པའི་ཚད། ཕྱི་དྲོ་ཐུར་ཤིང་གཙུགས་ན་མ་འོངས་པའི་ཆུ་ཚོད་ཆུ་སྲང་དབུགས་ཡིན་ནོ། །འོག་ཏུ་སྦྱངས་གཞིའིི་འདས་པ་བགོས་པས། མ་འོངས་པའི་ཉི་མོའི་ཚད་ལ་འཕྲི་བའི་ལྷག་འདས་པ་ཡིན། སྔ་དྲོ་ཐུར་ཤིང་གཙུགས་ན། ཆུ་ཚོད་ཆུ་སྲང་སོགས་ཀྱིས་ཉིན་ཚད་ལ་སྦྱངས་པའི་མ་འོངས་པ་ཡིན། གོང་དུ་ཉི་མ་འཕྲི་བའི་ཞག་ལྷག་དེ་རང་རང་གི་ཆུ་སྲང་གིས་བསྒྱུར། མཁའ་མེས་བགོས་པའི་ནོར་དེ་འདས་པའི་སྲང་ཡིན། ལྷག་བྱུང་ན་མི་དགོས། དེས་རང་ཁྱིམ་ཆུ་སྲང་ལ་སྦྱངས་པའི་ལྷག་མ་འོངས་པའི་སྲང་། དེ་གཉིས་ཟུར་དུ་མཚན་མ་བཀོད་ནས་བཞག་པ་ངོས་ཤེས་པའི་ཆེད་ཡིན། དེ་དུས་ཀྱི་དུས་སྦྱོར་ངོས་འཛིན། ཐུར་མ་གྲིབ་བཅས་ཀྱིས་བགོས་པའི་སྔ་གྲོ་འདས་པ་དེ་ཀ །ཕྱི་དྲོ་མ་འོངས་པས་སྦྱངས་པའི་ལྷག་དེ་འདས་པ་ཡིན། སྔ་ཕྱི་གང་ཡིན་ཀྱང་འདས་པའི་ཆུ་ཚོད་དྲུག་ཅུས་བསྒྱུར་བ་དེ་སྲང་དུ་སོང་། འོག་གི་སྲང་བསྲེས་པ་དེ། ཐུར་མས་བཙལ་བའི་ཆུ་སྲང་འདས་པ་དེ་ཡིན། དེ་ལ་རང་གི་མ་འོངས་པས། ཐོག་མ་བྱས་ནས་རིམ་གྱིས་འཕྲི་བས། ཉིན་མོ་དུས་སྦྱོར་དྲུག་དྲུག་སོགས་འདས་པ་དེ་ཡིན། མ་ལྡང་བའི་ཁྱིམ་དེ་ཀ་ད་ལྟ་སྤྱོད་བཞིན་པའི་ཁྱིམ་ཡིན་ནོ། །དེའི་མིང་ལ་ཏརྐ་ལ། ལུག་སོགས་དྲུག་ལ་སྲང་ཚད་བཀོད་པ་ཡས་རིམ་གྱིས་སྦྱངས། སྲང་སོགས་དྲུག་མས་རིམ་གྱིས་སྦྱངས། གང་མ་ལྡང་བ་དེ་ད་ལྟ་བ་དེའི་འབྲས་བུ་བརྩིས་འབྲས་ནང་ན་ཡོད། ད་ལྟའི་ཏརྐལ་དེ་ཅི་ཙམ་འདས། ད་ཇི་ཙམ་སྡོད་ཤེས་པར་འདོད་ན། མ་ལྡང་བའི་ལྷག་མ་དེ་མཁའ་རོས་བགོས་ནོར་ཆུ་ཚོད། ལྷག་མ་དེ་སྲང་ཡིན་པས། འདས་ནས་ཆུ་ཚོད་ཆུ་སྲང་དེ་སོང་ཞེས་སྨྲ་བར་བྱའོ། སྦྱངས་ལྷག་དེས་དུས་སྦྱོར་རང་གི་སྲང་གང་ཡིན་ལ་སྦྱངས་པའི་ལྷག་མ་འོང་པ་ཡིན་པས། དེ་ཡང་མཁའ་རོས་ཐོབ་ནས་བགོས། ནོར་ཆུ་ཚོད། ལྷག་ས་སྲང་། ཆུ་ཚོད་དང་ཆུ་སྲང་འདི་ཙམ་སྡོད་ཅེས་ལུང་བསྟན་པར་བྱའོ། །གནས་ལྔ་དུམ་དྲུག་ལ་སོགས་པ་དུས་ཀྱི་འཁོར་ལོར་བཤད་པ་མེད་པས། དེ་དག་གི་འབྲས་བུ་དབྱངས་འཆར་ཅེས་པའི་རྒྱུད་དབང་ཕྱུག་ཆེན་པོས་མཛད་པ་དེའི་ནང་ན། འབྲས་བུ་འདི་དང་འདིའོ་ཞེས་སྨོས་པ་ནི་འཇིག་རྟེན་པ་རྣམས་བསླུ་བར་བྱེད་ཅིང་མགོ་བསྒོར་བ་རང་ཉིད་ལ་རྙེད་པ་ཕྲན་བུ་ཐོབ་བྱའི་ཆེད་དུ་ཡིན། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་སྐྱིད་སྡུག་སོགས་རང་རང་གིས་དགེ་མི་དགེའི་ལས་ལ་གྲུབ་པ་ངེས་དོན་ཡིན་ཅེས་དྲི་མེད་ལས་གསུངས་སོ། །འཕགས་ཡུལ་དུས་སྦྱོར་བྱེད་ན། འདས་ཞག་ཉི་མས་སྦྱངས་པ་དེ་ཀ་གཉིས་ཀྱིས་བསྒྱུར། ཐོབ་ན་དྲུག་ཅུས་བགོ །ནོར་ཆུ་ཚོད། ལྷག་ཆུ་སྲང་། བོད་གོང་དུ་སོང་། ལི་ཡུལ་འདས་ཞག་གནས་གཉིས་བཀོད། གོང་མ་མིག །འོག་མ་ཆུས་བསྒྱུར། འོག་མ་རོས་བགོ་ནོར་སྟེང་ལ་བསྲེས། སྟེང་མ་ཡང་ཐོབ་ན་དྲུག་ཅུས་བགོ །ནོར་ཆུ་ཚོད། རྒྱ་ནག་འདས་ཞག་གསུམ་གྱིས་བསྒྱུར། མཁའ་རོས་ཕུད་ནོར་ཆུ་ཚོད། ལྷག་སྲང་། ཀཻ་ལ་ཤ་འདས་ཞག་གནས་གཉིས་བཞག །གོང་མ་གསུམ་གྱིས་བསྒྱུར། འཔག་མ་ཆུས་བསྒྱུར། རོས་བགོ །ནོར་སྟེང་བསྲེས། ཐོབ་ན་དྲུག་ཅུས་བགོས། རྙེད་པ་ཆུ་ཚོད། ལྷག་སྲང་། གངས་ཅན་བྱང་མཐའ། འདས་ཞག་ཆུས་བསྒྱུར། དྲུག་ཅུས་བགོ །རྙེད་པ་ཆུ་ཚོད། ལྷག་མ་ཆུ་སྲང་། འདི་གསང་སྔགས་ཀྱི་རྒྱུད་ཕལ་མོ་ཆེ་དང་། མདོ་ཁ་གཅིག་ནས་ཟླ་བ་རེ་ལ་ཆུ་ཚོད་གཉིས་གཉིས་སྤྱོད་པར་གསུངས་པ་དང་འགྲིག་པས། ད་ལྟ་བརྩིས་པ་ཐམས་ཅད་ཟླ་བ་སོ་སོའི་ཉིན་ཚད་འདིའི་དབང་དུ་བྱས་ནས་བགོད་པ་ཡིན་ནོ། །ཡུལ་དྲུག་སོ་སོའི་ཆུ་སྲང་གིས་བསྒྱུར་བའི་ཁྱད་པར་ཙམ་ཡིན་ལ། གཞན་ཆོ་ག་ཐམས་ཅད་བོད་ཡུལ་གྱི་དུས་སྦྱོར་རྒྱབ་པ་དང་ཁྱད་པར་མེད་པས། དུས་འཁོར་རྒྱུད་འགྲེལ་ནས་གསུངས་པའི་དུས་སྦྱོར་གྱི་སྐོར་འདི་ཁོ་ནའོ། །དུས་སྦྱོར་གྱི་མཐའ་དཔྱད་ལག་ལེན་འཁྲུལ་མེད་པ་དང་བཅས་པ་བཀོད་པའི་སྐབས་སོ། །བཅུ་པ་རྟེན་འབྲེལ་བཤད་པར་བྱ་སྟེ། མར་ངོ་སྔོན་འགྲོ་གཅོ་ཆེ་བའི་དབང་དུ་བྱས་ནས། གཞུའི་ཁྱིམ་རྫོགས་པ་དང་། ཚེས་བཅོ་ལྔའི་ཉ་སྐར་སྐར་མ་རྒྱལ་ལ་བབ་པ་དང་། ཟླ་བ་རྫོགས་པ་འགྲིག་པས་གཞུ་རྒྱལ་རྫོགས་ཞེས་སྨོས། འདི་མདོ་ཉི་མའི་སྙིང་པོ་ལས། ཟླ་བ་ཉ་ཚེ་ཟླ་རེངས་འགྱུར། ཞེས་པས། མར་ངོ་སྔོན་འགྲོ་བསྟན། དེའི་ཉིན་ཆུ་སྲིན་གྱི་ཁྱིམ་ཚུགས་པ་དང་། མ་རིགས་པ་འགོ་ཚུགས་པས། འཇིག་རྟེན་རིག་བརྩིས་ལྟར་ན་ཚེས་བཅུ་དྲུག །བསྟན་བཅོས་ལྟར་ན་མར་ངོའི་ཚེས་གཅིག་ལ་རྟེན་འབྲེལ་མ་རིག་པ། མཆུ་ཟླ་བ་འགོ་ཚུགས། ཆུ་སྲིན་གྱི་ཁྱིམ་རྫོགས་པ། མཆུའི་ཟླ་བ་རེངས་པ། དབོ་ཟླ་བའི་འགོ་ཚུགས། བསྟན་བཅོས་མར་ངོའི་ཚེས་གཅིག་རྟེན་འབྲེལ་འདུ་བྱེད། བུ་ཁྱིམ་རྫོགས་པ། དབོའི་ཟླ་བ་རེངས་པ། ནག་པ་འཇུག་པ་བསྟན་བཅོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་རྣམ་པར་ཤེས་པ་ཉི་ཁྱིམ་རྫོགས་པ། ནག་ཉ་རེངས་པ། ས་ག་ཟླ་བའི་འགོ་ཚུགས་པ། བསྟན་བཅོས་མར་ངོའི་ཚེས་གཅིག་རྟེན་འབྲེལ་མིང་གཟུགས། ལུག་ཁྱིམ་རྫོགས། ས་ག་ཉ་རེངས་པ། སྣོན་ཟླ་བ་འགོ་ཚུགས། བསྟན་བཅོས་མར་ངོའི་ཚེས་གཅིག་རྟེན་འབྲེལ་སྐྱེ་མཆེད། གླང་ཁྱིམ་རྫོགས། སྣོན་ཟླ་རེངས། མཆུ་སྟོད་ཟླ་བའི་འགོ་ཚུགས། བལྟོས་མར་ངོའི་ཚེས་གཅིག་རྟེན་འབྲེལ་རེག་པ། འཁྲིག་ཁྱིམ་རྫོགས། མཆུ་སྟོད་ཟླ་རེངས། གྲོ་བཞིན་འགོ་ཚུགས། བསྟོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་ཚོར་བ་ཀརྐ་ཊའི་ཁྱིམ་རྫོགས། གྲོ་བཞིན་ཉ་རེངས། ཁྲུམས་བསྟོད་ཟླ་བའི་འགོ་ཚུགས། བསྟོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་སྲེད་པ། སེང་ཁྱིམ་རྫོགས། ཁྲུམས་བསྟོད་ཉ་རེངས། ཐ་སྐར་ཟླ་བའི་མགོ་ཚུགས། བསྟན་བཅོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་ལེན་པ། བུ་མོའི་ཁྱིམ་རྫོགས། ཐ་སྐར་ཉ་རེངས། སྨིན་དྲུག་ཟླ་བའི་འགོ་ཚུགས། བསྟོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་སྲིད་པ། སྲང་ཁྱིམ་རྫོགས། སྨིན་དྲུག་ཉ་རེངས། མགོ་ཟླ་བ་ཚུགས། བསྟོས་མར་ངོའི་ཚེས་གཅིག །རྟེན་འབྲེལ་སྐྱེ་བ། སྡིག་ཁྱིམ་རྫོགས། མགོ་ཉ་རེངས། རྒྱལ་ཟླ་བའི་འགོ་ཚུགས། བལྟོས་མང་ངོའི་ཚེས་གཅིག །རྟེན་འབྲེལ་རྒ་ཤི། ཆུ་སྲིན་དང་། སྲིན་དང་། ཉ་དང་། གླང་དང་། ཀརྚ་དང་། བུ་མོ་དང་། སྡིག་པ་དང་། དྲུག་གིས་རླུང་སྟོང་བརྒྱད་བརྒྱ་པ་རེ་འབབ་པ་སྣ་གཡས། ས་ནས་རིམ་པས་བསྡུད་རིམ། གཞུ་དང་། བུམ་པ་དང་། ལུག་དང་། འཁྲིག་པ་དང་། སེང་གེ་དང་། སྲང་དང་། དྲུག་གིས་རླུང་སྟོང་བརྒྱད་བརྒྱ་པ་རེ་སྣ་གཡོན་ནས་འབབ། ནམ་མཁའ་ནས་རིམ་གྱི་བསྐྱེད་རིམ་གྱིས་འབབ། རྟེན་འབྲེལ་རང་རང་ལ་འགོ་བྱས་ནས། ཞེས་པས། གོང་དུ་བཀོད་པའི་རྟེན་འབྲེལ་རང་རང་གིས་འགོ་བྱས་ནས་མར་ངོ་། རྒྱལ་བསྡུད་པ། མཆུ་སྐྱེས་པ། དབོ་བསྡུས་པ། ནག་པ་བསྐྱེད་པ། ས་ག་བསྡུད་པ། སྣོན་བསྐྱེད་པ། མཆུ་སྟོད་བསྡུད་པ། གྲོ་བཞིན་བསྐྱེད་པ། ཁྲུམས་སྟོད་བསྡུད་པ། ཐ་སྐར་བསྐྱེད་པ། སྨིན་དྲུག་བསྡུད་པ། མགོ་བསྐྱེད་པ། མར་ངོ་རྣམས་ལ་བསྡུད་བསྐྱེད་དང་། ཞེས་སྨོས། མར་ངོ་རྣམས་ལ་བསྐྱེད་བསྡུད་སྤེལ། ཞེས་པ། རྒྱལ་ཟླའི་ཚེས་གཅིག་ལ་མ་རིག་པ་ནས་བསྐྱེད་པ། མཆུ་ཟླའི་ཚེས་གཅིག་འདུ་བྱེད་ནས་བསྡུད་པ། དབོ་ཟླའི་ཚེས་གཅིག་རྣམ་ཤེས་བསྐྱེད་པ། ནག་པའི་ཚེས་གཅིག་མིང་གཟུགས་ནས་བསྡུད་པ། ས་གའི་ཚེས་གཅིག་སྐྱེ་མཆེད་ནས་བསྐྱེད་པ། སྣྲོན་ཟླའི་ཚེས་གཅིག་རེག་པ་ནས་བསྡུད་པ། མཆུ་སྟོད་ཚེས་གཅིག་ཚོར་བ་ནས་བསྐྱེད་པ། གྲོ་བཞིན་ཚེས་གཅིག་སྲེད་པ་ནས་བསྡུད་པ། ཁྲུམས་བསྟོད་ཚེས་གཅིག་ལེན་པ་ནས་བསྐྱེད་པ། ཐ་སྐར་ཚེས་གཅིག་སྲིད་པ་ནས་བསྡུད་པ། སྨིན་དྲུག་ཚེས་གཅིག་སྐྱེ་པ་ནས་བསྐྱེད་པ། མགོའི་ཚེས་གཅིག་རྒ་ཤི་ནས་བསྡུད་པ། རྒྱལ་གྱི་ཟླ་བ་ལ་མཚོན་པ། བཅུ་དྲུག་ནས་བཟུང་སྟེ་གནམ་སྟོང་གོ་བར་མ་རིག་པ། རྒ་ཤི། སྐྱེ་བ། སྲིད་པ། ལེན་པ། སྲེད་པ། ཚོར་བ། རེག་པ། སྐྱེ་མཆེད། མིང་གཟུགས། རྣམ་ཤེས། འདུ་བྱེད། ཉེར་བརྒྱད་ལ་སྐྱེ་བ། ཉེར་དགུ་སྲིད་པ། གནམ་གང་ལ་ལེན་པ། རེས་འགའ་ཚེས་བཅུ་དྲུག་པ་བྱུང་ན་རྟེན་འབྲེལ་སྲེད་པ། རྒྱལ་ཟླའི་ཡར་ཚེས་གཅིག་ནས་རྟེན་འབྲེལ་མ་རིག་པ་བསྐྱེད་རིམས་སུ་རྒ་ཤེའི་བར། ཚེས་གསུམ། བཅུ་བཞི། བཅོ་ལྔ་འགོད། མཆུ་ཟླའི་བཅུ་དྲུག་འདུ་བྱེད་བསྐྱེད་པའམ་ལུགས་འབྱུང་ཉེར་བརྒྱད། ཉེར་དགུ །གནམ་གང་གསུམ་ལ། བཅོ་བརྒྱད། བཅུ་དགུ །ཉི་ཤུ་སྦྱར་བ་གོང་དང་འདྲ། རེས་འགའ་ཚེས་བཅུ་དྲུག་པ་བྱུང་ན། ཉེར་གཅིག་པའི་རྟེན་འབྲེལ་སྦྱར། མཆུ་ཟླའི་ཡར་ཚེས་གཅིག་ལ་འདུ་བྱེད། མ་རིག །རྒ་ཤི་སོགས་ལུགས་ལྡོག་ཏུ་འགོད། བཅུ་གསུམ། བཅུ་བཞི། བཅོ་ལྔར། ཚེས་གསུམ། བཞི་ལྔ་སྦྱར་བ་འདྲ། རིག་པ་དེས་ཟླ་བ་གཞན་རྣམ་ཤེས་པར་མཛོད། ཆུ་སྲིན་མ་རིག་པ་རོ་ཧི་ཏ། རང་རང་གིས་ཟླ་བ་རྫོགས་པའི་བར་དུ་ནམ་ལངས་ཆུ་སྲིན་མ་རིག་པ་རོ་ཧི་ཏ། ཉི་ཤར་བུམ་པ་འདུ་བྱེད། རོ་ཧི་ཏ། ཉི་གྲོས་ཉ། ཉི་ཕྱེད་ལུག །ཕྱེ་ཡོལ་གླང་། ཉི་མྱུར་འཁྲིག་པ། ཉི་ནུབ་ཀརྐ་ཊ་ནས་དུས་སྦྱོར་མཚན་དྲུག་འཆར་བ་སོགས་དེའི་འབྲས་བུ་འོག་ན་གསལ། རྒྱུད་འགྲེལ་བཞིན་དུ་བཀོད་པ་ཡིན་ནོ། །དེ་ནས་རོ་ཧི་ཏ་སོགས་དུས་ཞེས་པ་ནས། རོ་ཧི་ཏ་སོགས་དུས་བཅུ་གཉིས། དུས་ཚོད་འཁོར་ལོ་གཅིག་གིས་ཤེས། ཞེས་པའི་བར་གཞུང་ན་ཤིན་ཏུ་གསལ་བ་ཡོད། རྟེན་འབྲེལ་དུས་ཁྱིམ་སྦྱར་ནས་བཤད་པ་འཁྲུལ་མེད་ཀྱི་སྐབས་སོ། །བཅུ་གཅིག་པ་དྷྲུ་བ་ཡར་ལོག་གི་རི་མོ་བཤད་པར་བྱ་སྟེ། ཇི་ཙམ་འདས་པའི་ལོ་གྲངས་བཞག །ཅེས་པ། རྒྱས་པར་སངས་རྒྱས་མིག་དམར་ཤིང་བྱི་ལ་འཁྲུངས་པ་ནས། ད་ལྟའི་བར་གྱི་ལོ་གྲངས་བཞག་པའམ། རྣམ་འཕྱངས་ས་ཁྱི་ལ་སངས་རྒྱས་པ་ནས། ད་ལྟའི་བར་གྱི་ལོ་གྲངས་བཞག་པ་འམ། དོན་དགུ་ཆུ་རྟ་དུས་འཁོར་གསུངས་པ་ནས་སམ། རིགས་ལྡན་གྲགས་པས་བསྡུས་རྒྱུད་གསུངས་པ་ནས་ད་ལྟའི་བར་རམ། མེ་མཁའ་རྒྱ་མཚོའི་བརྩིས་འོག་ཟུག་པ་ནས་ད་ལྟའི་བར་རམ། རྒྱལ་དཀས་ཉུང་ངུའི་བྱེད་པར་སྦྱངས་པ་ནས་ད་ལྟའི་བར་རམ། རབ་བྱུང་དང་པོའི་འགོ་ཟུག་པ་ནས་ད་ལྟའི་བར་རམ། རང་རང་སྐྱེས་པའི་ལོ་ནས་ད་ལྟའི་བར་གྱི་ལོ་གྲངས་གང་ཡོད་པ་དེ་ཉི་མས་བསྒྱུར་བ་ཟླ་དོན། གནས་གཉིས་འོག་མ་ཆུས་བསྒྱུར། མཁའ་མེ་ཟླ་བས་བགོས་པའི་ནོར་སྟེང་ལ་བསྲེས་པས་ཚེས་ཟླ་དང་། ལྷག་མས་ནག་ཟླའི་ཟླ་ཤོལ་འཕྲོ་སྦྱངས་པས་ལྷག་མ་དེ་ལོ་གང་ཡིན་པ་དེའི་ནག་ཟླའི་ཤོས་འཕྲོ་ཡིན། མ་ལྡངས་མཁའ་མེ་ཟླ་བསྣན་སྦྱངས་པ་དེའི་ཚེ། གོང་གི་ཟླ་བར་གཅིག་བསྲེས། དེས་གོང་གི་ཚེས་ཟླ་དག་འཕྲོ་བྲལ་བའི་གཟའ་དྷྲུ་བསྒྲུབ་པའི་ཕྱིར། ཟླ་དག་གནས་གཞི་བཀོད། སྟེང་ནས་གཟུགས་དང་། གཟུགས་མེ་མཁའ་འབྱུང་། མཁའ་ཀླུས་བསྒྱུར། འོག་ནས་རི་མཁའ་རི། མཁའ་རོ། མཁའ་རོ། ཐུབ་པས་དོར་བའི་ལྷག་མ་རྣམ་དག་བརྩིས་འཕྲོ་བྲལ་བའི་གཟའ་དྷྲུ། ཟླ་དག་གཉིས་སྟེང་མ་མིག་གིས་བསྒྱུར། འོག་མ་གཟུགས་ཀྱིས་བསྒྱུར་བས་མང་ཉུང་མེད། དུས་ཉིས་ཀླུ་ལག་གི་དོར་བའི་ལྷག་མ་སྟེང་རིལ་པོ། འོག་མ་ཆ་ཤས་རྣམ་དག་བརྩིས་འཕྲོ་བྲལ་བའི་ཆ་རིལ་ཡིན། ཉི་དྷྲུའི་དོན་དུ་ཟླ་དག་གནས་བཞིར། སྟེང་ནས་མིག་ཕྱོག་ཀླུ་དབང་མ་ནུས་བསྒྱུར། འོག་ནས་རིམ་བཞིན་རང་འཁོར་ཕུད་ལྷག་རྣམ་དག་བརྩིས་འཕྲོ་བྲལ་བའི་ཉི་དྷྲུ་ཡིན། དེ་རྣམས་ཀྱི་ད་ལྟའི་ནག་པ་ཟླ་བའི་གཟའ་ཆ་རིལ་ཉི་དྷྲུ་རྣམས་ལ་སྦྱངས། མ་ལྡངས་ན་འཁོར་ལོ་བསྣན་ལ་སྦྱངས། འདས་ལོ་ཐོག་མའི་ནག་དྷྲུ་རྣམ་པར་དག་པར་འཆར། སྒྲ་གཅན་གྱི་དོན་དུ་ཟླ་བ་དག་པ་ཉིས་བརྒྱ་སུམ་ཅུས་བགོས་པའི་ལྷག་མས། ད་ལྟའི་ནག་ཟླའི་སྟེང་དུ་སྒྲ་གཅན་བརྩིས་འཕྲོ་བསྲེས། ཉིས་བརྒྱ་སུམ་ཅུས་བཅད་ལྷག་དེ། ད་ལྟའི་ནག་དྷྲུ་སྒྲ་གཅན་འཕྲོ་ཡིན་པ་དེ་ལ་སྦྱངས་པས། འདས་ལོའི་ཐོག་མའི་སྒྲ་གཅན་འཕྲོ་འཆར། ཡར་ལོག་འདི་གྲུབ་བརྩིས་ཀྱི་དབང་དུ་བྱས་པ་ཡིན། མེ་མཁའ་རྒྱ་མཚོ་ཚུན་བྱེད་བརྩིས་བྱེད་པར་འདོད་ན། ཟླ་བ་དག་པ་སྒྲུབ་པ་ཡན་གོང་དང་འདྲ། ཟླ་དག་གནས་གསུམ། གནས་གཉིས། གནས་ལྔར་བཀོད། སྔ་མ་གཟུགས་དང་གཟུགས་མེ་མཁའ་དབང་དང་། བར་མ་སྟེང་མིག་འོག་གཟུགས། གསུམ་པ་མིག་ཕྱོགས་ཀླུ་དབང་ལག་ཕྱོགས་བསྒྱུར་བ་རང་འཁོར་སོ་སོ་ཕུད་ལྷག་རྣམ་དག་བརྩིས་འཕྲོ་བྲལ་བ་ཡིན། བྱེད་པའི་དྷྲུ་བ་སྦྱངས་བ་སོགས་གོང་དང་འདྲ། སྒྲ་གཅན་ཡང་གོང་བཞིན། གནད་འདིས་སངས་རྒྱས་འཁྲུངས་སྐར། སངས་རྒྱས་པའི་དུས་ཀྱི་གཟའ་འཛིན། དོན་དགུའི་ནག་ཉག་རྒྱུད་གསུངས་དུས་ཀྱི་བདུད་བཞི་འཇོམས་པའི་ཕྱིར་གཟའ་བཞིའི་གནས་ཚུལ་དུས་འཁོར་རྩ་རྒྱུད་ལས་གསུངས་པ། དཔལ་ནཱ་རོ་པས། དབང་མདོར་བསྟན་གྱི་འགྲེལ་པར་འདྲེན་པར་མཛད་པ་ལྟར་གྱི་བཤད་པ་དང་མཐུན་པར་འཆར། ཡང་། རྗེ་བཙུན་པདྨ་དཀར་པོར་ཕྱག་འཚལ་བ་སྔོན་དུ་འགྲོ་བས། དུས་བཞི་གཅིག་ཅར་དུ་རི་མོས་རྟོགས་པར་བྱེད་པ་ནི། དཔྱིད་མཉམ། དབྱར་ཉི་ལྡོག །སྟོན་མཉམ། དགུན་ཉི་ལྡོག་པ་བཞི་གཅིག་ཅར་དུ་རི་མོས་འདོན་པ། མེ་མཁའ་རྒྱ་མཚོ་ལས་བརྩམས་པ་འམ་རབ་བཅུ་མི་ཟད་མེ་ཁྱི་འདས་ལོ་གནས་གཉིས་ཀྱི་སྟེང་འོག་དྲག་ཟླས་བསྒྱུར། གནས་བཞིར་བཀོད། དང་པོར་གོང་དུ་ཉེར་གསུམ། འོག་ཏུ་བདུན། གཉིས་པར་སྟེང་དུ་ཉེར་དྲུག །འོག་ཏུ་བཞི། གསུམ་པར་སྟེང་དུ་ཉེར་དགུ །འོག་ཏུ་གཟུགས། བཞི་པར་སྟེང་དུ་གཅིག །འོག་ཏུ་བཅུ་གཅིག་སོ་སོར་བྱིན། འོག་རྣམས་འདོད་བགོས་སྟེང་དུ་བསྲེ། མཁའ་མེས་ཕུད་ལྷག་འདས་ཚེས། འོག་མ་ཆ་ཤས་ཀྱི་གྲངས་ཡིན། གོང་མ་ནག་ཟླ། གཉིས་པ་མཆུ་ཟླ་བ། གསུམ་པ་ཐ་སྐར་ཟླ་བ། བཞི་པ་རྒྱལ་ཟླའི་ཞག་གྲངས་དེ་དང་ཆ་ཤས་དེར་དཔྱིད་མཉམ་ལ་སོགས་མངོན་གསུམ་དུ་འཆར་དེ་རྒྱ་གར་འཕགས་ཡུལ་དུ་ཡིན། རང་ཅག་བོད་པ་རྣམས་གནས་པའི་ས་འདིར། སྔ་མ་རྣམས་ཀྱི་སྟེང་ནས་ཚེས་ཞག་བཅོ་བརྒྱད་སྦྱངས། མ་ལྡང་སུམ་ཅུ་བསྣན་ལ་སྦྱངས། དང་པོ་དབོ་ཟླ་བ། གཉིས་པ་སྣྲོན་ཟླ་བ། གསུམ་པ་ཁྲིམས་བསྟོད་ཟླ་བ། བཞི་པ་མགོ་ཟླ་བ། མ་ལྡང་རྒྱ་བོད་ཀྱི་དབུས་སུ། སྦྱངས་ལྷག་རྒྱའི་ཟླ་བར་འཛིན། སྦྱངས་པའི་ལྷག་མ་གང་ཡོད་ཞག་གྲངས་དང་། འོག་གི་འདོད་ཆ་རྒྱ་བོད་མཚུངས་པ་ཤེས་པར་བྱ། ཁྱིམ་གྱི་རྫོགས་ཚད་རྟོགས་པར་འདོད་ན། བརྩིས་གཞི་འདིའི་ལུགས་ལ་མཁའ་མ་ཟླ་ལྷག་གང་ཡིན་པ་དེ་སྟེང་ནས་ཉེར་བརྒྱད་སྦྱངས་པའི་ལྷག་མ་མཁའ་མེ་ཟླ་ལྷག་རྣམ་དག་ཡིན་པ་དེ་གསུམ་གྱིས་བསྒྱུར། འདོད་པས་བགོས་པའི་ནོར་དེ་འདས་པའི་ཚེས་གྲངས། ལྷག་མ་འདོད་ཆ། དེའི་ཚེས་ཁྱིམ་དེ་དང་དེ་རྫོགས་དེ་ནི་ལྷོ་གླིང་དབུས་མའི་དབུས་སུ་སླེབ་མ་ཐག །བོད་འདིར་ཚེས་ཞག་བཅུ་གཉིས་ནི། བསྣན་པའི་མཚམས་སུ་རྫོགས་པའི་མཚམས་བརྩིའོ། །ཉིན་མཚན་རིང་ཐུང་གི་འཕེལ་འགྲིབ་དང་ཟླ་བཅུ་གཉིས་ཀྱི་སྒང་ཚད་རྣམས་འཆར། དྷྲུ་བ་ཡར་ལོག་དང་དུས་བཞི་ཅིག་ཅར་རི་མོས་གདོན་པ་འཁྲུལ་མེད་སོགས་ཀྱི་སྐབས་སོ། །བཅུ་གཉིས་པ་གོ་ལའི་དོན་ནི། གོ་ལ་ཞེས་པ། བོད་སྐད་དུ་བསྒྱུར་ན། སྒང་གཤོང་། ཟླུམ་བསྐོར། རྨོག་རྩེགས། ལྕགས་སྒྲོགས། གྲུ་ཆགས་སོགས་གང་རུང་ཏུ་བསྒྱུར་ཆོག་ཀྱང་། ཕྱོགས་གཅིག་ཏུ་འཆད་ནས་དོན་མི་སྟོན་པས། གོ་ལ་ཞེས་དེ་དཀར་བཞག་ན་དོན་བཟང་བས་གོ་ལ། དེ་ཡང་དོན་འཇིག་རྟེན་གྱི་ཁམས་སྟོང་པར་བྱེད་པའི་མིང་དུ་འདུག་པས། འཇིག་རྟེན་ཁམས་དབྱིངས་མང་བའི་ཕྱིར། ཞེས་སྨོས། འདི་ཡིན་ཞེས་ཁ་ཚོན་སྤྱོད་པར་མི་འོས་ཀྱང་། དུས་འཁོར་རྒྱུད་འགྲེལ་ལས་གསུངས་པའི་གོ་ལའི་ཐིག་རྩ་བཀོད་པ་ནི། ཤིང་བུ་འགྲོང་པའི་ལོ་ལ་ཐིག །ཅེས་པ། སྨྱུག་མ་ལྟ་བུའི་ཤིང་འགྲོང་པོ་གཅིག་གི་ལོག་ལ་ཐོག །གོོ་ལ་འགོད་པའི་གཞི་ཁྱོན་ཆེ་ཆུང་ལ་དཔག་པའི། དཔག་ཚད་སྟོང་ཕྲག་གཅིག་གི་ཁྱོན། ནས་ཀྱི་བཞི་ཆ་གཅིག་གམ། གསུམ་ཆ་གཅིག་གམ། ནས་ཕྱེད་དམ། ནས་ཕགང་ཙམ་མམ། སོ་སོ་ཕྱེད་དམ་སོར་གང་ལ་སོགས་པ་ཆེ་ཆུང་མེད་པ་ལྔ་བཅུ་བཀོད། གང་འོས་པར་སྐམ་ཐིག་རྩ་བའི་ཐིག་གཅིག་གདབ། ལྟེ་བ་ངེས་པར་བྱས་ནས་ནི། བྱ་རྗེས་གཉིས་བཙལ་ཚང་ཐིག་གཉིས་པ་གདབ། སླར་ཡང་བྱ་རོག་རྗེས་བཞི་བཙལ། ཟུར་ཐིག་བཞི་བཏབ་ལྟེ་བ་ནས། ཐིག་ཤིང་རི་མོ་བཀོད་པའི་སྟེང་ནས་རི་མོ་བརྒྱད་ལྟེ་བ་ནས་བསྐོར་བས། རི་རབ་རྨང་གི་ཁྱོན་ཏེ་རི་རབ་ཀྱི་རྩ་བ། དེའི་ཕྱིར་ཐིག་ཤིང་གི་རི་མོ་གཅིག །བསྐོར་བ་རྩ་བའི་འཁོར་ས་ཡིན། ལྟེ་བའི་དབུས་ནས་ཐིག་ཤིང་གི་རི་མོ་ཉེར་ལྔ་བསྐོར། རི་རབ་སྟེང་གི་ཁ་རྒྱའི་ཚད་ཡིན། རི་རབ་རྩ་བའི་འཁོར་ས་ནས་བརྩམས་སྟེ་ཁ རྒྱའི་བར་ལ་ཕྱི་ནས་རི་མཚོ་གླིང་སྟེ། རི་དྲུག །མཚོ་དྲུག །གླིང་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་ཡོད་པས། རྒྱ་མཉམ་བཅོ་བརྒྱད་བསྐོར། ལྟེ་བ་ནས་ཐིག་ཤིང་གི་རི་མོ་ལྔ་བཅུ་བསྐོར། གླིང་བཅུ་གཉིས་ཀྱི་མཐའ་བསྐོར་ཡིན། གླིང་དེའི་མཐའ་ནས་སླར་ལྔ་བཅུ་བསྐོར། རྒྱ་མཚོ་དེའི་མཐར་ཡང་ལྔ་བཅུ་བསྐོར་བ་རྟ་གདོང་གི་གི་མེ། དེའི་མཐར་ལྔ་བཅུ་བསྐོར་བ་རླུང་གི་ཕྱི་མཐའ། རྒྱ་མཚོ་དུམ་བུ་བཞིར་བྱས་པའི་དུམ་བུ་རེ་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་བཅུ་གསུམ་ཡོད། རི་རབ་ཁ་རྒྱའི་ནས་ཐིག་ཤིང་གི་རི་མོ་བཅུ་གཉིས་དང་། ཕྱེད་སྟེ། ཕྱེད་དང་བཅུ་གསུམ་བསྐོར་བ་གླིང་བཅུ་གཉིས་ཀྱི་དབུས་ཀྱི་རི་མོ་ཡིན། ཆ་མཉམ་དུམ་བུ་བཅུ་གཉིས་བཀོད། ཅེས་པ་ནི། ཟུར་ཐིག་བཞིས་རྐང་བཟུང་བའི་ཤར་ཕྱོགས་ལ་དུམ་བུ་གསུམ། ལྷོ་ནུབ། བྱང་ལ་ཡང་དེ་བཞིན་ཆེ་ཆུང་མེད་པ་དུམ་བུ་བཅུ་གཉིས་བཀོད། ཁྱིམ་གྱི་འགོད་ལུགས་ནི། དུམ་བུ་ཤར་མའི་དབུས་ཀྱི་ནང་དུ་ལུག །མེ་ལ་ཉེ་བའི་དུམ་བུར་གླང་། ལྷོ་གླིང་ཤར་མ་འཁྲིག །དབུས་མར་ཀརྐ་ཊ། ནུབ་མར་སེང་གེ །ནུབ་གླིང་ཤར་མ་བུ་མོ། དབུས་མར་སྲང་། ནུབ་གླིང་ནུབ་མར་སྡིག་པ། བྱང་གླིང་ཤར་མར་གཞུ། དབུས་མར་ཆུ་སྲིན། བྱང་གླིང་ཤར་མ་ཉེ་སྟེ་གླིང་བཅུ་གཉིས་དབྱར་ལྡོག་གི་ཁྱིམ་འགོད་ལུགས་ནུབ་གླིང་ཤར་མ་བུ་མོ། །དབུས་མར་སྲང་། ནུབ་གླིང་ནུབ་མར་སྡིག་པ། བྱང་གླིང་ཤར་མར་གཞུ། དབུས་མར་ཆུ་སྲིན། བྱང་གླིང་ཤར་མ་ཉེ་སྟེ་གླིང་བཅུ་གཉིས་དབྱར་ལྡོག་གི་ཁྱིམ་འགོད་ལུགས་ཡིན། ཤར་གླིང་དབུས་མའི་ཕྱི་མཐར་སྲང་། ཤར་གླིང་ནུབ་མར་ཕྱི་མཐར་སྡིག་པ། ལྷོ་གླིང་ཤར་མའི་ཕྱི་མཐར་གཞུ། གླ་གླིང་དབུས་མའི་ཕྱི་མཐར་ཆུ་སྲིན། ལྷོ་གླིང་ནུབ་མའི་ཕྱི་མཐར་བུམ་པ། ནུབ་གླིང་ཤར་མའི་ཕྱི་མཐར་ཉ། ནུབ་གླིང་དབུས་མའི་ཕྱི་མཐར་ལུག །ནུབ་གླིང་ནུབ་མཐའི་ཕྱི་མཐར་གླང་། བྱང་གླིང་ཤར་མའི་ཕྱི་མཐར་འཁྲིག་པ། བྱང་གླིང་དབུས་མའི་ཕྱི་མཐར་ཀརྐ་ཊ། བྱང་གླིང་ནུབ་མའི་ཕྱི་མཐར་སེང་གེ། ཤར་གླིང་ཤར་མའི་ཕྱི་མཐར་བུ་མོ་སྟེ་གླིང་བཅུ་གཉིས་ཀྱིས་དགུན་ཉི་ལྡོག་པའི་ཁྱིམ་གྱི་གནས་ཚུལ་ཡིན། ཐིག་ཤིང་གི་རི་མོ་ལྔ་བཅུའི་སྟེང་དུ་སླར་ཕྱེད་དང་བཅུ་གསུམ་བསྣན་པའི་ཁྱོན་གྱི་བསྐོར་ཐིག་གི་གླིང་རྣམས་སོ་སོའི་ནང་མཐའ་ནས་ཟླུམ་བསྐོར་བཅུ་གཉིས་བསྐོར། དེ་ནས་ནང་དུ་ཅུང་ཟད་བསྡུས་ནས། སླར་ཡང་སྐྱར་ནས་བསྐོར་བས་མཛེས་པའི་མུ་ཁྱུད་འབྱུང་། མུ་ཁྱུད་དེའི་ནང་ན་དུས་སྦྱོར་སོ་སོའི་མདོག་དང་མཐུན་པའི་ཚོན་བཀྱེ། ལྷོ་གླིང་དབུས་མ་འདི་ཉིད་ཀྱིས། སྒོར་ཐིག་འཆར་ས་ནས་ནུབ་སའི་བར་གྱི་དབུས་དེ་ཉིན་གུང་གི་ཚད་དེར་ཁྱིམ་སོ་སོའི་མིང་བྲིས་པས་བྱང་ཕྱོགས་ལ་པད་འདབ། ལྷོ་ཕྱོགས་ལ་གཞུའི་དབྱིབས་འབྱུང་བས། དྲུག་ནི་པད་འདབ་ལྷག་མ་གཞུ། ཞེས་སྨོས། དཔྱིད་མཉམ་ཤར་གླིང་ནང་དབུས་འཆར། ནུབ་གླིང་དབུས་མོའི་ཕྱི་མཐའ་ཐེགས། སྟོན་མཉམ་ཕྱི་མཐའ་ནས་འཆར་ཞིང་། ནུབ་གླིང་དབུས་མའི་ནང་མཐར་བྱོན། ལྷོ་གླིང་དབུས་མའི་ཉིན་གུང་དབུས། དབྱར་ལྡོག་ཤར་གླིང་ཤར་ནས་འཆར། ནུབ་གླིང་ནུབ་མའི་ཕྱོགས་སུ་ཐེག །ལྷོ་གླིང་དབུས་མའི་བྱང་བགྲོད་མཐའ། དབྱར་ཉི་རིང་བའི་རྒྱུ་མཚན་ཐོན། དགུན་ལྡོག་ཤར་གླིང་ནུན་ནས་ཕེབས། ནུབ་གླིང་ཤར་མའི་ཕྱོགས་སུ་ཐེགས། ལྷོ་གླིང་ལྷོ་མཐར་བགྲོད་པ་ཡིན། དགུན་ཉི་ཐུང་བའི་རྒྱུ་མཚན་འཐོན། དེས་འདྲེ་གླིང་གཞན་ཤེས་པར་མཛོད། ཅེས་པའི་བར་ནི་གོ་སླ། གོ་ལའི་ཐིག་རྩ་དུས་བཞིའི་ཉི་མ་འཆར་ནུབ་དང་བཅས་པ་འཁྲུལ་མེད་ཀྱི་སྐབས་སོ། །བཅུ་གསུམ་པ་གོང་དུ་བསྟན་པ་དེ་དག་གི་དགོས་དོན་འབྲས་བུ་བཤད་པ་ནི། སྭ་སྟི་ཞེས་པ་བདེ་ལེགས་འབྱུང་། འགྲོ་ལ་བརྩེ་བའི་ཀུན་མཁྱེན་གྱིས། ཞེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཏེ། བླ་མ་དང་གཉིས་སུ་མེད་པར་བྱས་ནས་སོ། །འཕྲིན་ལས་དཔག་མེད་འགྲོ་དོན་མཛད། ཅེས་པའི་འགྲོ་དོན་མཛད་ལུགས། དཔག་བསམ་ཤིང་ཞེས་པ་ལྷ་ཐམས་ཅད་ཀྱི་འདོད་དགུ་འབྱུང་བ། བུམ་བཟང་ལས་གཏེར་གྱི་བུམ་པ་འགྲུབ་ན་ཅི་འདོད་པའི་འདོད་དགུ་འབྱུང་བ་ལྟར། ངོ་མཚར་འགྲོ་ལ་གནས་སྐབས་ཀྱི་བདེ་བ་སྟེར་བ་ནི། ལས་ཆེན་བརྒྱད་དམ། གྲུབ་ཆེན་བརྒྱད། ཕྲན་ཚེགས་ཚེ་འདི་ཀའི་བདེ་སྐྱིད་ཐམས་ཅད་ཡིན། མཐར་ཡུགས་བདེ་བ་སྟེར་བ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བམ། མ་རྒྱུད་ལས་རིག་པའི་སྐྱེས་བུ། མ་རྒྱུད་ལས་རིགས་མའི་སྐྱེས་བུ་ཅེས་གསུངས་པ་དོན་ཟུང་འཇུག་མ་ནིང་གི་གོང་འཕང་མཚན་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་ནམ། འབྲས་བུའི་དབང་ཕྱུག་བརྒྱ་དང་ལྡན་པ་དེ་དག་སྟེར་བར་གསུང་པ་པོ་གདན་དུས་བླ་མ་གཉིས་སུ་མེད་པས་གསུངས་པ་དེའི་ཞབས་ལ་འདུད་པའོ། །དུས་ཀྱི་བྱེ་བྲག་བྱ་བ་གང་། འགྲུབ་པ་དང་། མི་འགྲུབ་པ་དང་། གང་ཟག་གི་དོན་མདོ་རྒྱུད་བསྟན་བཅོས་མང་པོ་ལས། འབྲས་བརྩིས་རིན་ཆེན་བང་མཛོད་བླངས། ཞེས་པ། བརྩོམ་པ་དམ་བཅའ་བའོ། །དུས་ཀྱི་བརྟག་པ་དབྱངས་འཆར་དང་། ཕྱོགས་ཀྱི་བརྟག་པ་སྒྲ་གཅན་སོགས། ལྔ་བསྡུས་གཟའ་ལྔ་རྟེན་འབྲེལ་དང་། དུས་སྦྱོར་བཅུ་གཉིས་དུས་བཅུ་གཉིས། གཞན་ཡང་འབྲས་བུ་སྣ་ཚོགས་སྟོན། ཞེས་པ་བསྡོམས་དུས་ཀྱི་བརྟག་པར་དབྱངས་འཆར། འདྲི་དུས་སྣ་སྒོའི་རླུང་ལས། དྲིས་པའི་དབྱངས་ཀྱི་སྒོ་ནས། ཁྱད་པར་མང་པོའི་སྒོ་ནས། གདེངས་ཅན་གྱི་འཁོར་ལོ། ཚེའི་གནས་སྐབས་དྲུག་ལས། དང་པོར་དུས་ཀྱི་བརྟག་པ་དབྱངས་འཆར་ནི། ཨ་ཨྀ་རྀ་ཨུ་ཨྀ། ནམ་མཁའ་རླུང་མེ་ཆུ་ས་རིམ་བཞིན། དགའ་བཟང་རྒྱལ་སྟོང་རྫོགས་པར་འཆར་དེ་ཚེས་གྲངས་ལ་འཆར་བ། ཟླ་བ་ལ། ལོ་ལ། ལོ་བསྐོར་ལ། ལོ་རྒན་རྣམས་ནི་ལྔས་བགོས་པ་ནི། ཚེས་གྲངས་ནི་ཟླ་བ་གཅིག་གི་ཞག་སུམ་ཅུ། ཚེས་རེ་རེ་བཞིན་འཁོར་བའམ་འཆར་བས་ལན་དྲུག་འཆར། ཟླ་བ་གཉིས་ནི་ཞག་བཅུ་གཉིས་ལ་ཨ། དེ་ནས་བཅུ་གཉིས་སལ་ཨི་སོགས་འཁོར། ལོ་རེ་ལ་ཞག་བདུན་ཅུ་དོན་གཉིས་ལ་ཨ། དེ་ནས་བདུན་ཅུ་དོན་གཉིས་ལ་ཨི་སོགས་ལོ་བསྐོར་ནི། ཞག་བརྒྱད་བརྒྱ་རེ་བཞི་ལ་ཨ། དེ་ནས་ཨི་སོགས་འཆར། ལོ་རྒ་ནི་ལོ་བཅུ་གཉིས་ལ་ཨ། དེ་ནས་ལོ་བཅུ་གཉིས་ལ་ཨི་སོགས་དབྱངས་ལྔ་རང་སར་འཆར། ལྔ་པ་ནུབ་ཅིང་དེ་བར་དུ། གཞོན་དར་རྒས་སོགས་རིམ་པར་སྦྱར། ཚེས་གཅིག་ནས་གཟུང་ཉ་ཡི་བར། ཚེས་ལྔ་ཡན་མུན་པ། བཅུ་ཡན་རྡུལ། བཅོ་ལྔ་ཡན་སྙིང་སྟོབས། དང་པོ་ལ་ཨ་ཨི་རྀ་ཨུ་ལྀ། གཉིས་པ་ཨ་ཨེ་ཨར་ཨོ་ཨལ། གསུམ་པ་ཧ་ཡ་ར་ཝ་ལ། ཐབས་ཤེས་བཅུ་དྲུག་གནམ་སྟོང་བར། དང་པོ་ལ་ཝཱ་རཱ་ཡཱ་ཧཱ། གཉིས་པ་ཨཱ་ཨཱར་ཨེ་ཨཱ། གསུམ་པ་ལཱྀ་ཨཱུ་རཱི་ཨཱི་ཨཱཿ ཆུ་ཚོད་དྲུག་ཅུ་གཉིས་གཉིས་ལ། ཞེས་པ། ཆུ་ཚོད་གཉིས་དང་ཡུད་ཙམ་རེ་ཡུན་མཉམ་པས་ཡུད་ཙམ་སུམ་ཅུ་ལ་ཞག་གཅིག །ཚེས་གྲངས་ཇི་བཞིན་ནང་དུ་འཆར། ཞེས་པ། ཆུ་སྲིན་གྱི་དུས་སྦྱོར་ལྟ་བུ་ལ་ཆུ་ཚོད་ལྔ་ཡོད། ཆུ་ཚོད་རེ་ལ་ཀ་ཁ་ག་གྷ་ང་འཆར། དེའི་རྗེས་ལ་བུམ་པར་ཆུ་ཚོད་ལྔ་བསྐྱེད་རིམ་གྱིས། ང་གྷ་ག་ཁ་ཀ །དེ་ནས་སྣ་གཡས་ནས་དུས་སྦྱོར་ཉ་ཆུ་ཚོད་ལྔ། ཙ་ཚ་ཛ་ཛྷ་ཉ། དེ་ནས་སྣ་གཡོན་ནས་ལུག །ཉ ཛྷ་ཛ་ཚ་ཙ། དེ་ནས་སྣ་གཡས་སུ་འཕོས། གླང་འབབ་པས་འབབ་ཚུལ། ཊ་ཋ་ཌ་ཌྷ་ཎ། དེ་ནས་གཡོན་དུ་འཕོས། འཁྲིག་པ་འབབ་ཚུལ། ཎ་ཌྷ་ཌ་ཋ་ཊ། དེ་ནས་གཡས་སུ་འཕོས། ཀརྐ་ཊ་འབབ་ཚུལ། པ་ཕ་བ་བྷ་མ། དེ་ནས་གཡོན་དུ་འཕོས། སེང་གེ་འབབ་ཚུལ། མ་བྷ་བ་ཕ་པ། དེ་ནས་གནས་སུ་འཕོས། བུ་མོ་འབབ་ཚུལ། ཏ་ཐ་ད་དྷ་ན། དེ་ནས་གཡོན་དུ་འཕོས་སྲང་འབབ་ཚུལ། ན་དྷ་ད་ཐ་ཏ། དེ་ནས་གཡས་སུ་འཕོས། སྡིག་པ་འབབ་ཚུལ། ས་ཀྤ་ཥ་ཤ་ཐྐ། དེ་ནས་གཡོན་དུ་འཕོས། ཐྐ་ཤཥ་ཀྤ་ས། དགའ་བ་བཀྲི་ཤིས་སྨིན་དྲུག་འཛོམ། ཞེས་པ། དགའ་བ་དང་པོ་ཚེས་ཀྱི་མིང་། བཀྲ་ཤིས་གཟའ་མིག་དམར། སྐར་མ་སྨིན་དྲུག་གསུམ་འཛོམ་པའི་དུས། ཨ་ཡིག་དང་པོར་བྱས་པའི་མིང་ཅན་གྱི་མི་གཅིག་ནད་ཀྱིས་བཏབ་བམ། གཡུལ་དུ་ཞུགས་ན་འཆི། གཟའ་ལྷག་མཆུ་འཛོམ་ན། ཨི་ཡིག་ཐོག་མའི་མིང་ཅན་ལ་ངན། རྒྱལ་བ་ཕུར་སྐག་རི་ཡིག་མིང་། སྟོང་པ་པ་སངས་མོན་གྲུ་ཨུ། རྫོགས་པ་སྤེན་པ་བྲ་ཉ་ལྀ། དགའ་བ་ཉི་མ་ཨ་ཡིག་དང་། བཟང་པོ་ཟླ་བ་ཨི་ཡིག་མིང་། ནད་ཀྱིས་བཏབ་བམ་གཡུལ་ཞུགས་འཆི། ཡི་གེ་གང་ཤར་ཕྱོགས་འགྲོ་ངན། ཞེས་པ། ཤར་ཤི། ལྷོ་རི། ནུབ་ལྀ། བྱང་ཨཱ། ཨ་ནི་དབུས་སྟེ་མཚམས་ལ་བརྩི། ལུག་དང་ཀརྚ་སྲང་ཆུ་སྲིན་གཡོ་བའི་རང་བཞིན་སྙིང་སྟོབས་ཡིན། གླང་དང་སེང་གེ་སྡིག་པ་བུམ་པ་བརྟན་པའི་རང་བཞིན་ནི་རྡུལ་དུ་འདོད། འཁྲིག་པ་བུ་མོ་གཞུ་དང་ཉ་གཉིས་ཀའི་རང་བཞིན་མུན་པ་ཅན། འདྲི་བྱེད་དོན་ནི་གཡོ་མྱུར་འགྲུབ། བརྟན་པ་བུལ་ཞིང་གཉིས་ཀ་འབྲིང་། ཀརྚ་སེང་གེ་ཞི་ལས་འགྲུབ། འཁྲིག་པ་བུ་མོ་རྒྱས་པའི་ལས། གླང་དང་སྲང་ལ་དབང་ལས་འགྲུབ། ལུག་སྡིག་དགུགས་པ་གཞུ་ཉ་བསྐྲད། ཆུ་སྲིན་བུམ་པར་གསད་ལས་འགྲུབ། སྒྲ་གཅན་དུས་མེ་ཨ་ཐུང་རིང་། ཞེས་པ། སྣ་བུག་གཡོན་གྱི་དབུས་ནས་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་ཨ་སྒྲ་གཅན། སྣ་བུག་གཡས་ཀྱི་དབུས་ནས་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་ཨཱ་དུས་མེ། ཟླ་ཉི་ཨི་དང་ཞེས་པ་སྣ་བུག་གཡོན་གྱི་གྱེན་ལ་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་ཨི་དང་ཟླ། སྣ་གཡས་ཀྱི་གྱེན་ལ་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་ཨཱི་དང་ཉི་མ། ལྷག་མིག་རི། ཞེས་པ། སྣ་གཡོན་གྱི་སྣ་ཤོག་ཕྱི་མཐའ་ནས་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་རི་ལྷག་པ། སྣ་གཡས་ཀྱི་སྣ་ཤོག་ཕྱི་མཐའ་ནས་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་རཱི་བཀྲ་ཤིས། པ་སངས་ཕུར་ཨུ་ཞེས་པ། སྣ་གཡོན་གྱི་ཀ་བ་བརྡར་ནས་རླུང་རྒྱུ་དུས་ལྷག་པའི་ལྷ་ཨུ་པ་སངས། སྣ་གཡས་ཀྱི་ཀ་བ་བརྡར་ནས་རླུང་རྒྱུ་དུས་ལྷག་པའི་ལྷ་ཨཱུ་ཕུར་བུ། མཇུག་སྤེན་ལྀ་ཞེས་པ། སྣ་གཡོན་གྱི་མཆུ་ལ་བརྡར་ནས་རླུང་རྒྱུ་དུས་ལྷག་པའི་ལྷ་ལྀ་དུ་མཇུག །སྣ་གཡས་ཀྱི་མཆུ་ལ་བརྡར་ནས་རླུང་རྒྱུ་དུས་ལྷག་པའི་ལྷ་ལཱི་སྤེན་པ། ལྷག་པའི་ལྷར་འཆར་དུས་སྦྱོར་རེ། ཞེས་པ་དུས་སྦྱོར་རེ་ལ་དབུགས་སྟོང་བརྒྱད་བརྒྱ་རེ་འབབ་པ་ལས། དབུགས་སུམ་བརྒྱ་དྲུག་རེ་ཆུ་ཚོད་རེེར་ལོངས་པས། དུས་སྦྱོར་རེ་ལ་ཆུ་ཚོད་ལྔ། དེའི་ཆུ་ཚོད་ལྔ་གོང་དུ་བཤད་པའི་ཀ་སོགས་ཡིན། དབུས་སུ་དབྱངས། གང་བྱུང་དེ་ཉིད་བདག་པོའི་གཟའ། ཞེས་པ། དབྱངས་གོང་དུ་བཤད་པ་ལྟར། གང་རྒྱུ་བ་དེ་བདག་པོའི་གཟའ་ཡིན། དེ་ཉིད་སྟོབས་ལྡན་དེ་དཀྱིལ་བསྒྲུབ། ཅེས་པ་གཟའ་དེ་དང་དེ་ངོས་འཛིན་པའོ། །དྲག་པོ་མོ་མཉམ་པའི་དུས་སྦྱོར་ཕོ། ཞི་བ་མཉམ་པའི་དུས་སྦྱོར་མོ། མོ་རྣམས་གཡས་དབྱངས་གསལ་རིང་། ཕོ་རྣམས་སྣ་གཡོན་དབྱངས་གསལ་ཐུངས། གཡས་ནས་ཆུ་སྲིན་ཀཱ་སོགས་དང་། ཉ་ལ་ཙ་སོགས་གླང་ཊ་སོགས། ཀརྚ་སཱ་སོགས་བུ་མོ་ཏཱ། སྡིག་པ་ལ་སོགས་ས་ནས་འབབ། གཡོན་ནས་བུམ་པ་ལུག་ཉ་སོགས། འཁྲིག་ཎ་སེང་མ་སྲང་ན་སོགས། གཞུ་ལ་ཀ་སོགས་མཁའ་ནས་འབབ། གསལ་བྱེད་བཅས་པ་ཡི་གེའི་དབྱངས། དབྱངས་ཀྱང་སྲོག་གི་དབྱངས་སུ་བརྗོད། ཅེས་པ། གསལ་བྱེད་དང་བཅས་པའི་དབྱངས་གང་ཡིན་པ་དེ་ལ་ཡི་གེའི་དབྱངས་ཞེས་མིག་བཏགས། དབྱངས་ཀྱི་སྲོག་གི་དབྱངས་ནི་དབྱངས་རྐྱང་པ་མིང་གི་ཐོག་མ་ན་ཡོད་པ་དེ་ཡིན། སྲོག་གི་དབྱངས་ནུབ་པ་དང་ཐུག་ན་གཡུལ་དུ་ཞུགས་པ་དམག་ཏུ་འགྲོ་བ་དག་ནད་བཏབ་ན་འཆི། ཡི་གེའི་དབྱངས་ནུབ་ན་གཡུལ་ཞུགས་ན་རྨ་འབྱུང་། ནད་ཀྱི་བཏབ་ན་ཉོན་མོངས། འདྲི་བྱེད་ཀྱིས་འདྲིས་མཚན་མ་མཁན་ཞེས་པ་འདྲི་བྱེད་ནི། ཕ་རོལ་ནས་ལུང་བསྟན་ཞུ་བ་པོ། མཚན་མ་མཁན་པོ་ནི་ལུང་སྟོན་མཁན། སྣ་གཡས་མཁའ་རྒྱུ་དེ་དུས་སུ། ཞེས་པ། སྣ་གཡས་ནས་ནམ་མཁའི་རླུང་རྒྱུ་དུས་ལྷག་པའི་ལྷ་དུས་མེ་ཤར་བ་ནས། གཡུལ་དུ་དང་པོ་འབོད་མི་འཆི། ཞེས་པ། གཡུལ་འཐབ་པའི་ཉིན། དྲི་བ་པོ་རྒྱལ་ཕམ་དྲིས་པར་མིང་ཐོག་མར་བརྗོད་པའི་མི་དེ་འཆི། རླུང་རྒྱུ་ཉི་ཤར་དེ་ཕམ་འགྱུར། ཞེས་པ། རླུང་གི་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་ཉི་མ་ཤར་བ་དེ་དུས་མིང་ཐོག་མར་འབོད་པ་དེ་འཕམ། མར་རྒྱུ་བཀྲ་ཤིས་ཤར་ན་རྨས། ཞེས་པ། མེ་རླུང་རྒྱུ་བའི་དུས་ལྷག་པའི་ལྷ་བཀྲ་ཤིས་ཤར་ནས་མིང་ཐོག་མར་བརྗོད་དེ་རྨས། ཆུ་རྒྱུ་ཕུར་བུ་ཤར་ན་ཟླུམ། ཞེས་པ། ཆུ་རླུང་རྒྱུ་དུས་ལྷག་པའི་ལྷ་ཕུར་བུ་ཤར་ན་ཟླུམ་པ་སྟེ་ཕན་ཚུན་འཚམས་པར་འགྱུར། ས་རྒྱུ་སྤེན་ཤར་མི་འཐབ་པོ། ཞེས་པ། ས་རྒྱུ་དུས་ལྷག་པའི་ལྷ་སྤེན་པ་ཤར་ན་མི་འཐབ་ཅེས་ལུང་བསྟན་ནོ། །ནད་པ་ཡིན་ན་འཆི་བ་དང་། ཞེས་པ། ནམ་མཁའ་དུས་མེ་ཤར་དང་། ནད་ཡུན་རིང་པོས་ཉོན་མོངས་དང་། ཞེས་པ། རླུང་གི་རླུང་། ལྷག་པའི་ལྷ་ཉི་མ་རྒྱུ་དུས། རྨ་དང་ཞེས་པ། མེ་རླུང་བཀྲ་ཤིས་ཀྱི་དུས། དེ་དང་ཞེས་པ། ཆུ་རླུང་ལྷག་པའི་ལྷ་ཕུར་བུའི་དུས། མཉམ་གྱུར་ཞེས་པ། ས་རླུང་ལྷག་པའི་ལྷ་སྤེན་པའི་དུས་སུ་ཤེས་པར་བྱ། མཁའ་རྒྱུ་གཅན་དགྲ་བོ་ཉམས། ཞེས་པ། སྣ་གཡོན་གྱི་དབུས་ནས་ལྷག་པའི་ལྷ་སྒྲ་གཅན་རྒྱུ་དུས་ཕ་རོལ་དགྲ་ཕམ་པར་གྱུར་རོ། །རླུང་རྒྱུ་ཟླ་ཤར་དགྲ་ཕམ་ཞིང་། ཞེས་པ། སྣ་གཡོན་རླུང་གི་རླུང་ལྷག་པའི་ལྷ་ཟླ་བ་ཤར་དུས་དགྲ་ཕམ། མེད་རྒྱུ་ལྷག་ཤར་དགྲ་རྨ་འབྱུང་། ཞེས་པ། གཡོན་ནས་ཆུ་རླུང་ལྷག་པའི་ལྷ་ལག་པ་ཤར་ན་དགྲ་རྨས་པར་འགྱུར་རོ། །ཆུ་རྒྱུ་པ་སངས་དོན་རྙེད་ཅིང་། ཅེས་པ། ཆུ་རླུང་རྒྱུ་དུས་ལྷག་པའི་ལྷ་པ་སངས་ཤར་ན་དོན་རྙེད། ས་རྒྱུ་མཇུག་རིང་དགྲ་དབང་འདུ། ཅེས་པ། གཡོན་ནས་ས་རླུང་ལྷག་པའི་ལྷ་དུ་མཇུག་ཤར་ན་དགྲ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །གཞན་བགྲོད་བག་ལེན་གཡོན་རྒྱུ་བཟང་། ཞེས་པ། གཞན་བགྲོད་པ། ཕྱོགས་ཐག་རིང་ལ་འགྲོ་བ། བག་མ་ལེན་པ་གཉིས་གཡོན་ཕྱོགས་ནས་རྒྱུ་བར་བཟང་། ལོ་ཟླ་ཕྱོགས་དང་ཉིན་མཚན་གྱིས། ཞེས་པ། ལོ་དང་། ཟླ་གཅིག་དང་། ཕྱོགས་ཉི་ཤུ་རྩ་བཞི་ལས་གཅིག་དང་། ཉིན་མོ་དང་། མཚན་མོ་དང་དེ་རྣམས་ལ། ཐུན་བརྒྱད་དུ་སྦྱོར་དབུས་སུ་ཞུགས། ཞེས་པ། ཐུན་བརྒྱད་ནི་སྙིང་གའི་རྩ་འདབ་བརྒྱད་ལ་ནང་དུ་སྦྱོར་བ། ཕྱོགས་ཉི་ཤུ་རྩ་བཞི་ལས་གཅིག་དང་། ཉིན་མོ་དང་། མཚན་མོ་དང་དེ་རྣམས་ལ། ཐུན་བརྒྱད་དུ་སྦྱོར་དབུས་སུ་ཞུགས། ཞེས་པ། ཐུན་བརྒྱད་ནི་སྙིང་གའི་རྩ་འདབ་བརྒྱད་ལ་ནང་དུ་སྦྱོར་བ། ཕྱིར་ལོ་ཟླ་ཕྱོགས། ཉིན་དང་མཚན་ལ་སྦྱར། དུས་སྦྱོར་ལོའི་དུས་སྦྱོར། ཟླ་བའི་དུས་སྦྱོར། ཕྱོགས་ཀྱི་དུས་སྦྱོར། ཉིན་མཚན་གྱི་དུས་སྦྱོར། དེ་དང་དེའི་དབུས་སུ་ཞུགས་པ། འདྲ་དུས་རླུང་ནི་ཕྱིར་འགྲོ་ངན། ཅེས་པ། འདྲི་བ་པོ་མདུན་དུ་བྱུང་ནས་དྲིས་པའི་དུས། མཚན་མ་མཁན་པོའི་རླུང་ཕྱིར་འགྲོ་དུས་དྲིས་ན་ངན། ནང་མཇུག་བཟང་ཞིང་དགེ་བ་ཡིན། ཞེས་པ། མཚན་མ་མཁན་པོའི་རླུང་ནང་དུ་འཇུག་ན་དགེ། དེ་ཡན་ནི་མཚན་མ་མཁན་པོའི་སྣ་ནས་རླུང་རྒྱུ་ཚུལ་ལ་བརྟེན་ནས་ལུང་སྟོན་པ་རྣམས་སོ། །འདི་ནས་མར་རླུང་ལ་བརྟེན་ནས་བརྩི་མི་ཤེས་པའི་མཚན་མ་མཁན་པོས་ལུང་སྟོན་པ་རྣམས་བྲི་བར་བྱ་སྟེ། ཕོ་ཉས་དྲིས་པའི་དབྱངས་ཡིན་རྣམས། ཞེས་པ། ཕ་རོལ་དྲི་བ་པོས་བདག་གི་དོན་འདྲི་འདྲ་གཅིག་འགྲུབ་བམ་ཞེས་པ་ལ་སོགས་པའི་ཚིག་དྲི་བ་གང་བརྗོད་པ་དེ་རྣམས་ཡི་གེ་སྡེབས་དག་པོས་བྲིས་ནས་དབྱངས་འདྲེན་པ་འམ་ཚག་བར་བརྩིས་ནས་གྲངས་བགྲང་བ་གང་བྱུང་བ་དེ་ཡིན། བཅུས་བསྒྱུར་ཉི་བསྲེས་འབྱུང་བས་བསྒྱུར། ཞེས་པ། གཡས་ནས་འབྱུང་བ་ལྔའི་རླུང་། གཡོན་ནས་ཕུང་པོ་ལྔའི་རླུང་རྒྱུ་བས་དེ་གཉིས་བསྡེབས་ནས་བཅུ་ཡོད་པས་དེས་བསྒྱུར་བ་ཡིན། ཉི་བསྲེས་ནི། སྣ་གཡས་གཡོན་ནས་རྒྱུ་བའི་དུས་སྦྱོར་བཅུ་གཉིས་དེ་བསྲེས་པ་ཡིན། འབྱུང་བས་བསྒྱུར་ནི། དུས་སྦྱོར་རེ་ལ་རླུང་ལྔ་ཡོད་པ་དེས་བསྒྱུར་བ་ཡིན། རང་མིན་ཉེ་བའི་སྐྱེ་བོ་བསྲེ། ཞེས་པ། མཚན་མ་མཁན་པོ་རང་ཉིད་མིན་པའི་མཐའ་བསྐོར་དུ་སྐྱེ་བོ་གང་ཡོད་བསྲེ་དགོས་པ་དེ་ཡིན། བདུན་གྱི་བགོས་ལྷག་གཅིག་གསུམ་དང་། ལྔ་ཐིག་མི་མཉམ་དྲག་གཟའ་ངན། ཞེས་པ། བདུན་གྱིས་བགོས་པ་ནི། གཟའ་བདུན་གྱིས་བགོས་པའོ། །ལྷག་མ་གཅིག་ཉི་མ། གསུམ་མིག་དམར། ལྔ་ཕུར་བུ། ཐིག་སྤེན་པ། མི་མཉམ་པའི་གཟའ་ཡིན་པས་བྱ་བ་གང་བྱེད་ཀྱང་ངན་ཞེས་ལུང་སྟོན། ལྷག་གཉིས་ཟླ་བ། དྲུག་པ་སངས་གསུམ་མཉམ་པ་བྱ་བ་དོན་ཐམས་ཅད་འགྲུབ་ཅིང་བཟང་། ད་ནི་ཁྱད་པར་མང་པོའི་སྒོ་ནས་བརྟག་པར་བྱ་བ་ནི། ཕྱི་རོལ་གཟའ་སྟོབས་ཉི་མ་ནི། ཁྱིམ་ནི་གང་གནས་ནམ་ལངས་འཆར། དུས་སྦྱོར་བདུན་པ་ནུབ་པ་ལ། དུས་མེ་ཡོད་ན་དགེ་བྱེད་དང་། དོན་གཉེར་བ་རྣམས་འཆི་བར་འགྱུར། དེ་ཡན་ཚིག་རྐང་ལྔ་པའི་དོན། ཕྱི་རོལ་གཟའི་སྟོབས་བསྟན་པ། ཉི་མ་ཁྱིམ་གང་ན་གནས་པའི་ཤར་རིའི་རྩེར་འཆར་བས། དེ་ནས་བརྩིས་པའི་དུས་སྦྱོར་བདུན་པ། ནུབ་རིའི་རྩེ་ན་ནུབ་སྐབས་དེར་དུས་མེ་ཡོད་ན། དགེ་བ་བྱས་པ། དོན་གཉེར་བ་འཆི་བ་ཡིན་ནོ། ཉི་མ་ནད་ཐེབས་པ་སྐྱེས་སྨས། སྤེན་པ་ནོར་ཉམས་འཆར་ནུབ་གཉིས། ཞེས་པ། བདུན་པ་དེ་ན་ཉི་མ་ཡོད་ན་ནད་ཀྱིས་ཐེབས། ས་སྐྱེས་ཡོད་ན་རྨས་འབྱུང་། སྤེན་པ་ཡོད་ན་ནོར་ཉམས། སྒྲ་གཅན་དགྲ་ཉམས་ཟླ་བ་ལ། རང་རྒྱལ་ལྷག་པ་གཡུལ་དུ་རྒྱལ། པ་སངས་བུད་མེད་ནོར་བཅས་ཐོབ། ཅེས་པ། ཡན་གྱི་དོན་ནི། འཆར་ནུབ་གཉིས་ནི་འཆར་བ་ཤར་དང་། ནུབ་པ་བདུན་པའི་དུས་སྦྱོར། དེ་གཉིས་གང་རུང་ན་སྒྲ་གཅན་ཡོད་ན་ཕ་རོལ་གྱི་དགྲ་ཉམས་པར་འགྱུར། དེ་གཉིས་ན་ཟླ་བ་ཡོད་ན་རང་རྒྱལ་བར་འགྱུར་རོ། །དེ་གཉིས་ན་ལྷག་པ་ཡོད་ན་གཡུལ་ལས་རྒྱལ་བའོ། །པ་སངས་ཡོད་ན་བུད་མེད་ནོར་དང་བཅས་པ་ཐོབ་བོ། །གལ་ཏེ་དུས་སྦྱོར་བཅུ་གཉིས་པོར། ཞི་གཟའ་ཡོད་ན་དགེ་བ་ཡིན། ཞེས་པ་གོ་བདེ། ཁྱད་པར་ཉི་མ་མེ་བཞི་དང་། ཟླ་བ་གྲོ་བཞིན་མིག་ཐ་སྐར། ཕུར་རྒྱལ་ལྷག་པ་ལྷ་མཚམས་དང་། སྤེན་སྣར་འཆི་སྦྱོར་བདུན། དགེ་ལས་ངན་ཏེ་དྲག་ལས་བཟང་། བསྲེག་ཚེས་བཅུ་གཉིས་ཉེར་བདུན་ཉི། བཅུ་གཅིག་ཉེར་དྲུག་ཟླ་བ་དང་། བཅུ་དང་ཉེར་ལྔ་མིག་དམར་དང་། གསུམ་དང་བཅོ་བརྒྱད་ལྷག་པ་དང་། དྲུག་དང་ཉེར་གཅིག་ཕུར་བུ་དང་། གཉིས་དང་བཅུ་བདུན་པ་སངས་དང་། བདུན་དང་ཉེར་གཉིས་སྤེན་པ་འཕྲད། སྔ་མའི་ཚེས་ལ་ཚངས་པ་དང་། སྲེག་ཚེས་ཞབས་ཀྱུ་མ་རུ་བྱ། འདི་ཡང་དགེ་ངན་དྲག་ལས་ཤིས། ཤིང་ལྟུང་ཡོང་འཛོམས་འཁོན་འཛིན་གསུམ། སྤངས་པའི་སྦྱོར་བ་དགེ་ལ་ཤིས། དང་པོ་སེལ་བ་ཆུ་ཚོད་གསུམ། དགུ་པ་ཟུག་རྔུ་ཆུ་ཚོད་ལྔ། བཅུ་པ་སྐྲག་པ་ཆུ་ཚོད་དྲུག །ཤིན་ཏུ་སྐྲངས་པ་ལ་ཡང་དྲུག །ཡོངས་འཇོམས་རྡོ་རྗེ་དགུ་དགུ་སྤངས། ཞེས་པ། འགྲུབ་སྦྱོར་བདུན་ནས། སྦྱོར་བའི་འབྲས་བུ་ཡན། དྲི་མེད་འོད་དུ་གང་བཤད་འཁྲུལ་མེད་གཞུང་དེ་ཀས་གསལ། ད་ནི་རྒྱུ་སྐར་གྱི་སྟོབས་སམ། སྐར་མའི་སྟོབས་ནི། རྒྱུ་རྣར་རྣམས། དགུ་མཚན་གསུམ་བྱས་སྐྱེས་པའི་སྐར། ཞེས་པ། སྐར་མའི་སྟོབས་རྒྱུ་སྐར་ཉི་ཤུ་རྩ་བདུན་པོ་གསུམ་གྱིས་བགོས་པས་དགུ་ཐོབ་པ། དེ་ཚན་པ་གསུམ་རེའུ་མིག་དུ་བཅད་ནས། སྐྱེས་པའི་སྐར་ནི་དམག་དཔོན་ལྟ་བུའི་སྐྱེས་སྐར་རམ། ལས་སྔན་ལ་བྱེད་མཁན་གྱི་སྐྱེས་སྐར་ནས་བརྩི་ཤེས་ན་སྐྱེས་སྐར་གྱི་ཐོག་མ་བྱས་ནས་བྲིས་པའི་དགུ་ཚན་དང་པོ། དགུ་ཚན་གཉིས་པ། དགུ་ཚན་གསུམ་པ་རྣམས་ཀྱི་རེའུ་མིག་དགུ་དགུ་སྟེ་ཉི་ཤུ་རྩ་བདུན་ལ་སྐར་མིང་བྲིས། གལ་སྲིད་སྐྱེས་སྐར་མེད་ན། དམག་དཔོན་ལས་བྱེད་ཀྱི་མིང་ཐོག་གི་ཡི་གེ་སྐར་མ་གང་ཡིན་བལྟས། དེས་ཐོག་མ་བྱས་ནས་རྒྱུ་སྐར་ཉེར་བདུན་བཀོད་ཀྱང་འོས་ཅི་བསམ་འགྲུབ། དང་པོར་བྱས་ལ་སྐྱེས་སྐར་ནས། སྐར་མ་གཅིག་གིས་བར་ཆོད་པ། ཞེས་པ། གཅིག་རྗེས་གཉིས་པ་བཞག །གསུམ་རྗེས་བཞི་པ་བཞག །ལྔ་རྗེས་དྲུག་པ་བཞག །བདུན་རྗེས་བརྒྱད་པ་བཞག་པ་ནི། སྐར་མ་གཅིག་གི་བར་ཆོད་པ་ཞེས་བཞག །དོན་གཅིག་ལྔ་བདུན་དགུ་སྟེ་སྐར་མ་ལྔ་ལ། གསུམ་ལྔ་བདུན་དགུ་མི་མཉམ་པ། ཞེས་སྨོས། དགུ་ཚན་གཉིས་པ་གསུམ་པ་སྐྱེས་སྐར་དང་པོ་མིན་ཀྱང་། གཅིག་ལྔ་སོགས་གོང་མ་དང་འིགྲག་ཡོང་། དེ་ལ་ཉི་མིག་དུས་མེ་སྤེན། གང་རུང་ཟླ་བ་འཛོམས་པ་ན། ནད་པ་དང་ནི་གཡུས་འཐབ་འཆི། ཞེས་པ། སྐར་མ་ཡ་རྣམས་ཀྱི་སྟེང་དུ་གཟའ་གོང་དུ་སྨོས་པའི་བཞི་ཡོད་པ་དང་། ཟླ་སྐར་ཐུག་ན་ནད་པ་དང་། གཡུས་འཐབ་ན་འཆིའོ། །སྐྱེས་སྐར་ནས་གྲངས་གཉིས་བཞི་དྲུག་བརྒྱད་རྣམས་མཉམ་སྐར་གང་རུང་ལ། གཟའ་བཞི་གང་རུང་ཟླ་བ་འཛོམ། མི་དེ་འཚོ་ཞིང་རྒྱལ་བར་འགྱུར། ཞེས་པ། སྐྱེས་སྐར་ནས་བགྲངས་པའི་གཉིས་བཞི་དྲུག་བརྒྱད་རྣམས་མཉམ་པའི་སྐར་མ་སྟེ། དེ་རྣམས་ལ་གཟའ་བཞི་གང་རུང་དང་། ཟླ་སྐར་འཛོམས་ན། ནད་ཀྱིས་བཏབ་ན་འཚོ། གཡུལ་བཤམས་ན་རྒྱལ་བར་འགྱུར་རོ། །འཁྱོགས་ལྔའི་སྦྲུལ་རྩ་གསུམ་པ་ལ། ཐ་སྐར་ནས་བཟུང་ནམ་གྲུའི་བར། ཉེར་བདུན་བཀོད་ལ་ནད་པ་འམ། ཞེས་པ། ཐ་སྐར་ནས་བརྩམས་པའི་ནམ་གྲུའིི་བར་དུ་དྲང་པོར་བྲིས་པ་ལ། སྦྲུལ་གྱི་འཁྱོག་ལྔ་དོད་པར་བྲིས། འཁྱོག་གི་གཟུགས་པོའི་སྟེང་དུ་སྐར་མ་གསུམ་གསུམ་བྱས་པའི་བཅོ་ལྔ། བར་ལ་གསུམ་གསུམ་སྟེ་བཅུ་གཉིས་ཏེ་ཉི་ཤུ་རྩ་བདུན། གཡུལ་ཞུགས་སྐྱེས་སྐར་རྩ་གང་ཡོད། དེ་ནི་དྲག་གཟའ་བཞི་པོ་དང་། གང་རུང་ཟླ་འཛོམ་མི་དེ་འཆི། ཞེས་པ། ནད་པའམ་གཡུལ་དུ་ཞུགས་པའི་སྐྱེས་སྐར་རྩ་གང་ལ་ཡོད་པར་དྲག་གཟའ་བཞི་པོ་ཡོད་པ་དང་། ཟླ་སྐར་འཛོམ་ན། ནད་ཀྱི་བཏབ་པ་དང་གཡུལ་དུ་ཞུགས་པ་གཉིས་ཀ་འཆི། རྩ་ལ་མ་ཞུགས་པའི་སྐར་མ་ལ་སྐྱོན་མེད། གཡུལ་རྒྱལ་ལས་གསུངས་འདི་ལྟ་སྟེ། རྩ་གསུམ་བརྒྱན་པའི་འཁོར་ལོ་ལ། གང་གནས་གཟའ་ཡི་འབྲས་བུ་བརྟག །ཅེས་པ། ཉི་མ་མིག་དམར་སོང་བའི་རྩ། སྤེན་པར་ར་ཧཱུ་གང་གནས་པ། ནད་མེད་ནད་འབྱུང་ནད་ཅན་འཆི། བཞིས་འཆི་གསུམ་གྱིས་ནོར་ཉམས་འགྱུར། གཉིས་ཀྱིས་གཉེན་བརླག་གཅིག་གིས་ནི། ནོར་ཉམས་གཉེན་རྣམས་རིམ་ནས་འབྱུང་། བུ་མེད་སྡུག་ཅིང་རང་དབང་མེད། མྱུར་དུ་ཐམས་ཅད་མཁྱེན་པར་བགྲོད། བར་མའི་རྩ་ལ་སོང་བ་ན། གྲོང་དང་ཡུལ་ཁྲིམས་བདེ་བར་གསལ། རྩ་ནི་གཅིག་ལ་སོང་བ་ན། བདག་ཉིད་བདེ་ཞིང་སྐྱིད་པ་ཡིན། ཆུང་མ་ཁྱོ་དང་ལྷན་གཅིག་ཏུ། རྩ་གཅིག་པ་ལ་སོང་བ་ན། མྱུར་དུ་ཁྱོ་ནི་འཆི་འགྱུར་བས། ཆུང་མི་རིང་དུ་སྤངས་པར་བྱ། རང་གི་རྩ་ལ་བསོད་ནམས་ཡོད། ཤེས་པའི་འབྲས་བུ་མདུན་ན་བསྡོད། ཅེས་པ་དེ་རྣམས་ཀྱི་དོན་བཀོད་ལུགས་ནི། སྦྲུལ་གྱི་རྐེ་ནས་འཁྱོག་ལྔའི་རྩ་ལ་ཐ་སྐར་ནས་ནམ་གྲུའི་བར་རྩ་ལ་སོང་ར་བྱས། བཞི་པ་འཆི་ཞེས་པ། སྐྱེས་སྐར་དུ་དྲག་གཟའ་བཞི་འཛོམ་ཟླ་སྐར་སོགས་འཛོམ་ནའོ། །གསུམ་ནི་དྲག་གཟའ་གསུམ། གཉིས་ནི་དྲག་གཟའ་གཉིས་འཛོམ་པ། དྲག་གཟའ་གཅིག་དང་ཐུག་ན། རང་གི་སྐར་མ་སྐྱེས་སྐར་རམ་མིང་སྐར་གནས་པ་ལས། བསོད་ནམས་ཡོད་ན་ནི་ཞི་གཟའ་བཞི། གང་ཚེ་སྟེང་མའི་རྩ་ཞེས་པ་སྐྱེ་ངོས་ཀྱི་རྩ། བར་ལ་སྒྲ་གཅན་གྱི་ལུས་ཀྱི་དབུས། དེ་རྗེས་ཀྱི་རྩ་གཅིག །བདག་ཉིད་བདེ་སོགས་རྗེས་ཀྱི་རྩ་གསུམ་པ་ལ། སྨིན་དྲུག་ནས་བརྩམས་སྐར་མ་ནི། གསུམ་གསུམ་རྩར་གནས་རེརེ་བོར། སྐྱེས་སྐར་རྩར་སོང་ལྷན་ཅིག་ཏུ། ཟླ་ཡོད་ཐོག་མ་གཡུལ་ཞུགས་རྒྱལ། བོར་བར་ཟླ་ཡོད་ཕྱི་ཞུགས་རྒྱལ། ཞེས་པའི་དོན། སྦྲུལ་འཁྱོག་བཞི་པ་སྨིན་དྲུག་ནས་བརྩམས་གསུམ་གསུམ་རྩར། རེ་རེ་བོར་བར་བཀོད། སྐྱེས་སྐར་རྩ་ལ་ཡོད་པ་དེ་ལ་ཟླ་བ་ཡོད་པ་དེ་ལ་ཟླ་བ་ཡོད་ན་གཡུལ་ཞུགས་པ་ཐོག་མ་རྒྱལ། སྐར་མ་བོར་སྟེང་དུ་སྐྱེས་སྐར་དང་ཟླ་བ་འཛོམ་ན་ཕྱི་ཞུགས་རྒྱལ། འཁྱོག་གསུམ་སྦྲུལ་རྩ་གསུམ་པ་ལ། ལག་གི་ཐོག་གྲངས་ཉེར་བརྒྱད་བཀོད། གསུམ་གསུམ་རྩར་སོང་གསུམ་བོ་སུམ་བོར། རྩར་སོང་ཟླ་སྐར་སྔོན་རྩོད་རྒྱལ། བོར་བར་ཟླ་སྐར་ཕྱིས་རྩོད་རྒྱལ། ཞེས་པ་གོ་བདེ། ལུས་ཅན་ཚེ་ཡི་འཁོར་ལོ་ནི། མི་ལོ་བརྒྱད་དབང་བྱས། རྩིབས་བརྒྱད་ཤར་ནས་རིམ་པ་བཞིན། དྲུག་དང་ཚེས་དང་སྐར་མ་ནི། བཅུ་བདུན་བཅུ་དང་བཅུ་དགུ་དང་། བཅུ་གཉིས་ཉེར་གཅིག་དབང་ལྡན་མཐར། ཉི་མ་ཟླ་བ་བཀྲ་ཤིས་དང་། ཟླ་སྐྱེས་ཉི་བུ་བླ་མ་དང་། སྒྲ་གཅན་དཀར་པོ་རིམ་པ་བཞིན། གཟའ་རྣམས་བདག་པོར་གྲགས་པ་ཡིན། ཞེས་པ་འདིར། ལུས་ཅན་རྣམས་ཀྱི་ཚེའི་འཁོར་ལོ། ཕྱི་རགས་པའི་བདག་ཉིད་དང་། ནང་ཕྲ་བའི་བདག་ཉིད་གཉིས་ཡིན་ཏེ། ཕྱི་རགས་པ་ནི། གཟའ་རྣམས་ཀྱི་ལོ་རང་རང་གི་བདག་བྱེད་པ་བསྡོམ་ན་བརྒྱ་དང་བརྒྱད་ཡོང་བ་དུས་འཁོར་ལུགས་ནི་མཆོག་གི་ཚེ་ཡིན་ནམ་སྙམ། རྩིབས་བརྒྱད་དུ་བགོད་པ་ནི། ནང་ཕྲ་བ་སྡེ་པ་བརྒྱད་ཡོད་པའི་དབང་དུ་བྱས། སྡེ་པ་བརྒྱད་ལ་ཡང་ཕྱི་འཇིག་རྟེན་དུ་གྲགས་པའི་སྡེབ་དང་། རང་བྱུང་གི་སྡེ་པ་བརྒྱད་ཡོད་པ་ལས། འདིར་རང་བྱུང་གི་དབང་དུ་བྱས་ནས། ཨ་ཨི་རི་ཨུ་ལི། དབྱངས་ཀྱི་སྡེ་པ། འདི་རྩིབས་ཤར་མ་ཉི་མ་ལོ་དྲུག་དང་སྦྱོར། ཀ་ཁ་ག་གྷ་ང་། འདི་མེ་ཡི་རྩིབས་ལ་ཟླ་བའི་ལོ་་བཅོ་ལྔ་དང་སྦྱར། ཙ་ཚ་ཛ་ཛྷ་ཉ། འདི་ལྷོའི་རྩིབས་ལ་བཀྲ་ཤིས་ཀྱི་ལོ་བརྒྱད་དང་སྦྱར། ཊ་ཋ་ཌ་ཌྷ་ཎ། བདེན་བྲལ་གྱི་རྩིབས་ལ་ལྷག་པའི་ལོ་བཅུ་བདུན་དང་སྦྱར། པ་ཕ་བ་བྷ་མ། ནུབ་ཀྱི་རྩིབས་ལ་སྤེན་པའི་ལོ་བཅུ་དང་སྦྱར། ཧ་ཡ་ར་ཝ་ལ། རླུང་གི་རྩིབས་ལ་ཕུར་བུའི་ལོ་བཅུ་དགུ་དང་སྦྱར། ཏ་ཐ་ད་དྷ་ན། བྱང་གི་རྩིབས་ལ་སྒྲ་གཅན་གྱི་ལོ་བཅུ་གཉིས་དང་སྦྱར། ས་ཉྤ་ཥ་ཤ་ཀྂ། དབང་ལྡན་གྱི་རྩིབས་ལ་པ་སངས་ཀྱི་ལོ་ཉི་ཤུ་རྩ་གཅིག་དང་སྦྱར། དེ་ལྟར་གཟའ་རང་རང་གིས་བདག་བྱེད་པའི་ལོ་དེ་དང་དེ། དྲག་གཟའ་བཞི་ལ་གཏོད་པའི་འཚམས་སུ་ཉེས་པ་མེད། ཞི་གཟའ་དྲག་གཟའ་ལ་གཏོད་འཚམས་སུ་དགེ་བ་ལ་ཡང་འབད་པར་ཡང་བཤད། འདི་ལ་དབྱངས་འཆར་གྱི་རིག་པ་ལྟར་ན། དེ་ཡང་རྒྱུ་སྐར་ཆུ་ཚོད་གྲངས། ཚེས་ཀྱིས་བགོས་པ་རྐང་པའི་གྲངས། བརྒྱ་དང་བརྒྱད་འབྱུང་ཆ་ཤས་དྲུག  །ཉི་མས་བདག་བྱས་རིམ་བཞིན་སྦྱར། འདི་ནི་དུས་ཀྱི་འཁོར་ལོར་བཤད། གཡུལ་རྒྱལ་ལས་གསུངས་འདི་མི་མཐུན། ཞེས་པ། གཡུལ་རྒྱལ་ལས་གཟའ་དགུར་བྱས། གཟའ་རེ་ལ་སྐར་མ་གསུམ་གསུམ་བྱས་པས་རྒྱུ་སྐར་ཉི་ཤུ་རྩ་བདུན་འགྲིག་པར་འདུག །དུས་འཁོར་ལུགས་འདི་ལ་རྒྱུ་སྐར་རྐང་པའི་གྲངས་དང་འགྲིག་པ་ལས། སྐར་མ་གསུམ་གསུམ་གྱི་ངེས་པ་མེད་དོ། །གཡུལ་རྒྱལ་ལས་ནི་འདི་ལྟར་བསྟན། ཉི་ཟླ་མིག་དམར་སྒྲ་གཅན་དང་། ཕུར་བུ་སྤེན་པ་གཟའ་ལྷག་དང་། དུ་འཇུག་པ་སངས་ཞེས་བྱ་ལ། གཟའ་རྣམས་དགུ་རུ་རབ་ཏུ་གྲགས། ལུས་ཅན་ཚེའི་གནས་སྐབས་ལ། ཀུན་ཏུ་དབང་བྱེད་འདི་རྣམས་ཡིན། ཡོངས་སུ་རྫོགས་དང་བུམ་པ་དང་། འབྲིང་དང་ཐ་མར་ཤེས་པར་བྱ། ཞེས་གསུངས་རྒྱུ་སྐར་སྨིན་དྲུག་སོགས། ལན་གསུམ་བསྐོར་བས་ཉི་ཤུ་བདུན། རེའུ་མིག་ཐད་གྲངས་རིམ་པ་ལྔ། ཉི་མ་ནས་བརྩམས་པ་སངས་མཐར། དགུ་པ་རེའུ་མིག་རྣམས་ལ་གྲགས། ཉི་མ་ལོ་དྲུག་ཟླ་ལོ་བཅུ། བཀྲ་ཤིས་ལོ་བདུན་ར་ཧུ་སྐྱོན། ཕུར་བུ་མི་བདག་སྤེན་བཅུ་དགུ། གཟའ་ལྷག་བཅུ་བདུན་མཇུག་རིང་བདུན། དཀར་པོ་ལོ་ནི་ཉི་ཤུར་གྲགས། ཆ་ཤས་དང་པོར་སྐྱེས་པ་ནི། ལོ་ནི་བརྒྱ་དང་ཉི་ཤུར་འཚོ། ཆ་ཤས་གཉིས་སྐྱེས་ལོ་བརྒྱ་དང་། གསུམ་པ་བརྒྱད་ཅུ་ཆ་ཤས་བཞི། དྲུག་ཅུའི་ལོར་འཚོ་ཕྱོགས་བུལ་དང་། འབྲིང་དང་ཐ་མར་ཤེས་པར་བྱས་ནས། ཆུ་ཚོད་རེ་ལ་ལོ་རེ་དང་། ཟླ་བ་བཞི་འཕྲི་རིམ་བཞིན་འཆར། །དིང་སང་ལག་ལེན་གསལ་བར་ནི། ཐུབ་པའི་དབང་པོས་བརྒྱད་ཅུར་བཞུགས། སྐྱེ་བོ་ཁ་གཅིག་བརྒྱད་ཅུར་འཚོ། །དེ་ནས་ཆ་ཤས་དང་པོར་སྐྱེས། །མི་དེ་ཚེ་ལོ་བརྒྱད་ཅུའོ། །ཆ་ཤས་གཉིས་སྐྱེས་དྲུག་ཅུར་དང་། །ཆ་ཤས་གསུམ་པས་བཞི་བཅུར་འཚོ། །ཆ་ཤས་བཞི་པས་ཉི་ཤུར་ཐུབ། །ཆ་ཤས་ཆུ་ཚོད་བཅོ་ལྔའི་མིང་། །ཆུ་ཚོད་རེ་རེ་ཤེས་འདོད་ན། །ལོ་རེ་ཟླ་བ་བཞི་དག་གིས། །ཕྱོགས་ཚེ་བརྒྱད་ཅུར་འཕྲི་བ་ན། །ལོ་ནི་དོན་བརྒྱད་ཟླ་བ་བརྒྱད། །འབྱུང་སོགས་ཀུན་ལ་རིག་པས་བསྒྲེས། །ཆུ་ཚོད་དྲུག་ཅུར་རྫོགས་འཚམས་སྐྱེས། །དེ་མ་ཐག་ཏུ་འཆི་བར་འགྱུར། །གཟའ་དགུ་གང་སྐྱེས་གཏོད་ལེན་འཚམས། །ཁ་གཅིག་འཆི་བར་བཤད་པས་ན།  །དེ་ཡིས་དུས་སུ་རིམ་འགྲོ་བྱས། །ཞེས་པ་ཡན་གཞུང་གིས་གསལ། །སོ་སོའི་གཏོད་ལེན་ཤེས་འདོད་ན།  །ཆུ་ཚོད་གང་སྐྱེས་ལོ་གྲངས་རྣམས། །གཟའ་རྣམས་སོ་སོའི་ལོ་ཡིས་བསྒྱུར། །བརྒྱ་དང་ཉི་ཤུ་བགོས་པ་ན། །གཟའ་དགུའི་ལོ་གྲངས་སོ་སོར་ཤར། །ཞེས་ཚིག་རྐང་ལྔ་པོ་དེའི་དོན། །ལོ་ཙམ་ཐུབ་ངེས་པར་བྱས་པའི་གྲངས་དེ།  །གཟའ་སོ་སོའི་ལོ་གྲངས་ཀྱིས་བསྒྱུར། །ཕྱོགས་ཚེ་བརྒྱ་ཉི་ཤུས་བགོས་པས་གཟའ་སོ་སོའི་ལོ་གྲངས་འཆར། །ལྷག་མ་ཟླ་བའི་དོན་དུ་བཅུ་གཉིས་ཀྱིས་བསྒྱུར་ནས་བགོས་པའི་ནོར་ཟླ་བ་ཡིན། ལོ་དགུ་པོ་ཟླ་བ་དང་བཅས་པ་བསྲེས། །ཟླ་བ་བཅུ་གཉིས་ཀྱི་འཁོར་ལོ་ཕུད། །ལོ་ལ་བསྲེས་པས་གོང་གི་ཚེ་ཚད་འཆར། །འདི་འདྲའི་ལག་ལེན་ཀུན་ལ་མེད། །བདག་གི་རྣམ་དཔྱོད་རྩེ་མོར་ཤར། །ཀུན་གྱིས་ཤེས་ན་མཁས་པ་སུ། །གཟའ་རྣམས་གང་སྐྱེས་འབྲས་བུ་ནི། །ཉི་མ་རྒྱལ་པོའི་རྙེད་པ་འབྱུང་། །མཁྲིས་པའི་ནད་རྣམས་འབྱུང་བ་དང་། །གཉེན་གྲོགས་རྣམས་དང་བྲལ་་དང་། །ནོར་ཟད་པ་དང་རྙེད་པའང་འབྱུང་ངོ་། །ཟླ་བ་ལོ་བཅུར་གཉིད་ཆེ་ཞིང་། །བུད་མེད་རྣམས་ནི་མཉམ་པར་རྙེད། །རང་ཕྱོགས་དགྲར་འགྱུར་བུ་མོ་སྐྱེས། །མིག་དམར་ལོ་བདུན་དགྲ་རྣམས་འབྱུང་། །གཉེན་བཤེས་རྣམས་དང་འཐབ་རྩོད་འབྱུང་། །ཁྲག་་དང་མཁྲིས་པའི་ནད་འབྱུང་ཞིང་། །གཞན་གྱི་བུད་མེད་རྣམས་དང་འགྲོགས། །ལྷ་མིན་དབང་པོའི་བཅོ་བརྒྱད་ལ། །ནོར་ཟད་ལྕེ་ཟུག་ཆུང་མ་འཆི། །གཉེན་བརླག་དོན་ཉམས་སེམས་ནད་འབྱུང་། །གཞན་དུ་འགྲོ་དགོས་བརྙས་པར་འགྱུར། །ཕུར་བུ་བཅུ་དྲུག་གྲགས་པ་ལ། །གཞན་གྱིས་འཁུར་ཞིང་བུ་ཐོབ་འགྱུར། །ནོར་དང་ཆོས་དང་གོས་འཕེལ་ཞིང་། །སྦྱིན་བསྲེག་སེམས་དང་རིག་པ་འཕེལ། །སྤེན་པ་བཅུ་དགུ་ལུས་ནད་འབྱུང་། །ཆུང་མ་བུ་དང་འཐབ་རྩོད་ཅིང་། །བློ་དམན་རྨུགས་ཤིང་ལེ་ལོ་ཆེ། །བྱེས་སུ་འཁྱམས་ཤིང་ཡུལ་ངན་བསྐོར། །གཟའ་ལྷག་ལོ་ནི་བཅུ་བདུན་ལ། །གཉེན་གྲོགས་དང་མཐུན་ཆོས་དང་སྦྱོར། །ཤེས་རབ་འཕེལ་ཞིང་འདུས་ནད་གསུམ། །རླུང་ནད་བཅས་པ་ཁྲག་ནད་འབྱུང་། །ཀེ་དུའུ་བདུན་ལ་བུ་བརླག་ཅིང་། །ནོར་ཟད་སྤུན་ཟླ་སྲིང་མོ་འཆི། །དགྲ་དང་ཕྲད་ཅིང་རྒྱལ་པོས་འཇིག །བུད་མེད་མ་རུང་རྣམས་དང་རྩོད། །པ་སངས་ཉི་ཤུའི་ལོ་རྣམས་ལ། །བུད་མེད་རྙེད་དང་ཆོས་ཀྱང་རྙེད། །དོན་དང་ལུས་འགྲུབ་དགེ་བ་འཕེལ། །ནོར་ཐོབ་གྲགས་པ་འཕེལ་བར་འགྱུར། །ཞེས་པ་ཡན་ལག་གཞུང་གསལ། །ལས་བསྒྲུབ་བརྟག་པ་མན་བལྟས་ཆོག་གཞུང་ལས་གསལ་བར་རིག་པར་མཛོད། །དེ་ལྟར་གདན་དུས་ཐུན་མོངས་གི་བརྩིས་གཞི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུམས་ཞུགས་བལྟམས་པ་ནས་བརྩམས་མཁར་ཀླ་ཀློ་ཞུགས་པ་ཡན་རྒྱུད་འགྲེལ་ལས་ཤིན་ཏུ་གསལ་བས་འཁྲུལ་པ་མ་མཆིས་ཤིང་། མེ་མཁའ་རྒྱ་མཚོའི་བརྩིས་འགོ་ཟུག་ནས་རབ་བྱུང་དང་པོའི་འགོ་ཟད་པ་མེ་སྟག་ཡན་གྱི་ལོ་དེའི་ཁོངས་སུ་ཀླ་ཀློ་གདུག་པ་ཅན་གྱི་བསྟན་པ་ཤིན་ཏུ་དར་བའི་དུས་ཀླ་ཀློ་གདུག་པའི་བསམ་པ་དང་ལྡན་པས་ལོ་སྦས་པ་ལ་སོགས་པའི་ལག་ལེན་བཀོད་པས། །དེས་འཁྲུག་ནས་མུ་སྟེགས་སྔ་རབ་པ་ཡོངས་གྲགས་ཀྱི་གྲུབ་མཐའ་བཞི་ཉམས་པའི་དུས་སུ་དུས་འཁོར་རྩ་རྒྱུད་དང་། སྡུས་རྒྱུད་མཐུན་པར་རྒྱལ་དཀས་ཉུང་ངུའི་བྱེད་པ་སྦྱོངས་བར་ལུང་བསྟན་པ་དེས། གནས་སྐབས་སུ་ཕྱི་རོལ་པ་ཟེར་བའི་ལོ་དང་བསྟུན་ནས་མེ་མཁའ་རྒྱ་མཚོ་ཞེས་བཞག །ལོ་དྲུག་ཅུ་སྐོར་གསུམ་ཁུམས་འདུག་པ་ཐུགས་ཀྱིས་རིག་ནས་དྲུག་ཅུ་སྐོར་གསུམ་གྱི་བརྩིས་འཕྲོ་ཤིང་བྱ་དབོ་ཟླ་བའི་གནམ་གང་གི་རྟགས་ལོངས་སྟེངས་དུ་བྱིན་ནས་མེ་ཟད་པ་མེ་ཁྱིའི་ནག་དྷྲུ་ཡིན་པར་མཛད། དེ་དེར་མ་བསྲེས་ན་མེ་ཀླུ་དབང་པོ་རྣམས་ལ། རབ་བྱུང་ལ་སོགས་འདས་ལོ་བསྲེས། ཞེས་པ་ཐོབ་རྒྱུ་ཡིན་པ་ལ། བརྒྱ་བརྒྱད་ཅུ་སྦྱོང་བ་ནི་ཉུང་ངུའི་བྱེད་པ་སྦྱོང་བར་རྒྱལ་དཀའ་ཞེས་པ་དང་འགྲིག །བརྒྱ་བརྒྱད་ཅུ་ཡིན་པ་བྱེད་པ་ལོ་འཕོའི་སྐབས་སུ་ཀླུ་བསྲེས་ཞེས་པ་བརྩིས་འཕྲོ་བསྲེ་ཐེངས་གཅིག་བྱས། དེའི་རྗེས་སུ། སྟེང་འོག་མིག་དང་སུམ་ཅུ་བསྲེ། ཞེས་བཀོད་པ་ནི་རྒྱལ་དཀའ་ལོ་བརྒྱ་བརྒྱད་ཅུ་སྦྱངས་པའི་ཁ་བྱང་དུ་སོང་། དེས་ན་རྒྱལ་དཀས་སྦྱངས་པ་ནས་ད་ལྟའི་བར་གྱི་གཟའ་སྐར་གཟའ་འཛིན་སོགས་རྒྱུད་འགྲེལ་གྱི་བརྩིས་གཞིར་གསལ་ཞིང་། འོན་ཀྱང་རི་མོའི་དཔྱད་པ་ཅུང་ཟད་ཙམ་ཡོད་པས། བྱེད་གྲུབ་ཅེས་མིང་བཏགས་ཙམ་དུ་སྨོས་པ་མ་གཏོགས་རྒྱུད་འབྲེལ་གྱ་བརྩིས་གཞི་གྲུབ་བརྩིས་རང་དུ་བཞུགས། བཞུགས་ལུགས་ནི་དྲི་མེད་འོད་ལས། མེ་མཁའ་རྒྱ་མཚོ་རྣམས་ཞེས་པ། རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་ནི་མི་རྟག་སྟེ། ལོ་དྲུག་ཅུ་རེའི་མཐར་ངེས་པ་འགོད་པར་བྱའོ། །ཞེས་གསུངས་པས། ལོ་དྲུག་ཅུ་དྲུག་ཅུ་ན་རི་མོའི་དཔྱད་པ་གཟའ་ལ་བསྣོན་པ་དང་། ཉི་མ་ལ་འབྲིད་རྒྱུ་ཡོད་པས། དེ་བྱས་ན་གྲུབ་བརྩིས་རང་དུ་གནས་སོ། །དེ་ལྟར་ལག་ལེན་གྱི་བརྩིས་གཞི་གཞུང་དུ་བཀོད་པ་དེ་ལ་གསལ་བྱེད་ཀྱི་འབྲུ་མནན་བྱེད་དགོས་ཞེས། དགེ་བའི་བཤེས་གཉེན་སྟ་སྟངས་པའི་དབོན་རྒྱུད་དུ་འགྲོ་བའི་ཆོས་རྗེ་འགྲོ་མགོན་རི་པའི་བུ་ཚ་རྒྱུད། ཆོས་རྗེ་བསྟན་འཛིན་འབྲུག་རྒྱས་ཀྱིས་ནན་གྱིས་བྲིས་ཤིང་། སླད་ཀྱི་ཡི་གེའི་འདུ་བྱེད་སངས་རྒྱས་སེང་གེའི་བགྱིས་པའོ། །འདིས་དཔལ་རྡོ་རྗེ་གདན་བཞི་པ་དང་། །དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།།

No comments: